༥༠༽ པཎྜི་ཏ་པྲ་མ་མི་ཏྲ་སོགས་ཀྱི་རྣམ་ཐར།

༥༠༽ པཎྜི་ཏ་པྲ་མ་མི་ཏྲ་སོགས་ཀྱི་རྣམ་ཐར།

 

གཞན་ཡང་གཤམ་དུ་བཀོད་པའི་རྒྱ་གར་སྲིད་འཛིན་ (Dr. Rajendra Prasad) མཆོག་གི་གསུང་བཤད་ལས[1]། འདི་ནང་གི་དགེ་འདུན་ཚང་མ་ཐེག་པ་ཆེན་པོའི་ཆོས་འབའ་ཞིག་ཉམས་སུ་བླངས་ཏེ་ཁྱད་པར་འདིའི་ནང་གི་སློབ་གཉེར་བ་མཐའ་དག་རིག་པའི་གནས་ལྔ་ལའང་སྦྱངས་པ་བསྟེན་དགོས་ཤིང་། དེ་སྐབས་ཨ་ཙརྱ་ཤཱི་ལ་བྷ་དྲ་ཞེས་པ་འདིའི་ནང་གི་མཁན་པོའི་གཙོ་བོ་ཞིག་རེད།

རྒྱ་ནག་གི་ཡུ་ཝན་ཅངྒ་ནས་ཀྱང་བཤེས་གཉེན་ཁོང་ལ་བསྟེན་ཅིང་རིག་པའི་གནས་ལྔ་དཔྱིས་ཕྱིན་པ་བྱུང་བ་རེད། ཨ་ཙརྱ་ཤཱི་ལ་བྷ་དྲའི་སྔོན་དུ་འདི་གའི་གཙོ་བོ་དྷརྨ་པཱ་ལ་ཞེས་པ་རེད། རྒྱ་ནག་ཡུ་ཝན་ཅང་གི་དུས་སུ་ཨ་ཙརྱ་ཤཱི་ལ་བྷ་དྲ་དང་། པྲ་མ་མི་ཏྲ་དང་། སྠི་ར་མ་ཏི་དང་། གུ་ཎ་མ་ཏི་ལ་སོགས་པ་འདི་གའི་མཁན་པོའི་གཙོ་བོ་ཡིན་འདུག །ཅེས་གསུངས་པ་ལྟར། འཕགས་པ་སངས་རྒྱས་ཀྱི་སའི་རྣམ་པར་བཤད་པ་མཛད་པ་པོ་སློབ་དཔོན་ཤཱི་ལ་བྷ་དྲ་སྟེ་ (Silabhadra) ངང་ཚུལ་བཟང་པོ་དང་། པྲ་མ་མི་ཏྲ། སྠི་ར་མ་ཏི་སྟེ་བློ་གྲོས་བརྟན་པ། དེ་བཞིན་རྣམ་པར་བཤད་པ་རིགས་པའི་བཤད་པ་དང་། རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་དང་རྣམ་པར་དབྱེ་བ་བསྟན་པའི་རྒྱ་ཆེར་བཤད་པ་གཉིས་མཛད་པ་པོ་སློབ་དཔོན་གུ་ཎ་མ་ཏི་སྟེ་ (Gunamati) ཡོན་ཏན་བློ་གྲོས་བཅས་ལྔ་པོ་རྣམས་ཀྱང་ནཱ་ལེནྡྲའི་མཁན་པོ་ཡིན་པར་གསུངས། འོན་ཀྱང་པྲ་མ་མི་ཏྲའི་རྣམ་ཐར་དང་འབྲེལ་བའི་དཔྱད་གཞིའི་ཡིག་ཆ་ལག་ཏུ་མ་སོན་པས་མ་འོངས་པར་ཞིབ་ཏུ་དཔྱད་དགོས་པར་སྣང་ངོ་།།

དེ་ལྟར་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་རབས་ ༥༩ བྱུང་ཞིང་། པཎ་གྲུབ་བཅུ་བདུན་གྱི་ཁྲོད་ནས་ནཱ་ལེནྡྲའི་མཁན་པོའི་མཛད་ཁུར་བཞེས་མྱོང་བ་མགོན་པོ་ཀླུ་སྒྲུབ་ཡབ་སྲས་གཉིས་དང་། ཐོགས་མེད་སྐུ་མཆེད་གཉིས། རིགས་པའི་དབང་ཕྱུག་ཕྱོགས་གླང་ཆོས་གྲགས་རྣམ་གཉིས་བཅས་རྒྱན་དྲུག་དང་། གཞན་ཡང་དཔལ་ལྡན་ཟླ་བ་གྲགས་པ་དང་། མཁན་ཆེན་བཞི་བ་འཚོ། ཇོ་བོ་ལྷ་གཅིག་དཱི་པཾ་ཀ་ར་བཅས་དགུ་བྱོན་པ་རྣམས་ཀྱི་རྣམ་ཐར་ཟུར་དུ་ཞིབ་རྒྱས་སུ་བཀོད་ཡོད་ལ། དེ་འཕྲོས་མཁན་རབས་རྣམས་ཀྱི་རྣམ་ཐར་ཡང་ཞིབ་འབྲི་དགོས་པ་ལྟ་བུར་སྣང་ཡང་། གཅིག་ནས་མཁན་རབས་རྣམས་ཀྱི་རྣམ་ཐར་གྱི་དཔྱད་གཞིའི་ཡིག་ཆ་ལག་སོན་དཀའ་བ་དང་། གཉིས་ནས་དུས་ཚོད་དཀོན་པ། གསུམ་ནས་ཡིག་ཚོགས་ལ་འཇིགས་ཏེ་སྙིང་བསྡུས་རེ་སྐབས་འདིར་མཚམས་སྦྱོར་ཞུས་པ་འདི་གས་འཐུས་པར་བྱས་ཤིང་། པཎ་གྲུབ་འགའ་ཞིག་ལ་རྣམ་ཐར་གྱི་དཔྱད་གཞི་གཏན་ནས་མ་ཐོབ་པས་བྱ་ཐབས་ཟད་ལ། རྒྱའི་ཐང་སན་བླ་མ་དང་། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་རྩ་མི་སངས་རྒྱས་གྲགས། བལ་པོའི་པཎྜི་ཏ་མན་ཛ་གླིང་པ་གསུམ་མཁན་རབས་ཀྱི་བར་མཚམས་གང་དུ་ཡིན་མིན་གསལ་ཁ་མ་བྱུང་བས་རྒྱ་གར་གྱི་པཎ་གྲུབ་རྣམས་དཀྱུས་གཅིག་ཏུ་བཀོད་དེ། མཇུག་མཐར་རྒྱ་བོད་བལ་གསུམ་ནས་མཁན་པོ་རེ་བྱོན་པ་རྣམས་ཀྱི་རྣམ་ཐར་བཀོད་པའོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ལྕགས་ཡོས་ཧོར་ཟླ་ ༡༠ ཚེས་ ༣ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༡༢ ཚེས་ ༡ འདས་ལོ་ ༡༩༥༡ ཤོག་ངོས་ ༣ དང་། ལྕགས་ཡོས་ཧོར་ཟླ་ ༡༢ ཚེས་ ༦ བོད་རབ་ལོ་ ༩༢༥ ཡུལ་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་། སྤྱི་ཟླ་ ༢ ཚེས་ ༡ འདས་ལོ་ ༡༩༥༢ ཤོག་ངོས་ ༢

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༥༠ ནས་ ༣༥༡ བར་གསལ་བ་ལས་བཏུས།

 

Leave a Reply

Your email address will not be published. Required fields are marked *