༣༽ རྒྱན་གྱི་དཀའ་འགྲེལ་ཀ་མ་ལ་ཤཱི་ལས་མཛད་མིན།

༣༽ རྒྱན་གྱི་དཀའ་འགྲེལ་ཀ་མ་ལ་ཤཱི་ལས་མཛད་མིན།

༡) ཡིན་པར་འདོད་པའི་ལུགས།

 

དེ་ཡང་རོང་སྟོན་ཤཱཀྱ་རྒྱལ་མཚན་མཆོག་ (1367-1449) གིས་མཛད་པའི་མཁས་པ་ཆེན་པོ་ཀ་མ་ལ་ཤཱི་ལ་བསྟོད་པ་རྒྱ་མཚོའི་རླབས་ཕྲེང་ལས[1]།

རིག་གནས་ཀུན་ལ་མི་འཇིགས་སྤོབས་པ་ཅན། །ཐུབ་པའི་གསུང་རབ་མཐའ་དག་ཐུགས་ལ་རྫོགས། །

དབུ་མའི་རིང་ལུགས་སྨྲ་བའི་མཆོག་གྱུར་པ། །བློ་གསལ་དབང་པོ་པདྨའི་ངང་ཚུལ་རྒྱལ། །

ཞེས་བསྟོད་པ་མཛད་པ་ལྟར་དབུ་མའི་རིང་ལུགས་སྨྲ་བའི་མཆོག་ཏུ་གྱུར་པ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པར་གྲགས་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་འདི་ཉིད་སུས་མཛད་མིན་ལ་འཕགས་བོད་ཀྱི་མཁས་གྲུབ་རྣམས་ལ་བཞེད་པ་མི་མཐུན་ཏེ། དེ་ཡང་དབུ་མ་རྒྱན་གྱི་འགྲེལ་བཤད་དམ། དབུ་མ་རྒྱན་གྱི་དཀའ་འགྲེལ་གྱི་མཇུག་བྱང་ལས[2]། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ། རྒྱ་གར་གྱི་མཁན་པོ་སུ་རེནྡྲ་བོ་དྷི་དང༌། པྲ་ཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་གསུངས་པ་ལྟར་དབུ་མ་རྒྱན་གྱི་དཀའ་འགྲེལ་འདི་ཉིད་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པར་གསལ་ལོ།།

དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[3]།  སློབ་དཔོན་ཞི་བ་འཚོས་མཛད་པའི་དབུ་མ་རྒྱན་ཤུ་ལོ་ཀ་བརྒྱ། དེའི་འགྲེལ་པ་བམ་པོ་གཉིས་པ་སྟེ་ལྔ་ཡེ་ཤེས་སྡེའི་འགྱུར། དེའི་འགྲེལ་བཤད་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པ་བམ་པོ་ལྔ་ཡེ་ཤེས་སྡེ་ལ་སོགས་པའི་འགྱུར། སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དབུ་མ་སྣང་བ་བམ་པོ་དགུ། ཆོས་ཐམས་ཅད་རང་བཞིན་མེད་པར་གྲུབ་པ་བམ་པོ་ཕྱེད་དང་གཉིས་དཔལ་བརྩེགས་ཀྱི་འགྱུར། ཞེས་གསུངས་པ་ལྟར་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པར་བཞེད་དོ།།

དེ་བཞིན་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས[4]། སློབ་དཔོན་འདི་ཡང་རིག་པའི་གནས་དུ་མ་ལ་མཁས་ཤིང་མང་དུ་ཐོས་པ། ཐེག་པ་ཆེན་པོའི་མདོ་སྡེ་མང་དུ་གཟིགས་ཤིང་མང་དུ་མཁྱེན་པ། ཐུགས་རྗེ་ཆེན་པོས་ཐུགས་ཀྱི་རྒྱུད་བརླན་པ་ཚུལ་ཁྲིམས་དྲི་མ་མེད་པ། རྒྱ་གར་སྐད་དུ་ཀ་མ་ལ་ཤཱི་ལ། བོད་སྐད་དུ་པདྨའི་ངང་ཚུལ་ལོ། །འདིས་མདོ་འགྲེལ་དང་བསྟན་བཅོས་མང་དུ་མཛད་དོ། །རྡོ་རྗེ་གཅོད་པའི་མདོ་འགྲེལ་དང༌། མི་རྟོག་པ་ལ་འཇུག་པའི་མདོ་འགྲེལ་དང༌། སཱ་ལུ་ལྗང་པའི་མདོ་འགྲེལ་དང༌། ཤེས་རབ་སྙིང་པོའི་འགྲེལ་པ་ལ་སོགས་པ་དང་། དབུ་མ་སྣང་བ་དང༌། སྣང་བ་ཆུང་ངུ་དང༌། རྒྱན་གྱི་འགྲེལ་ཊཱིཀ་དང༌། རིགས་ཐིགས་ཀྱི་ཕྱོགས་སྔ་མ་དང༌། དབུ་མ་བསྒོམ་པའི་རིམ་པ་གསུམ་ལ་སོགས་པ་མང་དུ་མཛད་དོ། །ཞེས་རྒྱན་གྱི་དཀའ་འགྲེལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པར་བཞེད་དོ།།

གཞན་ཡང་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེས་ (1762-1823) མཛད་པའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ་ལས[5]།  དེ་ལྟར་ནའང་འཕགས་ཡུལ་གྱི་མཁས་པ་ཀ་མ་ལ་ཤཱི་ལའི་དགོངས་པ་ལྟར་ན། བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་དུའང་མེད་པར་རྟོགས་ནས། བདེན་པར་སྒྲོ་འདོགས་ལུགས་ཕུང་གསུམ་པ་མེད་པས། གཅིག་དུ་བྲལ་དང་། བདེན་མེད་རྣམ་གྲངས་ཙམ་ཡིན་ལ། དེའི་ཕྱིར། ཕྱིར་རྒོལ་དེ་ལ་བདེན་མེད་བསྒྲུབས་ཀྱང་མི་དགོས་ཤིང་། གཅིག་དུ་བྲལ་གྱི་རྟགས་ཀྱིས་བསྒྲུབས་ནའང་བསྒྲུབ་བྱ་རྟགས་སུ་བཀོད་པ་དང་ཁྱད་མེད་པས། མ་གྲུབ་པའི་གཏན་ཚིགས་སུ་འགྱུར་རོ་ཞེས་རྩོད་པའི་ལན་དུ་སྦྱར་རོ། །དེའི་ཚུལ་ནི། གཏན་ཚིགས་འདི་ལ་དམ་བཅའི་ཕྱོགས་གཅིག་རྟགས་སུ་བཀོད་པའི་མ་གྲུབ་པའི་སྐྱོན་མེད་དེ། གཅིག་དུ་བྲལ་དང་བདེན་མེད་དོན་ལ་ཁྱད་པར་མེད་ཀྱང་། བློ་ལ་འཆར་ཚེ་བདེན་མེད་དོ། །ཞེས་ཐ་སྙད་ངེས་དགོས་མི་དགོས་ཀྱི་ཁྱད་པར་ཡོད་ཅིང་། ཕྱི་རྒོལ་དེས་ཀྱང་ཐ་སྙད་སྦྱོར་བ་སྔོན་མ་གོམས་པའི་དབང་གིས་བློ་བདེ་སང་དུ་མ་སོང་བ་དེ་སྒྲུབ་ཆེད་ཡིན་པས། རྟགས་ཆོས་ཐ་མི་དད་པ་དང་། གྲུབ་ཟིན་བསྒྲུབས་པའི་སྐྱོན་གང་ཡང་མེད་ཅེས་འཆད་དགོས་ཏེ། དེས་མཛད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་ལས། འདིར་དམ་བཅའི་དོན་གྱི་ཕྱོགས་གཅིག་ཡིན་པའི་ཕྱིར། ཞེས་བྱུང་བ་ལྟར་དཀའ་འགྲེལ་འདི་ཉིད་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པར་བཞེད་དོ།།  །།

 

༢) མིན་པར་འདོད་པའི་ལུགས།

འོན་ཀྱང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[6]། འདིའི་དཀའ་འགྲེལ་ཀ་མ་ལ་ཤཱི་ལས་མཛད་པར་གྲགས་པ་ནི་རྫུན་མ་ཡིན་པར་མཁས་གྲུབ་རྗེས་གསུངས། དཀའ་འགྲེལ་འདི་ལ་མི་འཐད་པའི་ཆ་འགའ་ཞིག་ཡོད་ཀྱང་སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་སློབ་དཔོན་ཀ་མ་ལ་ཤཱི་ལའི་ཡིན་པར་བཞེད་པས་སློབ་དཔོན་ཐུགས་མ་རྫོགས་པའི་སྐབས་ཤིག་ཏུ་མཛད་པ་ཡིན་ནམ་བརྟག་པར་བྱའོ་ཞེས་རྗེ་རིན་པོ་ཆེའི་དབུ་མ་རྒྱན་གྱི་ཟིན་བྲིས་ལས་གསུངས་སོ། །ཞེས་གསལ་བ་ལྟར་མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས་[7]ཀྱང་། སློབ་དཔོན་ཞི་བ་འཚོས་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་མཛད་ཅིང་། དེའི་འགྲེལ་བཤད་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་ཟེར་བ་ནི་རྫུན་མ་ཡིན་ནོ། །ཞེས་གསུངས་པ་ལྟར། དབུ་མ་རྒྱན་གྱི་དཀའ་འགྲེལ་འདི་ཉིད་སློབ་དཔོན་ཀ་མ་ལ་ཤཱི་ལའི་གསུང་མིན་པའི་རྒྱུ་མཚན་གང་ཡིན་དང་། རྗེ་བདག་ཉིད་ཆེན་པོས་ཇི་ལྟར་གསུངས་སམ་སྙམ་ན། དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དབུ་མ་རྒྱན་གྱི་ཟིན་བྲིས་རྗེ་རང་གིས་གནང་བ་ལས[8]། དབུ་མ་སྣང་བ་ལས་ནི་སྔར་བཤད་པ་ལྟ་བུའི་ཆོས་ཅན་དུ་བཟུང་བ་ལ་ཡང༌། རྟགས་ཆོས་རྣམ་བཅད་ཙམ་ཡིན་ན་རང་རྒྱུད་ཤིན་ཏུ་ཡང་རུང་བར་ལན་མང་དུ་བཤད་དེ། རྟགས་དང་ཆོས་གཞི་གྲུབ་ཁོ་ན་ལ་འཇུག་པ་ཡིན་ན་ནི། ཆོས་དེ་འདྲ་བ་ལ་ཐལ་འགྱུར་མིན་པ་རང་རྒྱུད་མི་རུང་ལ། རྟགས་ཆོས་མེད་དགག་གཞི་མ་གྲུབ་པ་ལའང་མི་འགལ་བ་ཡིན་ན་ནི། ཆོས་ཅན་དེ་འདྲ་ལའང་རང་རྒྱུད་རུང་བ་ལེགས་པར་བསྒྲུབ་པ་ནི། སློབ་དཔོན་མཁས་པ་ཀ་མ་ལ་ཤཱི་ལའི་ལུགས་སོ། །དེས་ན་དཀའ་འགྲེལ་ལས་སྔར་ལྟར་བཤད་པ་འདི་དབུ་མ་སྣང་བ་དང་མི་མཐུན་ནོ། །དཀའ་འགྲེལ་འདི་ཀ་མ་ལ་ཤཱི་ལའི་ཡིན་པར་ཆོས་ཀྱི་བཤེས་གཉེན་ཡང་བཞེད་པས། འདི་ནི་སློབ་དཔོན་ཐུགས་མ་རྫོགས་པའི་སྐབས་ཤིག་ཏུ་མཛད་དམ་བརྟག་གོ །ཞེས་གསལ་བ་ལྟར་སློབ་དཔོན་ཆོས་ཀྱི་བཤེས་གཉེན་ (དུས་རབས་12པ།) གྱིས་མཛད་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་ཚིག་ལེའུར་བྱས་པའི་འགྲེལ་བཤད་ཚིག་རབ་ཏུ་གསལ་བ་ལས[9]། ཇི་སྐད་དུ། སློབ་དཔོན་ཀ་མ་ལ་ཤཱི་ལའི་ཞལ་སྔ་ནས་དེ་ཉིད་ཀྱི་ཕྱིར་ཀླན་ཀ་ངན་པའི་དྲི་མ་བསལ་བས་ན་འདི་ནི་དབུ་མ་རྒྱན་ཞེས་བྱའོ་ཞེས་བཤད་པ་ལྟ་བུའོ། །ཞེས་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་དབུ་མ་རྒྱན་གྱི་དཀའ་འགྲེལ་ལུང་དྲངས་པར་མཛད་དོ། །ལ་ལས་དེ་དག་དཔྱད་པ་རྫོགས་མ་རྫོགས་དང་། སྐུ་ཚེའི་སྟོད་སྨད་ཀྱི་གསུང་ཡིན་པས་སྐྱོན་མེད་པར་འདོད་མཁན་ཡོད་ཀྱང་། རྗེ་བདག་ཉིད་ཆེན་པོས་སློབ་དཔོན་ཐུགས་མ་རྫོགས་པའི་སྐབས་ཤིག་ཏུ་མཛད་དམ་བརྟག་ཅེས་གསུངས་པ་ལྟར་དཔྱད་དགོས་སོ།།

དེ་ལྟར་བསྟན་འགྱུར་གྱི་དཀར་ཆག་ཁག་དང་། བསྟན་བཅོས་དེ་ཉིད་ཀྱི་མཇུག་བྱང་། འཕགས་ཡུལ་གྱི་སློབ་དཔོན་ཆོས་ཀྱི་བཤེས་གཉེན། བོད་ཀྱི་མཁས་གྲུབ་རྣམས་ཀྱི་གསན་ཡིག །གཞན་ཡང་བུ་སྟོན་ཐམས་ཅད་མཁྱེན་པ་དང་། ཀུན་མཁྱེན་པདྨ་དཀར་པོ། གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ་སོགས་ཀྱིས་དབུ་མ་རྒྱན་གྱི་དཀའ་འགྲེལ་དེ་ཉིད་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པར་བཞེད་མོད། གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་རྗེ་བདག་ཉིད་ཆེན་པོས་བརྟག་དགོས་པར་གསུངས་ཤིང་། མཁས་གྲུབ་དགེ་ལེགས་དཔལ་བཟང་དང་། ལྕང་སྐྱ་རོལ་པའི་རྡོ་རྗེ་རྣམ་གཉིས་ཀྱིས་དབུ་མ་རྒྱན་གྱི་དཀའ་འགྲེལ་དེ་ཉིད་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པར་གྲགས་པ་ནི་རྫུན་མ་ཡིན་པར་གསུངས་སོ།།  །།

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]  རོང་སྟོན་གསུང་འབུམ། ༼ཀ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༠༠

[2]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ས༽ དེབ་ཨང་ ༦༢ པ། ཤོག་གྲངས་ ༡༡༠༣

[3]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༢༣༤

[4]  ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར། ཝཱ་ར་ཎཱ་སཱིའི་པར་མ། ༢༠༠༧ ལོ། ཤོག་གྲངས་ ༤༥༦

[5]  དཀོན་མཆོག་བསྟན་པའི་སྒྲོན་མེའི་གསུང་འབུམ། ༼༣༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་ ༡༧༠

[6]  གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༢༣༢

[7]  མཁས་གྲུབ་རྗེའི་གསུང་འབུམ། ༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༣

[8]  རྗེ་ཙོང་ཁ་པ་ཆེན་པོའི་གསུང་འབུམ། ༼བ༽༼མ༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་ ༤༣༡

[9]  བསྟན་འགྱུར་དཔེ་བསྡུར་མ། ཤེར་ཕྱིན། ༼ཉ༽ དེབ་ཨང་། ༥༢ པ། ༢༠༠༩ ལོ། ཤོག་གྲངས་ ༧༢༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༡༩ ནས་ ༤༢༤ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *