༢༽ དཔལ་ནཱ་ལེནྡྲའི་འཕེལ་འགྲིབ་འཇིག་གསུམ།
དེ་ཡང་ཐང་སན་ཙང་ (603-664) གི་ཆེན་པོ་ཐང་གུར་དུས་ཀྱི་རྒྱ་གར་ཞིང་གི་བཀོད་པའི་དཀར་ཆག་ལས[1]། གཙུག་ལག་ཁང་ཐོག་མར་ཨར་ལས་འཛུགས་སྐབས་ཀླུ་ལ་གནོད་པ་ཕོག་པས། དགེ་འདུན་ལ་ཁྲག་སྐྱུག་པའི་ནད་མང་ཙམ་བྱུང་ཟེར། ད་ལྟ་ལོ་སྟོང་ལྷག་སོང་ཡང་དགེ་འདུན་གྱི་སྡེ་དང་ལོངས་སྤྱོད་འཕེལ་རྒྱས་ལས། འགྲིབ་རྒུད་ཅུང་ཙམ་ཡང་བྱུང་མ་མྱོང་ཞེས་གསུངས་པ་ལྟར།
ཕྱི་ལོའི་དུས་རབས་གསུམ་པ་ཙམ་ལ་ཐོག་མར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་ཐོག་མར་ཕྱག་བཏབ་པ་ནས་དང་། ཡང་ན་དུས་རབས་ལྔ་པའི་ནང་གསར་འདེབས་མཛད་པ་ནས་པཱ་ལའི་རྒྱལ་རབས་ཀྱི་མཇུག་ཙམ་བར་དུ་མུ་མཐུད་འཕེལ་རྒྱས་ལས་ཉམས་རྒུད་མ་བྱུང་ཞིང་། དེ་བཞིན་རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་ཕྱི་ལོ་ ༡༠༣༠ ནང་དཔལ་ནཱལཱནྡཱར་ཕེབས་སྐབས་ཧ་ཅང་དར་རྒྱས་ཆེན་པོ་ཡོད་ཚུལ་གསུངས་སོ།།
ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[2]། ཐམས་ཅད་ཀྱིས་འདི་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ནོ། །བྱས་ནས་རྟག་ཏུ་རྒྱལ་སྲིད་དུ་བསྐོས་ཏེ། མཚན་གཽ་པཱ་ལར་གསོལ། སྐུ་ཚེའི་སྟོད་ལ་བྷཾ་ག་ལ་དབང་བསྒྱུར། སྨད་ལ་མ་ག་དྷ་ཡང་དབང་དུ་བསྡུས་ཏེ། ཨོ་ཏནྟ་པཱུ་རི་དང་ཉེ་བ་ན་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་བཞེངས། ཡུལ་ཆེན་པོ་དེ་གཉིས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཏེ་བསྟན་པ་ལ་མཆོད་པ་རྒྱ་ཆེན་པོ་མཛད་དོ། །ཞེས་གསུངས་ལ། ཡང་བི་ཀྲ་མ་ཤཱི་ལའི་མཁན་པོ་སུ་ཡིན་དེས་ནཱ་ལེནྡྲར་གཟིགས་སྐྱོང་གནང་དགོས་ཚུལ་གསལ་བ་སོགས་ལ་བརྟག་སྐབས། ཕྱིའི་གཙུག་ལག་ཁང་སོགས་ཀྱི་ཆ་ནས་མུ་མཐུད་དུ་འཕེལ་རྒྱས་ཕྱིན་ཏེ་རྒྱལ་པོ་གཽ་པཱ་ལས་ཀྱང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་རྒྱ་སྐྱེད་ཡར་རྒྱས་བཏང་བ་ལས་ནཱ་ལེནྡྲའི་གཙུག་ལག་ཁང་ལས་དགོན་པ་གཞན་ཞིག་གསར་བཞེངས་གནང་བ་མིན་པར་སེམས།
དེ་ཡང་དུས་སྐབས་དེར་ཡུལ་དབུས་སུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་གསུམ་ལས་གཙུག་ལག་ཁང་གཞན་ཡོད་ཚུལ་མི་གསལ་བ་དང་གཅིག །གཉིས་ནས་དེང་དུས་འཕགས་ཡུལ་དབུས་འགྱུར་འཆང་དུ་ནཱ་ལེནྡྲའི་གཙུག་ལག་ཁང་དང་། ཨོ་ཏནྟ་པཱུ་རི་གཉིས་ཀྱི་བར་དུ་གཙུག་ལག་ཁང་གཞན་ཞིག་མེད་ཁར། ནཱ་ལེནྡྲའི་གཙུག་ལག་ཁང་གི་རྗེས་ཤུལ་ནས་རྙེད་སོན་བྱུང་བའི་རིག་དངོས་སྣ་མང་ཁྲོད་པཱ་ལའི་རྒྱལ་རྒྱུད་ཀྱིས་བཞེངས་སྐྲུན་གནང་བའི་དཔང་རྟགས་མང་དུ་ཐོན་པ་སོགས་ལ་བརྟག་ཞིབ་བྱེད་སྐབས་པཱ་ལའི་རྒྱལ་རྒྱུད་རྣམས་ཀྱིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཡར་རྒྱས་བཏང་བ་རྟོགས་ཐུབ་པ་ཡིན། དེ་ལྟར་བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་ཆག་ལོ་ཆོས་རྗེ་དཔལ་ (1197-1264) ནཱ་ལེནྡྲར་ཕྱི་ལོ་ ༡༢༣༤ ལོར་ཕེབས་སྐབས་ཏེ་ཕྱི་ལོའི་དུས་རབས་བཅུ་གསུམ་ཙམ་གྱི་བར་དུ་རྩ་གཏོར་རང་བཞིན་ནམ་ཆག་འཇིག་ཆེ་བ་གང་ཡང་མ་བྱུང་ཞིང་། ཆག་ལོ་ཆེན་པོ་དཔལ་ནཱ་ལེནྡྲར་ཕེབས་སྐབས་ཧ་ཅང་ཉམས་ཆག་ཆེན་པོ་སོང་བའི་དུས་ཡིན་པ་ལས། དེའི་ཡར་སྔོན་བློས་མི་བཟོད་པའི་ཉམས་ཆག་རིགས་བྱུང་མེད་ཚོད།
དེ་རྗེས་ཕྱི་ལོ་ ༡༡༩༣ ལོར་གྲུ་གུའི་དམག་གིས་དཔལ་ན་ལེནྡྲའི་གཙུག་ལག་ཁང་ཆེན་མོར་དཔུང་འཇུག་བྱས་ཏེ་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་རིམ་གྱིས་ཉམས་རྒུད་དུ་ཕྱིན་པ་དང་། དཔལ་ན་ལེནྡྲ་ནི་རྗེས་ཤུལ་ཙམ་དུ་གྱུར། ཕྱི་ལོ་ ༡༢༠༤ ལོར་རྒྱ་གར་ཡུལ་གྱི་འཇིགས་པ་ལས་གཡོལ་ཆེད་དུ་ཁྲོ་ཕུ་ལོ་ཙཱ་བས་དཔལ་ནཱ་ལེནྡྲའི་མཁན་པོ་ཆེས་མཐའ་མ་ཆོས་རྗེ་ཤཱཀྱ་ཤྲཱི་ (Shakyashribhadra) བོད་དུ་གདན་དྲངས། ཕྱི་ལོ་ ༡༢༣༤ ལོར་ཆག་ལོ་ཙཱ་བ་ནཱ་ལེནྡྲར་ཕེབས་འབྱོར་སྐབས་དེར་དགུང་ལོ་ ༩༠ ལ་ཕེབས་པའི་སློབ་དཔོན་ར་ཧུ་ལ་ཤྲཱི་བྷ་དྲས་ (Rahula Shribhadra) སློབ་མ་ ༧༠ ལྷག་ལ་དཔེ་ཁྲིད་གནང་བཞིན་པ་མཇལ་བ་དེ་ནི། དཔལ་ནཱ་ལེནྡྲར་འཇིགས་པ་བྱུང་རྗེས་ཀྱི་ཆེས་མཐའ་མའི་སློབ་དཔོན་དེ་ཆགས་ཡོད།
དེ་ཡང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་མཆོག་ནི། བསྟན་རྩིས་ཀ་ཕྲེང་ལག་དེབ་ལས[3]། ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། རབ་བྱུང་ ༢ པའི་མེ་ལུག་ཕྱི་ལོ་ ༡༡༢༧ ལོར་འཁྲུངས། རབ་བྱུང་ ༣ པའི་ས་གླང་ཕྱི་ལོ་ ༡༡༦༩ ལོར་བསྙེན་པར་རྫོགས། རབ་བྱུང་ ༣ པའི་ཤིང་བྱ་ཕྱི་ལོ་ ༡༢༠༤ ལོར་བོད་དུ་ཕེབས། རབ་བྱུང་ ༤ པའི་མེ་ཡོས་ཕྱི་ལོ་ ༡༢༠༧ ལོར་སོལ་ནག་ཐང་པོ་ཆེར་བརྩིས་པས་སྟོན་པ་འདས་ནས་ལོ་ ༡༧༥༠ ཐལ། རབ་བྱུང་ ༤ པའི་ས་འབྲུག་ཕྱི་ལོ་ ༡༢༠༨ ལོར་རྭ་སྒྲེང་དུ་བྱོན། རབ་བྱུང་ ༤ པའི་ཤིང་ཁྱི་ཕྱི་ལོ་ ༡༢༡༤ ལོར་སླར་ཁ་ཆེར་བྱོན། རབ་བྱུང་ ༤ པའི་ཤིང་བྱ་ཕྱི་ལོ་ ༡༡༢༥ ལོར་དགུང་ལོ་གོ་དགུ་ལ་འདས། ཞེས་བྱུང་བ་ལྟར་རྣམ་ཐར་རྒྱས་པ་ནཱ་ལེནྡྲའི་མཁན་རབས་ཀྱི་སྐབས་སུ་བཀོད་ཡོད་པ་དེར་གཟིགས་པར་མཛོད།
མདོར་ན། ལོ་ཟླ་རིམ་སོང་གི་དབང་ལས་གཙུག་ལག་ཁང་འདི་ཉིད་རྙིང་སོང་བགྲེས་གུད་དང་། བི་ཀྲ་མ་ཤཱི་ལ་སོགས་ཀྱི་མཚན་སྙན་ཇེ་ཆེར་གྱུར་ཏེ་པཎ་གྲུབ་རྣམས་ཀྱང་གཙུག་ལག་ཁང་གཞན་དང་གཞན་དུ་ཕེབས་བཞུགས་གནང་ཞིང་། ལྷག་པར་ཁ་ཆེའི་ཆོས་ལུགས་དར་འཕེལ་བྱུང་སྟེ། ཡང་སྒོས་ཁ་ཆེའི་ཆོས་ལུགས་ལ་དད་ཞེན་ཆེ་བའི་རྒྱལ་པོ་བཙན་བརྗིད་ཅན་མང་དུ་བྱུང་ཁར། ནང་བསྟན་གྱི་སྦྱིན་བདག་ཆོས་རྒྱལ་རྣམས་ཀྱང་རིམ་བཞིན་ཁ་ཆེའི་ཆོས་ལུགས་སུ་རིམ་བསྒྱུར་སོགས་ཀྱི་དབང་ལས། དུས་རབས་བཅུ་པ་ཙམ་ལ་རྒྱ་གར་འཕགས་ཡུལ་དུ་བྲམ་ཟེའི་ཆོས་ལུགས་དང་། ལྷག་པར་སངས་རྒྱས་ཆོས་ལུགས་རླུང་ཁྲོད་མར་མེ་ལྟར་དུ་གྱུར་ནས་ཧ་ཅང་གནས་དཀའ་བའི་ཚད་དུ་སླེབས།
རྒྱ་གར་དུ་དར་ཁྱབ་ཆེ་བའི་སངས་རྒྱས་ཆོས་ལུགས་དང་། བྲམ་ཟེའི་ཆོས་ལུགས་སོགས་ཆོས་ལུགས་ཚང་མའི་ཚབ་ཏུ་ཁ་ཆེའི་ཆོས་ལུགས་གཅིག་པུ་དར་སྤེལ་བྱེད་རྒྱུའི་བསམ་ཚུལ་འོག་ཁ་ཆེའི་རྒྱལ་པོ་མང་པོ་ཞིག་གིས་སྔ་རྗེས་སུ་དེང་སང་གི་པ་ཀི་སི་ཐན་དང་ཀསྨིར་སོགས་བརྒལ་ནས་ཡུལ་དབུས་སུ་ཡང་ཡང་འཇིགས་སྐུལ་བྱས་ཀྱང་། བྲམ་ཟེའི་ཆོས་ལུགས་དེ་ཉིད་དར་རྒུད་ཀྱི་འགག་འཕྲང་ཅི་རིགས་བརྒྱུད་ནས་ད་བར་དུ་གནས་ཡོད་ཀྱང་། སངས་རྒྱས་ཆོས་ལུགས་ནི་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་ལོ་རབས་གཉིས་པ་དང་གསུམ་པ་ཙམ་ཞིག་ནས་ཧ་ལམ་རྫོགས་ཚིག་བྲིས་པ་ལྟ་བུར་གྱུར། དེ་ལྟའི་གནས་ཚུལ་ལ་བརྟེན་དཔལ་ནཱ་ལེནྡྲའི་གདན་ས་ཆེན་པོ་འདི་ཡང་ཁ་ཆེའི་གྷོ་རིའམ་གྷར་གྱི་རྒྱལ་པོ་ཤི་ཧ་བུ་དིན་བྱ་བ་རྒྱ་གར་གྱི་དཔལ་འབྱོར་ལ་འདོད་རྔམ་སྐྱེས་ནས་རྒྱ་གར་གྱི་ཡུལ་གྲུ་མང་པོ་ཞིག་བཙན་བཟུང་བྱས་ཤིང་། ཐེངས་ཤིག་མོ་ཧ་མམ་དབུལ་རྗེ་བྱ་བའི་དམག་དཔོན་ཤི་ཧ་བུ་དིན་གྱི་ཚབ་ཏུ་བཞག་པ་དེས་པཱ་ལའི་རྒྱལ་པོ་རྣམས་ཀྱི་ལག་ནས་མ་གྷ་དྷ་འཕྲོག་སྟེ་དཔལ་ནཱ་ལེནྡྲ་དང་། ཨོ་ཏནྟ་པཱུ་རི་སོགས་བཅོམ།
མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[4]། དེས་ན་ཡུལ་དབུས་ནཱ་ལེནྡྲ་སོགས་རྨེག་མེད་དུ་བཅོམ་པ། གྷོ་རིའམ་གྷར་གྱི་རྒྱལ་པོ་རྣམས་ཡིན་ཅིང་། རང་རེས་གར་ལོག་བྱ་བ་ཡང་འདིའི་མིང་ལ་ཟེར་བར་མངོན་ལ། ཀླ་ཀློའི་དམག་ཡིག་ལས་ཀྱང་བི་ཧར་ཤ་རིབ་དང་། ཉེ་བར་སྐྲ་མེད་པའི་དགེ་སྦྱོང་གི་སྡེ་ཆེན་པོ་བཅོམ། ཞེས་བྱུང་བ་བི་ཧར་ཤ་རིབ་ཨོ་ཏནྟ་པཱུ་རི་ཟེར་བ་འདི་ནཱ་ལེནྡྲ་ཡིན་པར་འདུག་ལ། བྷག་ཛི་ཡའི་དམག་དཔོན་ཞིག་གིས་རྟ་དམག་དང་རྫོང་ཚེགས་མེད་དུ་འཕྲོག །དེར་གླེགས་བམ་ཤིན་ཏུ་མང་པོ་མཐོང་ནས་མི་ཐམས་ཅད་བསད་ཟིན་པས་ཀློག་མཁན་མེད། འདི་རྣམས་ཅི་ལྟར་བྱེད་ཅེས་དྲིས་པས་དམག་དཔོན་གྱིས་གལ་ཏེ་ཀོ་རན་ (ཁ་ཆེའི་ཆོས་གཞུང་།) ནས་བཤད་པ་དང་མཐུན་པའི་གཞུང་ཡིན་ན་ནི་ཀོ་རན་ཡོད་བཞིན་གཞན་འཇོག་པའི་དགོས་པ་མེད། གལ་ཏེ་མི་མཐུན་ན་ནི་ལྟ་ལོག་གི་ཆོས་ཡིན་པས་འཇོག་པའི་དགོས་པ་མེད་པས་མེ་ལ་སྲེགས་ཤིག་ཅེས་སྨྲས་ནས་བསྲེགས་ཚུལ་སོགས་བྲིས་ཤིང་། །ཞེས་གསལ་བ་དང་། ཡང་ནཱ་ལེནྡྲའི་ལོ་རྒྱུས་གཞན་དུ་ཁ་ཆེའི་རྒྱལ་པོ་བྷག་ཏཱི་ཡ་ཁལ་རྗི་ (Bakhtiyar Khalji) ཡི་སྟངས་འཛིན་འོག་ཏུར་ཀི་ཤི་ (Turkish) ཁ་ཆེ་བཙན་འཛུལ་བས་ཕྱི་ལོའི་དུས་རབས་བཅུ་གཉིས་པའི་ཆིག་སྟོང་བརྒྱ་དང་གོ་གསུམ་ལོར་ནཱ་ལེནྡྲའི་གཙུག་ལག་ཁང་གཏོར་བཅོམ་ཤུགས་ཆེ་བྱས་ཚུལ་གསལ་བ་འདི་གཉིས་གཅིག་ཡིན་པར་མངོན།
དེ་ལྟའི་དུས་སྐབས་ནས་འགོ་བཙུགས་ཏེ་དུས་ཕྱིས་བོད་ཙམ་མ་ཡིན་པར་ཕལ་ཆེར་དཔལ་ནཱ་ལེནྡྲར་ཕེབས་པའི་ལོ་ཙཱ་བའི་མཇུག་སྡུད་ལྟ་བུའམ། གནས་དེར་ཕེབས་མཁན་ཀུན་གྱི་མཐའ་མ་ལྟ་བུའི་ཆག་ལོ་ཆོས་རྗེ་དཔལ་བྱོན་པའི་བར་བགྲང་བྱ་ཞེ་གཅིག་རིང་ཆེས་ཉམས་དམའ་བའི་ངང་གནས་ནས་མཐར་ཆག་ལོ་ཆོས་རྗེ་དཔལ་གནས་དེར་ཕེབས་སྐབས། ཁ་ཆེའི་དམག་གིས་ཡུལ་དབུས་ཀྱི་སངས་རྒྱས་པ་རྣམས་ལྷག་མེད་དུ་བཅོམ་པའི་བཙན་ཤུགས་འོག །མཐར་ཕྱི་ལོ་ ༡༢༢༤ ལོར་ཆག་ལོ་ཆོས་རྗེ་དཔལ་ནཱ་ལེནྡྲར་བཞུགས་ནས་ཡོད་སྐབས་གནས་དེར་དགེ་འདུན་པ་བདུན་ཅུ་དང་པཎྜི་ཏ་གཅིག་ལས་མེད་ཅིང་། དེ་དག་ལ་འཚོ་བ་སྦྱོར་བའི་དད་ལྡན་བཟའ་མི་གཉིས་ཡོད་པ་ཁ་ཆེའི་རྒྱལ་པོ་ཞིག་གིས་བཀུག་ནས་ད་ཕྱིན་ཆད་སངས་རྒྱས་པའི་རྗེས་འཇུག་གི་བཙུན་པ་མགོ་རིལ་སུ་ལ་ཡང་འཚོ་བ་སྦྱོར་མི་ཆོག་ཅེས་གནོན་ཤུགས་སྤྲད་པར་མ་ཟད། དགེ་འདུན་དང་པཎྜི་ཏ་སོགས་གསོད་པར་བརྩམས་ཚེ་དད་ལྡན་རྒན་རྒོན་གཉིས་ཀས་གསང་བརྡ་འཕྲོད་པ་བྱས་ནས་བཙུན་པ་གཞན་རྣམས་བྲོས། པཎྜི་ཏ་དགུང་ལོ་དགུ་བཅུ་ལྷག་ཏུ་ཕེབས་པ་དེ་འགྲོ་མ་ནུས་པ་ན་བོད་ཀྱི་ལོ་ཙཱ་བ་ཆག་ཆོས་རྗེ་དཔལ་ཡང་། པཎྜི་ཏར་ཞེ་ཆགས་ནས་མ་བྲོས་པར་པཎྜི་ཏའི་འཁྲིས་སུ་བསྡད་པར། པཎྜི་ཏས་གཞན་ཚང་མ་བྲོས་སོང་ཁྱོད་བོད་མི་ཞིག་ང་ལ་ཞེ་ཆགས་ནས་སྡོད་པ་གླེན། བྲོས་མ་གཏོགས་བསད་ཡོང་གསུངས་པར། ཆག་ལོས་ཁྱེད་མ་ཕེབས་ན་ང་ཡང་མི་འགྲོ། ཞེས་བསྡད་པར་པཎྜི་ཏས་ཁྱེད་ལ་དད་པ་བརྟན་པོ་འདུག །དེས་ན་ང་ཨེ་ཐེག་ལྟོས་དང་ཐེག་ན་འབྲོས། ཐག་རིང་པོར་མི་ཐོན་ཡང་ཕར་ཙམ་ན་མགོན་ཁང་ཞིག་ཡོད་པ་དེར་ཡིབ་པས་འཐུས་གསུངས་པས་ཆག་ལོས་པཎྜི་ཏ་ཁུར་ནས་སྐོར་བ་ཞིག་བྱས་པར་ཐེག་སྟེ། དེ་ནས་ནཱ་ལེནྡྲའི་རྒྱབ་ཏུ་མགོན་ཁང་བྱིན་རླབས་ཅན་ཞིག་ཡོད་པ་དེར་སོང་ནས་ཡིབ། ཅང་མ་འགོར་བར་རྟ་དམག་གང་འཚམ་སླེབས་ཀྱང་ལག་ཏུ་ཅི་ཡང་མ་རྙེད་པར་ཕྱིར་ལོག་སོགས་གསུངས་པར་བརྟགས་ན། དུས་སྐབས་དེ་ཙམ་ཞིག་ནས་དཔལ་ནཱ་ལེནྡྲས་མཚོན་པའི་སངས་རྒྱས་ཆོས་ལུགས་ཀྱི་དགོན་གནས་མང་ཆེ་བ་ག་ལེར་མིང་གི་ལྷག་མ་ཙམ་དུ་གྱུར།
དེ་ཡང་ནཱ་ལེནྡྲ་འཇིག་པ་དེ་ཉིད་དུས་སྐབས་གཅིག་ལ་འཇིག་པ་མིན་པར་ལོ་མང་པོའི་རིང་ཆག་འཇིག་གི་དུས་སྐབས་འཇིགས་ཡེར་བ་ཞིག་གི་ངང་གནས་ནས་ག་ལེར་འཇིག་ཡོད་པ་དཔེར་ན། དགེ་ཆོས་ཀྱི་གསེར་ཐང་དུ་པཎ་ཆེན་བོད་དུ་ཕེབས་པའི་ཕྱི་ལོ་དེ་བྷག་ཏེ་ཡ་ཤིང་ན་ལེནྡྲར་ཀླ་ཀློ་དམག་བྱུང་བའི་ལོ་རྒྱུས་དུས་དམ་དུམ་ཙམ་རེ་ཆག་ལོའི་ལམ་ཡིག་དང་། ས་སྐྱའི་བསེ་མགོན་གྱི་ལོ་རྒྱུས་སོགས་ན་གསལ། ཞེས་ཡང་སྙིང་ཁ་ཆེ་པཎ་ཆེན་བོད་དུ་ཕྱི་ལོ་༡༢༠༤ ལོར་ཕེབས་པ་ཡིན་སྟབས། དེའི་ཕྱི་ལོ་ཡིན་ན་ཕྱི་ལོ་ ༡༢༠༥ ལོར་ནཱ་ལེནྡྲར་དམག་སླེབས་པ་ཡིན་འདུག
གང་ལྟར་དུས་རབས་བཅུ་གཉིས་པ་དང་། བཅུ་གསུམ་པའི་འགོ་སྟོད་གཉིས་ཆར་ནཱ་ལེནྡྲས་མཚོན་པའི་ཡུལ་དབུས་སུ་ཁ་ཆེའི་དམག་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་ཡོད་པ། དཔེར་ན། ཆག་ལོ་རྡོ་རྗེ་གདན་དུ་ཕེབས་སྐབས་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་མཆོད་རྟེན་གྱི་སྒོ་སོ་ཕག་གིས་བཅད་ནས་ནང་དུ་ཅི་ཡང་མེད་ཁུལ་བྱས་ཏེ་ཕྱི་རོལ་ཏུ་དབང་ཕྱུག་ལ་སོགས་པའི་འཇིག་རྟེན་པའི་ལྷ་མང་པོ་བཀྲམས་ནས་ཡོད་སྟབས་རེ་ཞིག་སྟོན་པའི་སྣང་བརྙན་ལ་མཇལ་མ་ཐུབ་ཚུལ་གསུངས་པར་བརྟགས་ཚེ། ཡུལ་དབུས་ཀྱི་སངས་རྒྱས་པ་དག་གིས་མཚོན་ཕྱོགས་སོ་སོའི་སངས་རྒྱས་ཆོས་ལུགས་པ་ཚང་མ་འཇིགས་སྐྲག་གི་ཉེན་ཁ་འཚུབ་ལིང་ངེ་བ་ཞིག་གི་ནང་དུ་ཡོད་པས། དེ་ཤེད་ནས་ག་ལེར་རྫོགས་ཚིག་བྲིས་ཡོད་པ་འདི་ཉིད་རྒྱ་གར་དུ་སྤྱིར་སངས་རྒྱས་ཆོས་ལུགས་ལ་དགྲ་ལན་བཞི་པ་དང་། ཐེག་པ་ཆེན་པོའི་ཆོས་ཀྱི་མཇུག་བསྡུས་པ་ལྟ་བུར་ངོས་འཛིན་བྱེད་ཆོག་པ་ལྟ་བུར་འདུག[5]། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༢༢
[2] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤༧
[3] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༣༧
[4] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༨༨
[5] ནཱལནྡཱ་ཞིབ་འཇུག །སྐྱེས་སར་ཀླུ་སྒྲུབ། བོད་ཀྱི་དཔེ་མཛོད་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༡༡
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༢༡ ནས་ ༥༢༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།