ག༽ རྣམ་གྲོལ་སྡེ་འཕགས་པ་ཡིན་མིན།

ག༽ རྣམ་གྲོལ་སྡེ་འཕགས་པ་ཡིན་མིན།

 

དེ་ཡང་ཤེར་ཕྱིན་བཀའ་བབས་སློབ་དཔོན་སེངྒེ་བཟང་པོས་མཛད་པའི་འགྲེལ་པ་དོན་གསལ་ལས[1]།

འཕགས་པའི་ཁོངས་སུ་གཏོགས་པ་ཡི། །རྣམ་པར་གྲོལ་བ་ཞེས་བྱས་ཀྱང༌། །

ཞེས་གསུངས་པ་ལྟར་མཚན་ལ་འཕགས་པ་གྲོལ་སྡེ་ཞེས་ཞུ་བ་ནི། འཕགས་པའི་ཁོངས་སུ་གཏོགས་པ་ཙམ་ལས་འཕགས་པ་དངོས་མིན་པ་ལྟ་བུར་འདོད་མཁན་ཡོད་པ་རྒྱ་གཞུང་དུ་གསལ་ནའང་། སློབ་དཔོན་སེངྒེ་བཟང་པོས་ (740-796) མཛད་པའི་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་སྣང་བ་ལས[2]། འཇིག་རྟེན་འདས་པའི་ཤེས་རབ་ལྡན། །ཞེས་སློབ་དཔོན་སེང་བཟང་གིས་འཕགས་པར་བཞེད་ལ། དེ་བཞིན།

འཕགས་པའི་ཁོངས་སུ་གཏོགས་པ་ཡི། །

ཞེས་གསུངས་པ་ནི་འཕགས་པ་ཡིན་པའི་ཁུངས་སུ་འདྲེན་པ་ནི། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་གསེར་ཕྲེང་ལས[3]། གསུམ་པ་འཕགས་པས་ཕྱེ་ཚུལ་ནི། རྣམ་པར་ཕྱེའོ། །གང་ན་མདོ་དང་རྒྱན་གཉིས་ཏེ་འོག་མ་ལ་ཡང་ཤེས་པར་བྱའོ། །གང་གིས་ན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པས་འཕགས་པའི་ཁོངས་སུ་གཏོགས་པ་ཡི་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བ་དེས་སོ། །ཞེས་གསུངས་སོ།།

གུང་རུ་རྒྱལ་མཚན་དཔལ་བཟང་པོས་ (1383-1450) མཛད་པའི་བྱམས་པའི་དགོངས་རྒྱན་ལས[4]། གསུམ་པ་ནི། རྣམ་པར་ཕྱེ་ཞེས་དྲང་ངོ༌། །གང་ན་སྔ་མ་ལྟར་རོ། །གང་གིས་ན། རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བས་ཀྱང་ངོ༌། །དེའི་ཡོན་ཏན་གྱི་ཁྱད་པར་གང་ཞེ་ན། འཕགས་པའི་ཁོངས་སུ་གཏོགས་པ་ཡི། །ཞེས་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པས་སོ། །ཞེས་གསུངས་པ་ལྟར།

འཕགས་པའི་ཁོངས་སུ་གཏོགས་པ་ཡི། །

ཞེས་པ་ནི་སོ་སྐྱེ་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པ་གཉིས་ལས་འཇིག་རྟེན་ལས་འདས་པ་འཕགས་པ་ཡིན་པའི་ཁུངས་སུ་གསུངས་ལ། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་ཐལ་འགྱུར་གྱི་འཕྲེང་བ་ངག་གི་དབང་པོའི་རྡོ་རྗེ་ལས[5]། འཕགས་པའི་ཁོངས་སུ་གཏོགས་པ་ཡི། །ཞེས་པར། དར་ཊཱིཀ་པ། མཐོང་ལམ་ཐོབ་པས་འཕགས་པའི་ཁོངས་སུ་གཏོགས་ཞེས་ཟེར། རྣམ་མཁྱེན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྣམ་བཤད་ལས། འཕགས་པའི་ཁོངས་སུ་གཏོགས་ཏེ། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པའི་ཕྱིར། ཞེས་གསུངས། ཤེས་བྱ་ཆོས་ཅན། དེར་ཐལ། དེའི་ཕྱིར། ཡང་འཕགས་པ་གྲོལ་སྡེ་ཆོས་ཅན། ཁྱོད་འཕགས་པ་ཡིན་ཏེ། ཁྱོད་ཀྱི་རྒྱུད་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྐྱེས་པའི་གང་ཟག་ཡིན་པའི་ཕྱིར། ཟེར་ན། ཉན་ཐོས་དགྲ་བཅོམ་ཐེག་ཆེན་ལམ་དུ་ཞུགས་པའི་ཐེག་ཆེན་ཚོགས་ལམ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་གཞི་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར། བྱ་བ་དར་ཊཱིཀ་པས་གཞི་ཤེས་ཀྱི་ས་མཚམས་སུ་ཁས་གསུངས། འདོད་ན། ཤེས་བྱ་ཆོས་ཅན། ཚོགས་ལམ་ན་ལམ་ཤེས་ཡོད་པར་ཐལ། གཞི་ཤེས་ཡོད་པའི་ཕྱིར། ཞེས་སོགས་རྩོད་པ་དང་བཅས་ཏེ་གསལ་བར་གསུངས།

དེ་བཞིན་བུ་སྟོན་རིན་ཆེན་གྲུབ་ཀྱིས་ (1290-1364) མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཞེས་བྱ་བའི་འགྲེལ་པ་རྒྱ་ཆེར་བཤད་པ་ལུང་གི་སྙེ་མ༌ལས[6]། གང་གིས་ན། ལོ་ཀ་ལས་འདས་པའི་ཡེ་ཤེས་སྐྱེས་པས་འཕགས་པའི་ཁོངས་སུ་གཏོགས་པ། མཐོང་སྤང་ལས་རྣམ་པར་གྲོལ་བས་ན། དོན་ལྡན་གྱི་མིང་རྣམ་པར་གྲོལ་བའི་སྡེ་ཞེས་བྱ་བས་ཀྱང་ངོ༌། །ཞེས་གསུངས་ལ། དེ་བཞིན་བུ་སྟོན་ཆོས་འབྱུང་དང་། བཀའ་གདམས་ཆོས་འབྱུང་རྣམ་གཉིས་ལས་ཀྱང་ས་དང་པོ་རབ་ཏུ་དགའ་བའི་རྟོགས་པ་བརྙེས་པར་གསུངས་སོ།།

གཞན་ཡང་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1588) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[7]། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ་ནི། གཙུག་ལག་ཁང་རྒྱ་ཆེན་པོ་དུ་མའི་བདག་པོ་འཕགས་པ་ཀུ་རུ་ཀུ་ལླེའི་སྡེ་པའི་བདག་པོ་སློབ་དཔོན་སངས་རྒྱས་འབངས་ཀྱི་དབོན་པོ་ཡིན། ས་དང་པོ་རབ་ཏུ་དགའ་བ་ཐོབ། སངས་རྒྱས་ལས་དངོས་སུ་ཡུམ་གསན་ཏེ་ཡུམ་དོན་དབུ་མར་བཀྲལ་བ་ཉི་ཁྲི་སྣང་བ་མཛད། ཅེས་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་ (1713-1793) མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས་[8]ཀྱང་། ཤེར་ཕྱིན་གྱི་མདོ་སྡེའི་དོན་རྗེ་བཙུན་བྱམས་པ་མགོན་པོས་བྱང་ཆུབ་ལམ་གྱི་རིམ་པའི་མན་ངག་ཏུ་སྦྱར་བ་མངོན་པར་རྟོགས་པའི་རྒྱན་གསན་ཏེ་དེའི་དོན་ཐེག་པ་ཆེན་པོའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ཐུགས་ཉམས་སུ་བཞེས་པས་ལམ་རིམ་གྱིས་བགྲོད་དེ་ཆོས་ཉིད་མངོན་སུམ་དུ་གཟིགས་པ་འཕགས་པའི་ལམ་ཐོབ། ཅེས་འཕགས་པ་དངོས་ཡིན་པར་གསུངས་སོ།།

དེ་བཞིན་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[9]། ཚུལ་ནི་འཕགས་པས་རྙེད་པ་དེ་ལྟར་རོ། །ཞེས་སོགས་གསུངས་པ་ལྟར་འཕགས་པ་ཞེས་ལན་མང་དུ་གསལ་བ་ལྟར་འཕགས་པ་དངོས་ལ་ཞལ་གྱིས་བཞེས་པ་སོགས་འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་འཕགས་པ་གྲོལ་སྡེ་འཕགས་པ་ཡིན་མིན་ལ་བཞེད་པ་མི་མཐུན་པ་གཉིས་སུ་སྣང་བ་སྟེ། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[10]། སློབ་དཔོན་འདི་རྒྱ་བོད་གཉིས་སུ་ས་དང་པོ་ཡིན་ཟེར་བ་དང༌། སྦྱོར་ལམ་པ་ཡིན་པས་འཕགས་པ་དངོས་མིན་ཡང༌། འཕགས་པ་དང་ཉེ་བས་དེའི་ཁོངས་སུ་གཏོགས་ཟེར་བ་དང༌། སོ་སོ་སྐྱེ་བོ་ཡིན་མོད་འཕགས་པ་གྲོལ་སྡེ་ཟེར་བའི་འཕགས་པ་ནི་མིང་གི་ཟུར་ཏེ་རྒྱལ་པོ་སངས་རྒྱས་སོགས་བྱས་པས་སངས་རྒྱས་ཡིན་པར་མི་འགྱུར་བ་བཞིན་ཟེར་བ་དང༌། དམན་ལམ་སྔོན་སོང་གི་བྱང་སེམས་ཡིན་ཟེར་བ་སོགས་མང་ན་ཡང༌། སྐྱེས་མཆོག་དམ་པ་ངོ་མཚར་ཅན་ཡིན་པར་རྩོད་པ་མི་སྣང་ལ། དེའི་ཐུགས་རྒྱུད་སྐྱེ་འཕགས་ཇི་ལྟར་ཡིན་སུས་ཤེས། ཚུལ་སྟོན་སོ་སོ་སྐྱེ་བོ་མོས་སྤྱོད་པ་གཅིག་ཏུ་མངོན་ནོ། །ཞེས་བྱུང་ལ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་། པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་གི་ཞལ་བྱང་[11]དུའང་།

ཡུམ་ཆེན་ཤེར་ཕྱིན་འགྲེལ་བྱེད་མཆོག །

འཕགས་པའི་སར་གནས་གྲོལ་བའི་སྡེ། །

ཞེས་གསུངས་པ་ལྟར་འཕགས་པ་རྣམ་གྲོལ་སྡེ་ནི་སོ་སྐྱེའི་ས་ལས་རིང་དུ་སོང་ཞིང་མཐོང་ལམ་ཐོབ་སྟེ་འཕགས་པའི་སར་གནས་ཡིན་པར་འདོད་པ་ནི་གྲགས་ཆེ་བ་ལགས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཇ༽ དེབ་ ༥༢ པ། ༡༩༩༤ ལོ། ཤོག་གྲངས་ ༢༠༥

[2]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབང་ཨང་ ༥༡ པ། ༢༠༠༨ ལོ། ཤོག་གྲངས་ ༨༩༢

[3]  ལེགས་བཤད་གསེར་ཕྲེང་། ༼ཙཚ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༧

[4]  གུང་རུ་རྒྱལ་མཚན་བཟང་པོའི་གསུང་འབུམ། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༥

[5]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼ན༽ དཔེ་རིང་། ཤོག་གྲངས་ ༣ན༢

[6]  བུ་སྟོན་རིན་ཆེན་གྲུབ་ཀྱི་བཀའ་འབུམ། ༼ཚ༽ དཔེ་རིང་། ཁམས་བྲིས། ཤོག་གྲངས་ ༢༤

[7]  མཁས་པའི་དགའ་སྟོན།  སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༦༤

[8]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༧

[9]  ལེགས་བཤད་གསེར་ཕྲེང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༠

[10]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༧༥

[11]  ༸བཞུགས་སྒར་རྒྱལ་བའི་གཟིམ་ཆུང་རྙིང་པའི་ཕུར་པའི་ཚོགས་ཁང་དུ་ཞལ་འགྲེམས་ཞུས་པའི་པཎ་གྲུབ་བཅུ་བདུན་གྱི་སྐུ་ཐང་གི་མཚན་བྱང་ངོ་།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཅ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧ ནས་ ༡༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *