ཏ༽ ཕྱོགས་གླང་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ཚུལ།

ཏ༽ རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ཚུལ།

 

དེ་ཡང་ཚད་མ་རིག་པའི་མེས་པོ་སློབ་དཔོན་ཕྱོགས་ཀྱི་གླང་པོ་རྗེ་བཙུན་འཇམ་དབྱངས་ཀྱིས་རྗེས་སུ་བཟུང་ཚུལ་ནི། འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་ཐོགས་མེད་སྐུ་མཆེད་སོགས་ལ་བསྟོད་པ་ལས[1]།

ཁྱོད་ཐུགས་འཇམ་པའི་དབྱངས་ཀྱིས་གསལ་མཛད་པས། །

ཤེས་བྱ་ཀུན་ལ་མཁྱེན་པ་རབ་རྒྱས་ཤིང༌། །

མཁས་མཆོག་རྣམས་ཀྱི་གཙུག་གི་རྒྱན་གྱུར་པ། །

དཔལ་ལྡན་ཕྱོགས་ཀྱི་གླང་པོའི་ཞབས་ལ་འདུད། །

ཅེས་གསུངས་པ་ལྟར་ཁ་ཆེ་ཛྙཱ་ན་ཤྲཱིའི་ཊཱིཀྐ་འམ་སློབ་དཔོན་ཡེ་ཤེས་དཔལ་བཟང་པོས་མཛད་པའི་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལས[2]། དེ་ཡང་འདི་སྐད་གྲགས་ཏེ། སློབ་དཔོན་ཕྱོགས་ཀྱི་གླང་པོ་བསྟན་བཅོས་མཐའ་དག་ཆུབ་པར་མཛད་ནས་དགོན་པའི་ཕྱོགས་ཤིག་ཏུ་ཉན་ཐོས་ཀྱི་ལམ་གྱིས་བདག་ཉིད་དུལ་བ་ན་ཞི་བའི་ཕྱིར་བརྩོན་པ་ན། འཕགས་པ་འཇམ་དཔལ་ཉིད་ཀྱི་དྲུང་དུ་གཤེགས་ནས། རིགས་ཀྱི་བུ་ཁྱོད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་བྱ་བར་བཟོད་པ་ཡིན་ན། ཅིའི་ཕྱིར་བདག་ཉིད་ཀྱི་དོན་བྱེད། འདི་ཐོངས་ལ་སེམས་ཅན་གྱི་དོན་ལ་སྤྲོ་བར་གྱིས་ཤིག་ཅེས་གསུངས་སོ། །དེ་ནས་སློབ་དཔོན་གྱིས་གསོལ་བ། འཕགས་པ་བདག་གི་སེམས་གཡོ་བ་འདི་རྔོ་མི་ཐོགས་སོ། །འཕགས་པས་གསུངས་པ། ཁྱོད་སངས་རྒྱས་ཀྱི་སར་མ་ཕྱིན་པའི་བར་དུ་ངས་ཡོངས་སུ་གཟུང་གིས་དོགས་པར་མ་བྱེད་ཅིག །དེ་ནས་སློབ་དཔོན་གྱིས་རབ་ཏུ་བྱེད་པ་མང་པོ་བརྩམས་པ་ལ་སོགས་པ་འཇིག་རྟེན་ལ་ཕན་པར་མཛད་དོ་ཞེས་མཁས་པ་རྣམས་བརྒྱུད་དེ་གྲགས་པ་ཡོད་དོ། །ཞེས་བྱུང་ངོ་།།

དེ་བཞིན་དཔལ་ཆོས་ཀྱི་གྲགས་པས་མཛད་པའི་ཚད་མ་རྣམ་ངེས་ལས[3]། གང་ལ་འཕགས་པ་ཉིད་བྱོན་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །ཞེས་སོགས་གསུངས་པ་ལྟར། སློབ་དཔོན་ཆོས་མཆོག་ (Dharmottara c. 847) གིས་མཛད་པའི་ཚད་མ་རྣམ་པར་ངེས་པའི་འགྲེལ་བཤད་ལས་[4]ཀྱང་། གང་ལ་དཔལ་ཕུན་སུམ་ཚོགས་པའི་རྒྱུ་བསོད་ནམས་ཀྱི་ཚོགས་ཡོད་པ་དང་། དྲི་མེད་བློ་མངའ་སྟེ་དྲི་མ་དང་བྲལ་བའི་བློ་ཡོད་པ་དེ་ཇི་ལྟར་ན་དོན་ཕྱིན་ཅི་ལོག་ཏུ་ཤེས་པའམ་སྟོན་པར་འགྱུར་ཏེ། གང་ལ་ལ་འཁྲུལ་པར་འགྱུར་བ་དེ་དག་ནི་སྐལ་བ་དང་བྲལ་བ་དང་། བློ་གྲོས་དྲི་མ་ཅན་དག་ཁོ་ན་ཡིན་པའི་ཕྱིར་རོ། །དེ་ཡང་གང་ཡིན་ཞེ་ན། སྡིག་པ་མི་དགེ་བའི་ཆོས་རྣམས་ལས་རིང་དུ་སོང་བའི་ཕྱིར་འཕགས་པ་སྟེ། བཅོམ་ལྡན་འདས་འཇམ་དཔལ་གྱིས་གང་ལ་རྗེས་སུ་གཟུང་བ་དེ་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཡིན་ནོ། །ཉིད་ཅེས་བྱ་ནི་སྤྲུལ་པ་དང་འཁོར་བཏང་བས་མ་ཡིན་པའོ། །བྱོན་པ་ཞེས་བྱ་བ་ནི་དོན་དུ་མ་གཉེར་བར་རོ། །ཞེས་གསལ་བ་ལྟར་སློབ་དཔོན་འདི་བཅོམ་ལྡན་འདས་འཕགས་པ་འཇམ་དཔལ་གྱིས་དངོས་སུ་རྗེས་སུ་བཟུང་བ་སྟེ། དེ་ཡང་སྤྲུལ་པ་དང་འཁོར་བཏང་བ་ལྟ་བུའི་སྒོ་ནས་མ་ཡིན་པར་འཕགས་པ་ཉིད་དངོས་སུ་བྱོན་ཏེ་རྗེས་སུ་བཟུང་བར་བཤད་པས་ན། པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དཔལ་ཕྱོགས་ཀྱི་གླང་པོའི་རྟོགས་པ་བརྗོད་པའི་གཏམ་ལས[5]།

འདི་ནི་འབིགས་བྱེད་ནགས་སུ་ནི། །མངོན་མེད་གཞུང་རྩོམ་ལ་གཞོལ་ཚེ། །

འཇམ་པའི་དབྱངས་ཉིད་མངོན་སུམ་དུ། །བྱོན་ནས་རྗེས་བཟུང་བྱིན་གྱིས་བརླབས། །

ཕྱི་མའི་དུས་སུ་གཞུང་ཀུན་ལ། །བལྟ་བའི་མིག་ཏུ་དེ་འགྱུར་ཞེས། །

གཞུང་རྩོམ་བྱེད་པོར་རྗེས་གནང་བས། །ཡོངས་རྫོགས་བསྟན་པའི་ཁུར་ཆེན་པོ། །

ཞེས་སོགས་གསུངས་པ་ལྟར་རོ།།

གཞན་ཡང་ཀུན་མཁྱེན་པདྨ་དཀར་པོའི་ (1527-1592) ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[6]། དེ་ནས་དེས་ཚད་མ་མདོ་ཀུན་ལས་བཏུས་བརྩམས་ཏེ་མཁས་པའི་གྲྭར་འགྲིམས་པས་ཚིག་བརླིང་ནས་ཕལ་གྱིས་མ་རྟོགས་ལ། རྟོགས་པ་འགས་ཀྱང་ཕྲག་དོག་གི་དབང་གིས་ཁྱིའི་མཇུག་མ་ལ་བཏགས་ཏེ་དོར་ལ། ཕྱོགས་ཀྱི་གླང་པོ་ནི་མུན་པའི་གླང་པོ། ཀུན་ལས་བཏུས་ནི་མུན་པའི་ཀུན་ལས་བཏུས་ཞེས་སྨོད་པ་ལ་རང་གིས་འགྲེལ་པ་བྱས་ཏེ་མུ་སྟེགས་མང་པོ་ཚར་བཅད་པས། རྣམ་ངེས་སུ། གང་ལ་འཕགས་པ་ཉིད་ཀྱིས་རྗེས་བཟུང་དེ་ནི་དཔལ་ལྡན་དྲི་མེད་བློ་མངའ་སྟེ། །འཇིག་རྟེན་བློ་གྲོས་བླུན་པོ་འདིས་ནི་ཚིག་བརླིང་བ་ནི་གསལ་བར་མ་རྟོགས་པས། །ཉེར་བརྟེན་འཇིག་རྟེན་རྒྱས་མཛད་དེ་ནི་རྨོངས་པས་ཅུང་ཟད་སྨད་པར་བྱུང་ན་ཡང་། །དོན་མིན་སྐྱེ་བར་འགྱུར་བ་ཡིན་པས་དེ་ཡི་ལུགས་ནི་གསལ་བར་བྱ། །ཞེས་གསུངས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ས་སྐྱ་བཀའ་འབུམ། ཆོས་འཕགས་དང་པོ། ༼པ༽ དཔེ་གཟུགས། ཤོག་གྲངས་ ༢༡ན༡

[2]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཚེ༽ དེབ་ཨང་། ༡༠༤ པ། ཤོག་གྲངས་ ༤༤༩

[3]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་།  ༩༧ པ། ཤོག་གྲངས་ ༦༡༤

[4]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཛེ༽ དེབ་ཨང་། ༡༠༤ པ། ཤོག་གྲངས་ ༧༦༤

[5]  པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་ ༡༡ན༦

[6]  ཀུན་མཁྱེན་ཆོས་འབྱུང་། ༼ཁཀ༽ དཔེ་གཟུགས། ཤོག་གྲངས་ ༥༢བ༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༣ ནས་ ༢༦༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *