ཁ༽ སློབ་དཔོན་དབྱིག་གཉེན་གྱི་སྐུ་ཡི་ཆ་ལུགས།
དེ་ཡང་འགྲོ་མགོན་ཆོས་རྒྱལ་འཕགས་པས་ (1235-1280) མཛད་པའི་མཆོག་བརྒྱད་ཀྱི་བསྟོད་པ་ལས[1]།
མང་དུ་སྦྱངས་པས་མཁྱེན་པའི་དཀྱིལ་འཁོར་རྒྱས། །
སྤོབས་པས་ཤེས་བྱའི་མཁའ་ལ་ཐོགས་མེད་རྒྱུ། །
རིགས་པའི་ཟེར་གྱིས་གཞན་གཞུང་ཚང་ཚིང་བསྲེག །
དབྱིག་གཉེན་ཆོས་ཀྱི་ཉི་མ་ལ་ཕྱག་འཚལ། །
ཞེས་བསྟོད་ཕྱག་མཛད་ཡུལ་ཀུན་མཁྱེན་གཉིས་པར་གྲགས་པའི་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་སྐུ་ཡི་ཆ་ལུགས་ནི། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་རིམ་པའི་བླ་མ་བརྒྱུད་པའི་སྐུའི་སྣང་བརྙན་གསལ་བར་བྱེད་པའི་མེ་ལོང་ལས[2]། མཁས་མཆོག་དབྱིག་གཉེན་ཕྱག་གཡས་ཐུགས་ཀར་སྐྱབས་སྦྱིན། གཡོན་པུས་སྟེང་ཆོས་འཆད། ཞབས་ཕྱེད་སྐྱིལ་གཡོན་བཏེག་པ་ཆོས་གོས་དང་དབུ་པཎ་ལག་རིང་གསོལ་བ་ཅུང་ཟད་གཡོན་འགྱིང་། ཞེས་གསུངས་པ་ལྟར་རོ།།
ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གི་གསུང་འབུམ་ལས[3]། བདག་ཉིད་ཆེན་པོ་ (ས་པཎ་) འདིས་དགུང་ལོ་བཅོ་བརྒྱད་བཞེས་པའི་དུས། དཔལ་ལྡན་ས་སྐྱའི་ཨ་ཕྱིའི་འབུམ་པའི་དྲུང་དུ། སངས་རྒྱས་གཉིས་པ་སློབ་དཔོན་དབྱིག་གཉེན་ཡིན་ཟེར་བའི་པཎྜི་ཏ་སྔོ་སངས་སྐུ་ཤ་ཧ་ཅང་ཞུམ་པ་མ་ཡིན་པ་ཞིག་བཞུགས་པ་ལ་ཆོས་མངོན་པ་མཛོད་ཟླ་བ་གཅིག་གི་བར་དུ་གསན་པ་རྨིས་ཤིང་། མནལ་སད་པ་ན་མཛོད་ཀྱི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་དེ། ཕྱིས་ཁ་ཆེ་པཎ་ཆེན་ལ་གསན་དུས་སྔར་ལས་ཁྱད་པར་ཆེ་བ་མ་བྱུང་གསུངས་སོ། །དེ་ལྟར་སློབ་དཔོན་དབྱིག་གཉེན་དང་ཆོས་རྗེ་ས་སྐྱ་པཎྜི་ཏ་ནས་རིམ་པ་བཞིན་དུ་བརྒྱུད་པའི་བཤད་སྲོལ་ཡང་འཇམ་པའི་དབྱངས་ཤེས་རབ་རྒྱ་མཚོས་གསན་ནོ་ཞེས་དེ་ཉིད་ཀྱི་གསན་ཡིག་ལས་འབྱུང་ངོ་། །ཞེས་གསལ་བ་ལྟར་སློབ་དཔོན་དབྱིག་གཉེན་ཞབས་ཀྱི་སྐུའི་ཆ་ལུགས་ལས་སྐུ་མདོག་སྔོ་བསངས་ཡིན་པ་ལ། སྐུ་ཤ་ཧ་ཅང་ཞུམ་པ་མ་ཡིན་པ་ཞིག་ཡོད་པའི་སྐོར་བྱུང་བ་ལྟར་རོ།།
ཡང་དཔའ་རིས་བློ་བཟང་རབ་གསལ་ (1840-1910) གྱིས་མཛད་པའི་རྗེ་བླ་མ་རྒྱན་དྲུག་མཆོག་གཉིས་དང་བཅས་པ་ལ་ཕྱག་མཆོད་འབུལ་བའི་ཆོ་ག་ལག་ཏུ་བླང་བདེ་བར་བཀོད་པ་བྱིན་རླབས་ཉིན་བྱེད་འདྲེན་པའི་ཤིང་རྟ་ལས[4]། རིམ་པ་བཞིན་དུ་ཟབ་དོན་ལྟ་བའི་མིག་འབྱེད་ཀླུ་སྒྲུབ་ཡབ་སྲས། རྒྱ་ཆེན་མངོན་པའི་གསལ་བྱེད་ཐོགས་མེད་སྐུ་མཆེད། དྲི་མེད་རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས། འདུལ་བ་འབུམ་སྡེའི་མངའ་བདག་ཡོན་ཤཱཀ་རྣམ་གཉིས། ས་བཅུའི་དབང་ཕྱུག་དཔལ་ལྡན་ཟླ་བའི་ཞབས་རྣམས་སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་བ། སྐལ་ལྡན་རྗེས་སུ་འཛིན་ཅིང་སྨྲ་ངན་ཟིལ་གྱིས་གནོན་པ་སོགས་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པའི་ཉམས་དང་། གཟི་བརྗིད་ཕུན་སུམ་ཚོགས་པའི་དཔལ་གྱིས་མངོན་པར་མཛེས་པ། ཞེས་གསུངས་པ་ལྟར་རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་མཛེས་པར་གསོལ་བའོ།།
དེ་བཞིན་དགེ་སློང་དཔལ་སྡེས་མཛད་པའི་གྲུབ་ཐོབ་བརྒྱད་ཅུའི་མངོན་པར་རྟོགས་པ་ལས[5]། དབྱིག་གཉེན་རྫ་གསར་པའི་མདོག་ཅན་དགེ་སློང་ཆོས་ཀྱི་འཁོར་ལོའི་ཕྱག་རྒྱ་ཅན་སྐྱེས་པ་དང་ལྷན་ཅིག་པ་ཞེས་གསུངས་པ་ལྟར། རྟེན་དགེ་སློང་ཡིན་པས་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་། ལྷག་པར་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ་རིན་པོ་ཆེའི་རྒྱུད་མངས་བསྒྲེང་བ་ལས[6]།
སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་འདིར། །
གཅེན་གྱི་དྲིན་ལས་ཕྱིར་མི་ལྡོག་ཐོབ་པ། །
གཞུང་ལུགས་འབུམ་སྡེ་གོ་དགུའི་གླེགས་བམ་ཆེ། །
དབྱིག་གཉེན་སངས་རྒྱས་གཉིས་པར་གྲགས་ལ་འདུད། །
ཅེས་གསུངས་པ་ལྟར་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་པར་མ་ཟད། སྐུ་ཚེ་འདིར་ཡང་གནས་ལྔ་རིག་པ་སྤྱི་དང་། བྱེ་བྲག་སྡེ་སྣོད་གསུམ་གར་མཁས་པའི་མཆོག་ཏུ་གྱུར་པའི་མཚོན་དོན་དང་། འཆད་རྩོད་རྩོམ་གཉིས་ཀྱི་མཛད་པ་མཚོན་པའི་བརྡར་དབུ་ལ་པཎ་ཞྭ་དམར་པོ་སྐེད་འཆིང་གསུམ་ལྡན་མནབས་ཤིང་། མདོ་སྡེ་དགུ་བཅུ་གོ་དགུ་ཞལ་འདོན་ཆད་མེད་ཀྱིས་ཐེག་པ་ཆེན་པོའི་མདོའི་དགོངས་འགྲེལ་གྱི་བསྟན་བཅོས་མང་དུ་མཛད་པ་དང་། བསྟན་པ་ཉམས་པར་མི་བཟོད་པའི་ཐུགས་ཁྲལ་ཤིན་ཏུ་ཆེ་བའི་མཚོན་བྱེད་དུ་ཕྱག་གཡས་ཆོས་འཆད་ཀྱི་ཕྱག་རྒྱ་དང་། ཕྱག་གཡོན་པུས་སྟེང་དུ་གླེགས་བམ་འཛིན་པའམ་ཆོས་འཆད་ཀྱི་ཕྱག་རྒྱ། སྐུ་ཤིན་ཏུ་བགྲེས་པའི་རྣམ་པ་ཅན་དུ་བཞུགས་པའམ། བོད་ལུགས་ཀྱི་བྲིས་ཆ་ལ་ལར་ཕྱག་གཡས་ཐུགས་ཀར་སྐྱབས་སྦྱིན་དང་། ཕྱག་གཡོན་ས་གནོན་ཕྱག་རྒྱའི་ཚུལ་དུ་བཞུགས་གདན་འབོལ་རྩེག་གི་སྟེང་དུ་ཞབས་གཉིས་སེམས་དཔའི་སྐྱིལ་ཀྲུང་ངམ། ཞབས་ཕྱེད་སྐྱིལ་གཡོན་བཏེག་པ་ཆོས་གོས་དང་པཎ་ཞ་ལག་རིང་གསོལ་བ་ཅུང་ཟད་གཡོན་འགྱིང་བའི་ཚུལ་དུ་བཞུགས་པའི་རྣམ་པ་ཅན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ས་སྐྱ་པའི་ཞལ་འདོན་ཕྱོགས་བསྒྲིགས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༥༣
[2] ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༣༠༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༢༤༢
[3] ངག་དབང་ཀུན་དགའ་བསོད་ནམས་ཀྱི་གསུང་འབུམ། ༼མ༽ དཔེ་རིང་། ཤོག་གྲངས་ ༣༠ན༥
[4] དཔའ་རིས་བློ་བཟང་རབ་གསལ་གྱི་གསུང་འབུམ། ༼༡༽ ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ ༡༩༩༡ ལོ། ཤོག་ ༡༣
[5] བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ངོ༽ དེབ་ཨང་ ༡༡༤ པ། ཤོག་གྲངས། ༩༢༧
[6] འདོན་ཆ་ཉེར་མཁོ་ཕན་བདེའི་བུམ་བཟང་། མཆོད་བརྗོད། དཔེ་གཟུགས། ཤོག་ ༡༤ན༢ ནས་ ༡༥ན༦ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ང༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༧ ནས་ ༡༠ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།