ཉ༽ མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་ཚུལ།

ཉ༽ མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་ཚུལ།

 

དེ་ཡང་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མས་ (1865-1926) མཛད་པའི་ཞི་བ་འཚོའི་བསྟོད་པ་ལས[1]།

སུ་ཞིག་ལོག་རྟོག་རྒོལ་བའི་ཕྱོགས་འཛིན་ཀྱང་། །དེ་ལ་ཁྱོད་ཀྱིས་ལྷག་པར་སྙིང་བརྩེ་ཞིང་། །

རིགས་ལམ་རྨད་བྱུང་སྨན་མཆོག་བདུད་རྩིའི་རོས། །ཉེས་པའི་གྲུབ་མཐའ་གོས་རལ་བཞིན་དུ་མཛད། །

ཅེས་བསྔགས་པ་མཛད་པ་ལྟར། མདོ་རྒྱུད་དུ་མ་ནས་ཡང་ཡང་ལུང་བསྟན་པའི་ཤིང་རྟ་ཆེན་པོ་མཁན་ཆེན་ཞི་བ་འཚོའི་དང་པོ་མཁས་པའི་རྣམ་ཐར་ནི། ཇི་སྐད་དུ། སློབ་དཔོན་ཞི་བ་འཚོ་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། འཕགས་པ་ངག་གི་དབང་ཕྱུག་གི་ཞབས་ཀྱི་པདྨོ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པ་ཞེས་གསུངས་པ་ལྟར། མཁན་ཆེན་ཞི་བ་མཚོ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་མངའ་བ་སྟེ། མཁས་བཙུན་བཟང་གསུམ་གྱི་དོན་ཡང་། རྟ་ཚག་ཡེ་ཤེས་བློ་བཟང་བསྟན་པའི་མགོན་པོས་ (1760-1810) མཛད་པའི་ཀློང་རྡོལ་བླ་མ་ངག་དབང་བློ་བཟང་དཔལ་བཟང་པོའི་རྣམ་ཐར་ལས[2]། མཁས་པ་ནི་སྡེ་སྣོད་གསུམ་གྱི་ཚིག་དོན་ལ་མཁས་པ་ལ་བྱེད། བཙུན་པ་ནི་སྡོམ་གསུམ་གྱི་བཅས་མཚམས་རྣམས་མིག་འབྲས་བཞིན་སྲུང་ཞིང་བརྒྱ་ལམ་ན་ལྟུང་བ་ཕྲ་མོ་རེ་བྱུང་ནའང་དེ་མ་ཐག་ཏུ་ཕྱིར་བཅོས་ཀྱིས་དག་པར་བྱས་ནས་རང་རྒྱུད་སྡིག་ལྟུང་གིས་མ་གོས་པ་ལ་བྱེད། བཟང་བའི་དོན་བདག་པས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཐུགས་རྒྱུད་ལ་སྐྱེས་པ་ལ་ཟེར། ཞེས་གསུངས་པ་ལྟར་རོ།།

དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཚུལ་ནི། སྔོན་གྱི་ལོ་རྒྱུས་ཁུངས་མ་ལས་[3]འདི་ལྟར་མཐོང་སྟེ། དེའང་སློབ་དཔོན་འདི་ཤར་ཕྱོགས་ཟ་ཧོར་རྒྱལ་པོའི་སྲས་སུ་འཁྲུངས་ནས་ནཱ་ལེནྡྲའི་ཐམས་ཅད་ཡོད་སྨྲའི་སྡེ་པའི་མཁན་པོ་ཡེ་ཤེས་སྙིང་པོ་ལས་རབ་ཏུ་བྱུང་ཞིང་། མཁན་པོ་བོ་དྷི་ས་ཏྭ་ཤཱནྟ་རཀྵི་ཏ་ཞེས་གསོལ། རིག་པའི་གནས་མཐའ་དག་ལ་མཁས་པར་གྱུར་ཏེ། ནཱ་ལེནྡྲའི་མཁན་པོ་མཛད་ཅིང་རྒོལ་བ་ངན་པ་མཐའ་དག་ཚར་བཅད་དེ། མཁས་པའི་གྲགས་པ་སེངྒེའི་སྒྲ་ཆེན་པོས་སའི་སྟེང་ཐམས་ཅད་ཁྱབ་པར་གྱུར་ཏེ། དེའི་ཚེ་ལྷོ་ཕྱོགས་ནས་བྲམ་ཟེ་མུ་སྟེགས་སོགས་ཀྱི་རིག་བྱེད་མཐའ་དག་ལ་མཁས་པ་ཞིག་གིས་ཕྱི་ནང་གཉིས་ཀའི་རྒོལ་བ་རྣམས་ཕམ་པར་བྱས་ཏེ་སུས་ཀྱང་འགྲན་མི་བཟོད་པ་ན། ད་ནི་ནཱ་ལེནྡྲར་སོང་ལ་མཁན་པོ་ཞི་བ་འཚོ་ཕམ་པར་བྱས་ན་ས་སྟེང་ན་འགྲན་པའི་ཟླ་མེད་པར་འགྱུར་རོ་སྙམ་དུ་སེམས་ཤིང་། མཁན་པོའི་བཞུགས་སར་རིམ་གྱིས་འོངས་ཏེ་བལྟས་པས་མཁན་པོ་མི་སྣང་ཞིང་འཇམ་པའི་དབྱངས་ཀྱི་སྐུ་གསེར་བཙོ་མའི་མདོག་ལྟར་འབར་བ་ཞིག་བཞུགས་པར་མཐོང་སྟེ་ཕྱིར་འོངས་ནས་གཞན་ལ་དྲིས་པས་མཁན་པོ་དེ་ཉིད་ན་བཞུགས་ཡོད་ཟེར། སླར་ལོག་ནས་བལྟས་པས་སྔར་གྱི་ས་དེ་ན་མཁན་པོ་བཞུགས་པར་མཐོང་བས། ལྷག་པའི་ལྷ་དངོས་སུ་གྲུབ་པས་སུས་ཀྱང་རྩོད་པས་མི་ཐུབ་པར་ཤེས་ནས་ཤིན་ཏུ་དད་པར་གྱུར་ཏེ་རྩོད་པའི་བསམ་པ་དོར་ནས་གུས་པས་ཞབས་སྤྱི་བོར་བླངས་ཏེ་བསྟན་པའི་སྒོར་ཞུགས་པར་གྱུར་པ་དེ་ལྟ་བུ་ལ་སོགས་མཁན་པོའི་རྣམ་པར་ཐར་པ་འགྲན་པའི་ཟླ་ཐམས་ཅད་དང་བྲལ་ཞིང་། བོད་དུ་བྱོན་པའི་ཚེའང་བཙད་པོ་ལ། གལ་ཏེ་སངས་རྒྱས་པའམ་གཞན་པར་གྱུར་པ་སུ་ཞིག་ལ་འགྲན་ཟླ་ཚོལ་བ་ན། རྫུ་འཕྲུལ་ནི་འཛམ་བུའི་གླིང་ན་པདྨ་སཾ་བྷ་ཝ་ཉིད་ལས་ཆེ་བ་སུ་ཡང་མེད་པས་དེ་དང་འགྲན་དུ་གཞུག་ལ། གཏན་ཚིགས་ནི་བདག་དང་ཤགས་སུ་བཀྱེ་བ་ན་ད་ལྟ་སའི་སྟེང་ན་ཁོ་བོ་ལས་མཁས་པ་མེད་པས་རྒོལ་བ་ཐམས་ཅད་ཚར་བཅད་ནས་སངས་རྒྱས་ཀྱི་བསྟན་པ་ཚུགས་ཤིང་བཙད་པོའི་དགོངས་པ་འགྲུབ་ཅེས་མཁས་པར་བདག་ཉིད་ཀྱིས་ཀྱང་ཞལ་གྱིས་བཞེས་སོ། །དེ་ལྟ་བུའི་སློབ་དཔོན་འདི་ཉིད་ཀྱིས་དབུ་མ་རྣལ་འབྱོར་སྤྱོད་པའི་ཤིང་རྟའི་སྲོལ་ཕྱེས་ཤིང་། པཎྜི་ཏ་ཐམས་ཅད་ཀྱི་ནང་ན་རྒྱལ་མཚན་གྱི་རྩེ་མོའི་ཏོག་ལྟར་གསལ་བར་བླ་ན་འཕགས་པ་ནི་མཁས་པའི་རྣམ་ཐར་མདོར་ཙམ་མོ།།

གཉིས་པ་བཙུན་པའི་རྣམ་ཐར་ནི། འཕགས་ཡུལ་ན་འདུལ་འཛིན་དམ་པ་མང་པོ་གསེར་རིའི་ཕྲེང་བ་ལྟ་བུའི་ནང་ན་འདུལ་བའི་རྣམ་ཐར་གཙང་མ་སྐྱོང་བ་ལ་རི་དབང་ལྟར་མཐོ་ཞིང་སྡོམ་བརྩོན་ཐམས་ཅད་ཀྱི་རྒྱལ་པོའི་ཚུལ་ཁྲིམས་གཙང་བའི་ཚད་དུ་གླེང་བར་གྲགས།

གསུམ་པ་གྲུབ་པའི་ཚུལ་ནི། གཙོ་བོར་འཕགས་པའི་ས་མངོན་སུམ་མཛད་པའི་སྤང་རྟོགས་ལ་འཇོག་དགོས་ཀྱང་། དེ་ཕལ་པའི་སྤྱོད་ཡུལ་དུ་མི་འགྱུར་བས། ཕྱིར་མི་ལྡོག་པའི་བྱང་སེམས་ལུས་ངག་གི་རྟགས་ལས་དཔག་པར་གསུངས་པ་ལྟར། མཁན་ཆེན་ཉིད་འཛམ་གླིང་སྤྱི་དང་ཁྱད་པར་མཐའ་འཁོབ་མུན་པའི་གླིང་གདུལ་བ་དང་། ཐེག་པ་ཆེན་པོའི་བཀའི་དགོངས་པ་ཤིང་རྟ་གཉིས་ཀྱིས་ལེགས་པར་ཕྱེས་ཟིན་ནའང་དེ་དག་དགོངས་པ་གཅིག་ཏུ་སྒྲུབ་པའི་ཤིང་རྟའི་ལམ་སྲོལ་གསུམ་པ་ཕྱེ་བའི་དོན་དུ་བསམ་བཞིན་དུ་སྤྲུལ་ནས་བོད་ཡུལ་གྱི་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་འཁྲུངས་ནས་བཅོམ་ལྡན་འདས་ཀྱི་བསྟན་པ་བྱང་དུ་དར་བར་ལུང་བསྟན་པའི་དུས་ལ་མ་བབ་ཀྱི་བར་དེ་ཉིད་དུ་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་པས་ལོ་དགུ་བརྒྱར་བཞུགས་པར་བཤད་པས་ནང་ཚེ་ལ་དབང་ཐོབ་ཅིང་། བསམ་ཡས་ལ་རབ་གནས་མཛད་པའི་ཚེ་བཙད་པོས་མཁན་པོ་ཉིད་འཇམ་པའི་རྡོ་རྗེར་དངོས་སུ་གཟིགས་ཤིང་། རྟེན་ལྷ་རྣམས་ཡེ་ཤེས་པར་དངོས་སུ་གྱུར་ནས་རྫུ་འཕྲུལ་གྱི་རྣམ་པར་རོལ་པ་ཚད་མེད་པ་མཛད་པ་ཀུན་གྱི་མཐུན་སྣང་དུ་གྱུར་པ་སོགས་ཀྱི་ཕྱི་རོལ་ལ་དབང་ཐོབ་ཅིང་། ཁྱད་པར་སུས་ཀྱང་མ་ཐུལ་བའི་བོད་ཡུལ་འདིར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ལྟར་སྣང་བར་མཛད་ནུས་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་གཞན་ལས་འཕགས་པའི་གྲུབ་པའི་འབྲས་རྟགས་ཡང་དག་གོ།

བཞི་པ། བཟང་པོའི་རྣམ་ཐར་ནི། བསྟན་འགྲོ་ལ་ཕན་པའི་མཛད་པ་བཟང་པོ་སྟེ། དེའང་མཁན་པོ་འདི་རྒྱུ་བྱང་ཆུབ་ཀྱི་ཐུགས་ལེགས་པར་འབྱོངས་པས་བོ་དྷི་ས་ཏྭ་ཞེས་པའི་མཚན་དོན་དང་ལྡན་པར་ཉི་ཟླ་ལྟར་གྲགས་ཤིང་། འཇམ་པའི་དབྱངས་དང་ངོ་བོ་དབྱེར་མེད་པའི་སྡོམ་བརྩོན་ཆེན་པོ་འདི་དགུང་ལོ་བརྒྱ་ཕྲག་དུ་མར་བཞུགས་ནས་ནཱ་ལེནྡྲ་དང་། རྒྱ་གར་ཤར་ཕྱོགས་དང་། རྒྱ་ནག་ལ་སོགས་པར་སངས་རྒྱས་ཀྱི་བསྟན་པ་ལེགས་པར་བསྐྱངས་པར་བཤད་ལ། གཙོ་བོར་ནི་ཚུལ་གཉིས་ཟུང་དུ་འབྲེལ་བའི་ཤིང་རྟའི་ལམ་སྲོལ་དྲི་མ་མེད་པ་ཕྱེ་ཞིང་། དངོས་སྟོབས་ཀྱི་རིགས་པས་ལོག་སྨྲ་ཚར་གཅོད་ཅིང་སྐལ་ལྡན་རྗེས་སུ་གཟུང་བ་འཆད་རྩོད་རྩོམ་གསུམ་དང་། འདུལ་བའི་རྣམ་ཐར་གཙང་མར་སྐྱོང་བ་སྟེ་མཁས་བཙུན་གྱི་ངང་ཚུལ་ཟླ་མེད་པས་བཟང་པོའི་འཕྲིན་ལས་སའི་སྟེང་ཀུན་ཏུ་ཁྱབ་པར་གྱུར་ཅིང་། ཁྱད་པར་དུ་སྔོན་གྱི་སྨོན་ལམ་དང་། རྒྱལ་བ་སྲས་དང་བཅས་པའི་ཐུགས་བསྐྱེད་དུས་སུ་སད་པའི་མཐུ་ལས། སུས་ཀྱང་གདུལ་དཀའ་བ་གངས་ཅན་མུན་པའི་སྨག་རུམ་འདིར་བྱོན་ནས་ལྷ་བཙད་པོ་ཁྲི་སྲོང་ལྡེའུ་བཙན་དང་མཇལ། དེའི་ཚེ་སྔོན་ཉིད་དང་ཆོས་རྒྱལ་ལྷན་ཅིག་ཏུ་སྨོན་ལམ་བཏབ་པའི་ཚུལ་དང་རྒྱལ་པོའི་སྐུ་ཆས་ཀྱི་རྟེན་འབྲེལ་ལ་བརྟགས་ནས་རྒྱལ་རྒྱུད་ཆགས་འཇིག་གི་ལུང་བསྟན་སོགས་མཛད། དགེ་བ་བཅུ་དང་ཁམས་བཅོ་བརྒྱད་རྟེན་འབྲེལ་བཅུ་གཉིས་ཀྱི་ཆོས་བཤད། རེ་ཞིག་ཞི་བས་མི་འདུལ་བའི་ལྷ་འདྲེ་རྣམས་གདུལ་བའི་དོན་དུ་པདྨ་སཾ་བྷ་ཝ་སྤྱན་དྲོངས་ཤིག་པར་ལུང་བསྟན་གནང་། མཁན་སློབ་ལྷན་ཅིག་ཏུ་བསམ་ཡས་ལ་ས་དཔྱད་མཛད་ནས་ཕྱི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས་པའི་རབ་གནས་སོགས་མཛད། ཕྱི་ལོ་ ༧༧༩ ལོར་སད་མི་མི་བདུན་རབ་ཏུ་ཕྱུང་སྟེ་བསྟན་རྩ་འདུལ་བའི་སྲོལ་བཏོད། ལོ་ཙཱ་བ་རྣམས་ལ་སྐད་ཀྱི་བསྒྱུར་ཚུལ་དང་ཕྱི་ནང་གི་ཆོས་མ་ལུས་པ་བསླབས། བཀའ་དང་དགོངས་པ་འགྲེལ་བའི་བསྟན་བཅོས་ཀྱི་ཚོགས་མ་ལུས་པ་འཆད་ཉན་གྱིས་གཏན་ལ་ཕབ་པས་བོད་ཡུལ་ཆོས་ཀྱི་སྣང་བ་ཆེན་པོས་ཁྱབ་པར་མཛད། བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་བོན་གྱི་ཚོགས་རྣམས་རིགས་པས་ཚར་བཅད་ཅིང་མིང་གི་ལྷག་མ་ཙམ་དུ་མཛད་པས་བསྟན་པ་དྲི་མེད་དུ་གྱུར། འདའ་ཁར་ཡང་སྐུ་གདུང་གི་རྟེན་འབྲེལ་ལས་བོད་ན་རབ་བྱུང་བྱུང་ཚུལ་དང་། ནམ་ཞིག་ལྟ་བ་རྩོད་པ་ཅན་དུ་གྱུར་ཚེ་པཎྜི་ཏ་ལ་ཕྱག་ཡིག་སྩལ་བ་སོགས་དུས་གསུམ་སྒྲིབ་མེད་དུ་མཁྱེན་པའི་ངང་ལས་བོད་ཡུལ་ལ་ཐུགས་བརྩེ་བ་ཆེན་པོ་ལྷག་པར་བསྐྱེད་དེ་བཀའ་དྲིན་བསམ་གྱིས་མི་ཁྱབ་པ་མཛད། སློབ་དཔོན་པདྨའི་ངང་ཚུལ་འདི་མཁན་པོའི་སློབ་མ་ཡིན་ཅིང་། དེ་ཉིད་ཀྱི་ཕྱིར་མཁན་པོའི་དབུ་ཚད་ཀྱི་གཞུང་ལ་འགྲེལ་པར་མཛད།

དེ་ལྟར་མདོར་ན་མཁན་པོ་འདི་ཉིད་ཀྱིས་བོད་ཡུལ་དུ་དང་པོ་བསྟན་པའི་སྲོལ་བཏོད། བར་དུ་དར་ཞིང་རྒྱས་པར་མཛད། ཐ་མར་བསྟན་པ་ཉིད་སྐྱོང་བའི་སྤྲུལ་པ་ཡང་ནས་ཡང་དུ་བསྟན་པ་ནམ་གནས་ཀྱི་བར་དུ་རྒྱུན་མི་ཆད་དེ། ཇོ་བོ་ཆེན་པོས་བོད་དུ་བསྟན་པ་འཛུགས་པའི་མཁན་ཆེན་ཉིད་དང་། མཁན་རྒྱུད་དང་། མ་འོངས་བསྟན་པ་གནས་པ་དེ་སྲིད་དུ་མཁན་རྒྱུད་ལ་སྤྲུལ་པ་བྱོན་པ་དེ་ཀུན་ཇོ་བོ་ཉིད་དང་ངོ་བོ་གཅིག་པར་གསུངས་པ་བཞིན་ནོ།།

དེས་ན་བོད་དུ་བསྟན་པ་གནས་པ་འདི་མཁན་ཆེན་ཉིད་ཀྱི་ཐུགས་བསྐྱེད་དང་སྨོན་ལམ་ཁོ་ནའི་མཐུ་ལས་བྱུང་བར་གོར་མ་ཆག་ཀྱང་། གང་ཟག་སོ་སོའི་སྣང་བ་རང་རང་གི་བླ་མ་རེ་དང་དགོན་སྡེ་རེའི་མཛད་པའི་སྟབས་ཀྱིས་བྱུང་བར་སེམས་པ་ནི། སྐྲ་ལ་གྲི་འཇུ་བ་དང་གོས་ལ་ཚོན་འཛིན་པ་ཚུན་ཆད་སངས་རྒྱས་ཀྱི་འཕྲིན་ལས་ཡིན་མོད་སུས་ཀྱང་མི་ཤེས་པ་དང་འདྲའོ། །དེ་ལྟ་བུའི་ཤིང་རྟ་ཆེན་པོ་འདིའི་ཡོན་ཏན་གྱི་སྙན་པ་དང་། མཛད་པ་བཟང་པོས་སའི་སྟེང་འདི་མ་ལུས་པ་ཁྱབ་ཅིང་ཉི་ཟླ་ལྟར་གྲགས་པ་སྟེ། དེའང་དེང་སང་བོད་ན་སྟེས་དབང་གིས་གྲགས་འུར་ཐོབ་པ་དེ་འདྲ་མིན་པར་འཕགས་ཡུལ་ན་ཕྱི་ནང་གི་པཎྜི་ཏ་དུ་མས་ཡང་དང་ཡང་དུ་བསྲེགས་བཅད་བརྡར་བའི་གསེར་བཞིན་བརྟགས་ནས་ཐེ་ཚོམ་དང་བྲལ་བ་ཞིག་ལ་བླ་མར་འཛིན་པ་ཡིན་ནོ།།

འཕགས་ཡུལ་དུ་དེ་སྐབས་པཎ་གྲུབ་གཅིག་ལས་གཅིག་མཚར་བ་གྲངས་ལས་འདས་པ་བཞུགས་ཀྱང་། དང་པོ་ནས་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་རྣམས་ཀྱིས་རྒྱུས་མེད་ཀྱི་ཡུལ་ནའང་རྒྱུས་ཡོད་བཞིན་དུ་ཐེ་ཚོམ་མེད་པར་མཁན་པོ་འདི་ཉིད་ཁོ་ན་བསྙེགས་ཤིང་སྤྱན་དྲངས་པ་ནི། རྒྱུ་སྐར་གྱི་ཁྲོད་ན་ཟླ་བ་ལྟར་ཕྱོགས་ཀྱི་ཐ་གྲུར་ཁྱབ་པའི་ཤིང་རྟ་ཆེན་པོའི་རྣམ་ཐར་མཚུངས་པ་མེད་པའི་སྙན་གྲགས་ཀྱི་རང་འོད་མ་བསྒྲིབས་པར་གསལ་བའི་མཐུས་ཡིན་ལ། སྤྱིར་བདག་ཅག་གི་སྟོན་པའི་བསྟན་པ་འདི་ལ་བྱ་བ་ཆེར་མཛད་པའི་གཙོ་བོ་ནི། ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་ཡིན་པས་དེ་རྣམས་ཀྱི་རྣམ་འཕྲུལ་རྒྱན་དྲུག་ལ་སོགས་པའི་དམ་པ་མང་ཙམ་ཞིག་བྱོན་པ་ལས། ཤིང་རྟ་ཆེན་པོ་འདི་ནི་རྒྱལ་ཀུན་གྱི་ཐུགས་རྡོ་རྗེ་གསང་ཆེན་བཀའི་སྡུད་པོ་གཅིག་པུར་གྱུར་པ་གསང་བའི་བདག་པོ་ཡིན་པས་འདིའི་རྣམ་ཐར་དང་ཡོན་ཏན་ས་ལ་གནས་པའི་སྤྱོད་ཡུལ་དུའང་མི་འགྱུར་ན་ཕལ་པས་ལྟ་ཅི་སྨོས། འོན་ཀྱང་ཐུན་མོང་གི་སྣང་ངོར་ཡང་འཕགས་བོད་ཀུན་ཏུ་མཛད་པའི་རོལ་མོ་ཆེས་མཚུངས་པ་མེད་པའི་ངོ་མཚར་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་ཞིབ་པར་ཡི་གེ་བཀོད་པ་སོགས་མི་སྣང་ཡང་། འདིར་ནི་ལོ་རྒྱུས་རྙིང་མ་རྣམས་ལས་ཅུང་ཟད་བསྡུས་ཏེ་བསྟན་པ་ནི་མཁན་པོ་དེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པར་བྱ་བའི་ཕྱིར་དུ་ཡིན་ལ། བློ་དང་ལྡན་པ་རྣམས་ཀྱིས་ནི་ལེགས་པར་བཤད་པའི་གསུང་རྣམས་དང་བཀའ་དྲིན་ཚད་མེད་པའི་ཕྱག་རྗེས་ལས་དཔག་ན་སངས་རྒྱས་དངོས་ཀྱི་འདུ་ཤེས་སྐྱེ་བར་འགྱུར་རོ། །མདོར་ན་འཕགས་བོད་གཉིས་ན་ཤིང་རྟ་ཆེན་པོར་རྩོད་མེད་དུ་གྲགས་པའི་སློབ་དཔོན་དེ་ལྟ་བུ་ནི་གཞུང་འདི་མཛད་པ་པོ་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  འཇིགས་མེད་བསྟན་པའི་ཉི་མའི་གསུང་འབུམ། ༼ཀ༽ བསྟོད་ཚོགས། དཔེ་གཟུགས། ཤོག་གྲངས་ ༣༩བ༤

[2]  ཀློང་རྡོལ་བླ་མའི་རྣམ་ཐར། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༦ ལོ། ཤོག་གྲངས་ ༢༦༨

[3]  མི་ཕམ་གསུང་འབུམ་གཅེས་བཏུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༣༨

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ག༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༣ ནས་ ༢༠༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *