ང༽ སློབ་དཔོན་ཕྱོགས་གླང་དུས་ནམ་ཞིག་བྱོན་མིན།

ང༽ སློབ་དཔོན་ཕྱོགས་གླང་དུས་ནམ་ཞིག་བྱོན་མིན།

༡༽ རྒྱ་གར་མཁས་པའི་བཞེད་ལུགས།

 

དེ་ཡང་ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་ (1910-1948/1949) མཛད་པའི་སློབ་དཔོན་ཕྱོགས་གླང་གི་བསྟོད་པ་ལས[1]།

ཐུབ་བསྟན་པད་མཚོར་འཇིགས་མེད་རྟག་རོལ་ཞིང་། །

ལོག་སྨྲའི་ཚལ་འཇོམས་ཕྱོགས་ཀྱི་གླང་པོ་ཞེས། །

གྲགས་པ་འཕགས་ཡུལ་མཁས་མང་མཐའ་དག་གི །

མགྲིན་པའི་རྒྱན་དུ་བྱས་ལ་ཕྱག་འཚལ་ལོ། །

ཞེས་བསྔགས་པ་མཛད་ཡུལ་སློབ་དཔོན་ཕྱོགས་གླང་ཉིད་ཀྱིས་མཛད་པའི་ཚད་མ་ཀུན་ལས་བཏུས་པའི་འགྲེལ་པ་ལས[2]། རྩོད་པ་བསྒྲུབ་པ་ནི་སློབ་དཔོན་དབྱིག་གཉེན་གྱི་མ་ཡིན་ནོ། །གང་གི་ཕྱིར་རྩོད་པ་སྒྲུབ་པ་དེ་ལ་ནི་སློབ་དཔོན་གྱིས་སྙིང་པོ་མེད་པར་དགོངས་པ་སྟེ། དེ་ལྟ་མ་ཡིན་ན་ཆ་ཤས་ཅན་དུ་མཛད་པར་འགྱུར་རོ། །དེས་ན་ཁོ་བོས་ཀྱང་ཚད་མ་ལ་སོགས་པ་ཅུང་ཟད་ཅིག་བརྟག་པར་བྱའོ། །ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱི་བཞེད་པ་བཀོད་ཡོད་པས་དབྱིག་གཉེན་གྱི་རྗེས་སུ་བྱོན་པ་ཤིན་ཏུ་གསལ་ལ། ཡོངས་གྲགས་སློབ་དཔོན་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་ཡིན་པས་དབྱིག་གཉེན་དང་བླ་སློབ་ཏུ་གྱུར་པས་དུས་མཉམ་དུ་བྱོན་དགོས་པ་ཡིན་ནོ།།

དེ་བཞིན་དཔལ་ལྡན་ཟླ་བ་གྲགས་པས་ (C.600-650) མཛད་པའི་དབུ་མ་ལ་འཇུག་པའི་བཤད་པ་ལས[3]། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཐུགས་དགོངས་མི་ཤེས་ཤིང་། དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཟིན་པ་མེད་པར་ཡི་གེ་ཙམ་ངེས་པས་འཇིགས་པར་འགྱུར་བ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་འདི་ཡོངས་སུ་སྤངས་པས། དེའི་ཕྱིར་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ།

ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །

སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །

ལེའུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་བྱེ་བའི་ཆུས། །

ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །

གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུངས་པ་ལྟར། དཔལ་ལྡན་ཟླ་བ་གྲགས་པའི་སྔོན་དུ་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་དབྱིག་གཉེན། སློབ་དཔོན་ཕྱོགས་ཀྱི་གླང་པོ། དཔལ་ལྡན་ཆོས་སྐྱོང་བཅས་བྱོན་ཟིན་པར་གསལ་བས་ན། སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི་དཔལ་ལྡན་ཟླ་བ་གྲགས་པའི་སྔོན་དུ་བྱོན་པའང་ཤིན་ཏུ་གསལ་མོད། དབུ་མ་ལ་འཇུག་པའི་བཤད་པའི་སྐོར་དཔལ་ལྡན་ཟླ་གྲགས་དུས་ནམ་བྱོན་སྐབས་ཞིབ་པར་བཀོད་ཟིན་པས་དེར་གཟིགས་པར་འཚལ་ལོ།།

དེ་བཞིན་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[4]། སྔར་བཤད་པའི་ཤཀའི་རྒྱལ་པོ་རྣམས་བརླབས་ཏེ། སུརཥྚ་དང་མལཝ་ཡང་འོག་ཏུ་བཅུག །རྒྱ་གར་ལྷོ་ཕྱོགས་ཀརྞཊ་ཡུལ་དུ་བྱུང་བའི་རྒྱལ་པོ་གླེགས་བུ་ཡང་དཔལ་ཟླ་བ་སྦས་པ། རྣམ་པར་གནོན་པའི་ཉི་མ། ཤཱཀྱ་གསོད་པ། གྲོང་ཁྱེར་བཟང་པོ་སྐྱ་ནར་བུ་དང་། འཕགས་རྒྱལ་གྱི་བདག་པོ་སོགས་མིང་གི་ཆེ་བར་སྦྱར་བ་ཡོད། གོང་དུ་སྨྲས་པའི་འཁོར་བསྒྱུར་བི་ཀྲ་མའི་ལོ་ཚིགས་ཀྱང་དོན་ལ་རྒྱལ་པོ་འདིའི་ཁྲི་ལོ་ཡིན་པར་གྲགས་ཀྱང་དུས་ཤིན་ཏུ་འཛོལ། རྒྱལ་པོ་འདིའི་མདུན་སར་ ༡ དྷནྭནྟནརི། ༢ ཀྵཔནཀ །༣ ཨམརསིཧཾ། ༤ ཤངྐུ་། ༥ བེཏཱལབྷཏྟ། ༦ གྷཊཀརྦར། ༧ ཀལིདཱས། ༨ ཝརཧིམིཧཏི། ༩ ཝརརུཙི་སྟེ་རིན་ཆེན་དགུ་པ་ཞེས་གྲགས་པའི་མཁས་པ་རྣམས་ཡོད་པར་གྲགས་ཤིང་། སློབ་དཔོན་ཕྱོགས་ཀྱི་གླང་པོ་ཡང་འདི་དང་དུས་མཉམ། དེ་ལ་ཀ་ལི་ད་ས་ནི་ནག་མོ་འཁོལ་ཏེ་རྒྱ་གར་གྱི་སྙན་དངགས་མཁན་ཐམས་ཅད་ཀྱི་ནང་ནས་གྲགས་ཆེ་ཤོས་སུ་གྱུར། ཞེས་དང་། ཡང་མཁས་དབང་དགེ་འདུན་ཆོས་འཕེལ་ (1903-1951) གྱིས་མཛད་པའི་རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[5]། གུཔྟའི་རྒྱལ་རྒྱུད་ཀྱི་སྐབས་འདི་རྒྱ་གར་གྱི་རྒྱལ་ཁམས་ཆ་གང་ཐད་ནས་ཉི་མ་ཉིན་གུང་ལ་སླེབས་པ་བཞིན་དུ་དར་བའི་སྐབས་ཡིན་པར་གྲགས་ཤིང་། རྟ་དབྱངས་དང་ཕྱོགས་གླང་ལ་སོགས་པའི་སངས་རྒྱས་པའི་སློབ་དཔོན་ཆེན་པོ་དག་ཀྱང་ཕལ་ཆེར་འདིའི་རྒྱལ་རྒྱུད་ཚུགས་ཙམ་ན་ཡིན། ནག་མོ་ཁོལ་ལ་སོགས་པའི་སྙན་དངགས་ཆེན་པོ་དང་། གཞན་ཡང་རྒྱ་མཚོ་སྦས་པའི་མདུན་སར་གནས་པའི་མཁས་པ་བིར་སེན་དང་ཧིར་སེན་ལ་སོགས་པ་སའི་རྒྱན་ལྟ་བུ་དག་ཀྱང་དེ་དུས་བྱོན། ཞེས་གུཔྟའི་རྒྱལ་རྒྱུད་སྐབས་སུ་བྱོན་པར་གསུངས།

མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[6]། ཕྱི་ལོ་བརྒྱ་ཕྲག་བདུན་པའི་ནང་ལ་རྒྱ་གར་དུ་རྒྱལ་པོ་ཤྲི་ཧརྴ་དང༌། སློབ་དཔོན་ཕྱོགས་གླང༌། ནག་མོའི་འཁོལ། དབྱུག་པ་ཅན་ལ་སོགས་པ་དང༌། ཏ་ཟིག་གི་གོང་མ་ཡི་ཤི་ཊར་དང༌། ཁ་ཆེར་སྟོན་པ་སྦྲང་རྩིའི་བློ་གྲོས་བཅས་བྱུང༌། འདི་ལ་ཁ་ཆེ་བ་རྣམས་ཀྱི་སྐད་དུ། མོ་ཧ་མ་ཏ་དང༌། རྒྱ་གར་དུ་ཟུར་ཉམས་ཏེ་མ་དུ་མ་ཏི་ཞེས་དང༌། བོད་སྐད་ལ་སྦྲང་རྩིའི་བློ་གྲོས་ཞེས་བསྒྱུར་བར་སྣང་ངོ་ཞེས་མཁས་དབང་དགེ་འདུན་ཆོས་འཕེལ་བས་འཆད། ཅེས་དེ་དག་དུས་མཉམ་དུ་བྱོན་པར་གསུངས་ལ། བསྟན་རྩིས་ཀུན་བཏུས་ལས[7]། ཀླ་ཀློའི་སྟོན་པ་མ་དྷུ་མ་ཏི་སྟེ་སྦྲང་རྩིའི་བློ་གྲོས། མཧཱ་མཏྟེ་སྟེ་བདག་ཉིད་ཆེན་པོ་ཞེས་བཤད་སྲོལ་གཉིས་ལས་སྔ་མ་ནི་དུས་འཁོར་གྱི་གཞུང་དང་མཐུན་ཞེས་བྱུང་།

དེ་བཞིན་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) མཆོག་གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[8]། དེབ་དཀར་དུ་བོད་རྒྱལ་སྲོང་བཙན་དང་། ནག་མོའི་ཁོལ། དབྱུག་པ་ཅན། སློབ་དཔོན་ཕྱོགས་གླང་རྣམས་དུས་རབས་རགས་པ་མཉམ་པར་བཤད་པ་ནི་མུན་སྤྲུལ་ཏེ། དབྱུག་པ་ཅན་ནི་དེབ་དཀར་མཁན་པོ་རང་གིས་ལག་བསྟར་གྱིས་བྲིས་པའི་དཎྜིའི་ལོ་རྒྱུས་སུ་རབ་བྱུང་གསུམ་པའི་སྨད་ལ་འཁྲུངས་པར་བཤད་པ་དང་ནང་འགལ་བྱུང་ཞིང་། སློབ་དཔོན་ཕྱོགས་གླང་སྲོང་བཙན་དང་དུས་མཉམ་ན་ཟླ་བ་གྲགས་པ་ཡང་དེའི་དུས་སུ་ཞལ་བཞུགས་དགོས་པར་འགྱུར་ཏེ། ཟླ་བས་དབུ་མ་འཇུག་པ་རང་འགྲེལ་རྩོམ་དུས་དབྱིག་གཉེན། ཕྱོགས་གླང་། ཆོས་སྐྱོང་སོགས་བྱོན་ཟིན་པར་གསུངས་པས་ཤེས་སོ། །ཞེས་གསུངས་སོ།།

དེ་བཞིན་དཀོན་མཆོག་འཇིགས་མེད་དབང་པོས་ (1728-1791) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ་གསོལ་འདེབས་ཕན་བདེའི་དཔག་བསམ་ལྗོན་པ་ལས[9]།

རྒྱལ་བསྟན་ངག་གི་མཚོན་ཆའི་ལམ་ལ་བགྲོད། །

དྲི་མེད་ཚད་མའི་རྟ་མཆོག་བདུན་ལ་གནས། །

མ་རིག་ཐུན་གསུམ་དྲུངས་ནས་འབྱིན་བྱེད་པ། །

ཕྱོགས་གླང་པདྨོའི་གཉེན་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་ཕྱོགས་གླང་པདྨོའི་གཉེན་ནི། སློབ་དཔོན་ནག་མོ་ཁོལ་[10]དང་དུས་མཉམ་དུ་བྱོན་ཚུལ་གཏམ་རྒྱུད་གསེར་ཐང་མར་གསལ་བ་ལྟར། ལ་ལས་སྙན་ངག་མཁན་ཆེན་པོ་སློབ་དཔོན་ནག་མོ་ཁོལ་ (350-420) གྱིས་མཛད་པའི་སྤྲིན་གྱི་ཕོ་ཉ་ལས[11]། ཀྭ་ཡེ་ཆུ་འཛིན་རེ་ཞིག་ཁྱོད་ནི་ལམ་ལ་བགྲོད་པའི་ཐབས་ཀྱིས་གཏམ་ནི་མཉན་པར་མཛོད། །དེ་ཡི་རྗེས་སུ་བདག་གི་འཕྲིན་ནི་རྣ་བའི་བདེ་བ་སྐྱེད་ཁྱོད་རྣ་བར་གཟུང་བར་མཛོད། །ཤིན་ཏུ་ངལ་ཞིང་རབ་ཏུ་ངལ་ཚེ་རི་བོའི་རྩེ་ལ་རྐང་བཀོད་ངལ་བ་བསལ་ནས་གཤེགས། །གང་དུ་སྐོམ་ཞིང་ཤིན་ཏུ་སྐོམ་ན་ཉུང་ངུའི་ཆུ་དང་ཆེ་བའི་མཚོ་ལའང་བཏུང་བར་བྱ། །ནི་ཙུ་ལ་ནི་གསར་པས་གནས་འདི་ལས་ནི་ཁྱོད་ལངས་མཁའ་ལ་བྱང་དུ་གདོང་ཕྱོགས་མཛོད། །ཕྱོགས་ཀྱི་གླང་པོ་རྣམས་ཀྱི་ལག་པ་ཆེ་བས་བཅིངས་པའི་ལམ་ནི་ཡོངས་སུ་དོར་བར་གྱིས། །རི་ཡི་རྩེ་མོ་འཕྲོགས་ནས་དྲི་བཞོན་འགྲོ་བའམ་ཆུ་འཛིན་ལངས་ནས་འགྲོ་བ་ཅི་ཞེས་ཐེ་ཚོམ་དུ། །གྱུར་ནས་གྲུབ་པའི་བུད་མེད་རྣམས་ཀྱིས་གྱེན་ཕྱོགས་བལྟས་ཏེ་འཇིགས་ཤིང་སྐྲག་པས་རྨོངས་པར་འགྱུར། །ཞེས་གསུངས་པ་ནི། ནི་ཙུ་ལ་རྒྱ་ལྕང་གསར་པའི་སྙེ་མ་དམར་པོས་གང་བའི་གནས་རཱ་མའི་རི་བོ་འདི་ནས་ཆུ་འཛིན་ཁྱོད་ཉིད་ལངས་ཏེ་བྱང་དུ་བདག་གི་དགའ་མ་གནས་པའི་ཡུལ་གྱི་མཁའ་ལ་གདོང་ཕྱོགས་ནས་ཕེབས་པའི་ལམ་དུ་ས་སྲུངས་བུ་དང་། པད་དཀར་ཅན། གཡོན་ཕྱོགས། ས་མོས། གསལ་བྱེད། མེ་ཏོག་སོ་ཅན། ས་ཀུན་གྲགས། ཆ་མཛེས་བཅས་ཕྱོགས་ཀྱི་གླང་[12]པོ་རྣམས་ཀྱི་རང་རང་གི་ཕྱོགས་དང་། མཚམས་སྲུང་བར་བྱེད་པ་དེ་དག་རྣམས་དང་། ལྷག་པར་བྱང་གི་ཕྱོགས་སྲུང་བའི་གླང་པོ་ས་ཀུན་གྲགས་ཀྱི་ལག་པ་ཆེ་བས་བཅིངས་པའི་ལམ་སྟེ། གླང་པོ་རྣམས་ཀྱི་ལག་པ་གདོས་ཤིན་ཏུ་ཆེ་བ་དལ་བུར་གཡོ་བཞིན་ཕྱོགས་དང་མཚམས་སྲུང་བར་མེལ་ཚེ་བྱེད་པའི་འགྲོ་ལམ་ལས་ཡོངས་སུ་དོར་བ་སྟེ་དེ་ལས་འཛུར་བར་གྱིས་ཤིག །དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་ནི། གནོད་སྦྱིན་གྱི་རྗེ་བོས་གནས་ནས་བསྐྲད་པའི་ཉེས་ཅན་པ་བདག་གི་འཕྲིན་ཁྱེར་བ་ཕྱོགས་ཀྱི་གླང་པོ་རྣམས་ཀྱིས་ཤེས་ན། ཁྱོད་ཉིད་བཀག་ནས་རང་གི་བསམ་པའི་གནས་སུ་བསྐྱོད་དུ་མི་འཇུག་པས་དེ་ལ་ངེས་པར་དུ་ཡིད་འཇོག་གནང་དགོས་སོ། །ཞེས་དང་། འདྲ་རྩོམ་དགུ་ཚིག་མར་སྤེལ་བ་ལས།

ནི་ཙུ་ལ་རྒྱས་འདི་ནས་བྱང་ཕྱོགས་གཤེགས། །

ཕྱོགས་ཀྱི་གླང་པོའི་ལམ་ལ་གཟུར་ཞིག་ཀྱེ། །

ཅི་འདི་གངས་རིའི་དུམ་བུའམ་ཆུ་འཛིན་འགྲོ། །

ཅི་ཞེས་ལྷ་མོ་སྐྲག་ལ་དོགས་མི་འཚལ། །

ཞེས་ནོར་བྲང་ཨོ་རྒྱན་གྱིས་མཛད་པའི་སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན་[13]དུ་གསལ་བ་ལྟར། སློབ་དཔོན་ཕྱོགས་ཀྱི་གླང་པོ་བཞུགས་ཡུལ་ནས་གཟུར་ཏེ་བསྐྱོད་དགོས་པར་གསུངས་པ་ནི། ལ་ལས་གླང་པོ་ཆེ་དག་ལ་གོ་བ་དང་། འགའ་ཞིག་གིས་སློབ་དཔོན་ཕྱོགས་ཀྱི་གླང་པོར་གོ་བ་ལེན་ཚུལ་ཅི་རིགས་སྣང་བས་དཔྱད་དགོས་སོ།།  །།

 

༢༽ བོད་ཀྱི་མཁས་པའི་བཞེད་ལུགས།

 

དེ་ཡང་ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོ་འབྲི་གུང་པ་ཆོས་ཀྱི་གྲགས་པས་ (1595-1659) མཛད་པའི་འཕགས་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[14]།

ཕྱོགས་ཀྱི་འཁོར་ལོས་རབ་གང་བའི། །རྒོལ་ངན་རི་དྭགས་གང་ཇི་སྙེད། །

རིག་པའི་མཆེ་བས་རབ་བཅོམ་པའི། །གླང་པོ་ཆེ་དེར་གུས་ཕྱག་འཚལ། །

ཞེས་བསྟོད་ཕྱག་མཛད་ཡུལ་གྱི་སློབ་དཔོན་འདི་ཉིད་དུས་ནམ་ཞིག་བྱོན་མིན་བོད་ཀྱི་མཁས་གྲུབ་རྣམས་ཀྱི་བཞེད་ལུགས་ལ་མཚོན་ན། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[15]། སློབ་དཔོན་ཆེན་པོ་དབྱིག་གཉེན་གྱི་སྐུ་ཚེའི་སྨད་ཙམ་གྱི་དུས་ན། རྒྱལ་པོ་ཟབ་མོའི་ཕྱོགས་འདས་པའི་འོག་ཏུ་ནུབ་ཕྱོགས་མ་རུའི་ཡུལ་དུ་སྐྱེས་པ་རྒྱལ་པོ་ཤྲཱི་ཧརྴ་ཞེས་བྱ་བ་ལས་ཀྱི་སྟོབས་ཤིན་ཏུ་ཆེ་བ་བྱུང་སྟེ། ནུབ་ཕྱོགས་ཀྱི་རྒྱལ་ཁམས་ཐམས་ཅད་ལ་དབང་བསྒྱུར། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ཐོབ་སྟེ་སློབ་དཔོན་ཡོན་ཏན་འོད་བླ་མར་བཀུར་བ་ཞིག་བྱུང༌། དུས་དེ་ཙམ་ན་ཤར་ཕྱོགས་སུ་རྒྱལ་པོ་བྲི་ཀྵ་ཙནྡྲའི་བུ་བརྒྱུད་ལ་རྒྱལ་པོ་བི་ག་མ་ཙནྡྲ་དང༌། དེའི་བུ་ཀཱ་མ་ཙནྡྲ་གཉིས་ཀྱིས་རྒྱལ་སྲིད་སྐྱོང་བའི་དུས་ཏེ། རྒྱལ་པོ་དེ་གཉིས་དབང་ཐང་དང་ལོངས་སྤྱོད་ཀྱང་ཆེ། སྦྱིན་པ་ལ་དགའ། རྒྱལ་སྲིད་ཆོས་ལུགས་བཞིན་དུ་སྐྱོང་བ་ཡིན་ཀྱང་དཀོན་མཆོག་གསུམ་ལ་སྐྱབས་སུ་མ་སོང་སྟེ། ཕྱི་ནང་གཉིས་ཀར་མཆོད་ཅིང་ཁྱད་པར་གཅེར་བུ་པ་རྣམས་ལ་མོས་སོ། །ཁ་ཆེར་དེ་ཙམ་ན་ཡང་རྒྱལ་པོ་མང་པོས་བཀུར་བ་ཉིད་ཡོད་དོ་ཞེས་གྲགས་སོ།།

དེའི་ཚེ་ཤར་ཕྱོགས་སུ་སློབ་དཔོན་བློ་གྲོས་བརྟན་པ་[16]དང༌། ཕྱོགས་ཀྱི་གླང་པོས་འགྲོ་དོན་མཛད། ནུབ་ཕྱོགས་སུ་འཕགས་པ་ཐོགས་མེད་ཀྱི་སློབ་མ་སངས་རྒྱས་འབངས་ཀྱི་སྐུ་ཚེའི་སྨད་ཀྱི་འགྲོ་དོན་དང༌། ཡོན་ཏན་འོད་ཀྱི་འགྲོ་དོན་དར་བའི་དུས་སོ། །ཁ་ཆེའི་ཡུལ་དུ་བཙུན་པ་དགེ་འདུན་འབངས་ཀྱིས་འགྲོ་བའི་དོན་ཆེར་མཛད། སློབ་དཔོན་ཆོས་འབངས་ཡུལ་ཐམས་ཅད་དུ་གཤེགས་ཤིང་ཆོས་སྟོན་པ་ཞིག་བྱུང་ལ། ལྷོ་ཕྱོགས་ཀྱི་རྒྱུད་དུ་སློབ་དཔོན་སངས་རྒྱས་བསྐྱངས་བྱོན། ལེགས་ལྡན་དང༌། རྣམ་གྲོལ་སྡེ་གཉིས་ཀྱི་སྐུ་ཚེའི་སྟོད་ཀྱི་དུས་ཙམ་ཡིན། ཞེས་གསུངས་པ་ལྟར་སློབ་དཔོན་ཕྱོགས་གླང་དུས་ནམ་ཞིག་བྱོན་མིན་ཐད་སྐབས་དེའི་རྒྱལ་བརྒྱུད་ཁག་དང་། རྒྱ་གར་ཁ་ཆེའི་ཡུལ་གྲུར་སྙན་གྲགས་ཅན་གྱི་པཎ་གྲུབ་གང་དག་གིས་བསྟན་འགྲོའི་མཛད་བཟང་སྐྱོང་བཞིན་ཡོད་ཚུལ་གསལ་བ་ལྟར་རོ།།

དེ་བཞིན་པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937) མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[17]།

རྩོད་ངག་ཉིན་མོར་བྱེད་པའི་རྣམ་དཔྱོད་ཀྱིས། །

ཕས་རྒོལ་འབྱུང་པོའི་བྱ་ཚོགས་མུན་པའི་ཁུང་། །

སྐྱབས་སུ་རེ་ནས་སྨྲེ་སྔགས་ལ་སྦྱོར་བ། །

ཕྱོགས་ཀྱི་གླང་པོའི་ཞབས་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་སློབ་དཔོན་ཕྱོགས་ཀྱི་གླང་པོ་དུས་ནམ་ཞིག་བྱོན་མིན་ནི། ཁྲི་མཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) སྦྱར་བའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་ལས[18]། སློབ་དཔོན་དབྱིག་གཉེན་གྱིས་ཚད་མ་དང་། མངོན་པ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། འདུལ་བ་རྣམས་བཤད་པའི་སློབ་མ་རང་ལས་མཁས་པར་གྲགས་པའི་སློབ་མའི་གཙོ་བོ་བཞི་བྱུང་བའི་ཚད་མ་རང་བས་མཁས་པ་འཛམ་གླིང་མཛེས་པའི་རྒྱན་དྲུག་གི་ནང་གསེས་གཞུང་བྱེད་པའི་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ལྷག་ཙམ་གྱི་དུས་ན། འཕགས་པ་ཀུ་རུ་ཀུལླེ་རང་བྱུང་དུ་བཞུགས་པའི་རི་དང་ཉེ་བའི་ལྷོ་ཕྱོགས་ཀྱི་རྒྱུད་དུ་རིགས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་སོ། །ཞེས་གསུངས་པ་ལྟར་ཡོངས་གྲགས་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། སློབ་དཔོན་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་ཚད་མ་རང་ལས་མཁས་པ་དེ་ཡིན་པར་གསུངས་པས་དབྱིག་གཉེན་གྱི་རྗེས་སུ་བྱོན་པར་གསུངས་པ་གཉིས་བཞེད་པ་མཐུན་ནོ།།

ཡང་ཤར་པ་ཆེན་པོ་རྡོ་རྗེ་འོད་ཟེར་གྱིས་མཛད་པའི་བདེ་མཆོག་ལཱུ་ཧི་པའི་བླ་མ་བརྒྱུད་པའི་རྣམ་ཐར་ལས[19]། སློབ་དཔོན་ཕྱོགས་གླང་དང་། ཀླུ་སྒྲུབ་དང་། ཨཱརྱ་དེ་ཝ་གསུམ་གྱིས་ཤིང་གི་ལྷ་མོ་འོད་འཆང་མའི་གྲོང་དུ་བསོད་སྙོམས་མཛད་པས། ཕྱོགས་གླང་ལ་ལུས་མ་བསྟན་གློ་ཀར་ནས་ལག་པས་བསོད་སྙོམས་ཕུལ་ལོ། །ཀླུ་སྒྲུབ་ལ་ཕྱག་མ་བྱས་ལུས་ཕྱེད་ཙམ་བསྟན་ནས་བསོད་སྙོམས་ཕུལ་ལོ། །ཨཱརྱ་དེ་ཝ་ལ་ལུས་ཀུན་བསྟན་ནས་ཕྱག་བྱས་རིམ་གྱིས་ཕུལ་ལོ། །དེར་ཕྱོགས་གླང་གིས་བདག་ཅག་རྒན་པ་གཉིས་ལ་ནི། ཕྱག་ཀྱང་མ་བྱས་ལུས་ཐམས་ཅད་ཀྱང་མ་བསྟན་ན། ཨཱརྱ་དེ་ཝ་ནི་གཞོན་ཡང་ལུས་བསྟན་ཕྱག་བྱེད་སྦྱིན་པ་ལག་གིས་གཏོང་བ་ཅིའི་ཕྱིར་ཞེས་དྲིས་པས། ལྷ་མོ་ན་རེ་ཕྱོགས་གླང་མོས་པས་སྤྱོད་པ་ཡིན་པས་བདག་གི་ལུས་མཛེས་པ་མཐོང་ན་ངེས་པར་ཆགས་པ་སྐྱེ་བའི་ཕྱིར་མ་བསྟན་ནོ། །ཀླུ་སྒྲུབ་ས་དང་པོ་པ་ཡིན་པས་ལུས་ཀུན་བསྟན་ན་ཆགས་པར་དོགས་པས་ཕྱེད་བསྟན་ནོ། །ཨཱརྱ་དེ་ཝ་ས་བརྒྱད་པ་ཡིན་པས་ལུས་ཀུན་བསྟན་ཡང་ཆགས་པ་མི་སྐྱེ་བས་ཀུན་བསྟན་པ་ལགས་སོ་ཞེས་གྲགས་པས་ས་དང་པོ་དང་། བརྒྱད་པ་ཡིན་པའི་རྒྱུ་མཚན་དེ་ལྟ་བུ་ཡང་ཡོད་དོ། །ཞེས་གསལ་བ་ལྟར་སློབ་དཔོན་ཕྱོགས་གླང་ཀླུ་སྒྲུབ་ཡབ་སྲས་གཉིས་དང་དུས་མཉམ་དུ་བྱོན་པ་དང་། ལྷག་པར་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། རྒྱལ་སྲས་འཕགས་པ་ལྷ་ལས་རྒན་པ་ཡིན་ཚུལ་ཕྱོགས་གླང་རང་ཉིད་ཀྱིས་གསུངས་ཚུལ་གསལ་མོད། འོན་ཀྱང་སློབ་དཔོན་ཕྱོགས་གླང་ནི་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཡ་གྱལ་ཡིན་པས་ཀླུ་སྒྲུབ་ཡབ་སྲས་དང་ལྷན་དུ་བྱོན་པའི་དུས་འགྲིག་ཐབས་མེད་པས་དཔྱད་དགོས་སོ།།

དེ་བཞིན་སྟག་ཚང་རྫོང་པ་དཔལ་འབྱོར་རྒྱ་མཚོས་མཛད་པའི་རྒྱ་བོད་ཡིག་ཚང་ཆེན་མོ་ལས[20]། དེ་རྟིང་ཕྱོགས་ཀྱི་གླང་པོས། ཤིང་རྟ་ཆེན་པོའི་སྲོལ་གསུམ་པ་བསྟན་པས་ན།

འདས་ནས་ཉིས་སྟོང་ལྔ་བརྒྱ་ན། །འཇམ་དབྱངས་བྱིན་རླབས་ལས་འཁྲུངས་པའི། །

ཕྱོགས་ཀྱི་གླང་པོ་རྗེས་འབྲང་བྱུང་། །མངོན་སུམ་རྗེས་དཔག་གཉིས་དང་བཞིས། །

གྲུབ་མཐའ་ངན་པའི་ལོག་རྟོག་བཅོམ། །ཤེས་བྱ་ཇི་བཞིན་གཏན་ལ་ཕབ། །

ཅེས་པའོ། །དེ་ལ་སོགས་པའི་རྒྱན་དྲུག་མཆོག་གཉིས་དང་། གྲུབ་ཆེན་བརྒྱད་ཅུ། ཀུ་སུ་ལུ་རྣམ་གཉིས་ལ་སོགས་མཁས་གྲུབ་རིམ་པར་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་དོ། །ཞེས་གསུངས་སོ།།

དཔལ་ལྡན་ཚུལ་ཁྲིམས་ (1904-1972) ཀྱིས་བརྩམས་པའི་ཆོས་འབྱུང་ཀུན་གསལ་མེ་ལོང་ལས[21]། སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། སྟོན་པ་འདས་ནས་ལོ་དགུ་བརྒྱ་ལྷག་ཙམ་སོང་རྗེས། ལྷོ་ཕྱོགས་རྒྱུད་དུ་རྒྱལ་རིགས་སུ་སྐུ་འཁྲུངས། ནར་སོན་ནས་བརྡ་སྤྲོད་སོགས་གཙུག་ལག་ཀུན་ལ་མཁས་པར་སྦྱངས། རྒྱལ་སྲིད་བོར་ཏེ་མཁན་པོ་རྒྱལ་བའི་དབང་པོ་ལས་རབ་ཏུ་བྱུང་། ཞེས་གསལ་བ་ལྟར་སྟོན་པ་འདས་ནས་ལོ་ངོ་ ༩༠༠ ལྷག་གི་རྗེས་སུ་འཁྲུངས་པར་གསུངས་སོ།།

དེ་བཞིན་ཐུབ་བསྟན་མཆོག་སྒྲུབ་ལགས་ཀྱིས་བརྩམས་པའི་འཕགས་པའི་ཡུལ་གྱི་བྱུང་བ་བརྗོད་པ་ལེགས་བཤད་ཟླ་འོད་གསར་པ་ལས[22]། སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི་ཡེ་ཤུའི་འདས་ལོ་ ༤༤༥ དང་ ༥༧༥ གཉིས་ཀྱི་བར་ཙམ་ལ་ཕེབས་པ་ཡིན་ཅིང་། དེ་དུས་བྱང་ཕྱོགས་སུ་གུཔྟའི་རྒྱལ་རྒྱུད་ཀྱིས་སྐྱོང་བཞིན་ཡང་། རྒྱལ་རྒྱུད་དེ་ཉམས་རྒུད་དུ་འགྲོ་ཉེར་ཡོད་པ་དང་། སྐནྡྷ་གུཔྟའམ་ཡང་ན་དེའི་རྒྱུད་འཛིན་པུ་རུ་གུཔྟ་ཡོད་པའི་སྐབས་གང་རུང་ཞིག་ཡིན་ཚོད་དང་། ལྷོ་ཕྱོགས་སུ་ནི་རྒྱལ་ཕྲན་ཆུང་ཁག་ཚོས་བསྐྱངས་པའམ། ཡང་ན་ཙཱལུཀྱའི་རྒྱལ་པོ་པུལཀེསིན་དང་པོའི་སྐབས་ཙམ་ལ་ཡིན་ལས་ཆེ། ཞེས་གསུངས་པ་ལྟར་གུཔྟའི་རྒྱལ་རབས་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[23]། ལྕགས་སྤྲེལ། ཕྱི་ལོ་ ༤༨༠ ཕྱི་ལོ་ ༣༢༠ ནས་འདི་བར་ལ་རྒྱ་གར་གྱི་གུཔྟའི་རྒྱལ་རབས་ཡིན་ཞེས་རྒྱའི་ཡིག་ཚགས་ནང་གསལ། ཞེས་བྱུང་བ་ལྟར་སློབ་དཔོན་རྟ་དབྱངས་དང་། སློབ་དཔོན་ཕྱོགས་གླང་། སློབ་དཔོན་ནག་མོ་ཁོལ་སོགས་གུཔྟའི་རྒྱལ་རྒྱུད་ཀྱི་སྐབས་སུ་དུས་མཉམ་ལྟ་བུར་བྱོན་པར་གསུངས་པ་ལྟར་ན། སློབ་དཔོན་ཕྱོགས་གླང་ཀླུ་སྒྲུབ་ཡབ་སྲས་དང་དུས་མཉམ་ཡིན་པར་གྱུར་ལ། དེ་ལྟར་ན་ཀླུ་སྒྲུབ་ཡབ་སྲས་སྟོན་པ་མྱ་ངན་ལས་འདས་ནས་མི་ལོ་ ༤༠༠ རྗེས་སུ་བྱོན་པ་དང་། ཡོངས་གྲགས་སློབ་དཔོན་ཕྱོགས་གླང་ནི་སྟོན་པ་མྱ་ངན་ལས་འདས་ནས་མི་ལོ་ ༩༠༠ རྗེས་སུ་བྱོན་པའི་ཐོགས་མེད་ཀྱི་གཅུང་དབྱིག་གཉེན་གྱི་རང་མཁས་ཀྱི་ཚད་མ་རང་ལས་མཁས་པ་དེ་ཡིན་པས། དེ་དག་གི་བར་དུ་ལོ་ཁྱད་ཤིན་ཏུ་ཆེའོ།།

གཞན་ཡང་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས[24]། སློབ་དཔོན་ཕྱོགས་གླང་དུས་རབས་ལྔ་པར་བྱོན་པར་གསལ་བ་ལྟར་ཡོངས་གྲགས་སུའང་སློབ་དཔོན་ཕྱོགས་གླང་དུས་རབས་ལྔ་པའི་སྨད་དང་དྲུག་པའི་སྟོད་དུ་ཡིན་པར་གསལ་ལ། དེང་གི་ལོ་རྒྱུས་སྨྲ་བ་འགའ་ཞིག་གིས་ཕྱི་ལོ་ ༥༤༠ ལོར་སློབ་དཔོན་ཕྱོགས་གླང་དགོངས་པ་ཞི་བར་གཤེགས་པར་བཤད་ཅིང་། ཕྱི་ལོ་ ༥༠༠ ནང་དུ་བྱོན་པར་ཚོད་དཔག་གནང་བཞིན་པར་མ་ཟད། ཉེ་རབས་ཀྱི་ཞིབ་འཇུག་པ་དག་གིས་ཀྱང་སློབ་དཔོན་དབྱིག་གཉེན་ཕྱི་ལོ་ ༤༠༠-༤༨༠ བར་དང་། ཕྱོགས་གླང་ཕྱི་ལོ་ ༤༨༠-༥༤༠ བར་བྱོན་པར་གསུང་མཁན་ཡོད་ཅིང་། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[25]། ཡང་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་དུས་མཉམ་ཞེས་གྲགས་པ་ཡང་འཐད་དོ། །[26]ཞེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་དུས་ནམ་ཞིག་ལ་བྱོན་མིན་གསུངས་པ་ལྟར་ཕྱོགས་གླང་ནི་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞིའི་ཁྲོད་ནས་ཚད་མ་རང་ལས་མཁས་པ་དེ་ཉིད་ཡིན་པས། ཕལ་ཆེར་དུས་མཉམ་དུ་ཡིན་དགོས་ཀྱང་། དེང་སྐབས་ཀྱི་ལོ་རྒྱུས་དངོས་བྱུང་སྨྲ་བའི་དཔྱད་ཞིབ་པ་ལ་ལས་དེ་ལྟར་ཁས་མི་ལེན་པ་ལྟ་བུ་དང་། སློབ་དཔོན་དབྱིག་གཉེན་ཕྱོགས་གླང་གི་སློབ་དཔོན་དངོས་མིན་པར་བརྒྱུད་པའི་བླ་མ་ཡིན་ཚུལ་གསུང་མཁན་ཡང་ཡོད་འདུག་པས་དཔྱད་དགོས་སོ།།

མདོར་ན་དེ་ལྟ་བུའི་འཕགས་པའི་ནོར་གྱིས་ཕྱུག་པའི་སློབ་དཔོན་འདི་སྐུ་བལྟམས་པ་ལ་སོགས་པའི་ཡུལ་ནི། རྒྱ་གར་ལྷོ་ཕྱོགས་ཏེ། ཡུལ་འཁོར་ཀཱནྩི་ཟེར་བའི་གྲོང་ཁྱེར་དང་ཉེ་བའི་སའི་ཆ་སིངཧཝཀྟྲ་ཞེས་བྱ་བའི་གྲོང་ཁྱེར་དུ་འཁྲུངས་པ་ཡིན་ལ། སྐུ་འཁྲུངས་པའི་དུས་ནི། སྟོན་པ་ཞི་བའི་དབྱིངས་སུ་གཤེགས་ནས་ལོ་ངོ་སྟོང་ཙམ་ལོན་པ་ལ་ཉེ་བ་དང་། མ་ཤི་ཁའི་འདས་ལོ་བརྒྱ་ཕྲག་བཞི་པ་དང་ལྔ་པའི་བར་ཡིན་ནོ།།[27]  །།

 

༣༽ རྒྱ་ནག་གི་མཁས་པའི་བཞེད་ལུགས།

 

རྒྱའི་ཡིག་ཆ་ལས། རྒྱའི་སྡེ་སྣོད་འཛིན་པ་ཡཱི་ཅེན་གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[28]། ཕྱིས་སུ་སློབ་དཔོན་ཕྱོགས་གླང་གིས་ནནྡའི་གཟུངས་སྔགས་འདི་དག་ལ་བློ་སྦྱངས་རྗེས། དམ་པ་ཁོང་གི་ངོ་མཚར་རྨད་བྱུང་གི་ལྟ་བ་དང་སྨྲ་བསམ་བརྗོད་འདས་ཀྱི་རྟོགས་པའི་ཡོན་ཏན་ལ་ཡི་རང་ཚད་མེད་གནང་། སློབ་དཔོན་གྱིས་ཐུགས་ཡིད་སྐྱོ་བའི་ངང་། དམ་པ་ཁོང་གིས་ཚད་མའི་གཞུང་དོན་མ་ལུས་པར་མངའ་བརྙེས་ཏེ་རྒྱུད་ཀྱི་རྟོགས་པའི་ཡོན་ཏན་ཆུང་ངུ་ཙམ་གྱིས་འགྲན་པར་ག་ལ་བཟོད། དམ་པ་ཁོང་གི་ཐུགས་རྒྱུད་ཀྱི་ཡོན་ཏན་རྣམས་སྐྱེས་བུ་བློ་གྲོས་དང་ལྡན་པ་དག་གིས་བལྟས་པས་ངོ་མཚར་བ་ཙམ་དུ་མ་ཟད། སྐྱེས་བུ་དབང་རྟུལ་རྣམས་ཀྱིས་བལྟས་ཀྱང་ཐུགས་ཡིད་རབ་ཏུ་མགུ་བའི་གནས་སོ། །ཞེས་གསལ་བ་ལྟར་སྡེ་སྣོད་འཛིན་པ་ཡཱི་ཅེན་ནི་ཕྱི་ལོ་ ༦༧༢ ལོར་རྒྱ་གར་འཕགས་ཡུལ་དུ་ཕེབས་ཏེ་སློབ་གཉེར་མཛད་ནས་ཕྱི་ལོ་ ༦༩༥ ལོར་རྒྱ་ནག་ཏུ་ཕྱིར་ལོག་ཕེབས་པ་ཞིག་ཡིན་པས། དེའི་གོང་ནས་སློབ་དཔོན་ཕྱོགས་གླང་སྐུ་འཁྲུངས་ཟིན་པར་གསལ་བ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཨཀྱཱ་བློ་བཟང་བསྟན་པའི་རྒྱལ་མཚན། གསུང་འབུམ། ༼ཉ༽ ཤིང་དཔར། ཤོག་གྲངས་ ༡༩བ༡

[2]  བསྟན་འགྱུར་དཔེ་བསྡུར་མ། ཚད་མ། ༼ཅེ༽ དེབ་ཨང་ ༩༧ པ། ཤོག་གྲངས་ ༦༣

[3]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼འ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༩༠༦

[4]  དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༣༢༢

[5]  གཏམ་རྒྱུད་གསེར་གྱི་ཐང་མ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་ ༢༦༡

[6]  རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༡༠༠༢

[7]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༠༧

[8]  བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༠༢

[9]  དཀོན་མཆོག་འཇིགས་མེད་དབང་པོའི་གསུང་འབུམ། ༼ཉ༽ བསྟོད་ཚོགས། དཔེ་རིང་ཤོག་ ༣༡བ༦ ནས་ ༣༣ན༢ བར།

[10]  བསྟན་རྩིས་ཀ་ཕྲེང་ལག་དེབ་ལས། ནག་མོ་ཁོལ། ལྕགས་འབྲུག་ཕྱི་ལོ་ ༣༢༠ ལོར་རྒྱ་གར་དུ་རྒྱལ་པོ་ཙནྡྲ་གུཔྟས་རྒྱལ་སྲིད་བསྐྱངས། པཎྜི་ཏ་ནག་མོ་ཁོལ་འདིའི་རིང་ཡིན་པར་བཤད། རྒྱའི་ཡི་གེར་དུས་རབས་ལྔ་པའི་ནང་བྱུང་ཡིན་ནམ་སྙམ། ཞེས་གསལ། (མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༢༨༦)

[11]  བསྟན་འགྱུར་དཔེ་བསྡུར་མ། སྒྲ་མདོ། ༼སེ༽ དེབ་ཨང་། ༡༡༠ པ། ཤོག་ ༡༡༠༥

[12]  དུང་དཀར་ཚིག་མཛོད་ཆེན་མོ། ༼ཤ ༡༣༥༣།༢༢ ལས།༽ ༡ ཤར་དུ་ས་སྲུངས་བུ་དང་། ༢ ཤར་ལྷོར་པད་མ་དཀར་པོ། ༣ ལྷོར་གཡོན་ཕྱོགས། ༤ ལྷོ་ནུབ་ཏུ་ས་ལ་དགའ། ༥ ནུབ་ཏུ་གསལ་བྱེད། ༦ ནུབ་བྱང་དུ་མེ་ཏོག་སོ་ཅན། ༧ བྱང་དུ་ས་ཀུན་གྲགས། ༨ བྱང་ཤར་དུ་ཆ་མཛེས་བཅས་ལ་ཕྱོགས་ཀྱི་གླང་པོ་བརྒྱད་ཡིན་པར་གསལ།།

[13]  སྤྲིན་གྱི་ཕོ་ཉའི་འགྲེལ་པ་ངོ་མཚར་དགའ་སྟོན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་ ༣༠

[14]  ཀུན་མཁྱེན་རིག་པ་འཛིན་པ་ཆེན་པོའི་གསུང་འབུམ། ༼ཁ༽ འཕྲུལ་པར་དཔེ་རིང་། ཤོག་ ༡ན༡ ནས་ ༡བ༣ བར།

[15]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༦༠

[16]  སློབ་དཔོན་བློ་གྲོས་བརྟན་པ་ནི། དུས་རབས་ ༦ པའི་ནང་དུ་མཐའ་འཁོབ་འདྲ་མ་ཞེས་བྱ་བར་དམངས་རིགས་ཤིག་གི་བུར་སྐུ་འཁྲུངས། ཁོང་གིས་ཕུང་པོ་ལྔའི་རབ་ཏུ་བྱེད་པ་བྱེ་བྲག་ཏུ་བཤད་པ་དང་། སུམ་ཅུ་པའི་བཤད་པ། དབུས་དང་མཐའ་རྣམ་པར་འབྱེད་པའི་འགྲེལ་བཤད་སོགས་མཛད་དོ།།

[17]  པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༣ བར།

[18]  རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། དཔེ་རིང་། ཤོག་ ༣༧ན༥

[19]  ས་སྐྱ་པའི་བླ་མ་ཁ་ཤས་ཀྱི་རྣམ་པར་ཐར་པ། པོད། ༼ཁ༽ དཔེ་རིང་། ཤོག་ ༥ན༥

[20]  རྒྱ་བོད་ཡིག་ཚང་མཁས་པ་དགའ་བྱེད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་ ༦༡

[21]  ཆོས་འབྱུང་ཀུན་གསལ་མེ་ལོང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༣ ལོ། ཤོག་གྲངས་ ༣༥

[22]  རྒྱ་གར་རྒྱལ་རབས། སྨད་ཆ། ལྡི་ལི་བོད་ཁང་། ༢༠༠༢ ལོ། ཤོག་གྲངས་ ༤༡༥

[23]  ལོ་ཚིགས་དྭངས་ཤེལ་མེ་ལོང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་ ༢༢༤༠

[24]  ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས། སྟོད་ཆ། དགའ་ལྡན་ཕོ་བྲང་ཡིག་ཚང་། ༢༠༡༤ ལོ། ཤོག་ ༥༧༩

[25]  དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིགས་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༣༥༥

[26]  རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༡༥༩

[27]  རིགས་པ་ལ་འཇུག་པའི་མདོ། ཝཱར་ཎ་ཆེས་མཐོའི་སློབ་ཁང་། ༡༩༨༣ ལོ། ཤོག་གྲངས་ ༣༡

[28]  རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་ ༡༢༠

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༩ ནས་ ༢༤༣ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *