ཆ༽ དཔལ་ལྡན་ཆོས་གྲགས་གཞོན་ནུའི་དུས་ཀྱི་མཛད་པ་དང་རབ་ཏུ་བྱུང་ཚུལ།

ཆ༽ གཞོན་ནུའི་དུས་ཀྱི་མཛད་པ་དང་རབ་ཏུ་བྱུང་ཚུལ།

 

དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[1]།

 སློབ་པ་མིན་པའི་ཡེ་ཤེས་ཆེན་པོའི་གར། །

ངུར་སྨྲིག་འཆང་བའི་གཟུགས་སུ་ལེགས་བསྒྱུར་ཏེ། །

འཛམ་བུའི་གྲོང་ཁྱེར་ཀུན་ནས་དགེ་མཛད་པ། །

འཕགས་ཡུལ་ཤིང་རྟ་ཆེན་པོ་ཆོས་གྲགས་ཞབས། །

ཞེས་གསུངས་པ་ལྟར། འཕགས་ཡུལ་གྱི་ཤིང་རྟ་ཆེན་པོ་སློབ་དཔོན་ཆོས་གྲགས་ནང་པར་ཞུགས་ནས་རབ་ཏུ་བྱུང་ཚུལ་ནི། བུ་སྟོན་ (1290-1364) ཆོས་འབྱུང་ལས[2]། ཆུང་ངུ་ལ་སྒྲ་ལེགས་པར་འབྱོངས་ནས། ཞང་པོ་མུ་སྟེགས་ཀྱི་སྟོན་པ་གཞོན་ནུ་མ་ལེན་ལ། མུ་སྟེགས་ཀྱི་བྲམ་ཟེ་རབ་ཏུ་བྱུང་བའི་ཆས་བླངས་པས། ཞང་པོས་ངན་དུ་སྨྲས་ཏེ་བསྐྲད་དོ། །སློབ་དཔོན་གྱི་དགོངས་པས། མུ་སྟེགས་ཐམས་ཅད་ཕམ་པར་བྱེད་པ་ཞིག་བྱའོ་སྙམ་སྟེ། ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྦྱངས་པ་མཛད། ཅེས་བྱུང་ལ། དེ་བཞིན་སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[3]། དེ་དུས་བྱུང་བའི་དཔལ་ཆོས་ཀྱི་གྲགས་པ་ནི། ལྷོའི་ཏྲི་མ་ལ་ཡར་ ༼ལྷ་ཁང་གཙུག་ནོར་༽ བྲམ་ཟེ་མུ་སྟེགས་ཀུན་ཏུ་རྒྱུ་རོཉྲ་ནནྡའི་བུར་སྐྱེས་ཏེ་ལོ་བཅོ་བརྒྱད་ལོན་གྱི་བར་དུ་རིག་བྱེད་སོགས་མུ་སྟེགས་ཀྱི་གཞུང་ལ་སྦྱངས་པས་མཁས་པར་གྱུར་ཀྱང་། ཕྱིས་སུ་སངས་རྒྱས་ཀྱི་བསྟན་པ་ལ་མོས་ནས་དབུས་སུ་འོངས་ཏེ་སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་། དེ་ནས་སྡེ་སྣོད་གསུམ་ལ་མཁས་པར་སྦྱངས་ཏེ་མདོ་དང་གཟུངས་ལྔ་བརྒྱ་ཐུགས་ནས་འདོན། ཞེས་སོགས་གསལ་ལོ།།

ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པ་ལ་བསྟོད་པ་སྨྲ་ངན་ཕམ་པའི་རྒྱལ་རྔ་ལས[4]།

རང་གི་ཞང་པོ་ཟད་བྱེད་སྟོན་པ་ཆེ། །

གཞོན་ནུ་མ་ལེན་དྲུང་གནས་མུ་སྟེགས་པའི། །

གྲུབ་མཐའི་རང་མཚན་ཀུན་རིག་བྲམ་ཟེ་ཡི། །

རབ་བྱུང་ཆ་བྱད་བླངས་ལ་གསོལ་བ་འདེབས། །

ནམ་ཞིག་ཞང་པོས་ངན་སྨྲས་སྣ་ཚོགས་བྱས། །

གཞན་དུ་བསྐྲད་ཚེ་མུ་སྟེགས་བྱེད་རྣམས་ཀུན། །

ཕམ་པར་བྱེད་པའི་ཐབས་ཤིག་བྱའོ་སྙམ། །

ཐུགས་དགོངས་བཤོལ་མེད་འཁྲུངས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར། གཞུང་དེ་དག་ལས་ཞལ་གསལ་ཞིང་ཞིབ་ཚགས་པ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[5]། ཆུང་ངུ་ནས་བློ་གྲོས་ཤིན་ཏུ་སྒྲིན་པས་བཟོའི་གནས་དང༌། རིག་བྱེད་ཡན་ལག་དང་བཅས་པ་དང༌། སྨན་དཔྱད་དང་། བརྡ་སྤྲོད་པ་དང༌། མུ་སྟེགས་ཅན་གྱི་གྲུབ་པའི་མཐའ་མ་ལུས་པ་ལ་ཤིན་ཏུ་སྦྱངས་པས། ལོ་བཅུ་དྲུག་གམ་བཅོ་བརྒྱད་ཙམ་གྱིས་མུ་སྟེགས་ཀྱི་གྲུབ་མཐའ་ཐམས་ཅད་ལ་ཤིན་ཏུ་མཁས་པར་གྱུར། བྲམ་ཟེ་རྣམས་ཀྱིས་ལྷག་པར་བསྟོད་པར་བྱེད་པའི་སྐབས་ཤིག །སངས་རྒྱས་ཀྱི་གསུང་རབ་འགའ་རེ་གཟིགས་པས། རང་གི་སྟོན་པ་སྐྱོན་དང་བཅས་ཤིང༌། བསྟན་བཅོས་རྣམས་ཤིན་ཏུ་མི་འཐད་པ་དང༌། སངས་རྒྱས་དང་དམ་པའི་ཆོས་ནི་དེ་ལས་བཟློག་པར་གཟིགས་ནས་ཤིན་ཏུ་མོས་པ་སྐྱེས་ཏེ་ནང་པའི་དགེ་བསྙེན་གྱི་ཆ་ལུགས་སུ་བསྒྱུར་བས། བྲམ་ཟེ་རྣམས་ཀྱིས་རྒྱུ་མཚན་དྲིས་པ་ན། སངས་རྒྱས་ཀྱི་བསྔགས་པ་བརྗོད་པས་དེ་རྣམས་ཀྱིས་གནས་ནས་བསྐྲད་དོ། །དེ་ནས་ཡུལ་དབུས་སུ་བྱོན་ཏེ། སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་ནས། སྡེ་སྣོད་གསུམ་པོ་མཐའ་དག་མཁས་པར་བྱས། མདོ་སྡེ་དང་གཟུངས་སྔགས་བསྡོམས་པ་ཡང་ལྔ་བརྒྱ་ཐུགས་ནས་འདོན་ནོ། །ཞེས་གསལ་བ་ལྟར་མཁྱེན་པ་ཕུལ་དུ་བྱུང་བས་ན། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་དཔལ་ཆོས་ཀྱི་གྲགས་པ་ལ་བསྟོད་པ་ལས[6]།

ཇི་སྙེད་ཆོས་ཀྱི་དེ་ཉིད་མངོན་གཟིགས་ཕྱིར། །

སྒྲིབ་བྲལ་མཁྱེན་པའི་གཏིང་མཐའ་དཔག་པར་དཀའ། །

ཕྱོགས་ལས་རྣམ་རྒྱལ་གྲགས་མཁས་མཁའ་མཐར་གདལ། །

ཆེ་བའི་ཡོན་ཏན་དཔག་མེད་ཆོས་གྲགས་ཞབས། །

ཞེས་བསྟོད་ཕྱག་ཀྱང་མཛད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ བསྟོད་ཚོགས། དཔེ་གཟུགས། ཤོག་གྲངས་ ༤༡ན༢

[2]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༦༠

[3]  སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༢༠༡

[4]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཆོས་བསྟོད། དཔེ་རིང་ཤོག་ ༡ན༡ ནས་ ༣ན༥ བར།

[5]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༡༥

[6]  འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༡༥༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༩ ནས་ ༣༨༡ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *