ཆ༽ བྱམས་པས་ལུང་བསྟན་ཚུལ་དང་། ཉི་སྣང་མཛད་ཚུལ།
དེ་ཡང་ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཐེག་པ་ཆེན་པོ་དབུ་མའི་བླ་མ་བརྒྱུད་རིམ་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་མཛེས་ལས[1]།
བྱམས་པ་ཐོགས་མེད་དབྱིག་གཉེན་འཇམ་དབྱངས་དང་། །
ཀླུ་སྒྲུབ་ཡབ་སྲས་དཀོན་མཆོག་འབངས་རྣམས་ཀྱི། །
གཞུང་ལུགས་མན་ངག་ཀུན་ལ་མངའ་བརྙེས་པ། །
འཕགས་པ་རྣམ་གྲོལ་སྡེ་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། དེ་ལ་སློབ་དཔོན་འདི་ཉིད་རྗེས་འབྲང་རྣམས་ལ་འདི་སྐད་ཅེས་གྲགས་ཏེ། དེ་ཡང་སློབ་དཔོན་འདི་གཞུང་ལུགས་སྣ་ཚོགས་ཀྱིས་དུབ་པ་ངལ་གསོ་བའི་ཕྱིར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསམ་སྒོམ་མཛད་པའི་ཚེ་ཉམས་མྱོང་ཁྱད་པར་ཅན་ཐུགས་ལ་འཁྲུངས། དོན་ལ་ཐེ་ཚོམ་མེད་ཀྱང་མདོ་གཅིག་དང་། མངོན་རྟོགས་རྒྱན་གྱི་ཚིག་ལ་མི་འབྱོར་བ་འགའ་རེ་བྱུང་སྟེ་ཐུགས་མི་བདེ་བའི་ཚེ། མནལ་ལམ་དུ་འཕགས་པ་བྱམས་པས་ལུང་བསྟན་ཏེ། ཁྱོད་ཝཱ་རཱ་ཎ་སཱིའི་གཙུག་ལག་ཁང་དུ་སོང་ཞིག །དོན་ཆེན་པོ་རྙེད་པར་འགྱུར་རོ་གསུངས།

ནངས་པར་དེར་བྱོན་པས་དགེ་བསྙེན་ཞི་བའི་གོ་ཆ་ལྕགས་ཀྱི་བྱིན་པ་ཅན་དུ་གྲགས་པས་ལྷོ་ཕྱོགས་པོ་ཏ་ལ་[3]ནས་ཉི་ཁྲི་ལེ་བརྒྱད་མའི་དཔེ་སྤྱན་དྲངས་ཏེ་བྱོན་པ་དང་འཛོམས། མདོ་ཚིག་རྒྱན་དང་མཐུན་པར་བྱུང་བས་དབུགས་དབྱུང་ཐོབ་བོ། །དེ་ལ་མདོ་ལེ་བརྒྱད་མ་དང༌། མངོན་རྟོགས་རྒྱན་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་དོན་དུ་བཀྲལ་བ་དང༌། མདོ་རྒྱན་མཐའ་དག་བསྲེས་པའི་བསྟན་བཅོས་མཛད་པ་པོ་ཡིན་ལ། སློབ་དཔོན་འདི་མ་བྱུང་བའི་སྔ་རོལ་ཏུ་དེ་ལྟར་མེད་པས། ཉི་ཁྲི་སྣང་བར་སྔོན་ཆད་གཞན་གྱིས་མ་མྱངས་གསུང་བའི་རྒྱུ་མཚན་དེ་ལྟར་ཡིན་ནོ་ཞེས་ཟེར་རོ། །མཐར་ཤར་ཕྱོགས་སུ་རྒྱལ་ཕྲན་ཞིག་གི་བླ་མར་གྱུར། གཙུག་ལག་ཁང་ཉི་ཤུ་རྩ་བཞི་ཙམ་གྱི་བདག་པོ་མཛད་དེ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྩལ་དུ་བཏོན་ནས་གསུངས་པས། ཤེར་མདོ་ཉན་པའི་དགེ་སློང་རང་ཡང་ཉུང་དུས་སུ་སྟོང་ཕྲག་རེ་འཚོགས་པ་ལོ་སུམ་ཅུ་ཙམ་གྱི་བར་དུ་བྱུང་ངོ༌། །ཞེས་གསལ་བ་ལྟར་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་རང་ལས་མཁས་པ་བཞིའི་ཡ་གྱལ་ཕར་ཕྱིན་རང་ལས་མཁས་པར་གྲགས་པ་འཕགས་པ་རྣམ་གྲོལ་སྡེ་མཆོག་གིས་ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མའི་ཚུལ་དང་མཐུན་པར་རྒྱན་དང་ཉི་ཁྲི་སྦྱར་བའི་འགྲེལ་པ་ཉི་ཁྲི་སྣང་བ་མཛད་པས་དེ་ཕྱིན་ཆད་མདོ་རྒྱན་སྦྱར་བའི་སྲོལ་བཏོད་དོ།།
དེ་བཞིན་རྗེ་བཙུན་བྱམས་པ་མགོན་པོ་ཞལ་མཐོང་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱ་དང་པོ་སེམས་བསྐྱེད་ནས་བཟུང་མཐའ་མ་འཕྲིན་ལས་ཀྱི་བར་དོན་བདུན་ཅུ་པོ་རེ་རེ་ནས་ཤེར་ཕྱིན་གྱི་མདོ་དང་འབྱོར་པ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སྨོན་ཞིང་། དེ་ལྟར་དུ་བྱམས་མགོན་ལ་གསོལ་བ་ཤུགས་དྲག་ཏུ་བཏབ་པས། རྗེ་བཙུན་བྱམས་མགོན་གྱིས་ཝཱ་ར་ཎཱ་སིའི་གཙུག་ལག་ཁང་དུ་སོངས་དང་འདོད་པའི་དོན་འགྲུབ་པར་འགྱུར་རོ་ཞེས་ལུང་བསྟན། རྗེ་བཙུན་གྱི་བཀའ་བཞིན་ཝཱ་རཱ་ཎ་སཱིའི་གཙུག་ལག་ཁང་དུ་བྱོན་པ་ན། དེའི་ཚེ་དགེ་བསྙེན་ཞི་བའི་གོ་ཆ་ཞེས་བྱ་བ་ཞིག་གིས་ཤེར་ཕྱིན་སྟོང་ཕྲག་ཉི་ཤུ་ལྔ་པ་པོ་ཏ་ལ་ནས་སྤྱན་དྲངས་ཏེ། ཝཱ་རཱ་ཎ་སཱིའི་གཙུག་ལག་ཁང་དུ་ཕེབས་པ་དང་དུས་འགྲིག །དེ་ཡང་རྒྱལ་བ་མྱ་ངན་ལས་འདས་ནས་བདུད་སྡིག་ཏོ་ཅན་གྱི་མཐུས་རྒྱལ་བའི་བསྟན་པ་ཉམས་པར་བྱེད་པའི་མུ་སྟེགས་ཅན་གྱི་གནོད་པ་རིམ་པར་བྱུང་བས། འཕགས་ཡུལ་ན་བཞུགས་པའི་རྒྱལ་བའི་བཀའི་གླེགས་བམ་མང་པོ་ཞིག་ནུབ་པར་གྱུར་པ་ལ། བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་ཀླུ་ཡུལ་ནས་སྤྱན་དྲངས་ཏེ་རྒྱ་གར་ན་བཞུགས་ཤིང་། ཤེར་ཕྱིན་སྟོང་ཕྲག་བརྒྱད་པ་སྔར་ནས་བཞུགས་པས་འཕགས་པ་གྲོལ་སྡེས་མངོན་རྟོགས་རྒྱན་ཤེར་ཕྱིན་དེ་གཉིས་དང་སྦྱར་ཡང་འགའ་ཞིག་གི་ཐད་ལ་འབྱོར་དཀའ་བར་བྱུང་བ་ཝཱ་རཱ་ཎ་སཱིའི་གཙུག་ལག་ཁང་དུ་ཉི་ཁྲི་ལ་གཟིགས་པས་ཐམས་ཅད་འབྱོར་ཏེ། དོན་བདུན་ཅུའི་དང་པོ་སེམས་བསྐྱེད་སྟོན་པ་ལ་ཉི་ཁྲིར། ཤ་ར་དཱ་ཏིའི་བུ། འདི་ལ་བྱང་ཆེན་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཤེར་ཕྱིན་ལ་བརྩོན་པར་བྱའོ། །ཞེས་གསུངས།
དེ་བཞིན་དུ་བྱང་ཆུབ་དོན་གཉེར་མདོར་བསྟན་རྒྱས་བཤད། གཞན་དོན་དོན་གཉེར་མདོར་བསྟན་རྒྱས་བཤད། ས་ལྟ་བུའི་སེམས་བསྐྱེད་ནས་ཆོས་ཀྱི་སྤྲིན་ལྟ་བུའི་སེམས་བསྐྱེད་ཀྱི་བར་སེམས་བསྐྱེད་ཉེར་གཉིས་རེ་རེ་ནས་མདོ་དང་འབྱོར་ཞིང་། དེ་བཞིན་དུ་གདམས་ངག་གི་དང་པོ་སྒྲུབ་པ་ནས་བཟུང་འཕྲིན་ལས་ཉི་ཤུ་རྩ་བདུན་གྱི་བར་རེ་རེ་ནས་རྒྱལ་བས་གསུངས་པའི་མདོ་དང་འབྱོར་པས། རྒྱ་མཚོར་བགྲོད་པའི་དེད་དཔོན་གྱིས་ཡིད་བཞིན་གྱི་ནོར་བུ་རྙེད་པ་ལྟར་ཐུགས་རབ་ཏུ་ཚིམ་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་འཕགས་པ་རྣམ་གྲོལ་སྡེས་མངོན་རྟོགས་རྒྱན་དང་ཉི་ཁྲི་སྦྱར་བའི་བསྟན་བཅོས་ཆེན་པོ་ཉི་ཁྲི་སྣང་བ་གསར་དུ་མཛད། འཛམ་བུའི་གླིང་དུ་མདོ་རྒྱན་སྦྱར་བའི་ཐོག་མ་འདི་ཡིན། བདག་ཉིད་ཆེན་པོ་འདིས་མདོ་རྒྱན་སྦྱར་བའི་ཤིང་རྟའི་སྲོལ་ཕྱེ་བ་ལྟར་བྱང་ཆུབ་ལམ་གྱི་རིམ་པའི་གནད་རྣམས་རྒྱལ་བའི་གསུང་རབ་ཉིད་ལས་གསུངས་པའི་ཚུལ་ལ་ངེས་པ་རྙེད་པར་བྱས་ནས། གསུང་རབ་ཐམས་ཅད་ཀྱི་སྙིང་པོའི་དོན་མ་ཚང་བ་མེད་པ་བྱས་པའོ། །དེའི་ཚེ་ཤེར་ཕྱིན་གྱི་གདམས་ངག་ཉན་པའི་སློབ་མ་སྟོང་ཕྲག་མང་པོ་བྱུང་ཞིང་། སློབ་དཔོན་འདིས་ལོ་སུམ་ཅུ་ཙམ་གྱི་རིང་བསྟན་པའི་བྱ་བ་རྒྱ་ཆེར་མཛད་ནས་དགའ་ལྡན་དུ་རྒྱལ་བ་མི་ཕམ་པའི་ཞབས་དྲུང་དུ་ཕེབས་སོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རོང་སྟོན་ཤཱཀྱ་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་རིང་། ཤོག་གྲངས་ ༡༤བ༤
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༧༤
[3] ཐང་སན་ (603-664) ལམ་ཡིག་ལས། རི་བོ་པོ་ཏ་ལ། དེའི་ཤར་ཕྱོགས་སུ་མི་རིང་བར་པོ་ཏ་ལ་སྟེ་འཕགས་པ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མ་དངོས་སུ་བཞུགས་པའི་གནས་སོ། །རི་དེ་ཤིན་ཏུ་བགྲོད་དཀའ་བ་སྤོ་ལ་མཚོ་ཆུ་ཡན་ལག་བརྒྱད་ལྡན་ཞིག་ཡོད་པ་ལས་ཆུ་མིག་བྱུང་སྟེ་འོག་ཏུ་འབབ་ཅིང་རི་ལ་གཡས་སྐོར་དུ་ལན་ཉི་ཤུ་བསྐོར་ནས་མཐར་ལྷོའི་རྒྱ་མཚོར་འབབ་བོ། །མཚོ་དེའི་གཡས་ལོགས་སུ་ལྷ་ཁང་ཡོད་པ་ནི་འཕགས་པ་གཤེགས་འཆག་མཛད་པའི་གནས་སོ། །རི་དེའི་ཉེ་འཁོར་དུ་གནས་པ་དག་གི་འཕགས་པ་མཐོང་བར་མོས་པའི་སེམས་རྩེ་གཅིག་བསྐྱེད་ཅིང་། གསོལ་བ་བཏབ་ན་མཐོང་སྣང་སྣ་ཚོགས་པའི་ཞལ་སྟོན་པ་ཡོད་དོ། །འགའ་ཞིག་ལ་ལྷའི་གཟུགས་ལ་ཕྱག་ན་རིལ་བ་སྤྱི་བླུགས་དང་། སྐུ་ལ་ཐལ་བས་བྱུགས་པ། དྲང་སྲོང་གི་རྣམ་པ་ཅན་སྟོན་པ་སོགས་མང་པོ། ཡུལ་ཐག་རིང་གི་དད་པ་ཅན་དག་གིས་ཀྱང་ལ་ཀླུང་བརྒལ་ཏེ་ལམ་གྱི་ངལ་དུབ་ཁྱད་དུ་བསད་དེ་རྒྱ་ལམ་ལ་འབྱོར་བ་དག་གིས་མཐོང་ཚུལ་ཡང་གོང་དང་མཚུངས་སོ། །(ཐང་སན་ལམ་ཡིག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༢༦༡ ཐོག་གསལ།།)
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥ ནས་ ༢༨ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།