༧༽ ཕྱི་ལོའི་དུས་རབས་བདུན་པར་བཞེངས་པར་འདོད་ཚུལ།
༡) རྒྱལ་པོ་གཽ་པཱ་ལས་གསར་བཞེངས་མཛད་ཚུལ།
དེ་ཡང་ཆབ་སྲིད་ཀྱི་དབང་དུ་བྱས་ཚེ། རྒྱ་གར་ཤར་ཕྱོགས་བྷངྒ་ལ་དང་གངྒཱའི་སྨད་རྒྱུད་མ་ག་དྷ་ས་ཁུལ་ལ་མཚོན་ན། ཕྱི་ལོའི་དུས་རབས་ ༨ པ་ནས་ ༡༢ པའི་བར་ནི། བྷང་ག་ལའི་མི་རྒྱུད་ཀྱིས་བཙུགས་པའི་པཱ་ལའི་རྒྱལ་རབས་ (ཕྱི་ལོ་ ༧༥༠ ལོ་ནས་ ༡༡༧༤ འམ་ ༡༡༩༠ ལོའི་བར།) ཀྱིས་དབང་བསྒྱུར་བའི་དུས་སྐབས་ཡིན།
དུས་སྐབས་དེར་རྒྱ་གར་གྱི་ལོ་རྒྱུས་ལས་གཅིག་གྱུར་ཆེན་མོ་གཉིས་པ་སྟེ་གུཔྟའི་རྒྱལ་རབས་ (སྔ་མ་ནི་ཕྱི་ལོ་ ༣༢༠ ནས་ ༥༣༤ ལོའི་བར་དང་། ཕྱི་མ་ནི་ཕྱི་ལོ་ ༥༣༤ ནས་ ༧༣༠ ལོའི་བར།) ཀྱི་གཅིག་གྱུར་རྣམ་པ་ཡོངས་སུ་མཇུག་འགྲིལ་ནས། ཐོག་མར་རྒྱ་གར་ལྷོ་བྱང་གཉིས་སུ་གྱེས་ཤིང་། དེ་ནས་ལྷོ་བྱང་གཉིས་ཀ་རྒྱལ་ཕྲན་དུ་མས་ཡུལ་གྲུ་བཅད་བཟུང་བྱས་པའི་སྐབས་ཡིན་ལ། པཱ་ལའི་རྒྱལ་ཁབ་ནི་དེའི་ཁྲོད་ཀྱི་ནང་བསྟན་ལ་རྒྱབ་སྐྱོར་བྱེད་མཁན་གྱི་རྒྱལ་ཕྲན་གཅིག་པུ་དེ་ཡིན། དུས་རབས་ ༡༢ པའི་དུས་མཇུག་ཏུ་རུ་ཀིའི་དམག་གི་འཇིགས་པ་བྱུང་ནས་པཱ་ལའི་རྒྱལ་རབས་ཀྱང་མཇུག་རྫོགས།[1]
དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ཕྱི་ལོའི་དུས་རབས་བདུན་པའི་ནང་རྒྱལ་པོ་གཽ་པཱ་ལས་བཞེངས་པའི་བཤད་ཚུལ་ནི། ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད་ལས[2]། སྐབས་ཤིག་པཱ་ལའི་མིང་ཅན་གྱི་རྒྱལ་པོ་རྣམས་ཀྱི་ཐོག་མ་བྷངྒ་ལའི་ཡུལ་དུ་ཙནྡྲའི་རིག་སྔགས་གྲུབ་ཅིང་ཀླུ་མོ་གདུག་པ་ཅན་ཞིག་བཏུལ་ནས། རྒྱལ་པོར་གྱུར་པ་གོ་པཱ་ལ་ཞེས་བྱ་བས། ཨོ་ཏནྟ་པུ་རི་དང་ཉེ་བར་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་བསམ་གྱིས་མི་ཁྱབ་པ་ཞིག་བཞེངས་པ་དང་། བྷངྒ་ལ་དང་མ་ག་དྷཱ་གཉིས་སུ་དབང་བསྒྱུར་ནས་དེ་དག་ཏུ་དགེ་འདུན་གྱི་སྡེ་མང་དུ་བཙུགས། བསྟན་པ་ལ་མཆོད་པ་རྒྱ་ཆེན་པོ་བྱས་པའི་ལོ་རྒྱུས་རྒྱ་ཆེན་པོ་ཡོད་ཅེས་ཆོས་འབྱུང་སྔ་མ་རྣམས་སུ་གསལ། ཞེས་གཽ་པཱ་ལས་བཞེངས་པར་གསལ་ལོ།།
དེ་ཡང་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[3]། ཐམས་ཅད་ཀྱིས་འདི་ནི་བསོད་ནམས་ཆེན་པོ་དང་ལྡན་པ་ཡིན་ནོ་བྱས་ནས་རྟག་ཏུ་རྒྱལ་སྲིད་དུ་བསྐོས་ཏེ། མཚན་གཽ་པཱ་ལར་གསོལ། སྐུ་ཚེའི་སྟོད་ལ་བྷཾ་ག་ལ་དབང་བསྒྱུར། སྨད་ལ་མ་ག་དྷ་ཡང་དབང་དུ་བསྡུས་ཏེ། ཨོ་ཏནྟ་པཱུ་རི་དང་ཉེ་བ་ན་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་བཞེངས། ཡུལ་ཆེན་པོ་དེ་གཉིས་སུ་དགེ་འདུན་གྱི་སྡེ་མང་དུ་བཙུགས་ཏེ་བསྟན་པ་ལ་མཆོད་པ་རྒྱ་ཆེན་པོ་མཛད་དོ། །ཞེས་གསུངས་པ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ནི། སྔར་བྷང་ག་ལའི་རྒྱལ་པོ་པཱ་ལ་བདུན་གྱི་ཐོག་མ་གཽ་པཱ་ལས་ (685-729) བཞེངས་པར་གསུངས་པ་དང་། གོང་དུ་རྒྱ་གར་ཆོས་འབྱུང་དུ་མྱ་ངན་མེད་ཀྱིས་བཞེངས་པར་གསུངས་པ་གཉིས་ཚིག་སྔ་ཕྱི་འགལ་བ་ལྟ་བུར་གསུངས་ལ། དེ་མཚུངས་དབྱངས་ཅན་དགའ་བློའི་ (1740-1827) ལམ་རིམ་བརྡ་བཀྲོལ་ལས[4]། དེ་ཡང་ཆོས་འབྱུང་འགའ་ཞིག་ཏུ། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་ལས་རྒྱལ་རབས་གསུམ་ཙམ་གྱི་སྔ་བ་རྒྱལ་པོ་གཽ་པཱ་ལ་ཞེས་པས་ཨོ་ཏནྟ་པུ་རི་དང་ཉེ་བར་ནཱ་ལེནྡྲ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བཞེངས་པར་བཤད་ཀྱང་དེ་འདི་མིན་ནོ། །དེ་ལྟར་ན་ནཱ་ལནྡ་དང་། ནཱ་ལེནྡྲ་གཉིས་སོ་སོར་བྱ་དགོས་སོ། །ཞེས་གསུངས་ཀྱང་དཔྱད་གཞིར་སྣང་ངོ་།།
དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[5]། སྤྱིར་རྒྱ་གར་ཤར་ཕྱོགས་བྷང་གྷ་ལར་པཱ་ལའི་རིགས་ཀྱི་རྒྱལ་པོ་སྔ་རྗེས་བསྡོམས་པའི་བཅུ་བཞི་[6]བྱུང་ཞིང་། དེ་རྣམས་ཀྱི་ནང་ནས་ ༡ གཽ་པཱ་ལ། ༢ དེ་ཝ་པཱ་ལ། ༣ དྷརྨ་པཱ་ལ། ༦ མ་ཧི་པཱ་ལ[7]། ༧ མཧཱ་པཱ་ལ། ༡༠ ར་མ་པཱ་ལ་བཅས་བདུན་པོ་དེ་ནི་སྲིད་དབང་བཟུང་ཡུན་རིང་ཞིང་། སངས་རྒྱས་ཆོས་ལུགས་ལ་བྱས་རྗེས་ཆེ་བས་པཱ་ལ་བདུན་ཟེར། ཞེས་གསུངས་པ་ལྟར་བོད་ཀྱི་བཙན་པོ་འདུས་སྲོང་མང་པོ་རྗེ་དང་དུས་མཉམ་པ་སྟེ། ཕྱི་ལོའི་དུས་རབས་བདུན་པའི་ནང་བྱུང་བའི་པཱ་ལ་བདུན་བརྒྱུད་ཀྱི་ཐོག་མ་རྒྱལ་པོ་གཽ་པཱ་ལས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་པར་གསུངས་སོ།།
དེ་ལྟར་པཱ་ལའི་རྒྱལ་བརྒྱུད་ཀྱིས་དུས་རབས་བརྒྱད་པ་ནས་བཅུ་གཉིས་བར་ཟ་ཧོར་གྱི་སྲིད་དབང་བཟུང་། རྒྱལ་བརྒྱུད་དེ་ནི་གཙོ་བོ་ཐེག་པ་ཆེན་པོའི་རོགས་མགོན་གནང་མཁན་ཞིག་ཡིན་པར་མ་ཟད། ནང་ཆོས་ནང་སྔགས་ཀྱི་ཉམས་ལེན་འབུར་དུ་ཐོན་པར་ཐུགས་འགན་གཙོ་བོ་བཞེས་མཁན་ཞིག་ཀྱང་ཆགས་ཡོད། བོད་ཀྱི་ཆོས་འབྱུང་ལྟར་ན་རྒྱལ་པོ་གཽ་པཱ་ལ་ཞེས་པ་དེས་ནཱལནྡཱར་དགོན་པ་ཞིག་དང་། དེ་བཞིན་དུ་ཆོས་ཀྱི་སྡེ་མང་པོ་ཞིག་གསར་བཙུགས་གནང་བར་བཤད། བོད་ཀྱི་ཏཱ་ར་ནཱ་ཐ་ཡིས་གསུང་ཚུལ་ལ་གཞིགས་ན་གཽ་པཱ་ལ་རྒྱལ་བརྒྱུད་སྐབས་ཆེས་གྲགས་ཅན་གྱི་ནང་པའི་སློབ་དཔོན་རྣམས་བྱུང་བ་དང་། དེ་དག་གི་ནང་ནས་གཟེངས་སུ་ཐོན་པ་རྣམས་ནི། དཱ་ན་ཤཱི་ལ། ཁྱད་པར་བཤེས་གཉེན། དཔའ་བོ་དང་། ཤེས་རབ་གོ་ཆ་སོགས་ཡིན་[8] ཞེས་ཀྱང་བྱུང་ངོ་།།
པཱ་ལའི་རྒྱལ་རབས་ཀྱིས་བོད་དུ་ནང་བསྟན་སྤེལ་བའི་མིག་དཔེར་མཚོན་ནའང་། བོད་དུ་བསྟན་པ་སྔ་དར་བྱུང་བ་ནས་ཕྱི་དར་དབུ་ཚུགས་པའི་དུས་འགོའི་བར་ནི། (ཧ་ལམ་ཕྱི་ལོའི་དུས་རབས་ ༧ པའི་དུས་དཀྱིལ་ནས་དུས་རབས་ ༡༢ པའི་བར།) རྒྱ་གར་དུ་ཏག་ཏག་པཱ་ལའི་རྒྱལ་རབས་ཀྱིས་སྲིད་དབང་སྐྱོང་བཞིན་པའི་དུས་སྐབས་སུ་ཁེལ་ཡོད་པས། པཱ་ལའི་རྒྱལ་རབས་ཀྱིས་བོད་དུ་ནང་བསྟན་སྤེལ་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དཔེ་མཚོན་ནི།
༡ དུས་ཀྱི་ཆ་ནས། པཱ་ལའི་རྒྱལ་རབས་ནི་ཏག་ཏག་བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་འགོར་ཁེལ་ཡོད། ༢ ཡུལ་གྱི་ཆ་ནས། རྒྱ་གར་ལྷོ་བྱང་གི་རྒྱལ་ཕྲན་ཁྲོད་པཱ་ལའི་རྒྱལ་རབས་མ་གཏོགས་པ་ཚང་མས་ཧིན་རྡུའི་ཆོས་ལ་རྒྱབ་སྐྱོར་བྱེད་པ། ༣ ཆོས་ཁུངས་ཀྱི་ཆ་ནས། ཏུ་རུ་ཀས་པཱ་ལའི་རྒྱལ་རབས་བསྣུབས་རྗེས་ནང་པའི་ལྕགས་རི་བི་ཀྲ་མ་སོགས་ཀྱང་འཇིག་སྟེ། བོད་ལ་རྒྱ་གར་གྱི་ཆོས་ཁུངས་མེད་པར་གྱུར། ༤ བསྟན་པའི་གནས་གཞིའི་ཆ་ནས། ཨོ་ཏནྟ་པུ་རི་གཙུག་ལག་ཁང་ལ་དཔེ་བྱས་ཏེ་བསམ་ཡས་གཙུག་ལག་ཁང་སོགས་བཞེངས། ༥ བསྟན་པའི་སྦྱིན་བདག་གི་ཆ་ནས། ཆོས་རྒྱལ་པཱ་ལ་རྣམ་བདུན་ལ་དཔེ་བྱས་ཏེ་ཆོས་རྒྱལ་མེས་དབོན་རྣམ་གསུམ་བགྲང་། ༦ བསྟན་འཛིན་སྐྱེས་ཆེན་གྱི་ཆ་ནས། བི་ཀྲ་མ་ཤཱི་ལའི་སྔགས་ཀྱི་སློབ་དཔོན་ ༡༢ ལ་དཔེ་བྱས་རྗེ་འབངས་ ༢༥ རྒྱ་གར་གྲུབ་ཆེན་ ༨༠ ལ་དཔེ་བྱས་ཡེར་པའི་གྲུབ་ཐོབ་ ༨༠། ༧ བསྟན་པ་སྤེལ་ཚུལ་གྱི་ཆ་ནས། པཱ་ལའི་རྒྱལ་རབས་སུ་ཐེག་ཆེན་དང་གཙོ་བོ་གསང་སྔགས་སྤེལ་བ་བཞིན་བོད་དུའང་དེ་དང་འདྲ། ༨ བསྟན་པའི་ཞབས་འདེགས་ཀྱི་ཆ་ནས། པཱ་ལ་རྣམ་བདུན་གྱིས་བི་ཀྲ་མ་ཤཱི་ལ་སོགས་ལ་མཐུན་རྐྱེན་སྦྱར་བ། མེས་དབོན་གསུམ་གྱིས་པཎ་ཆེན་གདན་འདྲེན་དང་ལོ་ཙཱ་བ་སྐྱེད་སྲིང་དང་། ཆོས་གཞུང་བསྒྱུར་བ་སོགས་ལ་མཐུན་རྐྱེན་ཡོད་ཚད་བླ་ནས་སྦྱར། ༩ འདུལ་བསྟན་སྤེལ་མཁན་མི་རྒྱུད་ཀྱི་ཆ་ནས། བསྟན་པའི་རྩ་བ་འདུལ་བསྟན་ཐོག་མར་སྤེལ་མཁན་ལ་བྷང་ག་ལའི་རྒྱལ་བརྒྱུད་དུ་གྱུར་པ་མཁན་ཆེན་ཞི་བ་འཚོ་སྤྱན་དྲངས། ཕྱི་དར་བསྟན་པར་དག་ཐེར་བྱེད་མཁན་ལ་ཡང་ངེས་ཅན་དུ་བྷང་ག་ལའི་རྒྱལ་བརྒྱུད་དུ་གྱུར་པ་ཇོ་བོ་རྗེ་གདན་དྲངས་པའོ།།
མདོར་ན། བསྟན་པ་སྔ་དར་དང་ཕྱི་དར་གྱི་དུས་འགོ་གཉིས་ཀར་བོད་ཡུལ་གྱིས་མིག་དཔེར་བལྟ་ས་གཙོ་བོ་ནི་བྷང་ག་ལའི་རྒྱལ་བརྒྱུད་དང་པཱ་ལའི་རྒྱལ་ཁབ་ཡིན། ལོ་རྒྱུས་དོན་དངོས་ལས་དཔྱད་ན། བོད་བརྒྱུད་ནང་བསྟན་ལ་ཐད་ཀར་བཀའ་དྲིན་ཆེ་བ་ནི། ཡུལ་གྱི་ཆ་ནས་རྒྱ་གར་གྱི་རྒྱལ་ཁམས་ཐམས་ཅད་ལས་ཀྱང་གཙོ་བོ་པཱ་ལའི་རྒྱལ་རབས་ཀྱི་མངའ་ཁོངས་ (རྒྱ་གར་ཡུལ་དབུས་དང་ཤར་ཕྱོགས་གཙོ་བོ་ཡིན།) ཡིན་ཅིང་། (ནང་པའི་དགོན་པ་གཉིས་ལས་ཀྱང་གཙོ་བོ་ནི་བི་ཀྲ་མ་ཤཱི་ལ་ཡིན།) དུས་ཀྱི་ཆ་ནས་རྒྱ་གར་གྱི་རྒྱལ་རབས་ཐམས་ཅད་ལས་ཀྱང་། གཙོ་བོ་པཱ་ལའི་རྒྱལ་རབས་ཀྱིས་དབང་བསྒྱུར་བའི་དུས་ཡུན་ (ཕྱི་ལོ་ ༧༥༠ ལོ་ནས་ ༡༡༧༤ ལོའི་བར།) ཡིན་ (པཱ་ལ་བཅུ་དགུ་ལས་ཀྱང་གཙོ་བོ་པཱ་ལ་རྣམ་བདུན་སྐབས།)[9] པ་བཅས་སོ།།
དེ་བཞིན་སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ་ (1571-1626) གྱིས་མཛད་པའི་ཆོས་འབྱུང་ངོ་མཚར་རྒྱ་མཚོ་ལས[10]། བསྟན་ལ་དད་ཅིང་ཕན་པའི་སྦྱིན་བདག་ཀྱང་ཆོས་ཀྱི་རྒྱལ་པོ་མྱ་ངན་མེད་ཀྱིས་སའི་སྟེང་དུ་སྟོན་པའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་རྟེན་བྱེ་བ་བྱས་ཤིང་། གཞན་ཡང་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་པའི་མྱ་ངན་བྲལ་དང་། དཔའ་བོའི་སྡེ་དང་། དགའ་བོ་ལ་སོགས་པ་དང་། རིང་ཞིག་འདས་ནས་ཙནྡྲ་བདུན་བརྒྱུད་སོགས་ཀྱི་མཐར་རྒྱལ་པོ་གཽ་པཱ་ལས་ (685-729) ནཱ་ལེནྡྲའི་གཙུག་ལག་ཁང་དང་། དེའི་བུ་དཔལ་ལྡན་ཆོས་སྐྱོང་གིས་རྒྱ་མཚོ་སྦས་པའི་ལྷ་ཁང་དང་། དེས་བ་རེནྡྲའི་ཡུལ་དུ་སོ་མ་པུ་རིའི་གཙུག་ལག་ཁང་དང་། དེའི་སྲས་དེ་ཝ་པཱ་ལས་ (730-777) བི་ཀྲ་མ་ཤཱི་ལ་བཞེངས་པ་སོགས་པཱ་ལ་བདུན་བརྒྱུད་དང་། སེ་ན་བཞི་བརྒྱུད་སོགས་ཀྱིས་དཀོན་མཆོག་ལ་བླ་མར་མཛད་དེ་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་རྒྱ་ཆེར་མཛད་པ་ཡིན་ནོ། །ཞེས་ནཱ་ལེནྡྲ་གཽ་པཱ་ལས་བཞེངས་པར་གསུངས་སོ།།
དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་པ་པོ་རྒྱལ་པོ་གཽ་པཱ་ལའི་བྱུང་རབས་ནི། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་[11]ཀྱང་། སྔོན་བྱུང་གཏམ་གྱི་གྲགས་པ་ལྟར་བཤད་ན། །ཆོས་རྒྱལ་མྱ་ངན་མེད་འདས་རིང་ཞིག་ན། །རྒྱལ་པོ་ཙནྡྲ་[12]བདུན་རྒྱུད་ཅེས་པ་བྱུང་། ། (ཧ་རི་ཙནྡྲ། དེ་ཝ་ཙནྡྲ། ཤྲི་ཙནྟྲ། ཨ་ཁེ་ཙནྡྲ། དྷརྨ་ཙནྡྲ། བི་ཀྲ་མ་ཙནྡྲ།) བདུན་པ་གོ་མི་ཙནྡྲ་ཞེས་བྱ་བ། །ཛཱ་ལནྡྷ་ར་པ་ཡི་སློབ་མ་སྟེ། །ཐུན་མོང་དངོས་གྲུབ་བརྙེས་པར་གྱུར་པ་ཡིན། །དེ་འདས་འོག་ཏུ་བཙུན་མོ་མཛེས་མ་ཞིག །ཀླུ་བདུད་གདུག་པ་ཅིག་གིས་བདག་གིར་བྱས། །རྒྱལ་པོར་གང་བསྐོས་དང་པོ་ལོ་གཅིག་དང་། །དེ་འོག་ཟླ་གཅིག་དེ་ཕྱིན་ཞག་རེ་ལ། །རེ་རེ་ཟོས་ཏེ་གྲོང་གི་སྐྱེས་པ་ཀུན། །རེ་མོས་ཀྱིས་བསྐོ་ཐམས་ཅད་སྡུག་བསྔལ་ལྡན། །དེ་ཚེ་འོད་ཟེར་ཅན་མ་གྲུབ་པ་ཡི། །རྒྱལ་རིགས་རྣལ་འབྱོར་པ་ཞིག་དེར་འོངས་ནས། །བ་ལང་རྫི་བོ་ཞིག་ལ་གནས་བཅས་འདུག །དེ་དག་ངུ་ཞིང་དོ་ནུབ་རྒྱལ་པོ་ཡི། །རེ་མོས་བབས་པས་སང་ནི་མི་ལྡོག་ཟེར། །སྙིང་རྗེས་ང་ཡིས་ཚབ་མ་བྱ་འོ་སྨྲས། །རྒྱལ་པོར་བསྐོས་ཏེ་རིན་ཆེན་ཁྲི་ལ་བསྡད། །སྲོད་ལ་དུག་སྦྲུལ་ནམ་གུང་སྟག་དང་ནི། །ཐོ་རངས་དུས་སུ་སེང་གེར་བྱས་ནས་ནི། །སྐྱེས་བུ་དམན་འབྲིང་མཆོག་ལ་གནོད་བྱེད་པ། །དེ་དག་ལྷ་ཡི་ང་རྒྱལ་གྱིས་ཚར་བཅད། །མཛེ་མོ་མི་བཟད་འཇིགས་པ་ཞིག་སྣང་བ། །ནད་བྲལ་ལྷ་ཡི་ལུས་ལྟར་གྱུར་ནས་ནི། །ཁྱོད་ནི་ཀུན་ལ་བཀའ་དྲིན་མཚུངས་པ་མེད། །བདག་གི་ལུས་ཀྱང་རྟག་ཏུ་ཁྱོད་ལ་འབུལ། །སྙིང་རྗེས་རྒྱལ་སྲིད་མཛོད་ཅེས་ཞབས་ལ་གཏུགས། །ནང་པར་གྲོང་ཁྱེར་བ་རྣམས་ཁྱོགས་ལ་སོགས། །ཁྱེར་ཏེ་རྒྱལ་པོའི་སྐུ་གདུང་དུར་ཁྲོད་དུ། །སྤྱན་འདྲེན་འོངས་ཚེ་རྒྱལ་པོ་མ་ཉམས་མཐོང་། །ཀླུ་བདུད་གདུག་པ་དེ་ནི་ངས་བཏུལ་གྱིས། །ད་ནི་རྒྱལ་པོ་སུས་བྱས་ཉམ་ང་མེད། །སུ་འདོད་སྐོས་ཤིག་ཟེར་ཏེ་ཁྲི་ལས་ལངས། །ཀུན་གྱིས་དེ་ཉིད་གཏན་གྱི་རྒྱལ་པོར་ཞུས། །སྙིང་རྗེས་ཁས་བླངས་རྒྱལ་སྲིད་ཆོས་བཞིན་མཛད། །བ་ལང་རྫི་བོའི་ཚབ་མ་ཡིན་པའི་ཕྱིར། །བ་ལང་སྐྱོང་དང་གོ་པཱ་ལ་ཞེས་གྲགས། །ཁ་ཅིག་ཕྱུགས་རྫི་མོ་ལ་ཤིང་གི་ལྷས། །སྤྱད་པས་བ་ལང་སྐྱོང་བྱུང་ཕ་དེ་ཡིས། །ནོར་བུ་བྱིན་པས་ས་ལ་དབང་བསྒྱུར་ཏེ། །ནཱ་ལེནྡ་ཡི་གཙུག་ཁང་བཞེངས་ཞེས་ཟེར། །ཞེས་གསུངས་པ་ལྟར་གཽ་པཱ་ལའི་སྐབས་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས་པར་གསུངས།
བུ་སྟོན་རིན་ཆེན་གྲུབ་ (1290-1364) ཀྱིས་མཛད་པའི་བུ་སྟོན་ཆོས་འབྱུང་ལས[13]། ཁྱད་པར་དུ་སློབ་དཔོན་སེངྒེ་བཟང་པོའི་ལོ་རྒྱུས་ནི། སྔོན་ཤར་ཕྱོགས་སེང་ལྡེང་གི་ནགས་ཞེས་བྱ་བ་ན། སྡོང་པོ་ཆེན་པོ་ཞིག་ལ་ཤིང་གི་ལྷ་ཞིག་ཡོད་པ་ལས་ཡུལ་དེའི་ཕྱུགས་རྫི་ཞིག་དུས་ལས་འདས་ཏེ། དེའི་ཆུང་མ་གཟུགས་བྱད་བཟང་མོ་ཞིག་ཡོད་པས་ཕྱུགས་འཚོར་སོང་བ་དང་། ཤིང་གི་ལྷ་དེས་འདོད་པ་སྤྱད་པས། སྲས་ཁྱད་པར་ཅན་ཞིག་འཁྲུངས་ཏེ། གཽ་པཱ་ལ་ (ཤིང་གི་ལྷའི་རྒྱུད་པ།) ཞེས་བཏགས་སོ། །དེ་ལ་ཕས་ནོར་བུ་རིན་པོ་ཆེ་བྱིན་པས་དེའི་ཡོན་ཏན་གྱིས་ས་ཐམས་ཅད་ལ་ཁ་ལོ་སྒྱུར་བ་ཞིག་བྱུང་སྟེ། དེས་ནཱ་ལེན་དྲ་བརྩིགས་སོ། །ཞེས་གསུངས་པ་ལྟར་རྒྱལ་པོ་གཽ་པཱ་ལའི་བྱུང་རབས་དང་། ནཱ་ལེནྡྲའི་གཙུག་ལག་ཁང་རྒྱལ་པོ་གཽ་པཱ་ལས་བཞེངས་པར་གསུངས་ལ། ལ་ལས་དཔལ་ནཱ་ལེནྡྲ་ཐོག་མ་འདི་ནས་དབུ་ཚུགས་པར་འདོད། དེ་བཞིན་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་རྒྱལ་རབས་འཕྲུལ་གྱི་ལྡེ་མིག་ལས[14]། དེ་བཞིན་དུ་སངས་རྒྱས་ཀྱིས་ལུང་བསྟན་པའི་ཆོས་རྒྱལ་མྱ་ངན་མེད་ཡབ་སྲས་ནས་བརྒྱུད་པའི་གདུང་རབས་འདི་བྱོན་གྱི་ཡི་གེའང་མ་མཐོང་། སྐབས་ཤིག་ཏུ་བྲན་མོ་ཞིག་ལ་ཤིང་གི་ལྷ་ཞིག་གི་བུ་བྱུང་བ་ཕས་ནོར་བུ་བྱིན་པས་ས་ལ་དབང་བསྒྱུར་བའི་རྒྱལ་པོར་གྱུར་ཏེ་གོ་པ་ལ་ཞེས་གྲགས་སོ། །འདིས་ནཱ་ལེནྡྲའི་གཙུག་ལག་ཁང་བཞེངས། དེའི་བཙུན་མོ་ལ་ཀླུའི་རྒྱལ་པོ་ཞིག་གི་བུ་བྱུང་བ་ལ། རྒྱལ་པོ་དཔལ་ལྡན་ཆོས་སྐྱོང་དུ་གྲགས་ཏེ། འདིས་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དང་།
བྲི་ཀ་མ་ལ་ཤཱི་ལའི་གཙུག་ལག་ཁང་བཞེངས། དེ་ལ་སྲས་རྒྱལ་པོ་དང་པཎྜི་ཏ་དང་གྲུབ་ཐོབ་དང་སྡིག་སྤྱོད་ཀྱི་རྒྱལ་པོ་སྟེ་བཞི་བྱུང་བའི་ཕྱི་མ་ལ་བུ་དེ་ཝ་པཱ་ལ། དེའི་སྲས་རྒྱལ་པོ་ས་སྐྱོང་། འདིས་སློབ་དཔོན་སེངྒེ་བཟང་པོས་ཤེར་ཕྱོགས་ཀྱི་འགྲེལ་པ་རྣམས་བརྩམས་པའི་སྦྱིན་བདག་མཛད་པར་གྲགས་ནའང་བརྒྱད་སྟོང་འགྲེལ་ཆེན་རང་དུ་ནི་དཔལ་ལྡན་ཆོས་སྐྱོང་གིས་མཛད་པར་བཤད་དོ། །ཞེས་གསུངས་པ་ལྟར་རོ།།
དེ་ལྟར་བུ་སྟོན་ཐམས་ཅད་མཁྱེན་པ་དང་། དཔའ་བོ་གཙུག་ལག་ཕྲེང་བ། རྗེ་བཙུན་ཏཱ་ར་ནཱ་ཐ། པཎ་ཆེན་བསོད་ནམས་གྲགས་པ། སྟག་ལུང་ཞབས་དྲུང་ངག་དབང་རྣམ་རྒྱལ། དབྱངས་ཅན་དགའ་བློ་བཅས་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་འདི་ཉིད་པཱ་ལའི་རྒྱལ་པོ་ཐོག་མ་གཽ་པཱ་ལས་བརྩིགས་པར་གསུངས་ཀྱང༌། དེ་ནི་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་དང་ནོར་བའམ་ཡང་ན་ནཱལནྡཱར་ཆོས་གཞིས་གསར་པ་རེ་ཕུལ་བ་ལ་གོ་ན་ལས། གཞན་དུ་དུས་ཚིགས་ཀྱིས་བར་ཁྱད་ཆེ་བས་འགྲིགས་དཀའ། ལོ་རྒྱུས་ཁུངས་མ་མང་པོར་ཐོག་མར་ཆོས་རྒྱལ་མྱ་ངན་མེད་ཀྱིས་གསར་བཞེངས་གནང་ཞིང་། དེ་རྗེས་སྔོན་གྱི་སློབ་དཔོན་ལྔ་བརྒྱ་དང་། མཐོ་བཙུན་གྲུབ་སྐུ་མཆེད། བྲམ་ཟེ་སྒྲ་གཅན་འཛིན། འཕགས་པ་ཀླུ་སྒྲུབ་ཡབ་སྲས། དམངས་རིགས་སྒྲ་གཅན་འཛིན་བཟང་པོ། ཐོགས་མེད་སྐུ་མཆེད་སོགས་ཀྱི་རྣམ་ཐར་དང་འགལ་ཞིང༌། ལོ་ངོ་སྟོང་ཕྲག་ཙམ་གྱི་བར་ཐག་ཆོད་པས་ད་དུང་ཞིབ་ཏུ་དཔྱད་དགོས་པ་མང་དུ་སྣང་ལ། མཐའ་གཅིག་ཏུ་འདི་དང་འདིའོ་ཞེས་ཁ་ཚོན་གཅོད་དཀའ་བའི་གནས་ཀྱང་མང་ངོ་།།
ད་དུང་བསམ་གཞིག་བྱེད་དགོས་པ་ཞིག་ནི། ཐོག་མར་ཤཱ་རིའི་བུའི་འཁྲུངས་ཡུལ་དུ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཤཱ་རིའི་བུའི་སྐུ་གདུང་མཆོད་རྟེན་བཞེངས་ཤིང་། དེར་ཆོས་རྒྱལ་མྱ་ངན་མེད་ཀྱིས་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཐོག་མའི་རྨང་བཏིང་ཞིང་། དེ་རྗེས་བྲམ་ཟེ་སློབ་དཔོན་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་ཀྱིས་གཙུག་ལག་ཁང་བརྒྱད་བཞེངས་ཏེ་གཞི་རྒྱ་བསྐྱེད་ཅིང་། དེ་རྗེས་ཐེག་ཆེན་གྱི་གླེགས་བམ་མཐའ་དག་བཞུགས་སུ་གསོལ་ཡུལ་ནི། ཡོངས་གྲགས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་དབུས་ཀྱི་གསུང་རབ་གླེགས་བམ་བཞུགས་ཡུལ་གྱི་ཐོག་བརྩེགས་དགུ་ཅན་དེ་ཉིད་ཡིན་ལ། རྒྱལ་པོ་གཽ་པཱ་ལས་ཨོ་ཏནྟ་པུ་རི་དང་ཉེ་བར་ནཱ་ལེནྡྲའི་གཙུག་ལག་ཁང་ཞིག་བཞེངས་པ་ནི། གོང་གསལ་མྱ་ངན་མེད་དང་མཐོ་བཙུན་གྲུབ་རྗེ་སྐུ་མཆེད་སོགས་ཀྱིས་བཞེངས་པའི་གཙུག་ལག་ཁང་དེ་མིན་ཞེས་པའམ། ཡང་ན་གཙུག་ལག་ཁང་གཙོ་བོ་བརྒྱད་སྔོན་ནས་བཞེངས་གྲུབ་པ་དེ་དག་མིན་པར་ནཱ་ལེནྡྲའི་གཙུག་ལག་ཁང་གི་ཆ་ཤས་ཤིག་བཞེངས་པར་གོ་དགོས་མིན་ལའང་དཔྱད་དགོས་སོ།།
ཆོས་ལུགས་རིག་གནས་ཀྱི་དབང་དུ་བཏང་ན། སྤྱིར་རྒྱ་གར་དུ་ཤེས་རིག་དར་བའི་དུས་སྐབས་ཆེན་པོ་ལྔ་དང་འབྲེལ་ནས་དཔྱད་ན། ༡ ཧ་ལ་ཕའི་ཤེས་རིག་གི་དུས་སྐབས་ (ཕྱི་ལོའི་སྔོན་གྱི་ལོ་ ༢༥༠༠ ནས་ཕྱི་ལོའི་སྔོན་གྱི་ལོ་ ༡༥༠༠ ཙམ།) དང་། ༢ ཡ་ལི་ཨན་ཤེས་རིག་གི་དུས་སྐབས་ (ཕྱི་ལོའི་སྔོན་གྱི་ལོ་ ༡༥༠༠ ནས་ཕྱི་ལོའི་སྔོན་གྱི་ལོ་ ༥༠༠ ཙམ།) དང་། ༣ ནང་བསྟན་ཤེས་རིག་གི་དུས་སྐབས་ (ཕྱི་ལོའི་སྔོན་གྱི་ལོ་ ༥༠༠ ནས་ཕྱི་ལོའི་རྗེས་ཀྱི་ལོ་ ༤༠༠ ཙམ།) དང་། ༤ ཧིན་དྷུའི་ཆོས་ལུགས་ཀྱི་ཤེས་རིག་གི་དུས་སྐབས་ (ཕྱི་ལོ་ ༣༢༠ ནས་ཕྱི་ལོ་ ༡༢༠༠ ཙམ།) དང་། ༥ ཧིན་དྷུའི་ཆོས་ལུགས་དང་ཁ་ཆེའི་ཆོས་ལུགས་ཀྱི་ཤེས་རིག་གཉིས་མཉམ་འདྲེས་ཀྱི་དུས་སྐབས་ (ཕྱི་ལོ་ ༡༢༠༦ ནས་ཕྱི་ལོ་ ༡༨༨༧ ཙམ།) བར་བཅས། མདོར་ན། རྒྱ་གར་དུ་ཤེས་རིག་དར་བའི་དུས་རིམ་གཙོ་བོ་ལྔ་ལས་པཱ་ལའི་རྒྱལ་རབས་ཀྱི་དུས་སྐབས་ནི་ཧིན་དྷུའི་ཆོས་ལུགས་ཀྱི་ཤེས་རིག་རྒྱ་ཆེར་དར་བའི་དུས་མཇུག་དང་། རྒྱ་གར་བྱང་ཕྱོགས་སུ་ཁ་ཆེའི་ཆོས་ལུགས་ཀྱི་མྱུ་གུ་འབུས་བཞིན་པའི་དུས་སྐབས་སུ་ཁེལ་ཡོད།
གཉིས། བྱེ་བྲག་ཏུ་རྒྱ་གར་ལ་སངས་རྒྱས་ཆོས་ལུགས་དར་བའི་དུས་རིམ་གཙོ་བོ་བཞི་དང་འབྲེལ་ནས་དཔྱད་ན། ༡ པཱ་ལའི་རྒྱལ་རབས་ཀྱི་དུས་འགོ་ཙམ་ལ་སླེབས་དུས། ནཱ་ལེནྡྲ་དགོན་པ་སོགས་ནང་པའི་སྔོན་གྱི་གནས་གཞི་མང་པོ་ཅུང་ཟད་ཉམས་པ་ལ་ཕྱོགས་པས། པཱ་ལའི་རྒྱལ་རབས་ཀྱི་ཆོས་རྒྱལ་པཱ་ལ་རྣམ་བདུན་གྱི་སྐུ་རིང་ལ་བི་ཀྲ་མ་ཤཱི་ལ་དང་། ཨོ་ཏནྟ་པུ་རི། སོ་མ་པུ་རི་ལ་སོགས་པའི་ནང་པའི་དགོན་སྡེ་ཆེ་ཁག་འགའ་ཞིག་གསར་དུ་བཏབ། དེ་དག་རྒྱུད་སྡེའི་ལུགས་ཀྱི་དཀྱིལ་འཁོར་བཞེངས་ཚུལ་ལྟར་བཏབ་ཅིང་། གཙོ་བོ་གསང་སྔགས་རྒྱུད་སྡེ་བཞི་ལ་འཆད་ཉན་བྱེད་སར་གྱུར་པ་དང་གཅིག
༢ གསར་དུ་བཏབ་པའི་གནས་གཞི་དག་ལས་བི་ཀྲ་མ་ཤཱི་ལ་ནི་རིམ་གྱིས་སྙན་གྲགས་ཆེ་ཤོས་སུ་གྱུར་ཏེ། དེར་བི་ཀྲ་མ་ཤི་ལའི་སྔགས་ཀྱི་སློབ་དཔོན་བཅུ་གཉིས་དང་། མཁས་པ་སྒོ་དྲུག་སོགས་པཎ་གྲུབ་སྙན་གྲགས་ཅན་ཤིན་ཏུ་མང་པོ་སྐྱེད་སྲིང་བྱས། བི་ཀྲ་མ་ཤཱི་ལའི་མཁན་པོར་བཞུགས་པ་དག་གིས་ནཱ་ལེནྡྲ་དང་རྡོ་རྗེ་གདན་སོགས་སྔོན་གྱི་གདན་ས་རྙིང་པ་རྣམས་ཀྱང་བསྐྱང་དགོས་པའི་སྲོལ་བཙུགས་པ་དང་གཉིས།
༣ པཱ་ལའི་རྒྱལ་རབས་ཀྱིས་ལོ་ངོ་ ༤༠༠ ལྷག་ལ་ཆབ་སྲིད་བསྐྱངས་པའི་རིང་ལ། བསྡོམས་པས་རྒྱལ་རབས་བཅུ་དགུ་བྱོན་པ་ཐམས་ཅད་ནང་པའི་ཐེག་པ་ཆེ་ཆུང་སྤྱི་ལ་ཞབས་ཏོག་ལེགས་ཤིང་། ཁྱད་པར་དུ་ཆོས་རྒྱལ་པཱ་ལ་རྣམ་བདུན་གྱི་རིང་ལ་ཐེག་པ་ཆེན་པོའི་གསང་སྔགས་ཀྱི་བསྟན་པ་ཤུགས་ཆེན་པོས་སྤེལ་བས། དགོངས་འགྲེལ་བསྟན་བཅོས་མང་པོ་བྱུང་ཞིང་སྔགས་ཀྱི་ཆོས་རྒྱུན་སྣ་ཚོགས་དར་བ་དང་གསུམ། མདོར་ན། པཱ་ལའི་རྒྱལ་རབས་ཀྱི་དུས་སྐབས་དེ་ལ་གསང་སྔགས་ཀྱི་ཆོས་སྡེ་མང་པོ་དར་ཞིང་རྒྱས་པ་དང་། གསང་སྔགས་ལ་བརྟེན་པའི་གྲུབ་ཐོབ་པ་ཤིན་ཏུ་མང་པོ་བྱོན་པ་དང་། གསང་སྔགས་ཀྱི་དགོངས་འགྲེལ་མང་པོ་མཛད་པ་བཅས་གསུམ་ལས་དཔྱད་ན། པཱ་ལའི་རྒྱལ་རབས་ཀྱི་དུས་སྐབས་ནི། རྒྱ་གར་དུ་སངས་རྒྱས་ཆོས་ལུགས་དར་བའི་དུས་རིམ་བཞི་ལས་གསང་སྔགས་དར་བའི་དུས་སྐབས་སམ། ཡང་ན་ནང་པའི་གསང་སྔགས་ཀྱི་རྫོགས་ལྡན་དུས་སྐབས་ཞེས་བརྗོད་ཆོག[15] ཅེས་བྱུང་བ་ལྟར་རོ།།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། འགྱུར་མེད་རྡོ་རྗེ། ༢༠༢༠ ལོའི་སྤྱི་ཟླ་ ༥ པའི་ཚེས་ ༨ ཉིན།
[2] བོད་བརྒྱུད་ནང་བསྟན་ཤེས་རིག་ཆེན་པོའི་གཞི་རྩའི་རྣམ་བཤད། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་ ༡༤༣
[3] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤༧
[4] དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༣
[5] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༥༦
[6] པཱ་ལའི་རིགས་ཀྱི་རྒྱལ་པོ། ༡ གཽ་པཱ་ལ་དང་། ༢ དེ་ཝ་པཱ་ལ། ༣ ར་ས་པཱ་ལ། ༤ དྷརྨ་པཱ་ལ། ༥ མ་བུ་རཀྵི་ཏ། ༦ བ་ན་པཱ་ལ། ༧ མ་ཧི་པཱ་ལ། ༨ མ་ཧཱ་པཱ་ལ། ༩ ཤཱ་མུ་པཱ་ལ། ༡༠ སྲེཥྚ་པཱ་ལ། ༡༡ ཙ་ན་ཀ །༡༢ བྷེརྱ་པཱ་ལ། ༡༣ ནེརྱ་པཱ་ལ། ༡༤ ཨ་སྨྲ་པཱ་ལ། ༡༥ བློན་པོ་བཞི། ༡༦ ཧ་སྲི་པཱ་ལ། ༡༧ ཀྵནྟི་པཱ་ལ། ༡༨ ར་མ་པཱ་ལ། ༡༩ ཡཀྵ་པཱ་ལ་བཅས་བྱུང་བ་འདི་དག་གིས་ཕྱི་ལོ་ 685-1166 བར་ཆབ་སྲིད་བསྐྱངས་པར་དུང་དཀར་ཚིག་མཛོད་ཆེན་མོར། (ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢༥༦) གསལ་ལོ།།
[7] མཧི་པཱལ་ནི་པཱ་ལ་རྒྱལ་བརྒྱུད་ཀྱི་རྒྱལ་རབས་དགུ་པ་དེ་ཡིན་ཅིང་། སྔར་གྱི་ནང་པའི་སྒྲིག་འཛུགས་ལྡན་པའི་གཟི་བརྗིད་དེ་བསྐྱར་གསོ་མཛད་པས་ཁོང་ལ་པཱ་ལ་རྒྱལ་བརྒྱུད་གཉིས་པ་ཕྱག་བཏབ་མཁན་ཡིན་ཞེས་གྲགས། ནཱལནྡར་དྲན་རྟེན་གྱི་གཙུག་ལག་ཁང་འགའ་ཤས་བསྐྱར་བཅོས་གནང་བར་མ་ཟད། རྡོ་རྗེ་གདན་དུ་དགོན་སྡེ་གསར་པ་གཉིས་འཛུགས་བསྐྲུན་གནང་བར་གྲགས།
[8] རྒྱལ་ཡོངས་འཕགས་བོད་མཁས་པའི་བགོ་གླེང་ཆེན་མོའི་དཔྱད་རྩོམ། དགའ་ལྡན། ༢༠༡༩ ལོ། ཤོག་ ༧༠༣
[9] མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། འགྱུར་མེད་རྡོ་རྗེ། ༢༠༢༠ ལོའི་ཕྱི་ཟླ་ ༥ པའི་ཚེས་ ༨ ཉིན།
[10] ཆོས་འབྱུང་ངོ་མཚར་རྒྱ་མཚོ། ༼ང༽ དཔེ་གཟུགས། ཤོག་གྲངས་ ༧བ༦
[11] མཁས་པའི་དགའ་སྟོན། སྨད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༦༦
[12] ཙནྡྲའི་རིགས་ཀྱི་རྒྱལ་པོ་དང་པོ་ཧ་རི་ཙནྡྲ་ནི། སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་བྲམ་ཟེ་སྒྲ་གཅན་འཛིན་དང་དུས་མཚུངས་པར་རྒྱ་གར་ཆོས་འབྱུང་ལས་བཤད་པས་དེར་གཞིར་བཟུང་ན། ཕྱི་ལོ་མ་ཚུགས་གོང་གི་ལོ་བརྒྱ་ལྷག་ཙམ་གྱི་སྔོན་དུ་བྱུང་བ་འདྲ་ཞིང་།
ཙནྡྲའི་རིགས་ཀྱི་རྒྱལ་པོ་ཐ་མ་ལ་ལི་ཏ་ཙནྡྲ་ནི་རྒྱ་གར་ཆོས་འབྱུང་ལས་སློབ་དཔོན་ཆོས་ཀྱི་གྲགས་པའི་རྗེས་ཙམ་དུ་བྱུང་བར་བཤད་པས། གོང་གསལ་ཙནྡྲའི་རིགས་ཀྱི་རྒྱལ་པོ་བཅུ་དགུ་ནི་ཕྱི་ལོའི་གོང་གི་ལོ་བརྒྱ་ལྷག་ཙམ་གྱི་སྔོན་ནས་དུས་རབས་བདུན་པའི་དཀྱིལ་ཙམ་བར་བྱུང་བ་ཡིན་ཚོད་ལས་ཞིབ་ཆའི་ལོ་རྒྱུས་གསལ་བར་འཁོད་པ་ད་ཕན་མ་མཐོང་། (དུང་དཀར་ཚིག་མཛོད་ཆེན་མོ། ཤོག་ ༡༦༥༥) ཐོག་གསལ་ལོ།།
[13] བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༡༦༣
[14] དེབ་ཐེར་དམར་པོ་གསར་མ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༥
[15] མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་། འགྱུར་མེད་རྡོ་རྗེ། ༢༠༢༠ ལོའི་སྤྱི་ཟླ་ ༥ པའི་ཚེས་ ༨ ཉིན།
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྟོད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༡༤་ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢33 ནས་ ༢44 བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།