ཐ༽ མི་ཕམ་བསྒྲུབས་ནས་སྦས་དོན་བཙལ་ཚུལ།

ཐ༽ མི་ཕམ་བསྒྲུབས་ནས་སྦས་དོན་བཙལ་ཚུལ།

 

དེ་ཡང་སྟག་བྲག་པཎྜི་ཏ་ངག་དབང་གསུང་རབ་མཐུ་སྟོབས་ (1874-1952) མཆོག་གིས་མཛད་པའི་གསུང་རྩོམ་རྒྱན་དྲུག་མཆོག་གཉིས་ལ་སྦྱར་རྒྱུ་ལས[1]།

བྱ་དཀའི་གཞན་དོན་སྙིང་སྟོབས་ཆེར་བསྐྱེད་དེ། །ཡི་དམ་ལྷ་ལ་སྒྲུབ་པ་སྙིང་པོར་མཛད། །

སྔོན་མེད་ལེགས་བཤད་དམ་པའི་སྲོལ་ཕྱེ་བའི། །ཟླ་བྲལ་སྲིད་པའི་སྒྲོན་མེ་ཐོགས་མེད་ཞབས། །

ཞེས་དང་། དེ་བཞིན་རྫོགས་ཆེན་མཁན་ཆེན་སྐྱབས་རྗེ་ཡོངས་འཛིན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོས་ (1899-1959) མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་བསྟོད་པ་ཨུ་དུམ་ཝ་རའི་ཆུན་འཕྱང་ལས[2]།

བྱམས་ཆོས་ཐུགས་ཀྱི་བུམ་བཟང་ལས་འོངས་པའི། །ཟབ་རྒྱས་ཆོས་ཀྱི་བཅུད་མཆོག་ངོམས་མེད་དུ། །

འཐུང་ལས་མཁྱེན་སྟོབས་ཕ་རོལ་ཕྱིན་བརྙེས་པའི། །ཐོགས་མེད་ཆོས་ཀྱི་དབང་ཕྱུག་དེར་ཕྱག་འཚལ། །

ཞེས་གསུངས་པ་ལྟར། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་མགོན་བསྒྲུབས་ནས་སྦས་དོན་མངོན་རྟོགས་ཀྱི་རིམ་པ་ཇི་ལྟར་བཙལ་ཚུལ་ནི། ཀུ་མ་ར་ཇི་བས་ (344-413) རྒྱ་ཡིག་ཏུ་བསྒྱུར་བའི་འཕགས་པ་ཐོགས་མེད་དང་དབྱིག་གཉེན་གཉིས་ཀྱི་བྱུང་བ་བརྗོད་པ་ལས[3]། འཕགས་པ་ཐོགས་མེད་ནི་སྔོན་ལས་ཀྱི་བག་ཆགས་སད་ཅིང་ལྷན་སྐྱེས་ཀྱི་ཤེས་རབ་ཆེ་བ་ཞིག་ཏུ་འདུག་པས་གསུང་རབ་ལན་གཅིག་བཀླགས་པས་དོན་ཤེས་པར་གྱུར་ཅིང་། ཏིང་འཛིན་བསྒྲུབས་པས་ཆགས་བྲལ་ཐོབ། སྟོང་ཉིད་ཀྱི་དོན་ལ་མཉམ་པར་བཞག་པས་གོ་བ་མ་ཤར་བར་རང་གིས་རང་སྲོག་གཅོད་པར་བརྩམས། ཉིན་ཞིག་བིན་ད་ར་ཞེས་པའི་དགྲ་བཅོམ་པ་ཞིག་ཡོད་པ་ཡོང་ནས་ཐེག་དམན་གྱི་གཞུང་ལས་བྱུང་བའི་སྟོང་ཉིད་སྒོམ་ཚུལ་བསླབས་ནས་སྒོམ་དུ་བཅུག་པས་སྒོམ་བཟང་པོ་བྱུང་ཡང་། ཐེ་ཚོམ་མང་དུ་ཡོད་པ་མ་ཆོད་པར་ཡིད་ཚིམ་པོ་མ་བྱུང་། ཉིན་ཞིག་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རྫུ་འཕྲུལ་གྱི་ནུས་པ་ལ་བརྟེན་ནས་དགའ་ལྡན་དུ་བྱོན་ཏེ། རྗེ་བཙུན་བྱམས་པས་ཐེག་པ་ཆེན་པོའི་སྟོང་ཉིད་ཀྱི་ལྟ་བ་སྩལ་བས། སྟོང་ཉིད་ལྟ་བའི་ཐེ་ཚོམ་ལྷག་མ་མེད་པར་བསལ། རྗེ་བཙུན་གྱི་མན་ངག་ལྟར་ཕྱིར་ས་ཐོག་ཏུ་བབས་ནས་སྟོང་ཉིད་སྒོམ། སྐབས་སྐབས་སུ་དོགས་པ་ཡོད་ཚེ་དགའ་ལྡན་དུ་བྱོན་ནས་རྗེ་བཙུན་ལ་ཞུས་ཏེ་དོགས་པ་བཅད་ཅིང་། ཐེག་པ་ཆེན་པོའི་མདོ་དང་དགོངས་འགྲེལ་ཡང་སྩལ། མི་ཡུལ་ལ་བྱོན་ནས་རྗེ་བཙུན་གྱི་གསུང་ལྟར་ཐེག་ཆེན་གྱི་བསྟན་པ་སྤེལ་བ་ན། མི་སྐོར་ཞིག་ཡིད་མ་ཆེས་ཤིང་། རྗེ་བཙུན་བྱམས་པར་བསྙད་བཏགས་ནས་རྫུན་ཆོས་འཆད་པ་རེད་ཅེས་བརྙས་པར་བྱས་སོ།།

མང་མང་གིས་ཡིད་ཆེས་ཕྱིར་སླར་ཡང་དགའ་ལྡན་དུ་བྱོན། རྗེ་བཙུན་ལ་མི་ཡུལ་དུ་བྱོན་ནས་ཆོས་གསུང་བར་ཞུས་པས། རྗེ་བཙུན་གྱིས་ཀྱང་ཁས་ལེན་གནང་ནས་ཉིན་རེ་བཞིན་ས་རུབ་པའི་སྐབས་སུ་འོད་ཀྱི་ར་བས་ནམ་མཁའ་གང་བར་བྱས་ནས་པད་གདན་དང་བཅས་མི་ཡུལ་དུ་བྱོན་ནས་གཙུག་ལག་ཁང་ཞིག་ཏུ་ཐོགས་མེད་འཁོར་བཅས་ལ་ཟླ་བ་བཞིའི་རིང་ལ་རྣལ་འབྱོར་སྤྱོད་པའི་ས་བཅུ་བདུན་གསུངས་སོ། །འོན་ཀྱང་སློབ་དཔོན་ཐོགས་མེད་ཀྱིས་རྗེ་བཙུན་གྱི་ཞལ་མཐོང་ཞིང་། གཞན་མང་མང་གིས་གསུང་ཐོས་ཀྱང་ཞལ་མི་མཐོང་ཞིང་། སྐབས་འགར་འཛུམ་ཞལ་ཅུང་ཙམ་མཐོང་བའང་ཡོད། དེ་ལྟར་མཚན་མོ་རྗེ་བཙུན་གྱིས་གསུངས་ཤིང་། ཉིན་དཀར་རྗེ་བཙུན་གྱིས་གསུངས་པ་མི་ཤེས་པ་རྣམས་སླར་ཡང་ཐོགས་མེད་ཀྱིས་གཞན་དག་ལ་གསུངས་པར་མཛད། དེ་ལྟར་ཟླ་བ་ཁ་ཤས་སོང་བའི་རྗེས་ནས་ཐེག་དམན་ལ་ཞུགས་པ་རྣམས་ཀྱང་རིམ་གྱིས་ཐེག་པ་ཆེན་པོའི་ཆོས་ལ་ཡིད་ཆེས་ཀྱི་དད་པ་ཐོབ་བོ། །རྗེས་སུ་སློབ་དཔོན་གྱིས་འོད་ཟེར་ཆེན་པོའི་ཏིང་ངེ་འཛིན་བྱ་བ་དཀའ་སྤྱད་ཀྱིས་བསྒོམས་པས་འཕགས་པའི་འབྲས་བུ་ཐོབ། དེ་ནས་བཟུང་སྟེ་སྔར་མི་མཁྱེན་པའི་ཟབ་ཆོས་ཀྱི་དཀའ་གནད་རྣམས་ཀྱང་ཐོགས་མེད་དུ་མཁྱེན་ཅིང་། མི་བརྗེད་པའི་གཟུངས་ཐོབ་པས་ལན་གཅིག་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་ཆོས་རྣམས་མི་བརྗེད་ཅིང་། སླར་ཡང་དགའ་ལྡན་དུ་བྱོན་ནས་མདོ་སྡེ་ཕལ་པོ་ཆེ་སོགས་མདོ་སྡེ་ཆེན་པོའི་སྐོར་ཀྱང་རྗེ་བཙུན་གྱི་དྲུང་ནས་ཞིབ་པར་གསན་ཅིང་མ་ཚང་བ་མེད་པར་ཐུགས་སུ་ཆུད། རང་གི་བཞུགས་གནས་གཙུག་ལག་ཁང་ཆེན་པོ་ཞིག་བཞེངས་ནས་སྐུ་ཚེ་གང་པོར་ཐེག་པ་ཆེན་པོ་གསུངས་པར་མཛད་དོ། །ཞེས་གསུངས།

གཞན་ཡང་སློབ་དཔོན་དོན་དམ་པས་བསྒྱུར་བའི་སློབ་དཔོན་ཐོགས་མེད་ཀྱི་རྣམ་ཐར་ལས་[4]ཀྱང་། འཛམ་བུའི་གླིང་དུ་ཕེབས་ནས། རང་གིས་གང་ཐོས་པ་རྣམས་གཞན་ལ་འཆད་པ་ན། ཉན་པ་པོ་ཕལ་ཆེ་བ་ཡིད་མ་ཆེས་ནས། སློབ་དཔོན་ཐོགས་མེད་རང་ཉིད་ཀྱིས་གསོལ་བ་བཏབ་པ་ནི། བདག་གིས་དེང་འདིར་སེམས་ཅན་རྣམས་ཐེག་པ་ཆེན་པོ་ལ་མོས་པར་བྱེད་འདོད་པས། སྟོན་པ་འཛམ་བུའི་གླིང་དུ་བབས་ནས་ཐེག་པ་ཆེན་པོའི་ཆོས་གསུངས་ནས། སེམས་ཅན་རྣམས་དེ་ལ་དད་མོས་ཐོབ་པར་མཛད་དུ་གསོལ་ཞེས་ཇི་ལྟར་གསོལ་བ་བཏབ་པ་ལྟར། བྱམས་པ་མཚན་མོའི་དུས་སུ་འཛམ་བུའི་གླིང་དུ་བྱོན་པ་ན། འོད་ཟེར་ཀུན་ནས་འཕྲོ་ཞིང་སྐལ་བ་དང་ལྡན་པའི་གདུལ་བྱ་རྒྱ་ཆེར་འདུས་པས། ཆོས་ཀྱི་གཙུག་ལག་ཁང་དུ་ས་བཅུ་བདུན་གྱི་བསྟན་བཅོས་ཀློག་གོ །ཇི་ཙམ་བཀླགས་ཟིན་པའི་རྗེས་སུ་དེའི་དོན་ཡང་འགྲེལ་བས། ཟླ་བ་བཞིའི་མཚན་མོ་ཙམ་བརྒྱུད་ནས་ས་བཅུ་བདུན་གྱི་བསྟན་བཅོས་རྫོགས་པར་གྱུར་ཏོ། །གཙུག་ལག་གཅིག་གི་ནང་དུ་མཉམ་དུ་ཆོས་ཞུས་ཀྱང་། སློབ་དཔོན་ཐོགས་མེད་ཁོ་ན་བྱང་ཆུབ་སེམས་དཔའ་བྱམས་པའི་ཉེ་དྲུང་དུ་བསྟེན་ཅིང་། གཞན་རྣམས་ནི་ཐག་རིང་ནས་ཉན་པ་ཙམ་མོ། །མཚན་མོར་མཉམ་དུ་བྱམས་པ་ལས་ཆོས་ཞུས་ཤིང་། ཉིན་མོ་ནི་སློབ་དཔོན་ཐོགས་མེད་ཀྱིས་གཞན་རྣམས་ལ་བྱམས་པས་གསུངས་པ་རྣམས་ལྷག་པར་འགྲེལ་ལོ། །དེའི་ཕྱིར་ན་མི་རྣམས་ཐམས་ཅད་བྱང་ཆུབ་སེམས་དཔའ་བྱམས་པས་བསྟན་པའི་ཐེག་པ་ཆེན་པོ་ལ་མོས་སོ།།

སློབ་དཔོན་ཐོགས་མེད་ཀྱིས་ཉི་མའི་འོད་ཀྱི་ཏིང་ངེ་འཛིན་བསྒོམས་པས། གང་ཞིག་གསུངས་པའི་ཉམས་ལེན་རྣམས། དེ་ཉིད་དུ་དེའི་ཏིང་ངེ་འཛིན་སྐྱེའོ། །དེའི་རྗེས་སུ་སྔར་མ་ཤེས་པ་ཐམས་ཅད་རྟོགས་པར་གྱུར་ཅིང་། གང་ཞིག་མཐོང་ཞིང་ཐོས་པ་དེ་དག་ནམ་ཡང་མི་བརྗེད་དོ། །སྔར་སངས་རྒྱས་ཀྱིས་གསུངས་པའི་ཕལ་པོ་ཆེ་ལ་སོགས་པ་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་ཀྱི་དོན་མ་ཤེས་པས། བྱམས་པས་དགའ་ལྡན་དུ་ཐོགས་མེད་ལ་ཐེག་པ་ཆེན་པོའི་མདོའི་དོན་རྣམས་འགྲེལ་ནས་གསུངས་ཤིང་། སློབ་དཔོན་གྱིས་ཀྱང་ཐམས་ཅད་རྟོགས་ལ། དེ་ཐམས་ཅད་མ་བརྗེད་པར་གཟུང་ངོ་། །དེའི་རྗེས་སུ་འཛམ་བུའི་གླིང་དུ་ཐེག་པ་ཆེན་པོའི་མདོ་སྡེའི་མན་ངག་མཛད་དེ། དེར་སངས་རྒྱས་ཀྱིས་གསུངས་པའི་ཐེག་པ་ཆེན་པོའི་གསུང་རབ་ཐམས་ཅད་འགྲེལ་ལོ། །ཞེས་གསུངས་སོ།།

གཞན་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་གསེར་ཕྲེང་ལས[5]། ཐོགས་མེད་རང་གི་བློས་དཔྱད་པ་ཁོ་ནས་འཆད་དམ་འོན་ཏེ་བླ་མའི་མན་ངག་ལས་ཀྱང་ཡིན་ཞེ་ན། སྔ་མ་ནི་མིན་གྱི་ལྷ་དང་མི་རྣམས་ཀྱི་དམ་པ་དང་འཇིག་རྟེན་གྱི་གཙོ་བོར་གྱུར་པ་དང་། དབང་ཕྱུག་དང་ཁྱབ་འཇུག་ལ་སོགས་པས་ཀྱང་མི་ཐུབ་པའི་ཕྱིར་མི་ཕམ། སེམས་ཅན་གྱི་མགོན་ལ་ཉིད་ཀྱིས་ཏེ་བདག་ཉིད་ཀྱིས་དང་པོར་གསན་ནས་དེའི་དོན་ལེགས་པར་བསམས་ཤིང་བསྒོམས་པས་བརྟན་པར་བྱས་ནས་ནིའོ། །དེ་ཡང་གྲགས་པ་ལ། དགའ་ལྡན་དུ་རྒྱལ་ཚབ་ལ་མི་ལོ་ལྔ་བཅུ་ཆོས་གསན་ཞེས་བྱུང་ལ། ས་སྡེའི་གནའ་མཆན་ལས་ཟླ་བ་དྲུག་ཅེས་བྱུང་ངོ༌། །དེའི་ཚེ་རྗེ་བཙུན་གྱིས་ཐོགས་མེད་ཀྱི་དོན་དུ་མངོན་རྟོགས་རྒྱན་ལ་སོགས་པ་རྣམས་མཛད་པར་མཁས་པ་རྣམས་ལ་གྲགས་ཏེ། རྒྱན་སྣང་ལས། དེ་ཡང་འདི་ལྟར་ཐོས་ཏེ། འཕགས་པ་ཐོགས་མེད་ཀྱིས་གསུང་རབ་མ་ལུས་པའི་དོན་ཐུགས་སུ་ཆུད་ཅིང་རྟོགས་པ་ཐོབ་པ་ཡིན་དུ་ཟིན་ཀྱང༌། ཟློས་ཏེ་གསུངས་པ་མང་བ་དང་ཟློས་ཏེ་གསུངས་པ་མ་ཡིན་པའི་ཕྱོགས་ལ་ཡང་ཚིག་སོ་སོར་བཅད་པ་མ་གཟིགས་པ་དང༌། ཟབ་པ་ཉིད་ཀྱིས་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དཔོག་པར་མ་དཔྱོད་ནས། ཡིད་མི་བདེ་བ་རྗེས་སུ་ཐོབ་པར་གྱུར་ཏེ། དེ་ནས་དེའི་དོན་དུ་བཅོམ་ལྡན་འདས་འཕགས་པ་བྱམས་པ་མཉེས་པར་བྱས་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོའི་བཤད་པ་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་མཛད་དོ། །དེ་གསན་ནས་ཡང་སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས། སློབ་དཔོན་དབྱིག་གཉེན་ལ་སོགས་པ་ལ་ཡང་བཤད་པ་ཡིན་ནོ། །ཞེས་གསལ་ལོ།།

ཟླ་འོད་ལས་ནི། མཆོག་ཏུ་ཟབ་པའི་ཕྱིར་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱིས་རྗེས་སུ་རྟོགས་པར་དཀའ་བས་ཐུགས་རྗེས་དེས་རྟོགས་པའི་དོན་དུ་འཕགས་པ་བྱམས་པས་བསྡུས་པའི་རྗེས་ལ་དུས་དེར་གནས་པ་ཉིད་ན་མངོན་པར་རྟོགས་པའི་རྒྱན་གྱི་ཚིག་ལེའུར་བྱས་པའི་བསྟན་བཅོས་ཀྱིས་གསལ་བར་མཛད་ཀྱི། འཕགས་པ་ཐོགས་མེད་ཀྱིས་བསྒྲུབས་ནས་དུས་ཕྱིས་བྱས་ཞེས་པ་ནི་སེང་གེ་བཟང་པོ་ལ་སོགས་པ་རྣམས་ཀྱིས་འཁྲུལ་པ་སྟེ། སྔོན་དུ་བྱས་པ་ལ་རྗེས་སུ་བརྗོད་ཅེས་པ་ནི་གཞན་དག་གིའོ། །ཞེས་འཆད་ཀྱང་མི་འཐད་པར་གོ་སྟེ། ཤེས་བྱེད་གཞན་མེད་པ་མཉམ་པོ་ལ་མཁས་པ་ཕལ་མོ་ཆེ་ལ་བརྒྱུད་ནས་གྲགས་པའི་གཏམ་རྒྱུད་ལ་སྔ་མ་ཁོ་ན་སྣང་བའི་ཕྱིར་རོ། །གང་དུ་ན། འཕགས་པ་ཐོགས་མེད་ཅེས་བྱ་གྲགས་པ་གསལ་ལྡན་ཤེས་རབ་ལྡན་པའི་མཆོག་གྱུར་པས། །དེ་ཉིད་རྣམ་པར་ངེས་པར་བཤད་པ་རབ་ཏུ་སྦྱར་མཛད་[6]ཅེས་པ་ལྟར་རོ། །འདི་ལ་ཉི་ཁྲི་དེ་ཉིད་རྣམ་ངེས་ཟེར་བ་ནི་བརྟག་དགོས་སོ། །ཞེས་གསལ་ལོ།།

དེ་བཞིན་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བསྟོད་ཚོགས་ལས[7]།

སྙིགས་མའི་དུས་སུ་རྒྱལ་སྲས་འཕྲིན་ལས་ཀྱིས། །འཛམ་བུའི་གླིང་འདིར་གསུང་རབ་ཟབ་མོའི་ཚུལ། །

མངོན་པའི་སྡེ་སྣོད་གང་གིས་རྣམ་ཕྱེ་བས། །ཐོགས་མེད་ཞབས་པད་གཙུག་གིས་ནོར་བུས་མཆོད། །

ཅེས་གསུངས་པ་ལྟར། རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས་[8]ཀྱང་། དེར་དགའ་ལྡན་དུ་མགོན་པོ་མི་ཕམ་པ་ལས་ཐེག་པ་ཆེན་པོའི་ཆོས་མ་ལུས་པ་མཐའ་དག་གསན་ཏེ། མདོ་སྡེ་ཐམས་ཅད་ཀྱི་དོན་ཐུགས་སུ་ཆུད། བྱམས་པའི་ཆོས་ལྔ་གསན་པ་ན་དོན་ཚན་རེ་རེ་གསན་པ་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་རེ་ཐོབ། སླར་ཡང་མིའི་ཡུལ་དུ་བྱོན་ནས་འགྲོ་བའི་དོན་མཛད་པ་ན་གཞན་གྱི་སེམས་ཤེས་པའི་མངོན་ཤེས་ཐོགས་པ་མེད་པ་དང༌། ཟླ་བ་ཕྱེད་དམ་ཟླ་བ་གཅིག་ལ་སོགས་པས་བགྲོད་དགོས་པའི་ཐག་རིང་པོར་འཁོར་དང་བཅས་པས་གཤེགས་པ་ནའང་ཐུན་ཚོད་གཅིག་གམ་ཉི་མ་གཅིག་གིས་བགྲོད་པ་དང་། དང་པོར་བྱམས་པ་ཞལ་གཟིགས་པའི་དུས་དེ་ཙམ་གྱི་ལང་ཚོ་ལ་གནས་ཏེ། དགུང་ལོ་དགུ་བཅུ་ལྷག་ཀྱང་སྔོན་གྱི་དེ་ཁོ་ན་བཞིན་དུ་གནས་པ་དང༌། སྐུ་ལ་མཚན་སུམ་ཅུ་རྩ་གཉིས་རྗེས་མཐུན་ཙམ་དུ་ཡོད་པ་ལ་སོགས་པ་སྤྱིར་ས་ཐོབ་པའི་འཕགས་པའི་ཡོན་ཏན་མངོན་གྱུར་དུ་མངའ་བ་དང༌། ཁྱད་པར་མནལ་ལམ་དུ་ཡང་རང་དོན་ཡིད་བྱེད་ཀྱི་བློ་མེད་ཅིང༌། ཏིང་ངེ་འཛིན་གྱི་སྒོ་མཐའ་ཡས་པ་ལ་སྤྱོད་པ་དང༌། ཤིན་ཏུ་འཇམ་ཞིང་དུལ་ལ་དེས་པ་ཡང་ཡིན་ལ། གྲུབ་མཐའ་ངན་པ་སུན་འབྱིན་ཞིང་སྤྱོད་པ་ངན་པ་ཚར་གཅོད་པ་སོགས་ལྷག་པར་རྣོ་བ་དང༌།

ཐོས་པས་མི་ངོམས་ཉིད་དང་ནི། །ཟང་ཟིང་མེད་པར་ཆོས་སྦྱིན་དང༌། །

ཞེས་སོགས་ཀྱི་ལོངས་སྤྱོད་ལ་སྤྱོད་བཞིན་པ་སོགས་རྒྱུ་མཚན་དུ་མས་ས་གསུམ་པ་བརྙེས་པར་བྱེད་དོ། །ཞེས་བྱུང་ལ། ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) མཆོག་གིས་མཛད་པའི་བཀའ་གདམས་ཆོས་འབྱུང་ལས[9]། དེ་ཡང་ཆོས་མངོན་པ་ལ་དགྲ་ལན་གསུམ་བྱུང་བའི་ཚེ། བྲམ་ཟེ་མོ་གསལ་བའི་ཚུལ་ཁྲིམས་ཞེས་པས། རྒྱལ་པོའི་རིགས་ཐོགས་མེད་དང་། བྲམ་ཟེའི་རིགས་དབྱིག་གཉེན་གཉིས་ལུས་ལས་བསྐྲུན་ཏེ་ཆེར་སྐྱེས་པའི་ཚེ། ཕའི་ལས་གང་ཡིན་དྲིས་པས། མ་ན་རེ། ཁྱེད་དེའི་ཕྱིར་མ་སྐྱེད་ཀྱིས་བློ་སྦྱོང་གྱིས་ལ་བསྟན་པ་དར་བར་གྱིས་ཤིག་གསུངས་པས་རབ་ཏུ་བྱུང་སྟེ། གཅེན་གྱིས་རི་བྱ་རྐང་གི་ཕུག་ཏུ་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་པས་ཞལ་མངོན་སུམ་དུ་བསྟན་ནས་ཁྱོད་ཅི་འདོད་གསུངས་པས། ཐེག་པ་ཆེན་པོའི་ཆོས་དར་བར་འདོད་ཞུས་ཏེ། བྱམས་པའི་ཆོས་གོས་ཀྱི་གྲ་ལ་འཇུས་ནས་དགའ་ལྡན་དུ་བྱོན། ཞེས་བྱུང་བ་དང་། ཀརྨ་པ་ཆོས་གྲགས་རྒྱ་མཚོས་ (1454-1506) མཛད་པའི་འཕགས་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་དང་གངས་ཅན་བསྟན་པའི་རྒྱན་བཞི་ལ་བསྟོད་པ་ལས[10]།

རྒྱལ་བ་ཉིད་ལ་གསུང་རབ་ཀུན། །གསན་ནས་རྒྱལ་བ་ཇི་བཞིན་དུ། །

རྒྱལ་བའི་བསྟན་པ་རྒྱས་མཛད་པ། །འཕགས་པ་ཐོགས་མེད་ཞབས་ལ་འདུད། །

ཅེས་བསྟོད་ཕྱག་མཛད་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ངག་དབང་གསུང་རབ་མཐུ་སྟོབས་ཀྱི་གསུང་འབུམ། ༼༢༽༼ན༽ དཔེ་རིང་། ཤོག་གྲངས་ ༡༩ན༢ ནས་ ༢༠ན༢ བར།

[2]  འཇིགས་མེད་ཡོན་ཏན་མགོན་པོའི་གསུང་འབུམ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༥ ལོ། ཤོག་ ༢༡༠

[3]  ཀུ་མ་ར་ཇི་བས་རྒྱ་ཡིག་ཏུ་བསྒྱུར། དོར་ཞིས་བོད་ཡིག་ལ་བསྒྱུར། སྦྲང་ཆར། ༢༠༠༥ ༼༣༽ ཤོག་གྲངས་ ༡༣༧

[4]  སློབ་དཔོན་ཀླུ་སྒྲུབ་ཐོགས་མེད་རྟ་དབྱངས་གསུམ་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༢༠༡༩ ལོ། ཤོག་གྲངས་ ༢༢༣

[5]  ལེགས་བཤད་གསེར་ཕྲེང་། པོད། ༼ཙ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༤

[6]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཆ༽ དེབ་ཨང་ ༥༡ པ། ༢༠༠༨ ལོ། ཤོག་གྲངས་ ༨༩༢

[7]  རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༤ ནས་ ༧བ༣ བར།

[8]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༤༢

[9]  བཀའ་གདམས་ཆོས་འབྱུང་ངོ་མཚར་རྒྱ་མཚོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༥ ལོ། ཤོག་གྲངས་ ༢༠

[10]  བཀའ་བརྒྱུད་ཞལ་འདོན་ཕྱོགས་བསྒྲིགས། ཞང་ཀང་ཐེན་མཱ་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༦༡

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༣༣ ནས་ ༥༤༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *