ཐ༽ ཀ་མ་ལ་ཤཱི་ལ་མྱ་ངན་ལས་འདས་ཚུལ།
དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་ (1323-?) གཏེར་ནས་བཞེས་པའི་བཀའ་ཐང་སྡེ་ལྔ་ལས[1]།
ཀཱ་མཱ་ལ་ཤཱི་ལ་ཞེས་བྱ་འདིཿ སྒྲ་སྒྱུར་གླིང་དུ་མུ་སྟེགས་བཀྲོངསཿ
འབྲོག་མི་ལོ་ཙཱ་[2]སྨྲ་བར་སྐྱེཿ
ཞེས་སློབ་དཔོན་ཀ་མ་ལ་ཤཱི་ལ་བསམ་ཡས་སྒྲ་སྒྱུར་གླིང་དུ་མུ་སྟེགས་པས་བཀྲོངས་པར་གསུངས་ཤིང་། བཀྲོངས་ལུགས་ཇི་ལྟར་ཡིན་ཞེ་ན། དཔའ་བོ་གཙུག་ལག་ཕྲེང་བས་ (1504-1564/1566) མཛད་པའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས[3]།
ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱིས་གཤེད་མ་བཏང་ནས་ནུབ་མོ་སྒྲ་བསྒྱུར་གླིང་གི་ཁང་པར་གཟིམས་མལ་དུ་མཁལ་མ་མཉེས་ནས་བཀྲོངས་སོ། །ཞེས་བྱུང་བ་ལྟར་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས་[4]ཀྱང་། སློབ་དཔོན་སྐུ་གཤེགས་རྐྱེན་ནི། བོད་ཡིག་གི་ལོ་རྒྱུས་ཐོག་གསལ་བ་ལྟར་ན། ཧྭ་ཤང་མ་ཧཱ་ཡ་ནའི་ཕྱོགས་ཆོས་རྩོད་ཕམ་ཉེས་བྱུང་བ་དེས་ནད་མ་ཐེག་པར་གཤེད་མ་ལག་དམར་བ་གཉིས་མངགས་ནས་མཚན་མོ་སྒྲ་སྒྱུར་ཁང་པར་གཟིམས་ནས་བཞུགས་པའི་དུས་སུ་མཁལ་མ་བཙིར་ནས་སྐུ་དཀྲོངས་པར་བཤད་པ་དཔྱད་གཞི་ཆེ་སྙམ། ཞེས་གསུངས་སོ།།
གཤེད་མ་རྣམས་རྒྱ་དཀར་ནག་བལ་བོད་གང་གི་མི་རིགས་ཡིན་ནམ་ཞེ་ན། དེ་ཡང་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (1904-1987) མཆོག་གིས་མཛད་པའི་གངས་ཅན་བོད་ཆེན་པོའི་རྒྱལ་རབས་བསྡུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས[5]། དེ་ནས་མི་རིང་བར་ཧྭ་ཤང་གིས་མངགས་པའི་རྒྱའི་བཤན་པ་མི་བཞིས་ཀ་མ་ལ་ཤཱི་ལ་ནུབ་མོ་སྒྲ་སྒྱུར་གྱི་ཁང་པར་གཟིམས་མལ་དུ་མཁལ་མ་མཉེས་ནས་བཀྲོངས་སོ། །ཞེས་གསུངས་པ་ལྟར་བུ་སྟོན་ཆོས་འབྱུང་དང་། རྒྱལ་རབས་སྦ་བཞེད། པད་དཀར་ཆོས་འབྱུང་། ངོར་ཆོས་འབྱུང་། སུམ་པ་ཆོས་འབྱུང་སོགས་རྒྱལ་རབས་ཆོས་འབྱུང་ཕལ་ཆེ་བའི་ནང་སློབ་དཔོན་ཀ་མ་ལ་ཤཱི་ལས་རྒྱ་ནག་ཧྭ་ཤང་ཚར་བཅད་རྗེས་མི་རིང་བར་རྒྱའི་ཧྭ་ཤང་གིས་བཏང་བའི་རྒྱའི་བཤན་པ་མི་བཞིས་སློབ་དཔོན་ནུབ་མོ་སྒྲ་སྒྱུར་ཁང་དུ་གཟིམ་མལ་དུ་མཁལ་མ་མཉེས་ནས་བཀྲོངས་པར་གསུངས་སོ།།
འོན་ཀྱང་ཉང་རལ་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་ཆོས་འབྱུང་མེ་ཏོག་སྙིང་པོ་སྦྲང་རྩིའི་བཅུད་དམ། ཡོངས་གྲགས་ཉང་ཆོས་འབྱུང་ལས[6]། ནུབ་མོ་སྒྲ་སྒྱུར་གྱི་ཁང་པར་ཀ་མ་ལ་ཤཱི་ལ་མུ་སྟེགས་ཀྱིས་གཤེད་མ་བཏང་བས་གཟིམ་མལ་དུ་མཁལ་མ་མཉེས་ནས་བཀྲོངས་ཀྱང་ཟེར་ཏེ། དེ་ནི་གཡོག་པོ་གསེར་གཉེར་བ་རྒྱ་གར་དྷ་ན་ཤྲཱི་བྱ་བས་བསད་པ་ཡིན་ནོ། །ཞེས་བྱུང་བ་ལྟར་མུ་སྟེགས་པས་བཀྲོངས་པ་དང་། རྒྱའི་བཤན་པ་མི་བཞིས་བཀྲོངས་པ། རྒྱ་གར་དྷ་ན་ཤྲཱིས་བཀྲོངས་པ་བཅས་བཀྲོངས་མཁན་སུ་ཡིན་ཐད་མི་མཐུན་ལ། བཀྲོངས་ཡུལ་ལའང་གོང་གསལ་ཕལ་མོ་ཆེའི་ནང་དུ་བསམ་ཡས་སྒྲ་སྒྱུར་གླིང་དུ་བཀྲོངས་པར་གསལ་ལ། ལ་ལས་ཧྭ་ཤང་མ་ཧཱ་ཡ་ན་ཚར་བཅད་དེ་རྗེས་སུ་བཟུང་ནས་རྒྱ་གར་ལ་ཁྲིད་གནང་མཛད་པར་མ་ཟད་ཧྭ་ཤང་གིས་རྒྱ་གར་ན་ལྷ་ཁང་ཞིག་ཀྱང་བཏབ་པའི་ལོ་རྒྱུས་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་མཛད་པའི་སློབ་དཔོན་ཀ་མ་ལ་ཤཱི་ལའི་སྐུ་སྐྱེར་ཞལ་འཆེས་པའི་ཀུན་མཁྱེན་རོང་སྟོན་སྨྲ་བའི་སེང་གེའི་རྣམ་ཐར་དད་པའི་རོལ་མཚོར་གསལ་བར་མ་ཟད། འཕགས་ཡུལ་དུ་ཕྱིར་ཕེབས་སྐབས་དམ་པ་རྒྱ་གར་དང་མཇལ་ནས་གྲོང་འཇུག་མཛད་ཚུལ་བཅས་བཞེད་ཚུལ་མི་མཐུན་པ་མང་ངོ་།།
ཡང་འགའ་ཞིག་གིས་སློབ་དཔོན་ཕེབས་ལམ་དུ་རྒྱའི་ཧྭ་ཤང་གིས་མི་མངགས་ཏེ་བཀྲོངས་པས་སྐུ་གདུང་ལང་གྲུར་བཞུགས་སོ། །[7]ཞེས་བྱུང་བ་ལྟར། རྒྱ་ནག་རི་བོ་རྩེ་ལྔར་གནས་པའི་མཆོད་རྟེན་ཞིག་མཆོད་པ་དེ་ཉིད་ལ་འགྲེལ་བཤད་བྱེད་ལུགས་ཤིག་ལ་ཀ་མ་ལ་ཤཱི་ལའི་སྐུ་གདུང་ཡིན་པར་བརྗོད་ཚུལ་ཞིག་དང་། དེ་མིན་རྒྱ་གར་གྱི་སློབ་དཔོན་ཤ་རི་ཨ་ཤར་གྱི་གདུང་རྟེན་ཡིན་པར་བརྗོད་སྲོལ་ཡོད་པ། དེ་དག་ལ་དཔགས་ན་སློབ་དཔོན་ཀ་མ་ལ་ཤཱི་ལ་སྐུ་སྲོག་བཀྲོངས་ནས་སྐུ་གདུང་རྒྱ་ནག་ཏུ་གདན་དྲངས་མིན་ལ་སོགས་དཔྱད་དགོས་པའི་གནད་ཤིན་ཏུ་མང་ལ། སློབ་དཔོན་སངས་རྒྱས་བསྐྱངས་དང་ཕ་དམ་པ་སངས་རྒྱས་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན། སློབ་དཔོན་ཀ་མ་ལ་ཤཱི་ལ་དང་ཕ་དམ་པ་སངས་རྒྱས་གཉིས་གང་ཟག་གཅིག་དང་ཐ་དད་གང་ཡིན་ཐད་བྱུང་རབས་དེབ་ཐེར་ཁག་ཏུ་ཉ་ཉུང་མཉམ་བསྲེས་ལྟ་བུར་གསལ་ལ། དེའི་སྐོར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་གྱི་སྐབས་སུ་ཞིབ་ཕྲ་བཀོད་ཟིན་པས་དེར་ཡང་གཟིགས་པར་འཚལ།། །།
ལུང་ཁུངས་དཔྱད་གཞིའི་ཡིག་ཆ།
[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༠༦
[2] འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ནི། རབ་བྱུང་གོང་གི་ཆུ་སྦྲུལ་ཕྱི་ལོ་ ༩༩༣ ལོར་མང་མཁར་དུ་སྐུ་འཁྲུངས། དགུང་ལོ་ཆུང་ངུའི་དུས་ནས་ཡི་གེའི་འབྲི་ཀློག་སོགས་ལ་ལེགས་པར་སྦྱངས། ལོ་སྟོན་རྡོ་རྗེ་དབང་ཕྱུག་དང་། རྒྱ་ཤཱཀྱ་གཞོན་ནུ། སེ་ཡེ་ཤེས་བརྩོན་འགྲུས། ཉང་རྡོ་རྗེ་རྒྱལ་མཚན་བཞི་ལས་རབ་བྱུང་བསྒྲུབས་ཤིང་། འདུལ་བའི་ཆོས་གཞུང་སོགས་ལ་ཐོས་བསམ་ལེགས་པར་མཛད། དེ་ནས་རྒྱ་གར་དང་བལ་ཡུལ་སོགས་སུ་ཕེབས་ཏེ་ལོ་བཅུ་གསུམ་གྱི་རིང་སློབ་གཉེར་མཛད་ཅིང་། གསུང་ངག་རིན་པོ་ཆེའི་བདུད་རྩི་བཞེས་ཏེ་ས་སྐྱའི་ཆོས་རྒྱུད་ཀྱི་ཆུ་མགོ་ཡིན། དགུང་ལོ་ང་གཉིས་པ་རབ་བྱུང་དང་པོའི་ཆུ་ལུག་ཕྱི་ལོ་ ༡༠༤༣ ལོར་རང་ཡུལ་མང་མཁར་དུ་མྱུ་གུ་ལུང་བཏབ་ཅིང་། འཆད་ཉན་སྤེལ་བས་སློབ་མའི་གཙོ་བོ་མན་ངག་ཚར་བ་གསུམ་དང་། རྒྱུད་ཚར་བ་ལྔ། གྲུབ་ཐོབ་བདུན་སོགས་བྱོན། ལེགས་སྦྱར་གྱི་སྐད་ཡིག་ལ་ཡང་ཤིན་ཏུ་མཁས་པས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་བ་མཛད། རབ་བྱུང་དང་པོའི་ཤིང་སྟག་ཕྱི་ལོ་ ༡༠༧༤ ལོར་སྐུ་གཤེགས། སྒྱུར་རྩོམ་གཙོ་གྲས་ནི། བཀའ་འགྱུར་ལས། བཤད་རྒྱུད་ཐུན་མོང་བ་དང་དཔལ་ཡང་དག་པར་སྦྱོར་བའི་རྒྱུད་ཆེན་པོ་བརྟག་པ་བཅུ་པ་དང་། དཔལ་གསང་བ་རྡོ་རྗེའི་རྒྱུད་ལེའུ་བཞི་པ་སོགས་དང་། བསྟན་འགྱུར་ལས། མངོན་པ་རྟོགས་པའི་རིམ་པ་དང་། དུར་ཁྲོད་བརྒྱད། དཔལ་དཔའ་བོ་གཅིག་པའི་སྒྲུབ་ཐབས་སོགས་ཆོས་ཚན་དྲུག་ཅུ་རེ་བདུན་བཞུགས་པ་བཅས་སོ།། (བོད་ཀྱི་སྒྲ་སྒྱུར་ལོ་རྒྱུས་དང་ལོ་ཙཱ་བ་རིམ་བྱོན་གྱི་མཛད་རྣམ་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་ ༢༦༦ གསལ་ལོ།།)
[3] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༣༩༨
[4] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༢
[5] བོད་ཀྱི་རྒྱལ་རབས་དྭངས་ཤེལ་འཕྲུལ་གྱི་མེ་ལོང་། ལག་བྲིས་དེབ་གཟུགས། ཤོག་གྲངས་ ༢༢༧
[6] ཉང་རལ་ཆོས་འབྱུང་། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༤༠༠
[7] དབུ་མའི་སྤྱི་དོན་ཟབ་དོན་གསལ་བྱེད་འཕྲུལ་གྱི་མེ་ལོང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༡ ནས་ ༤༣༤ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།