ད༽ འཕགས་པ་གྲོལ་སྡེའི་གསུང་གི་སྐོར།

ད༽ འཕགས་པ་གྲོལ་སྡེའི་གསུང་གི་སྐོར།

 

རྒྱ་གར་མར་གྲགས་པའི་འགྲེལ་པ་ཉེར་གཅིག་གམ་ཡོངས་གྲགས་རྒྱ་འགྲེལ་ཉེར་གཅིག་ཅེས་སུ་གྲགས་པ་ནི། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་བསྟན་བཅོས་མངོན་རྟོགས་རྒྱན་ལ་རྒྱ་གར་འཕགས་ཡུལ་ན་འགྲེལ་པ་མང་དུ་མཆིས་ཀྱང་། གྲགས་ཆེ་བ་ཉེར་གཅིག་ཡོད་དེ། མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་དང་། མ་སྦྱར་བའི་འགྲེལ་པ་དགུའོ། །

དེ་ཡང་མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་ནི། ཉི་ཁྲི་དང་སྦྱར་བ་བཞི། བརྒྱད་སྟོང་པ་དང་སྦྱར་བ་གསུམ། མདོ་སྡུད་པ་དང་སྦྱར་བ་གསུམ། འབུམ་རྐྱང་པ་དང་སྦྱར་བ་གཅིག །ཡུམ་གསུམ་ག་དང་སྦྱར་བ་གཅིག་སྟེ་བཅུ་གཉིས་སོ།།

དང་པོ་ཉི་ཁྲི་དང་སྦྱར་བ་བཞི་ནི། འཕགས་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་སྣང་བ། བཙུན་པ་གྲོལ་སྡེས་མཛད་པའི་ཉི་ཁྲི་རྣམ་འགྲེལ། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་ཉི་ཁྲི་ལེའུ་བརྒྱད་མ། ཤཱནྟི་པས་མཛད་པའི་ཉི་ཁྲི་དག་ལྡན་ཏེ་བཞིའོ། །གཉིས་པ་བརྒྱད་སྟོང་པ་དང་སྦྱར་བ་གསུམ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་བརྒྱད་སྟོང་འགྲེལ་ཆེན་དང་། སློབ་དཔོན་ཤཱནྟི་པས་མཛད་པའི་སྙིང་པོ་མཆོག །སློབ་དཔོན་ཨ་བྷྱ་ཀ་རས་མཛད་པའི་གནད་ཀྱི་ཟླ་འོད་དང་གསུམ་མོ། །གསུམ་པ་མདོ་སྡུད་པ་དང་སྦྱར་བ་གསུམ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་སྡུད་པའི་དཀའ་འགྲེལ་རྟོགས་སླ་དང་། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་སྡུད་པའི་དཀའ་འགྲེལ། ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་སྟེ་གསུམ་མོ། །བཞི་པ་འབུམ་རྐྱང་པ་དང་སྦྱར་བ་གཅིག་ནི། ཁ་ཆེ་དྷརྨ་ཤྲཱིས་མཛད་པར་གྲགས་པའི་སྟོང་ཕྲག་བརྒྱ་པའི་བཤད་པ་དེའོ། །ལྔ་པ་ཡུམ་གསུམ་ག་དང་སྦྱར་བ་གཅིག་ནི། ཇོ་བོ་སྨྲི་ཏིས་མཛད་པར་གྲགས་པའི་ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པར་དེ་ཡིན་ནོ།།

རྒྱ་འགྲེལ་ཉེར་གཅིག་གི་ནང་ཚན། མདོ་རྒྱན་མ་སྦྱར་བའི་འགྲེལ་པ་དགུ་ནི། སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་དང་། སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་མཛད་པའི་འགྲེལ་བཤད་ཚིག་གསལ། གསེར་གླིང་པས་མཛད་པའི་འགྲེལ་བཤད་རྟོགས་དཀའི་སྣང་བ། ཤེར་འབྱུང་བློ་གྲོས་ཀྱིས་མཛད་པའི་བསྡུས་དོན། ཁ་ཆེ་གཞོན་ནུ་དཔལ་གྱིས་མཛད་པའི་བསྡུས་དོན། ཇོ་བོས་མཛད་པར་གྲགས་པའི་བསྡུས་དོན། རིན་ཆེན་གྲགས་པས་མཛད་པའི་འགྲེལ་པ་གྲགས་པའི་ཆ། བུདྡྷ་ཤྲཱིས་མཛད་པའི་ཤེས་རབ་སྒྲོན་མེའི་ཕྲེང་བ། ཨ་བྷྱ་ཀ་རས་མཛད་པའི་ཐུབ་པའི་དགོངས་རྒྱན་ཏེ་དགུའོ།།

དེ་དག་ལ་རྒྱ་གར་མར་གྲགས་པ་ཞེས་བརྗོད་པའི་རྒྱུ་མཚན་ནི། མདོ་རྒྱན་སྦྱར་བའི་འགྲེལ་པ་བཅུ་གཉིས་ནས་ཤེར་ཕྱིན་མཛོད་ཀྱི་ལྡེ་མིག་དང་། ཡུམ་གསུམ་དོན་བརྒྱད་ཀྱིས་མཐུན་པར་བསྟན་པ་དང་གཉིས། མདོ་རྒྱན་མ་སྦྱར་བའི་འགྲེལ་པ་དགུ་ལས། ༡) ཇོ་བོས་མཛད་པར་གྲགས་པའི་བསྡུས་དོན་དང་། ༢) རིན་ཆེན་གྲགས་པའི་གྲགས་པའི་ཆ་རྣམས་རྒྱ་མར་གྲགས་ཆེ་ཡང་མཛད་པ་པོ་རྒྱ་གར་མཁས་པ་ཡིན་མིན་དོགས་གཞི་ཅན་ཡིན་པས། རྒྱ་གར་མར་གྲགས་པ་ཞེས་བརྗོད་པ་ཡིན་ལ། དེ་དག་རྒྱ་འགྲེལ་ཡིན་མིན་རྗེ་བདག་ཉིད་ཆེན་པོས་མཛད་པའི་ལེགས་བཤད་གསེར་ཕྲེང་[1]དུ་དཔྱད་པ་ཞིབ་ཏུ་མཛད་ཡོད་པ་དེར་གཟིགས་པར་འཚལ་ལོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། པོད། ༼ཙ༽ ལེགས་བཤད་གསེར་ཕྲེང་། སྟོད་ཆ། ཤོག་གྲངས་ ༧བ༤

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༥ ནས་ ༦༦ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *