ཁ༽ སློབ་དཔོན་ཕྱོགས་གླང་རྒྱལ་བའི་ལུང་གིས་ཟིན་ཚུལ།

ཁ༽ སློབ་དཔོན་ཕྱོགས་གླང་རྒྱལ་བའི་ལུང་གིས་ཟིན་ཚུལ།

 

དེ་ཡང་རིག་པའི་དབང་ཕྱུག་དགེ་བ་རྒྱལ་མཚན་ (1387-1462) གྱིས་མཛད་པའི་ཚད་མ་ཀུན་ལས་བཏུས་པ་ཞེས་བྱ་བའི་རབ་ཏུ་བྱེད་པའི་རྒྱན་ལས[1]།

རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་ཀྱི། །

དགོངས་པ་ཇི་བཞིན་རིགས་པས་བསྒྲུབ་པའི་ཚུལ། །

རིགས་པས་སྒྲུབ་ལ་རྒྱལ་བ་གཉིས་པ་རུ། །

རྒྱལ་བས་ལུང་བསྟན་ཕྱོགས་ཀྱི་གླང་པོའི་གཞུང༌། །

ཞེས་རིགས་པའི་དབང་ཕྱུག་སློབ་དཔོན་ཕྱོགས་ཀྱི་གླང་པོ་རྒྱལ་བས་ལུང་བསྟན་པར་གསུངས་ལ། དེ་བཞིན་དཔལ་ས་སྐྱ་པའི་མཁས་པ་ཆེན་པོ་པཎ་ཆེན་ཤཱཀྱ་མཆོག་ལྡན་ (1428-1507) གྱིས་མཛད་པའི་དཔལ་ཕྱོགས་ཀྱི་གླང་པོའི་རྟོགས་པ་བརྗོད་པའི་གཏམ་ལས[2]། དཔལ་ལྡན་ཕྱོགས་རྣམས་ཐམས་ཅད་ལས། །རྒྱལ་རྔ་ལན་བརྒྱར་བརྡུངས་རྣམས་ཀྱི། །བསྟན་པའི་བརྒྱ་བྱིན་དེ་འཛིན་པའི། །ཉེ་དབང་ཚོགས་དང་བཅས་རྣམས་ནི། །ས་གསུམ་གླང་པོས་རྣམ་དཔྱོད་དང་། །རིག་པའི་རྩལ་གྱིས་འདིར་འདེགས་པ། །ཐུབ་པའི་དབང་པོས་དེ་མཁྱེན་ནས། །རྒྱལ་བའི་སྲས་པོར་ལུང་བསྟན་པ། །ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོ་རྒྱལ་བས་ལུང་བསྟན་པར་གསུངས་པ་ལྟར། སྤྱིར་རྒྱ་གར་གྱི་ནང་པའི་མཁས་པ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་ལྷ་དང་དྲང་སྲོང་ལ་སོགས་པས་ལུང་བསྟན་པའི་མ་འོངས་པའི་དོན་དངོས་འབྲེལ་དུ་འདོད་པ་དང་། ལུང་གིས་ཟིན་པའི་སྐྱེ་བོ་ཆེན་པོ་རྣམས་ཚད་མར་བྱེད་ཚུལ་ལ་མི་མཐུན་པ་མེད་ཅིང་། ཁྱད་པར་དུ་སངས་རྒྱས་པ་རྣམས་སངས་རྒྱས་ཀྱི་ལུང་གིས་ཟིན་པའི་སྐྱེས་བུ་དེ་ལུང་དོན་འགྲེལ་བ་ལ་ཚད་མ་ཡིན་པའི་སྒྲུབ་བྱེད་དུ་འདོད་པ་སྤྱི་སྲོལ་ལྟར་ཡིན་ལ། དེ་བཞིན་སློབ་དཔོན་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞི་སྟེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་རྣམ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་བཅས་བཞིའི་ཡ་གྱལ་ཚད་མ་རང་ལས་མཁས་ཤིང་། འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་གི་ཡ་གྱལ་ཚད་མའི་རྒྱན་གྱུར་སློབ་དཔོན་ཕྱོགས་ཀྱི་གླང་པོ་ནི། རྒྱལ་བ་རང་ཉིད་ཀྱིས་ལུང་གིས་ཟིན་པའི་སྐྱེས་བུ་དམ་པ་ཞིག་སྟེ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས[3]།

དང་པོ་ཡི་གེ་ན་ཞེས་པ། །ལྷོ་ཡི་ཕྱོགས་སུ་ཡང་དག་བསྟན[4]། །

བདག་ཉིད་ཆེན་པོ་སྔགས་ཟློས་ལྡན། །ངེས་པར་བྱང་ཆུབ་གཞོལ་བར་འགྱུར[5]། །

ཞེས་གསུངས་པ་ལྟར། ལྷ་ལྡན་ཞོལ་བཀའ་འགྱུར་དཀར་ཆག་མཉམ་མེད་ཤཱཀྱའི་རྒྱལ་པོའི་བཀའ་གངས་ཅན་འདིར་འགྱུར་རོ་ཅོག་གི་གསུང་པར་འཛམ་གླིང་སྤྱི་ནོར་གྱི་དཀར་ཆག་ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལས་ཀྱང་དེ་བཞིན་དུ་བྱུང་ལ། གཞན་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས[6]། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཅན་ནི་ཟླ་བ་པདྨའི་མྱུ་གུ་ཞེས། །ཞེས་དང་། བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[7]། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་ཟླ་བ་པདྨའི་མྱུ་གུ་ཞེས། །ཞེས་དང་། ཁྲི་མཚོ་མཁན་པོ་བློ་གྲོས་བཟང་པོས་ (1924-1986) སྦྱར་བའི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས་ལས[8]། ཕྱོགས་ཀྱི་གླང་པོ་གཞན་ལ་ཕན་པའི་བསམ་པ་བཙུན་པ་ཟླ་བ་པདྨའི་མྱུ་གུ་དང་། །ཞེས་རྒྱུད་དང་བོད་ཀྱི་བསྟན་བཅོས་རྣམ་གཉིས་བར་ཚིག་རིས་ཅུང་ཟད་མི་མཐུན་པ་ཙམ་ལས་འཇམ་དཔལ་རྩ་རྒྱུད་དང་། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་གཉིས་ཀར་ཐམས་ཅད་མཁྱེན་པའི་བཀས་ལུང་བསྟན་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་ཞིག་གོ།

ཕྱོགས་གཞན་ཞིག་ནས་བསམ་གཞིག་བྱས་ཚེ། ནང་པ་སངས་རྒྱས་པ་ཐེག་པ་ཆེན་པོ་ཚད་མར་ཁས་ལེན་པ་རྣམས་སྟོན་པའི་ལུང་དཔྱད་པ་གསུམ་གྱིས་དག་པར་ཁས་ལེན་པས། དེ་ཚད་མ་ཡིན་པ་ལ་དོགས་པ་མེད་ཅིང་། འཇམ་དཔལ་རྩ་རྒྱུད་སངས་རྒྱས་ཀྱི་གསུང་ཡིན་པར་འདོད་པས། སློབ་དཔོན་འདི་ལུང་གིས་ཟིན་པར་གྲུབ་ལ། བླ་མ་གོང་མ་རྣམས་ཀྱང་གོང་གསལ་ལུང་དེ་སློབ་དཔོན་ཕྱོགས་གླང་ལུང་བསྟན་པའི་རྒྱུད་ཚིག་ཏུ་བཞེད་པ་ལ་དོགས་པ་མེད་རུང་། དུས་རབས་ཉི་ཤུ་པའི་རིག་གསར་གྱི་སློབ་གཉེར་བ་རྣམས་ནི། རྒྱུད་ཀྱི་བཤད་སྲོལ་དང་ཆོས་འབྱུང་གི་ལོ་རྒྱུས་དེ་ཙམ་གྱིས་ཚིམ་དཀའ་བས། ལུང་འདི་ཡང་དཔྱད་གཞི་དང་བཅས་པ་ཞིག་ཏུ་སྣང་ངོ་།།[9]

གཞན་ཡང་རང་རེ་ནང་པ་སངས་རྒྱས་པ་རྣམས་དང་། ཁྱད་པར་དུ་ཐེག་པ་ཆེན་པོའི་བརྒྱུད་པ་ལ། སྔོན་བྱོན་མཁས་གྲུབ་རྣམས་ཀྱི་བཤད་པ་ཇི་ལྟར་ཡོད་ཀྱང་རུང་། བར་མཚམས་ཤིག་ནས་སོ་སོའི་སློབ་དཔོན་དང་། བརྒྱུད་པའི་རྣམ་ཐར་གྱི་ཆེ་བ་དང་། ཡོན་ཏན་བརྗོད་པའི་ཚེ་སློབ་དཔོན་དང་བརྒྱུད་འཛིན་སོགས་ཆེན་པོ་རྣམས་བཅོམ་ལྡན་འདས་ཀྱིས་ལུང་བསྟན་པ་དང་། མདོ་རྒྱུད་ཀྱི་ལུང་གིས་ཟིན་པ་དང་། དེ་སངས་རྒྱས་བྱང་སེམས་སོགས་ཀྱི་སྤྲུལ་པ་ཡིན་པ་སོགས་ཀྱི་བརྗོད་ཚུལ་ཡོད་པས། ལོ་རྒྱུས་དེ་དག་ལ་དཔྱད་གཞི་ཤིན་ཏུ་མང་ལ། རྣམ་ཐར་ལོ་རྒྱུས་དེ་རིགས་ཀུན་ལ་དངོས་འབྲེལ་རྒྱབ་རྟེན་ཚད་མ་ཡོད་པའང་སྒྲུབ་མི་སྲིད་པ་མིན་མོད། སྒྲུབ་དཀའ་བ་ཞིག་ཡིན་པ་ནི་སྨོས་མ་དགོས་པ་ཡིན་ནོ། །གང་ལྟར་ཡང་། སློབ་དཔོན་འདི་མཁས་པའི་ཡོན་ཏན་དང་། བཟང་པོའི་ངང་ཚུལ་དང་། བཙུན་པའི་བརྟུལ་ཞུགས་དང་། སེམས་བསྐྱེད་དང་། བརྩོན་པ་ལྷུན་གྱིས་གྲུབ་པའི་སྐྱེས་བུ་དམ་པ་ཞིག་ཡིན་པ་ནི་རྩོད་མེད་ཡིན་[10]པས་ན། གཉན་དགོན་སྤྲུལ་སྐུ་མདོ་སྔགས་ཆོས་ཀྱི་རྒྱ་མཚོས་ (1903-1957) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ལས[11]། སྦྱང་བའི་ཡོན་ཏན་བཅུ་གཉིས་ཁྱིམ་གྱི་གཞིར། །རྟག་ཏུ་གནས་བཞིན་འཆད་རྩོད་རྩོམ་པའི་འོད། །སྨྲ་ངན་ཁྲོན་པ་སྐེམ་ལ་ཆས་པ་ཡི། །བསྟན་པའི་ཉི་མ་ཕྱོགས་ཀྱི་གླང་པོའི་ཞབས། །ཞེས་བསྟོད་ཕྱག་ཀྱང་མཛད་དོ།།  །།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  དགེ་བ་རྒྱལ་མཚན་གྱི་ཀུན་བཏུས། པོད། ༼༡༽ འཕྲུལ་པར་དཔེ་རིང་། ཤོག་ ༢༣༤ན༢

[2]  ཕྱོགས་ཀྱི་གླང་པོའི་རྟོགས་བརྗོད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་བཀའ་འབུམ། ༼མ༽ དཔེ་རིང་། ཤོག་ ༡༡ན༦

[3]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་ ༩༢༡

[4]  གཡུང་ལོ་དང་། པེ་ཅིན། སྣར་ཐང་བཅས་ཀྱི་བཀའ་འགྱུར་པར་མར་བརྟེན་ཞེས་བྱུང་།

[5]  ལུང་འདི་ལེགས་སྦྱར་གྱི་རྩ་བའི་ལུང་བསྟན་ལ་མི་འདུག་ཅིང་། བོད་དཔེ་ལྷ་དཔར་དུའང་ལུང་འདི་མ་ཐོབ། སྤྱིར་རྩ་རྒྱུད་ལ་འགྱུར་མང་ཞིང་། རྒྱ་ནག་གི་སྐད་ལ་འདི་ལན་གཉིས་གསུམ་བསྒྱུར་འདུག་ཅིང་། འགྱུར་སྔ་ཕྱི་རྣམས་ལེ་གྲངས་མི་མཐུན་ལ། བོད་འགྱུར་ཤཱཀྱ་བློ་གྲོས་ཀྱིས་བསྒྱུར་བར་ཡང་ལེ་གྲངས་ ༣༥ ལས་མེད་ཅིང་། (དེ་ལྷ་དཔར་རྒྱུད་ ༼ཐ༽ པར་བཞུགས།) ད་ལྟ་ལེགས་སྦྱར་དུ་ཡོད་པ་ཚོགས་བདག་གི་བསྟན་བཅོས་ལ་ལེའུ་ ༥༥ འདུག་པས། ད་དུང་ཡང་འདི་ལས་གཞན་དུ་ཡོད་སྲིད། (ཅེས་རིགས་པ་ལ་འཇུག་པའི་མདོ། ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༩ པར་གསལ།)

[6]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ཀ༽ དེབ་ཨང་ ༧༧ པ། ཤོག་ ༣༩༡

[7]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༡༤༥

[8]  རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་དང་ལྟ་བ་མདོར་བསྡུས། དཔེ་རིང་། ཤོག་ ༣༧བ༡

[9]  གོང་གི་ལུང་ཚིག་དེ་ཕྱོགས་གླང་གི་ལུང་བསྟན་ཡིན་པ་ཡང་དངོས་འབྲེལ་ལ་འཐད་དཀའ་སྟེ། འཕགས་བོད་གང་གི་དབང་དུ་བྱས་ཀྱང་། ཡི་གེ་ (ན) ཕྱོགས་གླང་གི་མིང་གི་ཐོག་མར་མི་འོང་བའི་ཕྱིར་རོ། །དེ་ནས་དང་པོ་ཡི་གེ་ (ད) ཞེས་པ་རྒྱུད་ལ་ཡོད་པ་དེའོ།།

[10]  རིགས་པ་ལ་འཇུག་པའི་མདོ། ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་ཁང་། ༡༩༨༣ ལོ། ཤོག་ ༢༩

[11]  སྤྲུལ་སྐུ་གསུང་རབ་པའི་གསུང་འབུམ། བསྟོད་ཚོགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཤོག་ ༡༡ ནས་ ༡༣ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༡༩ ནས་ ༢༢༢ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *