ཚ༽ དབྱིག་གཉེན་གྱི་རྗེས་འཇུག་གི་སློབ་མ་སྐྱེས་བུ་དམ་པ་བྱོན་ཚུལ།

ཚ༽ རྗེས་འཇུག་གི་སློབ་མ་སྐྱེས་བུ་དམ་པ་བྱོན་ཚུལ།

 

དེ་ཡང་ཨ་མེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་རྒྱ་གར་འཕགས་པའི་ཡུལ་གྱི་སྐྱེས་ཆེན་དམ་པ་རྒྱན་དྲུག་མཆོག་གཉིས་ལ་བསྟོད་ཅིང་གསོལ་བ་འདེབས་པའི་རབ་ཏུ་བྱེད་པ་སརྒ་ལས[1]།

གང་གིས་ཕྱེ་བའི་གནས་བརྒྱད་མངོན་རྟོགས་རིམ། །

བློ་བཟང་སྣོད་དང་ལྡན་པའི་གདུལ་བྱ་ལ། །

མཆོག་ཏུ་སྤེལ་མཛད་ཀུན་མཁྱེན་དབྱིག་གཉེན་ཞབས། །

རྗེས་འབྲངས་བཅས་ལ་བདག་ཡིད་དང་བས་འདུད། །

ཅེས་གསུངས་པ་ལྟར་སློབ་དཔོན་དབྱིག་གཉེན་གྱི་རྗེས་འབྲང་སློབ་མ་གང་དག་བྱོན་ནམ་ཞེ་ན། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[2]། སློབ་དཔོན་བདག་ཉིད་ཆེན་པོ་འདི་ལ་སློབ་མ་བསྟན་པ་འཛིན་ནུས་པ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། དེ་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་བཞི་སྟེ། འདུལ་བ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཡོན་ཏན་འོད། མངོན་པ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་བློ་གྲོས་བརྟན་པ་ (510-570) ། ཚད་མ་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། ཕར་ཕྱིན་ལ་མཁས་པའི་མཆོག་ཏུ་གྱུར་པ་སློབ་དཔོན་འཕགས་པ་རྣམ་གྲོལ་སྡེ་བཞིའོ། །ཞེས་གསུངས་པ་ལྟར་རང་མཁས་ཀྱི་སློབ་མ་བཞི་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་མང་དུ་བསྐྱངས་ཤིང་། དེ་ལྟ་བུའི་རང་མཁས་ཀྱི་སློབ་མ་སློབ་དཔོན་དག་གིས་ཀྱང་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་བརྩམས་ཤིང༌། ཡང་སློབ་རྣམས་ལའང་རྒྱ་ཆེར་བཤད་པས། དེང་སང་གི་བར་དུ་དར་ཞིང་རྒྱས་པ་ཡིན་ནོ།།

དེ་བཞིན་རང་མཁས་ཀྱི་སློབ་མ་དེ་དག་གིས་བསྟན་བཅོས་གང་དག་མཛད་དམ་ཞེ་ན། དེ་ཡང་དགེ་སློང་དོན་ཡོད་གྲུབ་པས་ (དུས་རབས་15པ།) མཛད་པའི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་ཊཱིཀ་བསྟན་པའི་སྒྲོན་མེ་ལས་སྔགས་སྡོམ་གྱི་རྣམ་བཤད་ལས[3]། དབྱིག་གཉེན་གྱི་སློབ་མ་འཕགས་པ་གྲོལ་སྡེས་ཉི་ཁྲི་སྣང་བ་མཛད། དབྱིག་གཉེན་གྱི་སློབ་མ་བཞི་པོ་འདི་ལ་རང་ལས་མཁས་པའི་སློབ་མ་ཞེས་གྲགས་ཀྱང་ཤེས་བྱེད་མི་སྣང་ངོ༌། །འཕགས་གྲོལ་གྱི་སློབ་མ། བཙུན་པ་གྲོལ་སྡེས་ཉི་ཁྲི་རྣམ་འགྲེལ་མཛད་དོ། །དེའི་སློབ་མ་མཁན་པོ་ཡང་དག་རྣམ་སྣང་མཛད་ཡིན། དེ་ནི་མཁན་པོ་ཞི་བ་འཚོ་དང་དོན་གཅིག་གམ་ཡང་ཟེར། དེའི་སློབ་མ་སློབ་དཔོན་སེང་གེ་བཟང་པོས། མདོ་དང་རྒྱན་སྦྱར་བའི་འགྲེལ་པ་བཞི་ཙམ་མཛད་དོ། །

 ཡང་ཐོགས་མེད་ཀྱི་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་ཡིན་པར་གྲགས་ལ། དེས་རྣམ་རིག་གྲུབ་པ་ལ་སོགས་པའི་བསྟན་བཅོས་མང་དུ་མཛད་ཅིང་གྲུབ་པ་བརྙེས་ལ་ཤིང་རྟ་ཆེན་པོ་ཞེས་ཀྱང་གྲགས་སོ། །ཞེས་གསལ་བ་ལྟར་སློབ་དཔོན་དབྱིག་གཉེན་གྱི་རང་མཁས་ཀྱི་སློབ་མ་བཞི་དང་། དེ་དག་གི་སློབ་མ་མཁས་གྲུབ་ཉི་ཟླ་དང་མཉམ་པ་དེ་དག་གིས་རྒྱལ་བའི་བསྟན་པ་རིན་པོ་ཆེར་མཛད་རྗེས་རྨད་དུ་བྱུང་བ་འཇོག་གནང་མཛད་ཅིང་། རང་མཁས་ཀྱི་སློབ་མ་འདི་དག་ལ་བརྟེན་ནས་སློབ་དཔོན་དབྱིག་གཉེན་གྱི་ཆོས་བརྒྱུད་འཛིན་པ་ཡང་བགྲང་ལས་འདས་པ་འཕེལ་བས། མདོར་ན་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་མང་དུ་ཐོས་པ་འཛིན་པ་དང་བསྟན་པའི་བྱ་བ་ལ་སློབ་དཔོན་འདི་དང་མཚུངས་པ་འགའ་ཡང་མེད་པས་འཕགས་པའི་ཡུལ་ན་སངས་རྒྱས་གཉིས་པ་དབྱིག་གཉེན་ཞེས་ཡོངས་སུ་གྲགས་སོ།།

གཞན་ཡང་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་ (510-570) སློབ་དཔོན་དབྱིག་གཉེན་གྱི་སློབ་མར་གྱུར་ཚུལ་ནི། གཡུ་ཁོག་བླ་མ་བྱ་བྲལ་ཆོས་དབྱིངས་རང་གྲོལ་ (1872-1952) གྱིས་མཛད་པའི་ཀློང་ཆེན་སྙིང་ཏིག་གི་སྔོན་འགྲོའི་བསྡུས་དོན་དཔལ་མགོན་བླ་མའི་ཞལ་ལུང་ལས[4]། སྔོན་སློབ་དཔོན་དབྱིག་གཉེན་གྱིས་གཞུང་འབུམ་སྡེ་དགུ་བཅུ་གོ་དགུ་ཐུགས་ལ་ལེན་པ་ན་ཉིན་མཚན་ཀུན་ཏུ་གསུང་རབ་མང་པོ་ཁ་བཏོན་བྱེད་ཚེ། གཟིམས་ཁང་གི་གྲ་ཞབས་སུ་ཕུག་རོན་ཞིག་ཡོད་པས་ཆོས་སྒྲ་དེ་རྟག་ཏུ་གོ་ཞིང་། དེ་ཚེ་འཕོས་ནས་མཐའ་འཁོབ་ཀྱི་རྒྱལ་པོ་ཞིག་གི་སྲས་སུ་སྐྱེས་སོ། །དེ་སྐྱེས་མ་ཐག་ཏུ་བདག་གི་བླ་མ་གར་ཡོད་ཅེས་སྨྲས་སོ། །ཁྱོད་ཀྱི་བླ་མ་སུ་ཡིན་དྲིས་པ་ན་དབྱིག་གཉེན་ནོ། །ཡུལ་དབུས་སུ་ཚོང་པ་རྣམས་ལ་དེ་འདྲའི་བླ་མ་ཡུལ་དབུས་སུ་བཞུགས་སམ་དྲིས། དེ་རྣམས་ཀྱིས་ཡོད་དོ་ཞེས་སྨྲས། དེ་ནས་བུ་དེ་འགྲོ་བར་འདོད་ནས་དེར་བསྐྱལ་བ་དང་། དེ་དབྱིག་གཉེན་གྱི་དྲུང་དུ་སླེབས་པ་དང་བླ་མ་ཞེས་བོས་སོ། །ཁོ་བོ་ཁྱོད་ཀྱི་བླ་མ་ཡིན་པར་མི་དྲན་ནོ། །དེས་རང་གི་སྔོན་གྱི་ཚེ་རབས་དྲན་ཏེ་སྨྲས། དེས་དེ་རྗེས་སུ་བཟུང་སྟེ་ཀློག་ཏུ་བཅུག་པས་སློབ་དཔོན་བློ་གྲོས་བརྟན་པ་ཞེས་སྡེ་སྣོད་གསུམ་ལ་མཁས་པར་གྱུར་ཏོ། །ཞེས་གསལ་བ་ལྟར་རོ།།

དེ་བཞིན་དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[5]། སློབ་དཔོན་དབྱིག་གཉེན་དེ་ལ་སློབ་མ་རང་ལས་མཁས་པ་བཞིར་གྲགས་པའི་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན་ནི། སློབ་དཔོན་དབྱིག་གཉེན་བྷ་ག་བི་ཧར་ན་འབུམ་སྡེ་གོ་དགུ་ཞལ་ཐོན་མཛད་ཚེ་ཕུག་རོན་ཞིག་རྒྱུན་དུ་ཉན་པ་ཤི་ནས་མཐའ་འཁོབ་གྲ་མ་བྱ་བར་ཁྱེའུ་སྐྱེས་མ་ཐག་ངའི་སློབ་དཔོན་དབྱིག་གཉེན་གང་ན་བཞུགས་ཟེར་བས་ཆེར་སྐྱེས་ནས་ཡུལ་དབུས་སུ་བསྐྱལ། སློབ་དཔོན་གྱིས་ཡི་གེའི་ཕྱི་མོ་ནས་བཟུང་རིག་གནས་ཐམས་ཅད་བསླབས། ཆུང་དུས་སྒྲོལ་མའི་སྐུ་ཞིག་ལ་སྲན་མའི་ཕུད་ཕུལ་བས་ཟད་ཟད་དུ་ཕུལ་ཡང་བྲུལ་བས་བྱིས་པས་ངུས་པ་ན་སྐུ་དེས་མ་ངུ་ངས་བྱིན་གྱིས་བརླབ་བོ་གསུངས། དེ་ནས་མཁྱེན་རབ་ཟླ་མེད་པར་གྱུར། རྟེན་དེ་ལ་ཡང་སྲན་མའི་སྒྲོལ་མ་ཞེས་གྲགས་ཤིང་། ད་ལྟ་བོད་ན་ཡོད་པའི་དཀོན་བརྩེགས་ལེའུ་ཞེ་དགུ་པོ་འདི་སློབ་དཔོན་གྱི་ཐུགས་ལ་ཇི་སྙེད་བཞུགས་པ་ཡིན་པར་གྲགས་ཤིང་འགྲེལ་པའང་མཛད་སྐད། མཁས་པའི་ཕུལ་དུ་ཕྱིན་ཏེ་སློབ་དཔོན་ཡོན་ཏན་འོད་ཀྱི་སྦྱིན་བདག་རྒྱལ་པོ་ཤྲཱི་ཧརྴས་དཔལ་ཆོས་ཀྱི་གྲགས་པ་ལ་ད་ལྟ་སུ་མཁས་དྲིས་པས།

མཁས་པར་རྒྱལ་པོས་བྱས་པ་ཡི། །བཙུན་པ་ཡོན་ཏན་འོད་ཀྱང་སྟེ། །

བསྟན་བཅོས་ཀུན་གྱི་པོད་གཅིག་ལ། །སློབ་དཔོན་བློ་གྲོས་བརྟན་པ་[6]ཉིད། །

གསུངས་སྐད། དེས་ཚད་མ་ཀུན་བཏུས་ཀྱི་འགྲེལ་པ་དང་མཛོད་འགྲེལ་གནམ་ལྕགས་ཐོག་གཟེར་རབ་བྱེད་སྡེ་བརྒྱད་ཀྱི་འགྲེལ་པ་སོགས་མཛད། དེའི་སློབ་མ་གང་བ་སྤེལ་ཡིན་ལ། དེའི་སློབ་མ་ཛི་ན་མི་ཏྲ་དང་། དཱ་ན་ཤཱི་ལ་སོགས་ཡིན་པར་གྲགས་སོ། །ཞེས་གསལ་བ་ལྟར། མཁས་གྲུབ་འདི་དག་ཀྱང་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཀྱི་སློབ་མ་ཡང་སློབ་ཤ་སྟག་གོ།

དེ་བཞིན་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[7]། འབུམ་སྡེ་གོ་དགུའི་ཚིག་དོན་ཐུགས་ལ་མངའ་བས། བཀའ་དང་པོའི་དགོངས་པ་འགྲེལ་བ་མཛོད་རྩ་འགྲེལ། བར་པ་སེམས་ཙམ་དུ་འགྲེལ་བ་ཡུམ་གྱི་གཞུང་འགྲེལ། ཐ་མ་ངེས་དོན་དུ་བཤད་པ་རབ་ཏུ་བྱེད་པ་སྡེ་བརྒྱད་དང་། གཞན་ཡང་ས་བཅུ་པའི་མདོ་ལ་སོགས་པའི་འགྲེལ་པ་མང་དུ་བརྩམས་ཏེ་བསྟན་པ་གསལ་བར་མཛད་དོ། །དེ་དག་གི་སློབ་མ་རང་ལས་མཁས་པར་གྲགས་པ་བཞི་བྱོན་ཏེ། མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་བརྟན། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། ཚད་མ་རང་ལས་མཁས་པ་སློབ་དཔོན་ཕྱོགས་ཀྱི་གླང་པོ། འདུལ་བ་རང་ལས་མཁས་པ་སློབ་དཔོན་ཡོན་ཏན་འོད་དང་བཞིའོ། །དེ་ལ་སློབ་དཔོན་བློ་གྲོས་བརྟན་པ་ནས། དེའི་སློབ་མ་གང་བ་སྤེལ། དེས་ཀུ་ས་ལི་ཆེ་བ་ལ། ཀུ་ས་ལི་ཆུང་བ། དེ་ནས་དཔལ་ལྡན་ཨ་ཏི་ཤ་ལ་བརྒྱུད་དོ། །ཞེས་གསལ་ལ། སློབ་དཔོན་ཕྱོགས་གླང་གིས་ཚད་མའི་བསྟན་བཅོས་མང་དུ་མཛད་ཅིང་། སློབ་དཔོན་ཡོན་ཏན་འོད་ཀྱིས་འདུལ་བ་མདོ་རྩ་བ་རང་འགྲེལ་དང་བཅས་པ་སོགས་མང་དུ་མཛད་དོ།།

གཞན་ཡང་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ (1813-1899/1900) ཤེས་བྱ་ཀུན་ཁྱབ་ལས[8]། གཅུང་སློབ་དཔོན་ཆེན་པོ་དབྱིག་གཉེན་ནི་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་འདི་ལྟ་བུའི་མང་དུ་ཐོས་པ་མ་བྱུང་བར་གྲགས་ཤིང་། ཐེག་པ་ཆེ་ཆུང་གི་དགེ་འདུན་ཀུན་གྱིས་སྤྱིར་བཀུར། གཞན་འགྲེལ་གྱི་བསྟན་བཅོས་ལྔ་བཅུ་ཙམ་དང་། རང་སྐད་དུ་པྲ་ཀ་ར་ཎ་སྡེ་བརྒྱད་བརྩམས། ཆོས་གཞི་དྲུག་བརྒྱ་ལྔ་བཅུ་རྩ་བཞི་བཙུགས། ཐེག་ཆེན་གྱི་དགེ་སློང་དྲུག་ཁྲིར་ལོངས་པ་སོགས་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་ཅིང་། གོང་གི་ལུང་ལས་ས་བརྒྱད་པའི་འཕགས་པར་རྒྱ་བོད་འགའ་ཞིག་བཞེད། དེའི་སློབ་མ་རང་ལས་མཁས་པ་བཞི། གཞན་ཡང་སྨྲ་བའི་དབང་ཕྱུག་དཀོན་མཆོག་འབངས། དུལ་བའི་ལྷ། ཙནྡྲ་གོ་མཱི། སློབ་དཔོན་ཆོས་སྐྱོང་ལ་སོགས་པ་མཁས་ཤིང་དངོས་གྲུབ་བརྙེས་པ་དུ་མ་ཟམ་མ་ཆད་པར་བྱོན་ཏེ་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་སྤེལ་ལོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཨ་མྱེས་ཞབས་བཀའ་འབུམ། ༼ཀ༽ ས་སྐྱ་རྒྱལ་ཡོངས་གསུང་རབ་སློབ་གཉེར་ཁང་། དཔེ་རིང་ཤོག་ ༡༨ན༦

[2]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༨༣

[3]  སྔོན་བྱོན་ས་སྐྱ་པའི་མཁས་པ་རྣམས་ཀྱི་གཞུང་འགྲེལ་སྐོར། ༼༩༽ དཔེ་རིང་། ཤོག་གྲངས་ ༢༡༣

[4]  བྱ་བྲལ་ཆོས་དབྱིངས་རང་གྲོལ་གྱི་གསུང་འབུམ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་ ༡༠༧

[5]  མཁས་པའི་དགའ་སྟོན།  མི་རིགས་དཔེ་སྐྲུན་ཁང་།  སྨད་ཆ། ༡༩༨༦ ལོ། ཤོག་གྲངས་ ༡༤༦༢

[6]  མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པ་ནི་ཕྱི་ལོ་ (510-570) བར་བྱོན་པའོ།།

[7]  བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༡

[8]  ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་གྲངས་ ༢༠༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༤༥ ནས་ ༡༥༠ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *