པ༽ འཕགས་པ་གྲོལ་སྡེའི་གསུང་རྩོམ་གྱི་དཀར་ཆག
དང་པོ། ཤེར་ཕྱིན་སྐོར།
༡༽ ཤེར་ཕྱིན་ ༼ཀ༽ པ་ལ། རྒྱ་གར་སྐད་དུ། པཉྩ་བིཾ་ཤ་ཏི་སཱ་ཧ་སྲི་ཀ་ཨཱརྱ་པྲཛྙཱ་པཱ་ར་མིཿཏཱ་ཨུ་པ་དེ་ཤཱ་ཨ་བྷི་ས་མ་ཡ་ཨ་ལཾ་ཀཱ་ར་ཤཱསྟྲ་སྱ་བྲིཏྟི། བོད་སྐད་དུ། འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་ཚུལ་གྱི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་བཞུགས། (མངོན་རྟོགས་རྒྱན་ཉི་ཁྲི་དང་སྦྱར་བའི་འགྲེལ་པ་སྟེ། ཉི་ཁྲི་སྣང་བ་ཞེས་སུ་གྲགས།)
ལེགས་པར་སྤྱད་པའི་ལས་ཅན་ཐེག་པ་ཆེན་པོ་ལ་ཡང་དག་པར་གནས་པ། འཕགས་པ་མང་པོས་བཀུར་བ་ཀུ་རུ་ཀུལླེའི་སྡེ་པ་གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ། སློབ་དཔོན་སངས་རྒྱས་འབངས་ཀྱི་ཚ་བོ། ཤཱཀྱའི་དགེ་སློང་འཕགས་པ་རྣམ་པར་གྲོལ་བའི་སྡེས་མཛད་པ། ཞེས་དང་། གཞུང་དངོས་ཀྱི་མཇུག་བྱང་ལས[1]།
གང་དུ་དངོས་པོར་དམིགས་པས་དཀྲུགས་པ་མང་པོས་བཀུར་བ་བཞིན་དུ་འཁྲུལ་གྱུར་པས། །ཤེས་རབ་ཕ་རོལ་ཕྱིན་ཚུལ་གང་ཞིག་ཐེག་ཆེན་ལམ་ལ་གཞན་གྱིས་མ་རྟོགས་པ། །དེས་ན་འཕགས་པ་གསལ་བའི་བློ་མངའ་དེ་ཡིས་རྒྱལ་ལ་མངོན་སུམ་ཉིད་ཞུས་ནས། །གྲངས་དོན་གོ་རིམ་མིང་དང་དབྱེ་བ་འབྲས་བུའི་སྒོ་ནས་འདི་བཤད་ངོ་མཚར་ཆེ། །རྒྱ་གར་གྱི་མཁན་པོ་ཤར་ཕྱོགས་ཀྱི་དགེ་བསྙེན་ཆེན་པོ་དཔལ་གོ་མི་འཆི་མེད་དང་། ལོ་ཙཱ་བ་ཆེན་པོ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་[2]ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསལ་ལ། འདིའི་ལེགས་སྦྱར་གྱི་མ་དཔེ་བཞུགས་ཤིང་། ལོ་ཙཱ་བ་འདི་ཉིད་ཀྱི་རྣམ་ཐར་རྒྱལ་སྲས་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་འཚལ་ལོ།།
ཀ༽ སྡེ་དགེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཀ༽ ཚན་གྲངས་ ༢ ལེའུ་ ༨ ལྡེབ་ ༡༤ན༡ ནས་ ༢༡༢ན༧ བར་ཡིག་ཕྲེང་ ༢༧༧༣ ཚེག་ཁྱིམ་ ༡༥༦༤༧༡། ཁ༽ པེ་ཅིན་བསྟན་འགྱུར། སྡེ་ཚན་མདོ་འགྲེལ། པོད་རྟགས། ༼ཀ༽ ཚན་གྲངས་ ༢ ལེའུ་ ༨ ལྡེབ་ ༡༥བ༤ ནས་ ༢༤༩ན༧ བར་ཡིག་ཕྲེང་ ༣༧༤༠ ཚེག་ཁྱིམ་ ༡༥༦༦༩༠། ག༽ སྣར་ཐང་བསྟན་འགྱུར། སྡེ་ཚན་མདོ། པོད་རྟགས། ༼ཀ༽ ཚན་གྲངས་ ༢ ལེའུ་ ༨ ལྡེབ་ ༡༤ན༡ ནས་ ༢༣༠ན༦ བར་ཡིག་ཕྲེང་ ༣༠༣༠ ཚེག་ཁྱིམ་ ༡༥༦༢༦༠། ང༽ ཅོ་ནེ་བསྟན་འགྱུར། སྡེ་ཚན་ཤེར་ཕྱིན། པོད་རྟགས། ༼ཀ༽ ཚན་གྲངས་ ༢ ལེའུ་ ༨ ལྡེབ་ ༡༤ན༡ ནས་ ༢༢༣ན༧ བར་ཡིག་ཕྲེང་ ༢༩༢༨ ཚེག་ཁྱིམ་ ༡༥༦༥༨༢། ཅ༽ བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ཨང་ ༤༩ ཤོག་གྲངས་ ༣༣ ནས་ ༥༠༠ བར་བཞུགས་པ་བཅས་སོ།།
གོང་གསལ་འཕགས་པ་གྲོལ་སྡེས་མཛད་པའི་ཤེར་ཕྱིན་གྱི་གཞུང་གཅིག་ལས་མི་སྣང་ཡང་། གཞུང་འདི་ཉིད་བསྟན་འགྱུར་གྱི་པར་མ་བཞི་གར་བཞུགས་ཤིང་། རྒྱ་གར་སྐད་དང་། འགྱུར་བྱང་གཉིས་ཀ་གསལ་ལ། ལེགས་སྦྱར་གྱི་མ་དཔེ་ཡང་བཞུགས་མོད། ལུང་གི་རྒྱུན་མ་བཞུགས་པ་བཅས་སོ།།
དཀར་ཆག་གི་ཟུར་མཆན། ཤེར་ཕྱིན་ ༼ཁ༽ པར་བཞུགས་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་ཉི་ཤུ་ལྔ་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་རྣམ་པར་འགྲེལ་པའམ་ཉི་ཁྲི་རྣམ་འགྲེལ་ནི། མཁས་པ་ཆེན་པོ་མོས་པས་སྤྱོད་པའི་ས་བརྙེས་པ། སློབ་དཔོན་རྣམ་པར་གྲོལ་བའི་སྡེས་མཛད་པ་སྟེ། བཙུན་པ་རྣམ་གྲོལ་སྡེའི་གསུང་ཡིན་པ་ལས། འཕགས་པ་གྲོལ་སྡེའི་གསུང་མིན་པས་མ་འཁྲུལ་བ་གནང་གལ་གནད་ཆེའོ།།
ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[3]། རྒྱ་ཆེན་སྤྱོད་པའི་བཤད་སྒྲུབ་ཀྱི་མན་ངག་རྫོགས་པར་མངའ་བ་འཕགས་པ་རྣམ་གྲོལ་སྡེ་ནི། ས་དང་པོ་རབ་ཏུ་དགའ་བའི་རྟོགས་པ་བརྙེས། སངས་རྒྱས་ལས་ཆོས་དངོས་སུ་གསན། མངོན་རྟོགས་རྒྱན་གྱི་འགྲེལ་པ་ཉི་ཁྲི་སྣང་བ་ལ་སོགས་པ་མཛད་དོ། །ཞེས་སོགས་སྒྲ་སྦྱར་བ་ལྟར་ན་ད་དུང་གཞུང་ལུགས་གཞན་མཛད་ཡོད་པ་ལྟར་གསུངས་ནའང་། ད་ལྟ་ང་ཚོས་དངོས་སུ་མཇལ་དུ་ཡོད་པ་ནི་ཉི་ཁྲི་སྣང་བ་འདི་ཉིད་ཁོ་ནའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཀ༽ དེབ་ ༤༩ པ། ༡༩༩༤ ལོ། ཤོག་གྲངས་ ༤༩༩
[2] ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་ཞི་བ་ལྷའི་གསུང་གི་སྐབས་སུ་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།།
[3] བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧༡ ནས་ ༧༣ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།