ཏ༽ ཀ་མ་ལ་ཤཱི་ལའི་ལེགས་བཤད་གསུང་རྩོམ་གྱི་དོགས་གཅོད།

ཏ༽ ལེགས་བཤད་ཀྱི་གསུང་རྩོམ་གྱི་དོགས་གཅོད།

 

དེ་ཡང་བདག་ཉིད་ཆེན་པོ་སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་གི་མཛད་པའི་ཕྱག་རྗེས་རྩོམ་པ་ལེགས་བཤད་ཀྱི་ཕྲེང་བ་ཇི་ལྟ་བུ་ཡོད་སྙམ་ན།  འདི་ལྟར། དང་པོ་འདུལ་བ། ༡༽ དགེ་སྦྱོང་གི་ཀ་རི་ཀཱ་ལྔ་བཅུ་པའི་ཚིག་གི་བརྗེད་བྱང་དུ་བྱས་པ། གཉིས་པ་ཤེར་ཕྱིན། ༢༽ འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བདུན་བརྒྱ་པ་རྒྱ་ཆེར་བཤད་པ། ༣༽  འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྡོ་རྗེ་གཅོད་པའི་དོན་བདུན་གྱི་རྒྱ་ཆེར་འགྲེལ་པ།

གསུམ་པ་དབུ་མ། ༤༽ དབུ་མ་རྒྱན་གྱི་དཀའ་འགྲེལ། ༥༽ དབུ་མ་སྣང་བ།  ༦༽ དེ་ཁོ་ན་ཉིད་སྣང་བ་ཞེས་བྱ་བའི་རབ་ཏུ་བྱེད་པ། ༧༽ ཆོས་ཐམས་ཅད་རང་བཞིན་མེད་པར་སྒྲུབ་པ། ༨༽ བྱང་ཆུབ་ཀྱི་སེམས་བསྒོམ་པ། ༩༽  བསྒོམ་རིམ་དང་པོ། ༡༠༽ བསྒོམ་རིམ་བར་པ། ༡༡༽ བསྒོམ་རིམ་མཐའ་མ། ༡༢༽ རྣལ་འབྱོར་བསྒོམ་པ་ལ་འཇུག་པ། བཞི་པ་མདོ་འགྲེལ། ༡༣༽ འཕགས་པ་རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ཀྱི་རྒྱ་ཆེར་འགྲེལ་པ། ༡༤༽ འཕགས་པ་སཱ་ལུ་ལྗང་པའི་རྒྱ་ཆེར་འགྲེལ་པ། ལྔ་པ་སྤྲིང་ཡིག།༡༥༽ ལྷོ་ཟ་མོ་ཚངས་དབྱངས་ལ་སྡུག་བསྔལ་བརྒྱད་ཀྱི་བྱེ་བྲག་བསྟན་པ་ཞེས་བྱ་བ། ༡༦༽ དད་སྐྱེད་སྒྲོན་མེ། དྲུག་པ་ཚད་མ། ༡༧༽ རིགས་པའི་ཐིགས་པའི་ཕྱོགས་སྔ་མ་མདོར་བསྡུས་པ། ༡༨༽ ཚད་མའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ། བདུན་པ་སྣ་ཚོགས། ༡༩༽ སྨོན་ལམ་མུ་གཉིས་མ་བཅས་ཆོས་ཚན་བཅུ་དགུ་བཞུགས་སོ།།

