འདབ་གཤོག་གཉིས་ལྡན་གྱི་སློབ་མ་ཞིག་ཇི་ལྟར་བྱེད་དགོས་སམ།

འདབ་གཤོག་གཉིས་ལྡན་གྱི་སློབ་མ་ཞིག་ཇི་ལྟར་བྱེད་དགོས་སམ།

 

༄༅། །ཕྱི་ལོ་ ༢༠༢༣ ཟླ་བ་ ༥ ཚེས་ ༣༠ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྷ་ས་ནང་ཆོས་གོ་སྒྲིག་ཚོགས་ཆུང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་བོད་རིགས་གཞོན་སྐྱེས་གཙོ་བོར་གྱུར་པའི་དད་ལྡན་ཆོས་ཞུ་བ་ཡོངས་ལ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོས་འབྲེལ་སྐབས་བཀའ་ལན་སྩལ་བ་ཟུར་འདོོན་ཞུས་པའོ།།

དེ་སྔ་བོད་ལ་ཆ་བཞག་ན། ཕྱི་རྒྱལ་ཡུལ་ཁག་ལ་འབྲེལ་བ་བྱས་ནས་དངོས་པོ་ཡར་རྒྱས་རྐྱང་པའི་ཐོག་ཏུ་སེམས་གཡེངས་པ་དང་། ཡིད་དབང་འཕྲོག་པ་ཕལ་ཆེར་ཉུང་ཉུང་ཡིན། ང་རང་ཚོ་དངོས་གནས་དྲང་གནས་ཐོག་མར་སློབ་གྲྭའི་ནང་དུ་ཁ་དོག་དཀར་དམར་སློབ་ཁྲིད་བྱེད་པ་དང་། དེ་དག་གི་ཐོག་ནས་རིགས་པས་དཔྱད་པ་བྱ་རྒྱུ་སློབ་ཁྲིད་བྱེད་བཞིན་ཡོད། དེ་ནས་གྲྭ་སར་འཛུལ་མཁན་ཞིག་ཡིན་ན། གཞུང་ཆེན་མོ་རྣམས་སློབ་ཁྲིད་བྱེད་སྐབས་བསམ་བློ་གཏོང་སྟངས་ཧ་ཅང་རྒྱ་ཆེན་པོ་ཞིག་གི་ཐོག་ཏུ་སླེབས་ཡོང་གི་ཡོད། དངོས་གནས་ནང་དོན་རིག་པའི་ཐོག་ཏུ་སློབ་སྦྱོང་བྱས་ནས་གང་འཚམ་རྨང་གཞི་ཞིག་ཡོད་ན། དེང་དུས་ནུབ་ཕྱོགས་ནས་དར་འཕེལ་བྱུང་བའི་ཤེས་ཡོན་ཏེ་དངོས་པོ་ཡར་རྒྱས་ཁོ་ནའི་ཐོག་ཏུ་དམིགས་ཤིང་། སྒོ་ལྔའི་དབང་ཤེས་རྐྱང་པའི་རྣམ་གཞག་ཤོད་མཁན་དང་། ཡིད་བློའི་སྐོར་ལ་འགྲེལ་བཤད་དེ་ཙམ་མེད་པ་དེ་རིགས་ལ་དེ་ཙམ་ཡིད་དབང་འཕྲོག་རྒྱུ་མེད་པ་ཞིག་ཕལ་ཆེར་ཡོང་གི་རེད།

རྒྱ་གར་ལ་ཡོད་པའི་དེང་དུས་ཤེས་ཡོན་རྣམས་ནུབ་ཕྱོགས་ནས་དར་འཕེལ་བྱུང་བ་ཞིག་རེད། དེ་ལྟ་བུའི་ནུབ་ཕྱོགས་པའི་རིག་གཞུང་ནང་སེམས་ཁམས་རིག་པའི་ཐོག་ལ་ཞིབ་ཚགས་པོ་དང་། གཏིང་ཟབ་པོ་ཞིག་མེད། དེང་སྐབས་གཞི་ནས་ནུབ་ཕྱོགས་རྒྱལ་ཁབ་དང་། ལྷག་པར་དུ་ཤེས་ཡོན་ཅན་མང་པོ་ཞིག་གིས་སེམས་ཁམས་རིག་པའི་སྐོར་ལ་ང་ཚོས་སློབ་སྦྱོང་བྱས་ནས་གང་འཚམ་རྒྱུས་མངའ་ཡོད་པ་རྣམས་ལ་དམིགས་བསལ་དོ་སྣང་བྱས་ནས་ངོས་དང་མཉམ་དུ་སྐད་ཆ་ཤོད་མཁན་དུས་ནས་དུས་སུ་མང་པོ་ཡོང་གི་ཡོད། ལྷག་པར་སེམས་ཀྱི་ཚོར་སྣང་ཇི་ལྟར་བྱས་ཏེ་ཡོང་གི་ཡོད་མེད་དང་། དེ་ཡང་སེམས་ཁམས་རིག་པ་དང་འབྲེལ་ནས་བགྲོ་གླེང་བྱ་རྒྱུའི་རིགས་ཡང་ཡང་ཡོང་གི་ཡོད། མདོར་ན་དངོས་པོ་ཡར་རྒྱས་ཁོ་ནར་དམིགས་པ་དེས་སེམས་ཁམས་རིག་པའི་སྐོར་ལ་དེ་ཙམ་གཏིང་རིང་པོའི་ཤེས་ཚད་མེད།

རྒྱ་གར་གྱི་ལུང་པའི་ནང་དུ་ནང་པ་མིན་པར་མུ་སྟེགས་པའི་གཞུང་གི་ནང་དུའང་སེམས་ཁམས་རིག་པའི་སྐོར་ཞིབ་ཚགས་པོ་ཡོད། རྒྱ་གར་དུ་ཡོད་པའི་གནའ་རབས་ཀྱི་རིག་གཞུང་ཁག་གི་ནང་དུ་སེམས་ཀྱི་འགྲོ་སྟངས་གང་ལ་གང་འཚམ་ཞིབ་ཚགས་པོ་ཡོད་ལ། རྒྱ་གར་གྱི་སྤྱི་ཡོངས་རིག་གནས་དེ་དག་གི་ཐོག་ཏུ་ནཱ་ལེནྡྲའི་མཁས་པས་རིག་གནས་དེ་དག་ཚང་མ་མཁོ་བསྡུས་གནང་སྟེ་ནཱ་ལེནྡྲའི་མཁས་པའི་བཞེད་གཞུང་ཀླུ་སྒྲུབ་ཡབ་སྲས་སོགས་ཀྱི་གཞུང་དུ་གསལ་ཡོད། མདོར་ན་བློ་ཡི་རྣམ་གཞག་ཞིབ་ཚགས་ཤོས་དང་། སྤུས་དག་ཤོས་རྣམས་རྒྱ་གར་མཁས་པའི་གཞུང་ནང་དུ་ཡོད། དེ་ལྟར་ཡུལ་ལུང་གཞན་དུ་ཧ་ལམ་མེད། དེང་སྐབས་ནུབ་ཕྱོགས་པའི་ཡུལ་ཁག་ཏུ་སེམས་ཁམས་རིག་པའི་ཐོག་ལ་ང་ཚོས་བསླབས་པ་རྣམས་ལ་དོ་སྣང་དམིགས་བསལ་ཞིག་བྱེད་བཞིན་འདུག །ང་རང་ཚོར་བཀའ་འགྱུར་པོ་ཏི་བརྒྱ་ལྷག་ཙམ་དང་། བསྟན་འགྱུར་པོ་ཏི་ཉིས་བརྒྱ་ལྷག་ཙམ་ཡོད་པ་དེ་དག་གི་ནང་དུ་རྒྱ་གར་མཁས་པའི་རིག་གཞུང་མང་པོ་ཞིག་ཡོད། ང་ཚོས་དེ་དག་ལ་གནད་འགག་ཇི་ལྟ་བུ་ཡོད་པ་རྣམས་ལ་དོ་སྣང་ཅུང་ཟད་བྱས་ན་ཕན་ཐོགས་ཡོད། ཅེས་བཀའ་སྩལ་ཏོ།།  །།

https://www.facebook.com/14thGyalwaRinpoche/videos/980054333117870

 

Leave a Reply

Your email address will not be published. Required fields are marked *