ཅ༽ དཔལ་ལྡན་ཆོས་གྲགས་དུས་ནམ་ཞིག་ལ་བྱོན་མིན།

ཅ༽ དཔལ་ལྡན་ཆོས་གྲགས་དུས་ནམ་ཞིག་ལ་བྱོན་མིན།

 

དེ་ཡང་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937)  མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[1]།

འཇིགས་མེད་བརྟུལ་ཞུགས་སྤོབས་པའི་རྩལ་རྫོགས་ཤིང་། །

རིགས་པའི་ཐལ་མོ་གཅིག་གིས་གཞན་སྡེའི་ཚོགས། །

སྙིང་དང་ལྕེ་རྩེ་ལྷན་ཅིག་འདར་བྱེད་པ། །

ཆོས་ཀྱི་གྲགས་པའི་ཞབས་ལ་གསོལ་བ་འདེབས། །

ཞེས་བསྔགས་པ་མཛད་ཡུལ་གྱི་དཔལ་ལྡན་ཆོས་གྲགས་དུས་ནམ་ཞིག་བྱོན་ནམ་ཞེ་ན། དེ་ཡང་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ (1699/1700-1774) མཆོག་གིས་མཛད་པའི་བསྟན་པ་དེ་ཛམྦུའི་གླིང་དུ་ཇི་ལྟར་བསྐྱངས་པའི་ཚུལ་རགས་པ་ཙམ་ཞིག་བཤད་པའི་ཡལ་འདབ་ལས[2]། དེའི་ཕྱི་ནས་སློབ་དཔོན་ཆོས་ཀྱི་གྲགས་པ་སོགས་ཀྱིས་བསྟན་པ་བསྐྱངས་ཏེ། དེའང་རྒྱལ་པོ་གསལ་བའི་བུ་རབ་གསལ་སོགས་རྒྱལ་སྲིད་བྱེད་པའི་ཚེ། མུ་སྟེགས་བྱེད་ཆེན་པོ་སངྒ་ར་ཨཱ་ཙརྱ་དང་། བྷ་ཊྚ་ཨཱ་ཙརྱ་དང་། ཀུ་མཱ་ལ་ལཱི་ལ་སོགས་ཀྱིས་ནང་པའི་བསྟན་པ་མང་པོ་ཉམས་པར་བྱས་པའི་སྐབས་ཤིག་ན། ཏྲི་མ་ལ་ཡའི་ཡུལ་དུ་དཔལ་ལྡན་ཆོས་ཀྱི་གྲགས་པ་བྱུང་སྟེ། ཞེས་རྒྱལ་པོ་རབ་གསལ་གྱི་བུ་རབ་གསལ་གྱི་རྒྱལ་སྲིད་སྐྱོང་སྐབས་བྱོན་པར་གསུངས། འོན་ཀྱང་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[3]། མཁས་པ་འགའ་ཤས་ཀྱིས་ཆོས་གྲགས་དང་གཞོན་ནུ་མ་ལེན་ (Kumarila 650-700) དུས་རབས་མཚུངས་པར་འདོད་མཁན་འདུག་ཀྱང་། གཞོན་ནུ་མ་ལེན་ཆོས་གྲགས་ཀྱི་རྗེས་སུ་བྱུང་ངོ་། །ཞེས་གསལ་ལོ།།

གཡུང་དྲུང་བོན་གྱི་མཁས་དབང་དཔལ་ལྡན་ཚུལ་ཁྲིམས་ (1894/95-1971) མཆོག་གིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས[4]། དེ་བཞིན་དེ་དུས་རྒྱ་གར་དུ་བརྟུལ་ཞུགས་ཀྱིས་བསྟན་པ་འཛིན་པ་རྣལ་འབྱོར་བིར་ཝ་པ། རྩོད་པས་རྒྱལ་བསྟན་འཛིན་པ་དཔལ་ཆོས་ཀྱི་གྲགས་པ། དབང་ཕྱུག་གིས་བསྟན་པ་འཛིན་པ་རྒྱལ་པོ་མྱ་ངན་མེད་ཅེས་གཏམ་དུ་གྲགས། ཞེས་གསུངས་པ་ལྟར་དྷརྨ་པཱ་ལ་སྟེ། དཔལ་ལྡན་ཆོས་སྐྱོང་ངམ་གྲུབ་ཆེན་བིར་ཝ་པའི་དྲུང་ནས་རབ་ཏུ་བྱུང་བས་ཁོང་དང་དུས་མཉམ་ལྟ་བུར་བྱོན་པ་ཡིན་ནོ།།

གཞན་ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[5]། བཙུན་པ་ (ཝེན་ཚེག) འདིས་སྔར་བྱུང་བ་དང་དུས་མཉམ་པའི་སློབ་དཔོན་གྲགས་ཆེ་བ་ཐམས་ཅད་ཀྱི་ལོ་རྒྱུས་གསུངས་ཀྱང་། ཆོས་ཀྱི་གྲགས་པ་མ་སྨོས། འདིའི་རྗེས་སུ་ལོ་ཟབ་ཙ་ནས་རྒྱ་གར་དུ་བྱོན་པ་སློབ་དཔོན་ཨི་ཅིང་གིས་དུས་ཕྱིས་ཙ་ན་ཆོས་ཀྱི་གྲགས་པ་སྙན་པ་ཆེའོ་སོགས་གསུངས་པས། ཆོས་ཀྱི་གྲགས་པ་ཡང་ཧརྴའི་ཚེ་སྨད་ཙ་ན་བཞུགས་སམ་སྙམ་མོ། །ཞེས་དང་། ཡང་དེ་ཉིད་ལས[6]། ཨིས་ཅིང་ (672-682) བར་རྒྱ་གར་དུ་ཕེབས་བཞུགས་གནང་། འདི་ཆོས་ཀྱི་གྲགས་པ་དང་དུས་མཉམ་ཟེར། འདིའི་ལོ་རྒྱུས་ཞར་བྱུང་དུ་ཐལ། ཞེས་བྱུང་ལ། གཞན་ཡང་དེང་སྐབས་ཀྱི་ཉམས་ཞིབ་པ་དག་གིས་ཀྱང་དེ་དག་དང་ཕྱོགས་མཚུངས་ལྟ་བུར་བྱོན་པར་གསུང་བཞིན་ཡོད། དེ་ཡང་ཕྱི་ལོ་ (600-660) བར་དང་། ཡང་ན་ཕྱི་ལོ་ (600-680) བར་བྱོན་པར་འདོད་མཁན་གཉིས་ཡོད་ལ། ཡོངས་གྲགས་དཔལ་ལྡན་ཆོས་གྲགས་སློབ་དཔོན་ཆོས་སྐྱོང་ལས་རབ་ཏུ་བྱུང་བས། དཔལ་ལྡན་ཆོས་སྐྱོང་ནི་ཐང་སན་བླ་མ་ (603-644) བར།) རྒྱ་གར་འཕགས་ཡུལ་དུ་ཕེབས་སྐབས་དགུང་ལོ་ཧ་ཅང་བགྲེས་པོ་ཡིན་པར་གསལ་བ་བཅས་ཀྱིས་དཔལ་ལྡན་ཆོས་གྲགས་དུས་རབས་བདུན་པའི་ནང་བྱོན་པ་ཞིག་ཡིན་པ་ཡོངས་གྲགས་གཅིག་མཐུན་ལྟ་བུར་གསལ་བ་ལྟར་རོ།།

མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་ཚུར་མཐོང་སྐྱེ་བོར་སྣང་ཚུལ་མ་བཅོས་ལྷུག་པར་བཀོད་པའི་རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་ལེགས་བཤད་དཀའ་གནད་མདུད་འགྲོལ་ལས[7]། རྒྱལ་བའི་བསྟན་པ་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཤིན་ཏུ་རྒྱས་པར་མཛད་པའི་རིགས་པའི་དབང་ཕྱུག་ཆེན་པོ་དཔལ་ཆོས་ཀྱི་གྲགས་པས་ (Dhamakirti 600-660) ཚད་མ་རིག་པ་མཛད་པའི་ཚུལ་ལ་ལོ་ཆེན་ཧྱན་ཙང་ (600-664) གི་རྒྱ་གར་ལམ་ཡིག་ཏུ་ཟུར་ཙམ་ཡང་མི་གསལ་རུང་། རྒྱ་ནག་གི་ལོ་ཙཱ་བ་དོན་དམ་པའི་ (645-713) རྒྱ་གར་ལམ་ཡིག་ཏུ་དཔལ་ལྡན་ཆོས་གྲགས་ཀྱིས་ཚད་མ་རིག་པ་རྒྱས་པར་མཛད་ཚུལ་གསལ་བས་ན་ལོ་ཆེན་ཧྱན་ཙང་གི་སྐབས་སུ་མཛད་འཕྲིན་མ་རྒྱས་པར་མཚོན། དེས་ན་སློབ་དཔོན་ཆེན་པོ་དུས་རབས་བདུན་པར་བྱོན་པར་ཆ་བཞག་ན་འགྲིག །ཅེས་གསལ་བ་ལྟར་རོ།།

གཞན་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[8]། སྐུ་འཁྲུངས་པའི་དུས་ནི། རྒྱལ་པོ་སེང་གེ་ལྔ་པ་དང༌། རྒྱལ་པོ་གསལ་བ་སོགས་རྒྱལ་སྲིད་ལ་འཁོད་ནས་མི་རིང་བའི་དུས་ན་ཡིན་པར་མངོན་ལ། ཞེས་བྱུང་བས། འོ་ན་རྒྱལ་པོ་སེངྒེ་ལྔ་པ་སོགས་ཕྱི་ལོ་གང་ལ་བྱུང་སྙམ་ན། དེ་ཡང་དེ་ཉིད་ལས[9]། སློབ་དཔོན་འདི་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་ (617-650) དུས་མཉམ་མོ་ཞེས་གྲགས་པ་བཞིན་དོན་ལའང་གནས་པར་མངོན་ནོ། །ཞེས་དང་། ཡོངས་འཛིན་དམ་པ་རྗེ་བཙུན་བློ་བཟང་ཚུལ་ཁྲིམས་དཔལ་བཟང་པོས་ (1745-1800) མཛད་པའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་ལས[10]། དཔལ་ཆོས་ཀྱི་གྲགས་པ་བོད་དུ་རྒྱལ་པོ་སྲོང་བཙན་སྒམ་པོ་བྱོན་པ་དང་དུས་མཚུངས་ཤིང་བསྟན་པའི་སྲོལ་བཏོད། ཅེས་གསལ་བ་ལྟར་དཔལ་ལྡན་ཆོས་གྲགས་བོད་ཀྱི་བཙན་པོ་སྲོང་བཙན་སྒམ་པོ་དང་དུས་མཉམ་དུས་རབས་བདུན་པར་བྱོན་པར་བཞེད་ལ། དེ་བཞིན་འཇིགས་མེད་གླིང་པའི་གཏམ་ཚོགས་སུའང་དུས་རབས་བདུན་པར་བྱོན་པར་གསུངས་སོ།།

ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[11]། མུ་སྟེགས་པའི་མཁས་པ་ཤིན་ཏུ་གྲགས་ཆེ་བ་ཝཱཅསྤཏི་མཤྲ་སྟེ་ངག་གི་བདག་པོས་སློབ་དཔོན་ཆོས་གྲགས་ཀྱི་ཚད་མ་རྣམ་འགྲེལ་ལ་དགག་པ་བྱས་ཡོད་པ་དང་། ངག་གི་བདག་པོ་དེ་ཕྱི་ལོ་བརྒྱ་ཕྲག་བརྒྱད་པའམ་དགུ་པའི་ནང་དུ་བྱོན་པ་ཡིན་པས་ཆོས་གྲགས་དེའི་སྔོན་དུ་བྱུང་བར་ངེས་པ་ལྟ་བུ་ཡིན། ཞེས་དང་། ཡང་དེ་ཉིད་ལས[12]། དཔལ་ཆོས་ཀྱི་གྲགས་པ་ནི་ཡེ་ཤུའི་འདས་ལོ་བརྒྱ་ཕྲག་བདུན་པ་སྟེ་ཕྱི་ལོ་ ༦༧༥ དང་ ༧༠༠ བར་ཙམ་དུ་བཞུགས་ཡོད་པར་མངོན་ཞིང་། དེ་སྐབས་རྒྱ་གར་བྱང་ཕྱོགས་སུ་ནང་པའི་རྒྱལ་པོ་སྟོབས་ཆེན་ཐ་མ་དཔལ་ལྡན་དགའ་བའི་ལྷའི་རྒྱལ་སྲིད་ཉམས་མ་ཐག་གམ་རཱཇཔཱུཏའི་རྒྱལ་ཕྲན་ཚོས་སྲིད་དར་བའི་འགོ་ཚུགས་པའི་སྐབས་ཡིན་སྲིད་ཅིང་། དེ་ལྟར་ན་ལྷོ་ཕྱོགས་སུ་ཅཱལུཀྱའི་རྒྱལ་རྒྱུད་ཀྱི་རྒྱལ་པོ་རྣམ་གནོན་ཉི་མའམ། ཡང་ན་རྣམ་འདྲེན་ཉི་མ་གཉིས་གང་རུང་གི་དུས་སྐབས་ཡིན་པར་ངེས། ཞེས་གསལ་བ་ལྟར་རོ།།

གཞན་ཡང་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་ལེགས་སྦྱར་བང་མཛོད་ལས[13]། འཛམ་གླིང་གི་མཁས་པའི་གཙོ་བོ་སློབ་དཔོན་ཆོས་ཀྱི་གྲགས་པ་ལྟ་བུས་མཛད་པའི་ལེགས་སྦྱར་འདི་རྣམས་ཤིན་ཏུ་གོ་དཀའ་བར་ངེས་མོད། ཚིགས་བཅད་རྣམས་ཀྱི་མགོ་ལ་ཨོཾ་དང་མཇུག་ཏུ་སྭཱཧཱ་སྦྱར་ན་གཟུངས་སྔགས་ཀྱི་གོ་ཡང་ཆོད་པར་ངེས་པས། གཡེལ་ཆུང་དུ་མི་བྱ་བར་འཚལ། །འོན་ཀྱང་བོད་སྐད་ལ་གོ་དཀའ་བའི་གཞུང་ཀུན་རྒྱ་སྐད་ལ་སྦྱོར་བདེ་བ་ཆོས་ཉིད་ལགས། མུ་སྟེགས་ཀྱི་མཁས་པ་དག་ཀྱང་སློབ་དཔོན་འདི་ཆེན་པོར་བརྩི་སྟེ། གཅེར་བུ་པའི་པཎྜི་ཏ་ཛ་ཡནྟ་བྷ་ཊྚའམ་རྒྱལ་བའི་དཔའ་བོ་བྱ་བས་མཛད་པའི་བསྟན་བཅོས་རིགས་པའི་སྙེ་མ་སྟེ། རྒྱཡཱམཾཛརི་བྱ་བར་སློབ་དཔོན་ཕྱོགས་སྔར་བྱས་ནས་དགག་པ་བརྗོད་པའི་བར་ཚིགས་སུ།

དེ་སྐད་རབ་ཏུ་གསལ་བ་ཡི། །བློ་ཡི་མཚན་ཉིད་སྨྲ་འདོད་དེ། །

མཁས་པ་འཇིག་རྟེན་ཟིལ་གནོན་པ། །བློ་ལྡན་ཆོས་ཀྱི་གྲགས་པ་ཡི། །

སོགས་བྲིས་སོ། །ཞེས་བྱུང་བ་ལྟར་གཅེར་བུ་པའི་པཎྜི་ཏ་རྒྱལ་བའི་དཔའ་བོའི་སྔོན་དུ་བྱོན་ཟིན་པ་དང་། ལྷག་པར་ཕྱི་རོལ་པའི་པཎྜི་ཏ་དག་གིས་ཀྱང་ཆེས་ཆེར་བསྔགས་པ་མཛད་ཡུལ་གྱི་པཎྜི་ཏ་ཞིག་གོ།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༣ བར།

[2]  བཀའ་འགྱུར་གྱི་བཞུགས་བྱང་དཀར་ཆག །སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༣༥

[3]  དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༣༧

[4]  ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༧

[5]  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༤༤

[6]  གཏམ་རྒྱུད་གསེར་གྱི་ཐང་མ། ༼༢༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༧

[7]  དེབ་སྔོན་གསར་མ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༩ ལོ། ཤོག་གྲངས་ ༦༣༦

[8]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༡༤

[9]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༢༥

[10] འབྲོང་རྩེ་བློ་བཟང་ཚུལ་ཁྲིམས་ཀྱི་གསུང་འབུམ། ༼ཀ༽ ཤིང་དཔར་དཔེ་རིང་། (ཇ) ཤོག་གྲངས་ ༡ན༡ ནས་ ༡༧བ༦

[11]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[12]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[13]  སྐད་གཉིས་སྨྲ་བའི་སྒྲོན་མེ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༣༨༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༣ ནས་ ༣༧༨ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *