ཚ༽ དེང་རབས་ཀྱི་མཁས་པའི་ཆོས་གྲགས་ཀྱི་ཉམས་ཞིབ།

ཚ༽ དེང་རབས་ཀྱི་མཁས་པའི་ཆོས་གྲགས་ཀྱི་ཉམས་ཞིབ།

 

མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[1]། དེང་རབས་ཀྱི་མཁས་པའི་ནང་ནས་ཆོས་གྲགས་ཀྱི་གཞུང་ལ་ཉམས་ཞིབ་ཐོག་མར་གནང་མཁན་ནི་ཨུ་རུ་སུའི་མཁས་པ་འདི་ (Stcherbatsky, 1866-1942) ཡིན་ལ།

ཁོང་གིས་ཕྱི་ལོ་ ༡༩༠༣ ལོར་རིགས་ཐིགས་དང་སློབ་དཔོན་ཆོས་མཆོག་གི་རིགས་ཐིགས་འགྲེལ་པ་བཅས་དབྱིན་ཇིའི་སྐད་དུ་བསྒྱུར་བ་སོགས་ཀྱིས་མཚོན་ཚད་མའི་སྐོར་ལ་ཉམས་ཞིབ་ཤིན་ཏུ་མང་། དུས་རབས་འདིའི་དཀྱིལ་ལ་མཛད་འཕྲིན་རྒྱས་པའི་ཕོ་རོ་ཝ་ནར་ (Frau wallnar, 1898-1974) ནི་དེང་རབས་ཀྱི་མཁས་པའི་དཀྱིལ་ནས་རྒྱ་གར་གྱི་ཚད་མ་རིག་པའི་སྐོར་ལ་མཛད་རྗེས་ཆེ་ཤོས་ཡིན།

ཕྱི་ལོ་ ༡༩༣༠ ལོར་བོད་འགྱུར་དམིགས་བརྟག་ནུབ་གླིང་གི་སྐད་དུ་བསྒྱུར་བས་མཚོན་དེ་རྗེས་ཚད་མའི་སྐོར་ལ་གཅིག་རྗེས་གཉིས་མཐུད་ཀྱི་ཚུལ་དུ་དཔྱད་ཞིབ་མང་པོ་འདོན་སྤེལ་གནང་། ལྷག་པར་ཕྱི་ལོ་ ༡༩༣༠-༡༩༣༥ བར་ལ་ཚད་མ་རྣམ་འགྲེལ་ལེའུ་དང་པོའི་གཞན་སེལ་བར་ནུབ་གླིང་སྐད་དུ་བསྒྱུར་ཅིང་། སྐབས་དེར་ཚད་མ་རྣམ་འགྲེལ་གྱི་རྒྱ་དཔེ་མ་རྙེད་རུང་འགྱུར་དེ་ཚད་འཛིན་འཕེར་བའི་དག་པོ་ཞིག་ཡིན། ཕྱི་ལོ་ ༡༩༥༤ ལོར་དེང་སང་མཁས་པ་ཚོར་ཤིན་ཏུ་གལ་ཆེར་བརྩི་ཡུལ་ཆོས་གྲགས་ཚད་མའི་གཞུང་གི་མཛད་རིམ་གྱི་དཔྱད་ཞིབ་བྲིས། ཁོང་གིས་ཁུངས་སྐྱེལ་བྱས་པའི་གྲུབ་དོན་དང་། གོང་བཀོད་མཁས་གྲུབ་རྗེའི་དཔྱད་ཞིབ་གཉིས་ཆུ་ལ་ཆུ་བཞག་ལྟར་མཐུན་ནོ།།

ཕྱི་ལོ་ ༡༩༦༦ ལོ་ཕོ་རོ་ཝར་ནར་གྱི་སློབ་མ་བྷེ་ཏྲར་ (T.Vetter) གྱིས་ལེགས་སྦྱར་ཕྱི་མོ་གང་རྙེད་ཀྱིས་ཟུར་བརྒྱན་པའི་རྣམ་ངེས་ལེའུ་དང་པོའི་བོད་འགྱུར་ཕྱི་མོ་ལ་ཞུས་ཆེན་དང་སྦྲགས་འདོན་སྤེལ་བྱས། ཕྱི་ལོ་ ༡༩༦༧ ལོར་ཕོ་རོ་ཝར་ནར་གྱི་སློབ་མ་སི་ཏན་ཀེ་ལུ་ནར་ (E E. Steinkellnar) གྱིས་གཏན་ཚིགས་ཐིགས་པའི་བོད་འགྱུར་དང་ལེགས་སྦྱར་ཕྱི་མོ་ལ་ཞུས་ཆེན་དང་སྦྲགས་འདོན་སྤེལ་བྱས།

ཕྱི་ལོ་ ༡༩༧༣ ལོར་ལེགས་སྦྱར་ཕྱི་མོ་གང་རྙེད་ཀྱིས་ཟུར་བརྒྱན་པའི་རྣམ་ངེས་ལེའུ་གཉིས་པའི་བོད་འགྱུར་ཕྱི་མོ་ལ་ཞུས་ཆེན་དང་སྦྲགས་འདོན་སྤེལ་བྱས། དེ་མིན་ཆོས་གྲགས་ཀྱི་གཞུང་ལུགས་ལས་བརྩམས་པའི་དཔྱད་ཞིབ་མང་པོ་འདོན་སྤེལ་བྱས་སོ། །ཕྱོགས་མཚུངས་ཉི་ཧོང་ཡུལ་འདིར་ཚད་མ་ལ་མཁས་པའི་སློབ་དཔོན་ཇི་སྙེད་བཞུགས་ཀྱང་ཐམས་ཅད་བརྗོད་ཀྱིས་མི་ལང་པས་སོ། །ཞེས་གསལ་བ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༧༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༧༢ ནས་ ༤༧༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *