༤༽ སློབ་དཔོན་པདྨ་འབྱུང་གནས།
དེ་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་སྤྱི་ཡོངས་མཁན་ཆེན་ཞི་བ་འཚོའི་རྣམ་ཐར་གྱི་སྐབས་སུ་འགོད་པར་འགྱུར་བས་ཉིས་ཟློས་སྤང་ཕྱིར་འདིར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དང་འབྲེལ་ཡོད་རྣམས་འགོད་པ་ལ། ཨོ་རྒྱན་པདྨས་མཛད་པའི་བཀའ་ཐང་བསྡུས་པ་ལས[1]།
ཟ་ཧོར་ཡུལ་དུ་ཀླུ་སྒྲུབ་སྙིང་པོ་བསྟེན༔ པདྨ་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔
ན་ལེནྡྲ་རུ་དྷ་ན་སཾ་ཏྲི་བསྟེན༔ མ་མོ་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས༔
ཞེས་སློབ་དཔོན་ཨོ་རྒྱན་པདྨས་བླ་མ་བརྒྱད་བསྟེན་པའི་ཁྲོད་ནས་ཟ་ཧོར་གྱི་ཡུལ་དུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏའི་གཙུག་རྒྱན་སློབ་དཔོན་འཕགས་པ་ཀླུ་སྒྲུབ་བསྟེན་ནས་པདྨ་ཞི་ཁྲོའི་ཆོས་སྐོར་དང་། དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་དྷ་ན་སཾ་ཏྲི་བསྟེན་ནས་མ་མོ་ཞི་ཁྲོའི་ཆོས་རྣམས་རྫོགས་པར་ཞུས་པར་གསལ་ལ། དེ་བཞིན་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར་ (1308-1364) གྱིས་མཛད་པའི་ཀློང་ཆེན་ཆོས་འབྱུང་ལས[2]། སློབ་དཔོན་ནཱ་ག་རྫུ་ནའི་སྤྱན་སྔར་བྱོན་ཏེ་པདྨ་གསུང་གི་ཆོ་ག་གསན། པདྨ་དབང་གི་ཞལ་མཐོང་། ཞེས་གསུངས་པ་ལྟར་སློབ་དཔོན་པདྨ་འབྱུང་གནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་སློབ་མ་ཡིན་པར་གསལ་ལོ།།
ནཱ་ལེནྡྲར་ཆོས་འཁོར་བསྐོར་བའི་ཚུལ་ནི། མངའ་བདག་ཉང་རལ་པ་ཅན་ (1124-1192) གྱིས་གཏེར་ནས་གདན་དྲངས་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐྱེས་རབས་ཆོས་འབྱུང་ནོར་བུའི་ཕྲེང་བ་སྟེ་རྣམ་ཐར་ཟངས་གླིང་མ་ལས[3]།
ན་ལནྡྲ་རུ་ཆོས་ཀྱི་འཁོར་ལོ་བསྐོར། །བདུད་དང་མུ་སྟེགས་ཐམས་ཅད་ཚར་བཅད་ནས། །
ཞི་བདེའི་ལམ་ལ་བཀོད་ནས་ཤཱཀྱ་ཡི། །བསྟན་པ་རྒྱས་མཛད་ཨུ་རྒྱན་དུས་འདིར་དྲན། །
ཞེས་གསུངས་པ་ལྟར། མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས་[4]ཀྱང་། དགུ་པ་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ནི། སྔ་ཕྱི་ཐམས་ཅད་དུ་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་མོད་ཀྱང་མྱང་མཛད་རྣམ་ཐར་བསྟོད་པར། ནཱ་ལནྡ་རུ་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་ཀྱང་བྱུང་ལ། གཞན་དུ་རྒྱ་བོད་ཐམས་ཅད་དང༌། ཁྱད་པར་རྟེན་འབྲེལ་གྱི་ཆེ་བས་བོད་ཡུལ་དུ་ཆོས་འཁོར་བསྐོར་བའི་མཛད་པར་བསྡུས་ཀྱང་རུང་ངོ༌། །ཞེས་བྱུང་བ་ལྟར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་དཔལ་ནཱ་ལེནྡྲར་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་བསྟན་པར་མ་ཟད། ནཱ་ལེནྡྲའི་མཁན་རབས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཀྱི་དྲུང་ནས་རབ་ཏུ་བྱུང་བར་ཡང་གསུངས་སོ།།
གཞན་ཡང་ནཱ་ལེནྡྲའི་གཙུག་ལག་ཁང་དུ་ཆོས་མངོན་པ་གཏེར་དུ་སྦས་ཚུལ་ནི། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པའམ་པདྨ་བཀའ་ཡི་ཐང་ཡིག་ལས[5]། མངོན་པ་ནཱ་ལེནྡྲ་ཡི་གཙུག་ལག་སྦས༔ ཡུམ་སྲས་བཅུ་བདུན་སཱ་ལའི་ཡུལ་དུ་སྦས༔ རྒྱ་ཆེར་རོལ་པ་བྲུ་ཤའི་ཡུལ་དུ་སྦས༔ བསྐལ་པ་བཟང་པོ་ཟངས་གླིང་ཡུལ་དུ་སྦས༔ ཞེས་དང་། ཡང་པདྨ་བཀའ་ཡི་ཐང་ཡིག་ལས[6]། ཐུབ་པའི་བསྟན་པ་སྟོངས་སུ་ཕངས་པ་ཡིས༔ ནམ་མཁའ་ས་འོག་བྲག་དང་ཆུ་དང་ཤིང་༔ རི་དང་ཕུག་པ་བས་མཐའ་དུར་ཁྲོད་དང་༔ གཙུག་ལག་ཁང་དང་མཆོད་རྟེན་ནཱ་ལེནྡྲ༔ དྲི་ཟ་གྲུལ་བུམ་གནོད་སྦྱིན་ཀླུ་དབང་ཡུལ༔ མདོ་སྡེ་བཞག་པར་བྱས་ནས་དར་བར་བྱེད༔ འཇིག་རྟེན་གཏེར་ཆེན་རྣམས་ནི་རྒྱལ་པོ་དང་༔ རྐུན་པོ་མེ་ཆུས་བསླུས་ནས་ཟད་པར་འགྱུར༔ ཞེས་ཀྱང་བྱུང་ངོ་།།
དེ་བཞིན་སློབ་དཔོན་པདྨའི་རྣམ་ཐར་པདྨ་བཀའ་ཡི་ཐང་ཡིག་ལས[7]། རྒྱ་དཔེ་ནཱ་ལནྡྲ་ཡི་གཙུག་ལག་དང་༔ ལྷ་ཀླུ་གནོད་སྦྱིན་མཁའ་འགྲོའི་གནས་བཞུགས་པ༔ སློབ་དཔོན་རྣམས་ཀྱི་རྫུ་འཕྲུལ་གྱིས་བླངས་ནས༔ ད་ལྟ་བསམ་ཡས་དཀོར་མཛོད་རྣམས་སུ་བཞུགས༔ ཞེས་གསུངས་པ་ལྟར། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[8]ཀྱང་། དཀོར་མཛོད་གླིང་དུ་རྒྱ་དཔེའི་དཀོར་མཛོད་ཅིག་ཁ་ཕྱེ་ནས་ (ཇོ་བོས་) གཟིགས་པས་སྔར་མ་གཟིགས་པའི་རྒྱུད་མང་དུ་སྣང་བས། ངས་མི་ཡུལ་གྱི་རྒྱུད་རྣམས་སུ་མ་ཟད་མཁའ་འགྲོ་མས་བསྟན་པ་ཡང་དཔག་མེད་མཐོང་སྟེ། དེ་རྣམས་ན་ཡང་འདི་ཀུན་མི་འདུག །གསང་སྔགས་འདི་ལ་མཐའ་མངོན་རྒྱུ་ཡོད་ཡོད་མི་འདྲ། གསུངས་ནས་མི་ཡུལ་ན་ཡོད་པའི་གསང་སྔགས་མ་ལུས་པ་མཁྱེན་དགོངས་པའི་ཐུགས་རྒྱལ་ཡང་དེར་ཆག །སློབ་དཔོན་པདྨས་སྲིན་པོའི་ཡུལ་སོགས་ནས་བླངས་པར་ངེས། སྤྱིར་ཡང་སློབ་དཔོན་པདྨས་ནཱ་ལེནྡྲ་ནས་རྒྱུད་ཀྱི་རྒྱ་དཔེ་ཐམས་ཅད་རྫུ་འཕྲུལ་གྱིས་བསམ་ཡས་སུ་བླངས་པས་མང་བ་ཡིན། དེའི་དུས་ཀྱི་བསྟན་པ་ལྟ་བུ་རྒྱ་གར་དུ་ཡང་མ་བྱུང་བ་འདུག །རཱ་ཛ་བོདྷི་ས་ཏྭ་གསུངས་ཤིང་ཡི་རང་མཛད། ཅེས་གསུངས་པ་ལྟར་བོད་ཀྱི་དགོན་སྡེའི་ཐོག་མ་བསམ་ཡས་གཙུག་ལག་ཁང་དུ་རྒྱ་དཔེ་མང་དུ་བཞུགས་པ་རྣམས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནས་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་བོད་དུ་གདན་དྲངས་པ་གཙོ་ཆེ་བར་གསུངས་པ་སྟེ། ཨུ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི་སྐྱེས་རབས་རྣམ་པར་ཐར་པ་རྒྱས་པར་བཀོད་པའམ་པདྨ་བཀའ་ཡི་ཐང་ཡིག་ལས[9]།
རྒྱ་དཔེ་ནཱ་ལེནྡྲ་ཡི་གཙུག་ལག་དང་༔ ལྷ་ཀླུ་གནོད་སྦྱིན་མཁའ་འགྲོའི་གནས་བཞུགས་པ༔
སློབ་དཔོན་རྣམས་ཀྱི་རྫུ་འཕྲུལ་གྱིས་བླངས་ནས༔ ད་ལྟ་བསམ་ཡས་དཀོར་མཛོད་རྣམས་སུ་བཞུགས༔
ཞེས་བྱུང་བ་ལྟར། བོད་ཀྱི་དགོན་སྡེའི་ཐོག་མ་བསམ་ཡས་མི་འགྱུར་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་དཀོར་མཛོད་དུ་བཞུགས་པའི་རྒྱ་དཔེ་རྣམས་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ནཱ་ལེནྡྲ་སོགས་ནས་གདན་དྲངས་པའོ།།
དེ་བཞིན་ནཱ་ལེནྡྲར་རྩོད་པས་མུ་སྟེགས་ཀྱི་སྟོན་པ་ཕམ་པར་མཛད་པའི་ཚུལ་ཡང་། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་ (1846-1912) མཛད་པའི་གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་ལས[10]། རྡོ་རྗེའི་ཚིག་བདུན་འདི་ཡི་ལོ་རྒྱུས་སུ། རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་གུ་རུ་རིན་པོ་ཆེ་ཚོགས་འཁོར་ལ་སྤྱན་དྲངས་པའི་ཚིག་ཡིན་པར་གྲགས་ཤིང་། སྔོན་ཤྲཱི་ནཱ་ལེནྡྲའི་[11]གཙུག་ལག་ཁང་དུ་མུ་སྟེགས་ཀྱི་སྟོན་པ་སྒྲ་ཚད་ལ་མཁས་པ་ལྔ་བརྒྱ་ལྷགས་ནས་བསྟན་པ་ཉམས་དམས་པར་བྱས་དུས། ནང་པའི་པཎྜི་ཏ་རྣམས་ཀྱིས་རྩོད་པར་མ་ནུས་པའི་ཚེ། པཎྜི་ཏ་རྣམས་ཕལ་ཆེར་ལ་རྨི་ལམ་དུ་མཐུན་པར༔ མཁའ་འགྲོ་མ་ཞི་བ་མཆོག་གིས་ལུང་བསྟན་པར། ཁྱེད་རྣམས་ཀྱིས་མུ་སྟེགས་བཟློག་པར་ག་ལ་ནུས། ང་ཡི་མིང་པོ་རྡོ་རྗེ་ཐོད་ཕྲེང་རྩལ་དུར་ཁྲོད་མུན་པ་ཅན་དུ་བཞུགས་པ་དེ་སྤྱན་མ་དྲངས་ན་བསྟན་པ་འཇིག་པར་འགྱུར་རོ། །ཞེས་སྨྲས་པ་ལ། དེར་བགྲོད་དཀའ་བས་སྤྱན་མི་དྲོངས་བྱས་པས། མཁའ་འགྲོ་ན་རེ། ཁྱེད་རྣམས་ཀྱིས་གཙུག་ལག་ཁང་གི་ཡང་ཐོག་ཏུ་མཆོད་པ་རྒྱ་ཆེན་པོ་བཤམས་ནས་སྤོས་དང་རོལ་མོ་བཅས་གུས་པ་རྒྱ་ཆེན་པོས་མགྲིན་གཅིག་ཏུ་གསོལ་བ་འདི་ལྟར་ཐོབ། ཅེས་ཚིག་བདུན་གསོལ་འདེབས་བསླབས་པ་དེ་བཞིན་བྱས་པས་སྐད་ཅིག་དེ་ཉིད་ལ་གུ་རུ་རིན་པོ་ཆེ་ནམ་མཁའ་ལས་བྱོན་ནས་པཎ་ཆེན་ལྔ་བརྒྱའི་གཙོ་བོར་བཞུགས། མུ་སྟེགས་སྟོན་པ་ལྔ་བརྒྱ་ལུང་རིགས་ཀྱིས་ཚར་བཅད། སླར་མཐུ་འགྲན་པ་ལ། མཁའ་འགྲོ་སེང་གདོང་མས་བསྭེ་སྒྲོམ་གཏད་ནས་མུ་སྟེགས་འདུལ་བར་བཀའ་བསྒོས་པ་ལྟར། ཐོག་ཕབ་ནས་མུ་སྟེགས་མ་རུང་བ་ཐམས་ཅད་ཚར་བཅད། ལྷག་མ་རྣམས་ནང་པའི་བསྟན་པ་ལ་ཚུད་དེ་གསོལ་འདེབས་འདི་ཐམས་ཅད་དུ་རྒྱས་པར་གྱུར་ཏོ།།
སླར་གུ་རུ་རིན་པོ་ཆེ་བོད་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་ཚེ་ལས་ཅན་རྗེ་འབངས་རྣམས་ལ་གནང་ཞིང་། ཕྱི་རབས་ལ་དགོངས་ཏེ་སྦས་པའི་གཏེར་ཁ་ཐམས་ཅད་དུ་ཡང་རྡོ་རྗེ་ཚིག་བདུན་[12]པོ་མ་བྱུང་བ་མེད་པ་ལྟ་བུ། དེང་སང་གི་བར་དུ་མངོན་རྟགས་དང་བཅས་པའི་བྱིན་རླབས་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་འདིའི་རྡོ་རྗེའི་ཚིག་དོན་མདོར་བསྡུས་སུ་འཆད་ཅེས་གསུངས་པ་ལྟར། སློབ་དཔོན་སྐུ་དྲིན་ཅན་དེ་ཉིད་ཀྱང་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཡིན་པ་བྱུང་རབས་དག་ལས་མང་དུ་བྱུང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གསང་ཆེན་སྔ་འགྱུར་བའི་བཀའ་གཏེར་ཞལ་འདོན་ཕྱོགས་བསྒྲིགས། མཚོ་ལྷོ་དགེ་འོས་སློབ་གྲྭ། ༡༩༩༨ ལོ། ཤོག་ ༨༩
[2] ཀློང་ཆེན་ཆོས་འབྱུང་། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༤༢
[3] རིན་ཆེན་གཏེར་མཛོད་ཆེན་མོ། པོད། ༼༡༽ ཉང་གི་བཀའ་ཐང་། འཕྲུལ་དཔར་དཔེ་རིང་། ཤོག་གྲངས་ ༡༢བ༢
[4] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༡༣༢
[5] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༧༥
[6] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༧༦
[7] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༡༧
[8] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༦༨༥
[9] པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༡༧
[10] གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ། པོད། ༼༡༩༽ དཔེ་རིང་ཤིང་དཔར། ཤོག་༤༣བ༥
[11] རིན་ཆེན་གཏེར་མཛོད་ཆེན་མོ། པོད། ༼༡༽ འཕྲུལ་དཔར་དཔེ་རིང་། ཤོག་ ༡༢བ༢ རྡོར་གདན་ཡིན་ཚུལ་གསལ།
[12] ཧཱུཾ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཞེས་པའི་གསོལ་འདེབས་འདི་ཉིད། བོད་གངས་ཅན་ཀྱི་ལྗོངས་སུ་དར་འཕེལ་བྱུང་བ་ནི། གཏེར་སྟོན་གྱི་རྒྱལ་པོ་ལྔ་ཡི་ཡ་གྱལ། གུ་རུ་ཆོས་དབང་ (1212-1271) གིས་གཏེར་ལས་བཞེས་ཏེ་རིམ་གྱིས་འཕྲིན་ལས་ཇེ་རྒྱས་སུ་སོང་བ་ཞིག་གོ།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦༧ ནས་ ༣༧༢ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།