འདིར་དཔྱད་ཞིབ་བྱེད་དགོས་པ་ཞིག་ནི། སྡེ་དགེ་བསྟན་འགྱུར་རྒྱུད་འགྲེལ་ནང་གསལ་ལྟར་གྱི་ཕ་དམ་པ་སངས་རྒྱས་ཀྱིས་མཛད་པའི་བསྟན་བཅོས། 1) མན་ངག་སྐུའི་སྒྲོན་མ། 2) ཐེག་པ་གསུང་གི་སྒྲོན་མ། 3) ཡང་དག་ལྟ་བའི་སྒྲོན་མ། 4) རིན་པོ་ཆེའི་སྒྲོན་མ། 5) མཉམ་ཉིད་གཞིའི་སྒྲོན་མ། 6) མཐར་ཐུག་འབྲས་བུའི་སྒྲོན་མ། 7) བྱང་ཆུབ་སྤྱོད་པའི་སྒྲོན་མ། 8) རྣལ་འབྱོར་ལམ་གྱི་སྒྲོན་མ། 9) གསང་བ་ཐུགས་ཀྱི་སྒྲོན་མ། 10) མཎྜལ་གྱི་ཆོ་ག་དང་། 11) དེ་ཁོ་ན་ཉིད་ཕྱག་རྒྱ་ཆེན་པོ་ཡི་གེ་མེད་པའི་མན་ངག་བཅས་ཞི་བྱེད་ཀྱི་མན་ངག་སྒྲོན་མ་དགུ་སྐོར་དང་། 12) ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒྲུབ་ཐབས། 13) རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྒྲུབ་ཐབས། 14) རྡོ་རྗེ་འཕགས་མོའི་སྒྲུབ་ཐབས་དང་། 15) འཇམ་དཔལ་ཁྲོ་བོར་སྒྲུབ་པ་བཅས་བསྐྱེད་རིམ་གྱི་ཆོས་སྐོར་ཏེ། གོང་གསལ་ཞི་བྱེད་ཀྱི་གཞུང་དེ་དག་ལས་མཛད་བྱང་དངོས་སུ་གསལ་བ་རྣམས། ཉི་ཧོང་ནས་པར་སྐྲུན་ཞུས་པའི་སྡེ་དགེ་བཀའ་བསྟན་དཀར་ཆག་དེབ་གཟུགས་ནང་བསྒོམ་རིམ་མཛད་པ་པོའི་ཀ་མ་ལ་ཤཱི་ལས་མཛད་པ་གཞིར་བཞག་གི་ཐོག་ནས་དེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་ཀྱི་ཁོངས་སུ་གྲངས་འདྲེན་བྱས་འདུག་ཅིང་། སྡེ་དགེ་བསྟན་འགྱུར་བོད་དཔར་དཀར་ཆག་ནང་། ཕྱག་དཔེ་ངོ་མའི་མཇུག་ཏུ་མཛད་བྱང་དངོས་སུ་གསལ་མིན་ལ་མ་ལྟོས་པར། དང་པོ་བཅུ་གཅིག་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་ཅེས་དང་། ཕྱི་མ་བཞི་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅེས་བཀོད་འདུག་ཀྱང་། ཕྱག་དཔེ་ངོ་མའི་ནང་དང་པོ་ལྔ་ལ་མཛད་བྱང་མེད་ཅིང་། དགུ་པ་དང་བཅུ་གཅིག་གཉིས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལས་མཛད་ཅེས་དང་། དེ་བྱིངས་རྣམས་རྗེ་བཙུན་ཀ་མ་ལ་ཤཱི་ལས་མཛད་ཅེས་བཀོད་ཡོད་ལ། པེ་ཅིན་དཔར་མའི་དཀར་ཆག་དང་ཕྱག་དཔེ་ངོ་མ་གཉིས་ཀའི་ནང་མཛད་བྱང་དངོས་སུ་གསལ་བ་རྣམས་ཀ་མ་ལ་ཤཱིས་མཛད་ཅེས་བཀོད་འདུག་པས། ཀ་མ་ལ་ཤྲཱི་དང་ཀ་མ་ལ་ཤཱི་ལ་གཉིས་མཚན་ཟུར་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་ལ། བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་སྣར་ཐང་བསྟན་འགྱུར་གྱི་དཀར་ཆག་ཡིད་བཞིན་ནོར་བུ་དབང་གི་རྒྱལ་པོའི་ཕྲེང་བའི་ནང་[1]། དེ་རྣམས་ཐམས་ཅད་རྗེ་བཙུན་ཀ་མ་ལ་ཤཱིས་མཛད། ཅེས་བཀོད་ཡོད་དོ།།

དེས་ན་གཞུང་དེ་དག་ཀ་མ་ལ་ཤཱི་ལའི་མཚན་ཅན་ཞིག་གིས་མཛད་དུ་ཆུག་ཀྱང་། བསྒོམ་རིམ་མཛད་པ་པོ་དང་གཅིག་ཡིན་མིན་དང་། སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཀ་མ་ལ་ཤཱི་ལ་དང་། རྗེ་བཙུན་ཀ་མ་ལ་ཤཱི་ལ་གསུམ་གཅིག་ཡིན་མིན་དང་། ཡང་ན་དེ་དག་ལས་གཞན་པའི་ཀ་མ་ལ་ཤཱིས་མཛད་སྙམ་པའི་དོགས་གཞི་ཆེ་ཞིང་། དཔར་མ་འདྲ་མིན་གྱི་དཀར་ཆག་ནང་ཕན་ཚུན་མི་མཐུན་པ་དང་། དཀར་ཆག་དང་ཕྱག་དཔེ་ངོ་མ་གཉིས་མི་མཐུན་པ་སོགས་མི་མཐུན་པ་ཆེས་མང་ཞིང་། ཡིད་བརྟན་འཕེར་བའི་གནས་སུ་མི་སྣང་བས་དཔྱད་པ་ཞིབ་ཏུ་བྱེད་དགོས་པར་སྣང་ངོ་།།

དེ་ལ་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་ཆོས་འབྱུང་གསུང་རབ་རིན་པོ་ཆེའི་མཛོད་[2]ནང་། ཞི་བྱེད་སྒྲོལ་མ་དགུ་སྐོར་མཛད་པ་པོའི་ཀ་མ་ལ་ཤྲཱི་ཞེས་པ་དམ་པ་རྒྱ་གར་བ་སྟེ། ཕ་དམ་པ་སངས་རྒྱས་ཀྱི་མཚན་ཡིན་པར་གསུངས་པ་དང་། དེ་བཞིན་དུ་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ (1813-1899) མཛད་པའི་ཤེས་བྱ་ཀུན་ཁྱབ་རྩ་འགྲེལ་ལས[3]།

གྲུབ་ཐོབ་ང་བཞི་མཁའ་སྤྱོད་སོ་དྲུག་གི །བཅུད་བརྙེས་དམ་པ་བོད་དུ་ལན་ལྔ་ཕེབས། །

རྣམ་ཐར་ཚུལ་མཐུན་འགྲོ་མང་བསྒྲལ་མཛད་པའི། །དམ་ཆོས་སྡུག་བསྔལ་ཞི་བྱེད་ཅེས་བྱ་བ། །

ཞེས་པ་སྟེ། རྗེ་བཙུན་ཀ་མ་ལ་ཤཱི་ལས་གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞི་བསྟེན། བཅུད་ལེན་སོགས་ཐུན་མོང་གི་གྲུབ་པ་བརྒྱད་བརྙེས་པས་དགུང་ལོ་ལྔ་བརྒྱ་དང་བདུན་ཅུ་བཞུགས། ཞེས་ཕ་དམ་པའི་མཚན་དུ་རྗེ་བཙུན་ཀ་མ་ལ་ཤཱི་ལ་ཞེས་གསུངས་པ་དང་། དེ་བཞིན་དུ་འགོས་ལོ་ཙཱ་བ་གཞོན་ནུ་དཔལ་གྱིས་ (1392-1481) མཛད་པའི་དེབ་ཐེར་སྔོན་པོ་ལས[4]། བར་དུ་བྱུང་བའི་རྒྱུད་ཕྲན་ལ། གྲྭ་པ་དང་། ལྕེ་དང་། ལྗང་ལུགས་གསུམ་ལས། གཉིས་པ་བཟང་ཡུལ་གྱི་དགེ་བཤེས་ལྕེ་པ་ཞེས་བྱ་བ་ཡབ་སྲས་གཉིས་ལས། སྲས་ཟླ་བ་གྲགས་པ་སྦྱངས་པའི་ཡོན་ཏན་དང་ལྡན་ཞིང་། སྔགས་ཀྱི་ཡོན་ཏན་ཡང་ཕུན་སུམ་ཚོགས་པ་ཡོད་པ་ལ་ཕ་དམ་པ་སངས་རྒྱས་མ་མཇལ་བས་ཡིད་གདུངས་ཏེ། གང་ན་བཞུགས་རྩད་བཅད་པས། ཡེར་པ་ན་བཞུགས་པ་ཐོས་ཤིང་། ནམ་མཁའ་ནས་མཁའ་འགྲོ་མས་ཀྱང་ལུང་བསྟན་ཏེ། རིགས་ཀྱི་བུ་རྗེ་བཙུན་ཀ་མ་ལ་ཤཱི་ནི་སྡོམ་པ་གསུམ་ལྡན་གྱི་རྣལ་འབྱོར་བ་ཡིན་ཏེ། སངས་རྒྱས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་མཁྱེན་པ། སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ནས་བརྒྱུད་པའི་སྒྲུབ་བརྒྱུད་ཀྱི་གདམས་པ་བར་མ་ཆད་པ་ཡིན་པས། རྗེ་བཙུན་དེ་ལ་ཆོས་ཞུས་ཤིག །ཅེས་བྱ་བའི་ལུང་བསྟན་བྱུང་བར་གསུངས་སོ༎

དེས་ན་ལུང་བསྟན་གྱི་ཚིག་ཟིན་ལ་ཡང་ཕ་དམ་པའི་མཚན་ལ་རྗེ་བཙུན་ཀ་མ་ལ་ཤྲཱི་གསུངས་པ་རྣམས་དགོངས་པ་གཅིག་ཏུ་མཐུན་ཞིང་། དེ་ཙམ་དུ་མ་ཟད་ཆོས་འབྱུང་ལོ་རྒྱུས་རྣམས་སུ་ཞི་བྱེད་སྔ་ཕྱི་བར་གསུམ་[5]ལས། སྔ་མར་ཕ་དམ་པས་ཁ་ཆེ་ཛྙཱན་གུཧྱ་ལ་ཞི་བྱེད་སྒྲོལ་མ་སྐོར་གསུམ་སོགས་གསུངས་པ་དང་། དེ་གཉིས་ཀ་ལས་ཨོང་པོ་ལོ་ཙཱ་བས་གསན་པར་གསུངས་པ་དང་། གཞུང་དེ་དག་གི་འགྱུར་བྱང་དུ་རྒྱ་གར་གྱི་མཁན་པོ་ཛྙཱན་གུཧྱ་དང་། ཨོང་པོ་ལོ་ཙཱ་བས་བསྒྱུར་ཅེས་བཀོད་པ་དང་འབྲེལ་ཆེ་ཞིང་མཐུན་པར་སྣང་བ་དང་། དེ་བཞིན་དུ་རྒྱུད་པ་བར་མའི་རྒྱུད་ཕྲན་གྲྭ་པ་མངོན་ཤེས་ལ་ཕ་དམ་པ་སངས་རྒྱས་ཀྱིས་གོང་དུ་བཀོད་པའི་ཞི་བྱེད་སྒྲོལ་མ་དགུ་སྐོར་གྱི་གདམས་པ་གནང་ཞེས་ཤིན་ཏུ་གསལ་བར་བཀོད་འདུག་པས། སློབ་དཔོན་ཀ་མ་ལ་ཤཱི་ལ་དང་། ཕ་དམ་སངས་རྒྱས་གཉིས་ཀྱི་རྣམ་ཐར་ཐད་དོན་དངོས་གང་ཡིན་རྣམ་དབྱེ་འབྱེད་དཀའ་ཡང་། ཆོས་འབྱུང་ལོ་རྒྱུས་ཕལ་ཆེ་བའི་གསུང་ཚུལ་ལ་གཞིགས་ན་གཞུང་དེ་དག་གི་མཛད་པ་པོ་བསྒོམ་རིམ་མཛད་པ་པོའི་ཀ་མ་ལ་ཤཱི་ལ་མིན་པར་མངོན་ནོ།།

གོང་གསལ་ཞི་བྱེད་ཀྱི་གཞུང་དེ་དག་བུ་སྟོན་ཐམས་ཅད་མཁྱེན་པས་མཛད་པའི་སྣར་ཐང་དཀར་ཆག་ཏུ། དེ་རྣམས་ཐམས་ཅད་རྗེ་བཙུན་ཀ་མ་ལ་ཤྲཱིས་མཛད་ཅེས་གསུངས་པ་ལྟར་གཞུང་དེ་རྣམས་ཀྱི་མཇུག་ཏུ་མཛད་བྱང་དངོས་སུ་གསལ་མིན་ལ་མ་ལྟོས་པར་རྩོམ་པ་པོ་སློབ་དཔོན་གཅིག་ཡིན་པ་ནི་གཞུང་དེ་རྣམས་ཀྱི་རྩོམ་འགྲོས་དང་། ཚིག་སྦྱོར་སོགས་ལ་གཟིགས་ནའང་མཁྱེན་པར་འགྱུར་ལ། ཕ་དམ་པ་སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་སུ་རྗེ་བཙུན་ཀ་མ་ལ་ཤྲཱི་དང་། ཀ་མ་ལ་ཤཱི་ལ་ཞེས་མཚན་ཟུར་མི་མཐུན་པ་གཉིས་འབྱུང་བ་ལས་གང་འཐད་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ་ཡང་། འགོས་ལོ་ཙཱ་བ་དང་། བུ་སྟོན་ཐམས་ཅད་མཁྱེན་པའི་གསུང་རྣམས་ཁུངས་ཐུབ་ཆེ་བས་དེར་གསུངས་པ་ལྟར་འཐད་ཕྱོགས་སུ་གཟུང་དགོས་པར་སྣང་ངོ་༎[6]  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  བུ་སྟོན་གསུང་འབུམ། ༼ལ༽ ལྡི་ལིའི་དཔར་མ། དེབ་གཟུགས། ཤོག་གྲངས་ ༤༩༩

[2]  བུ་སྟོན་གསུང་འབུམ། ༼ཡ༽ ལྡི་ལིའི་དཔར་མ། དེབ་གཟུགས། ཤོག་གྲངས་ ༡༠༣༩

[3]  ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ། ༼ཨེ༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༢༠

[4]  འགོས་ལོའི་དེབ་ཐེར་སྔོན་པོ། སྨད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡༠༥༧

[5]  ཞི་བྱེད་བརྒྱུད་པ་སྔ་ཕྱི་བར་གསུམ། ༡ སྔ་མ་ནི་ཁ་ཆེ་ཛྙཱ་ན་ཧྱ་ལ། དེ་ཨོང་པོ་ལོ་ཙཱ་བས་བསྒྱུར། ༢ བར་པ་རྨ་ཆོས་ཀྱི་ཤེས་རབ་དང་། སོ་ཆུང་དགེ་འདུན་འབར། སྐམ་ཡེ་ཤེས་རྒྱལ་མཚན་གསུམ་ལ་གནང་། ༣ ཕྱི་མ་དམ་པ་དིང་རི་གླང་སྐོར་དུ་དམ་པ་ཕྱར་ཆེན་དང་། ཕྱར་ཆུང་། བཛྲ་ཀྲོ་དྷ། ཀུན་དགའ་བཞི་ལ་གནང་། དེ་ཡང་རྒྱ་གར་གྱི་སློབ་དཔོན་ཕ་དམ་པ་སངས་རྒྱས་ཀྱིས་ཤེར་ཕྱིན་གྱི་མན་ངག་ལ་བརྟེན་ནས་སྡུག་བསྔལ་ཞི་བར་བྱེད་པའི་གྲུབ་མཐའི་སྲོལ་དེ་སྤེལ་བ་ཡིན། ཞེས་གྲུབ་མཐའི་བྱུང་བ་བརྗོད་པ་ཤོག་གྲངས་ ༢༠༦ ཐོག་གསལ་ལོ།།

[6]  དཔྱད་རྩོམ་འདི་བཞིན་ཝཱར་ཎ་དབུས་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ཨཱཅཱརྱ་རྒྱལ་མཚན་རྣམ་གྲོལ་ལགས་ཀྱིས་གླེང་བརྗོད་རྨང་གཞིར་བཟུང་སྟེ་ཕྱོགས་བསྒྲིགས་ཞུས་པའོ། ། (སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་ཐོག་མཐའ་བར་གསུམ། ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡ ནས་ ༢༦ བར་གསལ།)

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༢༥ ནས་ ༤༣༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *