པ༽ རྒྱའི་ཡིག་ཆར་གསལ་བའི་དབྱིག་གཉེན་གྱི་རྣམ་ཐར།

པ༽ རྒྱའི་ཡིག་ཆར་གསལ་བའི་དབྱིག་གཉེན་གྱི་རྣམ་ཐར།

 

དེ་ཡང་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[1]། ཁོང་ཉིད་ཐོག་མར་ཐེག་དམན་ལ་མོས་ཤིང་། གཞུང་ལུགས་འབུམ་སྡེ་བཅོ་བརྒྱད་ལ་མཁས། ཐོགས་མེད་དགུང་ལོ་མཐོན་པོར་སོན་སྐབས་གཅུང་གི་གསུང་རྩོམ་རྣམས་གཟིགས་པས་འདི་ཤེས་རབ་ཤིན་ཏུ་ཆེ་བར་འདུག་ཅིང་། ཐེག་ཆེན་ལ་མི་མོས་པས་འདི་མ་བཏུལ་ན་ཁོ་བོ་གཤེགས་རྗེས་འདིའི་རྩོད་ཟླར་ཡོང་བ་དཀའ་བས་ཐེག་ཆེན་ལ་གནོད་པ་འོང་དགོངས།

ཁོང་སྐུ་མཆེད་གཉིས་ཆུང་དུས་ནས་ཕན་ཚུན་ལ་མཛའ་བརྩེ་ཤིན་ཏུ་ཆེ་ཞིང་། དབྱིག་གཉེན་གྱིས་བྲམ་ཟེའི་ཆོས་ལུགས་དོར་ནས་ནང་པའི་ཆོས་ལ་ཞུགས་པ་ཡང་གཅེན་པོའི་དྲིན་ཡིན་པར་འདུག །རྗེས་སུ་ཕན་ཚུན་ཁ་བྲལ་ནས་ཐོགས་མེད་ཀྱིས་བྱམས་པའི་དྲུང་དུ་ཆོས་གསན་ནས་ཐེག་ཆེན་དར་བར་མཛད། དབྱིག་གཉེན་ནི་ཕྱོགས་གཞན་དུ་སོང་ནས་ཐེག་དམན་བསླབས་སོ།།

ཐོགས་མེད་ཀྱིས་གཅུང་པོ་གདུལ་དགོས་དགོངས་ནས་ཁོང་སྐུ་སྙུང་འདུག་ཅེས་ན་རྫུ་བྱས་ནས་ཕོ་ཉ་མངགས་ཏེ་གཅུང་པོ་འབོད་དུ་བཏང་། གཅུང་པོ་ཡང་ཐུང་མྱུར་དུ་གཅེན་པོར་བལྟ་བར་འོངས་པ་གཅེན་པོས་སློབ་མ་རྣམས་ལ་དཔེ་ཁྲིད་བྱེད་པའི་སྟེང་དུ་ཁེལ། དེ་ནས་གཙུག་ལག་ཁང་གི་ཕྱི་རོལ་ཏུ་དྲ་མིག་གི་རྩར་བསྡད་ནས་འདིས་ཅི་བཤད་དུ་བདོག་དགོངས་ནས་མཉན་པ་ན། ཐོགས་མེད་ཀྱིས་རྣལ་འབྱོར་སྤྱོད་པའི་ས་གསུང་བའི་སྒང་ཡིན་པས་དེ་ལ་མཉན། སྔར་ཐེག་ཆེན་གྱི་གཞུང་ཐོས་མ་མྱོང་བས་ཐེག་ཆེན་གྱི་གཞུང་ནི་ཟབ་ཅིང་རྒྱ་ཆེ་ལ་རིག་པའི་རྣམ་གྲངས་མང་དུ་ཡོད་པ། ཐེག་དམན་དང་མི་འགལ་ཞིང་སྔོན་ཆད་ཐེག་ཆེན་ལ་ལོག་རྟོག་བྱས་པ་མ་འགྲིགས་དགོངས་སོ།།

ཆོས་ཐུན་གྲོལ་རྗེས་སྐུ་མཆེད་གཉིས་མཇལ་འཕྲད་གནང་། དབྱིག་གཉེན་གྱིས་ཁྱེད་ཀྱི་སྐུ་ཁམས་དྭངས་འདུག་པས་ཁོ་བོ་འབོད་དོན་ཅི་ཡིན་ཞེས་པར་གཅེན་པོས། ད་ལྟ་དྭངས་འདུག་ཅིང་ན་སོ་རྒས་ཤིང་ནམ་འཆི་ངེས་པ་མེད་པས་འཇིག་རྟེན་འདིར་སྡོད་ཡུན་མི་རིང་ངོ་། །ཁྱོད་འབོད་དོན་ནི་ངེད་ཅག་ཚང་མ་རྒྱལ་བའི་རྗེས་འཇུག་ཡིན་མོད། ཁྱོད་ནི་ཐེག་དམན་ལ་དགའ་ཞིང་ཐེག་ཆེན་ལ་མི་དགའ་བ་ནི་མི་འོས་པ་ཞིག་ཡིན་ལ། ད་སྐབས་ངེད་ཀྱིས་རྣལ་འབྱོར་སྤྱོད་པའི་ས་འཆད་ཀྱིན་ཡོད། ཁྱོད་ཀྱིས་ཞིབ་ཏུ་མཉན་ནས་དཔྱད་པ་ཐོངས། གལ་སྲིད་དེ་ལ་དགོས་པ་མེད་བསམས་ན་དགག་པ་བཏང་བས་འཐུས་གསུངས་ཏེ་དབྱིག་གཉེན་ཡང་གཅེན་པོའི་གསུང་ལྟར་ཉིན་པར་གཞུང་ལ་མཉན། ཕྱི་དྲོ་ཕྱི་དྲོར་དཀའ་གནད་རྣམས་གཅེན་པོར་དྲིས་ནས་དོགས་པ་བཅད། ཁོང་ནི་ཤེས་རབ་ཤིན་ཏུ་ཆེ་བས་གསན་ཚར་བ་ན་དོན་ཡང་བདེ་བླག་ཏུ་རྟོགས་ཤིང་། ཐེག་ཆེན་གྱི་གྲུབ་མཐའ་ལ་རིགས་པའི་ལམ་ནས་བྱུང་བའི་དད་པ་སྐྱེས་ཤིང་ཐེག་ཆེན་པར་གྱུར་ཏོ།།

དེ་ནས་གཅེན་པོར་ཞུས་པ། སྔོན་ཆད་ཁོ་བོས་ལོག་པར་ལྟ་བའི་ཕྱོགས་སུ་ལྷུང་ནས་ཐེག་ཆེན་ལ་སྨད་པའི་ཆོས་སྤོང་གི་ལས་མང་དུ་བསགས་པས་ཁོ་བོས་ལྕེ་བཅད་ནས་བཤགས་པ་བྱེད་པར་འདོད་ཅེས་པ་ལ། གཅེན་པོས་ཁྱོད་ཀྱིས་གླེན་རྟགས་སྟོན་པ་རེད། ཁྱོད་ཀྱིས་ལྕེ་ལན་སྟོང་དུ་བཅད་ཀྱང་ཕན་ཐོགས་མེད། སྔོན་ཆད་ཁ་ལྕེའི་སྒོ་ནས་ཆོས་སྤོང་གི་ལས་བསགས་པ་ཡིན་ན། ཁ་ལྕེ་དེ་ལ་བརྟེན་ནས་ཐེག་ཆེན་སྤེལ་ན་མི་ལེགས་སམ་གསུངས།

དེ་ནས་སློབ་དཔོན་དབྱིག་གཉེན་སྐུ་ཚེའི་སྨད་ལ་ཐེག་ཆེན་གྱི་ཆོས་སྤོང་གི་འགྱོད་བཤགས་ཀྱི་དོན་དུ་ཐེག་ཆེན་གྱི་དགོངས་འགྲེལ། རྡོ་རྗེ་གཅོད་པའི་རྣམ་བཤད། ཞི་གནས་སྒྲུབ་ཚུལ་གྱི་དགོངས་འགྲེལ། མདོ་སྡེ་ས་བཅུ་པའི་འགྲེལ་པ། སེམས་ཙམ་རབ་བྱེད་སུམ་ཅུ་པ། སེམས་ཙམ་རབ་བྱེད་ཉི་ཤུ་པ། དམ་ཆོས་པདྨ་དཀར་པོའི་འགྲེལ་པ། རྟེན་འབྲེལ་གྱི་མདོ་འགྲེལ། བློ་གྲོས་མི་ཟད་པའི་མདོའི་འགྲེལ་པ་སོགས་གསུང་འགྲེལ་མང་དུ་མཛད་པས་གཞུང་ལུགས་སྟོང་སྡེ་སྨྲ་བའི་སློབ་དཔོན་ཞེས་པར་གྲགས་སོ། །ཐོགས་མེད་དང་དབྱིག་གཉེན་སྐུ་མཆེད་གཉིས་ནི་ཐེག་ཆེན་སྤེལ་བ་ལ་བྱས་རྗེས་ཤིན་ཏུ་ཆེ་ཞིང་། ཐེག་ཆེན་གྱི་རྗེས་འཇུག་རྣམས་ཀྱིས་སྐུ་མཆེད་འདི་གཉིས་ཀྱི་གཞུང་རྩ་བར་མི་འཛིན་པ་མེད་ལ། ཕྱི་རོལ་པ་རྣམས་སློབ་དཔོན་སྐུ་མཆེད་འདི་གཉིས་ཀྱི་གཟི་བརྗིད་མི་བཟོད་པར་ཁོང་གཉིས་ལ་གུས་པ་བྱེད་པར་སྣང་ངོ་། །ཞེས་བྱུང་ངོ་།།

དེ་བཞིན་ཞོན་ཙང་གིས་མཛད་པའི་ཆེན་པོ་ཐང་གི་ནུབ་ཕྱོགས་ཡུལ་གྱི་ཟིན་བྲིས་ལས་[2]ཀྱང་། དེའི་དུས་སུ་བྱོན་པའི་མཁས་པ་གཉིས་གསུམ་ཡོད་པ་དེ་དག་ཕན་ཚུན་ལ་སྨྲས་པ། བདག་ཅག་ནི་དགེ་བ་ཉམས་སུ་ལེན་པའི་ལས་དང་སྨོན་ལམ་ལ་བརྟེན་ནས་རྗེ་བཙུན་བྱམས་པ་དང་མཇལ་བར་འདོད་པས། སུ་ཞིག་སྔོན་དུ་སྲོག་འདི་དོར་ནས་རེ་བ་དེ་འགྲུབ་པར་གྱུར་ན། དེར་སླེབས་པའི་ལན་བསྐྱལ་ནས་ཕན་ཚུན་ཤེས་པར་བྱའོ་ཞེའོ། །དེའི་རྗེས་ཙམ་ན་སངས་རྒྱས་སེངྒེ་སྐུ་ཚེ་དོར་ནས་ལོ་གསུམ་སོང་ཡང་ལན་སྐྱེལ་མཁན་མ་བྱུང་ལ། དེ་ནས་བྱང་ཆུབ་སེམས་དཔའ་དབྱིག་གཉེན་སྐུ་ཚེའི་འདུ་བྱེད་བཏང་ནས་ཟླ་བ་དྲུག་སོང་ཡང་ལན་སྐྱེལ་བ་མ་བྱུང་བས། དེའི་དུས་སུ་ཕྱི་རོལ་པ་རྣམས་འཕྱ་ཞིང་སྨོད་དེ། དབྱིག་གཉེན་དང་སངས་རྒྱས་སེངྒེ་ནི་ངན་སོང་དུ་འཁྱམས་ཏེ། ལེགས་པར་ཐོབ་པའི་རྟགས་མ་བྱུང་བའི་ཕྱིར་རོ་ཞེས་ཟེར་རོ།།

དེའི་རྗེས་སུ་བྱང་ཆུབ་སེམས་དཔའ་ཐོགས་མེད་ཀྱིས་མཚན་མོའི་ཆ་དང་པོར་སློབ་མ་རྣམས་ལ་བསམ་གཏན་གྱི་གདམས་པ་སྦྱིན་པ་ན། ནམ་མཁའི་དབུས་སུ་སྣང་བ་ཆེན་པོ་བྱུང་བས་སྒྲོན་མེའི་འོད་ཀྱང་དེ་མ་ཐག་ཏུ་བསྒྲིབས་པར་བྱས་ཤིང་། དེ་ནས་ལྷ་ཡི་བུ་ཞིག་ནམ་མཁའ་ལས་བབས་ནས་ཐོགས་མེད་ཀྱི་དྲུང་དུ་ཕྱག་འཚལ་ལོ། །ཐོགས་མེད་ཀྱིས་སྨྲས་པ། ཁྱེད་དེ་འདྲ་འགོར་བ་གང་ཡིན། ད་ལྟའི་མིང་ལ་ཅི་ཟེར་ཞེའོ། །ལན་སྨྲས་པ། བདག་ཚེའི་འདུ་བྱེད་དོར་ནས་དགའ་ལྡན་དུ་སོང་སྟེ། བྱམས་པའི་སྐུའི་འཁོར་དུ་པདྨའི་སྙིང་པོར་སྐྱེས་ཏེ་པདྨའི་འདབ་མ་ཁ་བྱེ་བར་གྱུར་ཅིང་། བྱམས་པས། ལེགས་པར་འོངས་སོ་ཤེས་རབ་ཆེན་པོ། ལེགས་པར་འོངས་སོ་ཤེས་རབ་ཆེན་པོ་ཞེས་གསུངས་ཏེ། བྱམས་པ་ལ་སྐོར་བ་བྱེད་ནས་འདིར་ཞུ་བར་འོངས་སོ་ཞེས་ཞུས་སོ།།

བྱང་ཆུབ་སེམས་དཔའ་ཐོགས་མེད་ཀྱིས། སངས་རྒྱས་སེངྒེ་གང་དུ་མཆིས་ཞེས་དྲིས་པར། ལན་དུ། ངས་སྐོར་བ་བྱེད་པའི་ཚེ་ན། སངས་རྒྱས་སེངྒེས་ཕྱི་རོལ་ཏུ་འཁོར་གྱི་ནང་དུ་འདོད་བདེར་ཆགས་ནས་ཡོད་པར་མཐོང་བས། དལ་བའི་སྐབས་མ་མཆིས་ན་འདིར་ཡོང་བ་ནི་ག་ལ་ནུས་ཤེའོ། །བྱང་ཆུབ་སེམས་དཔའ་ཐོགས་མེད་ཀྱིས། དེ་ལྟ་བས་ན། བྱམས་པའི་མཚན་བཟང་ནི་ཇི་ལྟར་ལགས། ཆོས་ནི་གང་ཞིག་གསུངས། ལན་དུ། བྱམས་པའི་མཚན་དཔེ་ནི་བརྗོད་པའི་ཡུལ་ལས་འདས་སོ། །གསུངས་པའི་དམ་ཆོས་ནི་འདིར་གསུངས་པ་ལས་ཐ་མི་དད་མོད། འོན་ཏེ་བྱང་ཆུབ་སེམས་དཔའི་གསུང་དབྱངས་ནི་འཇམ་ཞིང་སྙན་ལ་ཡིད་དུ་འཐད་པས། ཐོས་པ་ཙམ་གྱིས་སྐྱོ་བ་སངས་པས་ཉན་པའི་ངལ་བ་སེལ་བར་གྱུར་ཏོ།།

ཐོགས་མེད་ཀྱིས་གང་དུ་ཆོས་གསུངས་པའི་གཙུག་ལག་ཁང་གི་རྗེས་ཤུལ་གྱི་ནུབ་བྱང་ཕྱོགས་ལེ་དབར་བཞི་བཅུ་ཙམ་ན་གཙུག་ལག་ཁང་རྙིང་པ་ཞིག་ཡོད་དེ། དེའི་བྱང་ངོས་ནི་ཆུ་བོ་གངྒཱ་དང་ཐུག་ཅིང་། དབུས་སུ་སོ་ཕག་ལས་གྲུབ་པའི་མཆོད་རྟེན་མཐོ་ཚད་ཁྲུ་བརྒྱ་ཙམ་པ་ཞིག་ཡོད་དེ། དེ་ནི་བྱང་ཆུབ་སེམས་དཔའ་དབྱིག་གཉེན་ཐོག་མར་སེམས་བསྐྱེད་པའི་གནས་སོ། །བྱང་ཆུབ་སེམས་དཔའ་དབྱིག་གཉེན་རྒྱ་གར་བྱང་ཕྱོགས་ཀྱི་ཡུལ་ནས་འདིར་ཕེབས་པ་ན། བྱང་ཆུབ་སེམས་དཔའ་ཐོགས་མེད་ཀྱིས་ཆེད་དུ་རང་གི་སློབ་མ་བསུ་བར་བཏང་བས་གཙུག་ལག་ཁང་འདི་ཉིད་དུ་དེ་དང་མཇལ་འཛོམས་བྱུང་ཞིང་། ཐོགས་མེད་ཀྱི་སློབ་མས་མཚན་མོའི་དུས་སུ་སྒོའི་རྒྱབ་ཏུ་བཞེངས་ནས་མདོ་སྡེ་ས་བཅུ་པ་བཀླགས་པས། དབྱིག་གཉེན་གྱིས་ཐོས་ཤིང་དོན་རྟོགས་ཏེ་འགྱོད་སེམས་སྐྱེས་ཤིང་། ཤིན་ཏུ་ཟབ་མོའི་དམ་ཆོས་འདི་ལྟ་བུ་ནི་སྔར་ཐོས་མ་མྱོང་བ་ཞིག་ན། སྐུར་བ་འདེབས་པའི་ཉེས་པ་ནི་ལྕེ་ལས་བྱུང་བས། ལྕེ་ཉིད་སྡིག་པའི་རྩ་བ་ལགས་པས་གཅོད་པར་བྱའོ་སྙམ་སྟེ་གྲིས་རང་གི་ལྕེ་གཅོད་པར་རྩོམ་པ་ན། ཐོགས་མེད་མདུན་དུ་བཞེངས་པ་དང་མཇལ་ཏེ། དེས་འདི་སྐད་ཅེས། ཐེག་པ་ཆེན་པོའི་ལམ་ནི་བདེན་པའི་ཚུལ་ལུགས་ཡིན་གྱི། སངས་རྒྱས་ཐམས་ཅད་ཀྱིས་བསྔགས་པས་ན། འཕགས་པ་ཡོངས་ཀྱི་བརྟེན་པའི་ལུགས་སོ།།

བདག་གིས་ཁྱོད་ལ་གདམས་པར་འདོད་ཀྱང་། དེང་ཁྱོད་རང་ཉིད་ཀྱིས་དོན་རྟོགས་པས། དེ་ཉིད་རྟོགས་པ་ལས་ལྷག་པའི་དགེ་བ་ཞིག་ག་ལ་ཡོད། ལྕེ་གཅོད་པས་སངས་རྒྱས་རྣམས་ཀྱི་བསྟན་པ་ལ་གཤགས་པར་བྱ་བ་མ་ཡིན་གྱི། སྔར་ལྕེ་ལ་བརྟེན་ནས་ཐེག་པ་ཆེན་པོ་ལ་སྐུར་བ་འདེབས་པ་ཡིན་པས། ད་ནི་ལྕེ་ལ་བརྟེན་ནས་ཐེག་པ་ཆེན་པོར་བསྔགས་པར་བྱ་བ་འོས་སོ། །ནོར་བ་བཅོས་ནས་རྣམ་པ་དག་པར་བྱེད་པ་ནི་དགེ་བའི་མཆོག་ཡིན་གྱི། ཁ་བཙུམ་སྟེ་ཅང་མི་སྨྲ་བས་ནི་གང་ཡང་མི་ཕན་ནོ། །ཞེས་གསུངས་པ་དང་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དབྱིག་གཉེན་གྱིས་ཀྱང་བཀའ་བཞིན་སྒྲུབ་སྟེ་ལྕེ་མ་བཅད་ཅིང་། ཞོགས་པར་ཐོགས་མེད་ཀྱི་དྲུང་དུ་བཅར་ནས་ཐེག་ཆེན་གྱི་དོན་དྲིས་ཏེ་རྫོགས་པར་གསན་ཅིང་། དེའི་དོན་ལ་ཞིབ་ཏུ་དཔྱད་ཅིང་བསམས་ནས་ཐེག་ཆེན་གྱི་བསྟན་བཅོས་བརྒྱ་ལྷག་བརྩམས་ཏེ་རྒྱ་ཆེར་བཤད་ནས་དར་ཞིང་རྒྱས་པར་མཛད་དོ། །ཞེས་ཐེག་ཆེན་གྱི་བསྟན་བཅོས་བརྒྱ་ལྷག་མཛད་པར་གསལ་ཡང་། ད་ལྟ་མཇལ་དུ་ཡོད་པ་ནི་བསྟན་བཅོས་ ༣༩ བསྟན་འགྱུར་དུ་བཞུགས་སོ།།

གཞན་ཡང་དེ་ཉིད་ལས[3]། དེ་ཡང་ཐོགས་མེད་ཀྱིས་ཆོས་བཤད་པའི་ལྡིང་ཁང་གི་ཤུལ་རྙིང་ནས་ནུབ་བྱང་མཚམས་སུ་ལེ་དབར་བཞི་བཅུ་ལྷག་ཙམ་ན། གངྒཱའི་འགྲམ་དུ་སོ་ཕག་གི་གཙུག་ལག་ཁང་ཞིག་ཡོད་པ་ནི། སློབ་དཔོན་དབྱིག་གཉེན་གྱིས་ཐོག་མར་ཐེག་པ་ཆེན་པོའི་སེམས་བསྐྱེད་པའི་གནས་ཡོད། ཐོགས་མེད་དང་དབྱིག་གཉེན་གཉིས་སྐུ་མཆེད་ཡིན་ཡང་། རབ་ཏུ་བྱུང་བའི་སྡེ་ཐ་དད་པས་མོས་པ་མི་མཐུན། གཙུག་ལག་ཁང་གི་ཐེག་ཆེན་ལ་གཏན་ནས་མ་རངས་པ་ལ། ལན་གཅིག་ཐོགས་མེད་དེར་ཕེབས་ཏེ་སློབ་མ་ཞིག་ལ་གསུངས་པ། ངའི་ནུ་བོ་འབྱོར་གྱིས་སླེབས་པ་དང་ཁྱེད་ཀྱིས་མདོ་སྡེ་ས་བཅུ་པ་ཐོན་གསུངས་པ་ལྟར་མ་འགྱངས་པར་དབྱིག་གཉེན་ཡུལ་དབུས་ནས་འབྱོན་པའི་ལམ་དུ་ཡང་ཐེག་ཆེན་ལ་ཐེ་ཚོམ་ཟ་བཞིན་པར་སླེབས། ཐོགས་མེད་ཀྱི་སློབ་མ་བཙུན་པ་ཞིག་གིས་མདོ་སྡེ་ས་བཅུ་པ་འདོན་པ་གསན་ཏེ་བསམ་པ་གཏད་པས་ཐེ་ཚོམ་གྱི་དྲ་བ་བཅད་དེ་ཐེག་ཆེན་ལ་མ་རངས་པ་སྔར་བྱས་ལ་འགྱོད་པ་སྐྱེས་ནས། སྔར་མ་རྟོགས་པའི་དུས་སུ་ཐེག་ཆེན་ལ་མ་རངས་པས་སྐུར་འདེབས་མང་པོ་བྱས་པ་ལྕེས་ཉེས་སོ་ཞེས་ལྕེ་གཅོད་པར་བརྩམས་པ་ན། ཐོགས་མེད་ཕེབས་ཏེ་གཟིགས་པས་དེས་ཅི་ཕན་སྔོན་ལྕེ་ལ་བརྟེན་ནས་བྱས་པའི་སྡིག་པ་ད་ལྟ་ལྕེ་ལ་བརྟེན་ནས་སྦྱོང་དགོས་གསུངས་པས། ཐེག་པ་ཆེན་པོའི་འགྲེལ་པའི་རིགས་དང་བསྟོད་པའི་ཚོགས་ཀྱི་གླེགས་བམ་བརྒྱ་ལྷག་མཛད་པ་ད་ལྟ་དར་སོ་ཆེ་བར་སྣང་ངོ་། །ཞེས་གསལ་བ་ལྟར་རྒྱའི་ཡིག་ཆར་འཕགས་བོད་ཀྱི་ཆོས་འབྱུང་དུ་གསལ་བ་དང་ཅུང་ཟད་རེ་མི་མཐུན་པ་དང་། ལྷག་པར་རྒྱའི་ཡིག་ཆ་ཁག་ཏུའང་མི་མཐུན་པ་ཅུང་ཟད་རེ་མཆིས་པས་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་གྲངས་ ༡༤༣

[2]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༣

[3]  ཐང་སན་ལམ་ཡིག །བོད་ཀྱི་དཔེ་མཛོད་ཁང་། ༢༠༠༨ ལོ། ཤོག་གྲངས་ ༡༣༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༡༣ ནས་ ༡༡༩ བར་གསལ་བ་ལས་བཏུས་པའོ།།

Leave a Reply

Your email address will not be published. Required fields are marked *