ཟ༽ ཟླ་གྲགས་ཀྱི་གསུང་ལ་བསྔགས་པ་མཛད་ཚུལ།
རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་ (1349-1412) ཀྱིས་མཛད་པའི་བསྟོད་ཚོགས་ལས[1]།
དེ་ཡི་གཞུང་ལུགས་རབ་དཀར་ཀུན་དའི་ཚལ། །གང་གི་བློ་གྲོས་ཟེར་གྱིས་རྣམ་འབྱེད་ཅིང་། །
ཐུབ་བསྟན་གླིང་བཞི་གསལ་བའི་འོད་དཀར་ཅན། །དཔལ་ལྡན་ཟླ་བའི་ཞབས་ལ་གུས་ཕྱག་འཚལ། །
ཞེས་བསྟོད་ཕྱག་མཛད་ཡུལ་གྱི་དཔལ་ལྡན་ཟླ་བ་གྲགས་པའི་གཞུང་ལུགས་ལ་རྗེ་བདག་ཉིད་ཆེན་པོས་བསྔགས་པ་མཛད་ཚུལ་ནི། མདོ་སྔགས་བསྟན་པའི་བདག་པོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ (1385-1438) མཆོག་གིས་མཛད་པའི་རྗེའི་རྣམ་ཐར་རིན་པོ་ཆེའི་སྙེ་མ་ལས[2]། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ཀྱི་དབུ་མ་དང་གསང་བ་འདུས་པ་ལ་ཤེས་འདོད་ཤིན་ཏུ་ཆེ་བར་ཡོད་པས་རྩད་གཅོད་པའི་བླ་མ་བོད་ན་སུ་དྲག་ཞུས་པ་ལ། རེད་མདའ་བ་ལས་དྲག་པ་མེད། འོན་ཀྱང་ཁྱོད་ལ་མཐའ་མ་ལུས་པར་ཆོད་པའི་གོ་བ་རྫོགས་པར་བསྐྱེད་མི་ཐུབ། དབུ་མ་པས་ལོ་ཙྪ་བྱས་ནས། ངས་ཁྱོད་ལ་བཤད་ན་དེ་ཀ་དྲག་པར་འོང་ནའང་། ཁོ་ཡང་མྱུར་དུ་མདོ་ཁམས་ལ་འགྲོ་དགོས་པར་སྣང་། དེས་ན་ད་ལྟ་ནས་བཤད་པ་མ་བྱེད་པར་བྱ་བྲལ་གྱིས་ལ་དབེན་པ་བསྟེན། གོང་དུ་བཤད་པ་ལྟར་སུམ་སྒྲིལ་དུ་ཉམས་སུ་ལེན་པ་དང་། དམིགས་རྣམ་སྐྱོང་བ་སོགས་ལ་ལེགས་པར་འབོད་དང་། རིང་པོ་མི་ཐོགས་པར་དེ་རྣམས་ཀྱི་དོན་རྙེད་པར་འགྱུར་རོ་ཞེས་གསུངས་སོ།།
གཞན་ཡང་ཆོས་ཀྱི་གནད་དང་གཞུང་གང་ལ་བརྟེན་ནས་ཚོལ་བ་སོགས་གསུངས་པ་ལ། རྒྱ་གར་གྱི་པཎྜི་ཏ་མཁས་པ་རྣམས་ལའང་འགའ་ཞིག་གི་གཞུང་ལ་འཁྲུལ་མེད་རང་འབའ་ཞིག་ཏུ་གཟུང་མི་ཉན་པའི་དམིགས་བསལ་རེ་ཙམ་ཡང་བྱུང་བས། འོ་ན་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ལ་སློབ་དཔོན་ཟླ་བ་གྲགས་པ་འཁྲུལ་མེད་རང་འབའ་ཞིག་ཏུ་བཟུངས་པས་ཨེ་ཆོག་ཞུས་པས། ཟླ་བ་གྲགས་པ་ནི་སྟེང་ཕྱོགས་འཇིག་རྟེན་གྱི་ཁམས་ཀྱི་ཞིང་ཞིག་གི་དེ་བཞིན་གཤེགས་པ་ཞིག་གི་ཞབས་དྲུང་ནས་བྱང་ཆུབ་སེམས་དཔའ་རྣམ་དཔྱོད་དང་སྙིང་སྟོབས་མཆོག་ཏུ་གྱུར་པ་ཞིག་ཞིང་འདིར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས། བསྟན་པའི་སྙིང་པོ་གསལ་བར་བྱ་བའི་སླད་དུ་བསམ་བཞིན་དུ་སྐྱེ་བ་བཟུངས་པ་ཡིན་པས། འདི་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་འགྲེལ་པ་ལ་སྔགས་མཚན་ཉིད་གང་གི་སྐབས་སུའང་འཁྲུལ་བ་ཕྲ་མོ་ཙམ་ཡང་མེད་པས། འདི་ལ་རྣམ་པ་ཐམས་ཅད་དུ་ཡིད་ཆེས་ཀྱི་གནས་འབའ་ཞིག་ཏུ་ངེས་པར་བཟུང་དགོས་པ་ཡིན་ནོ། །ཞེས་གསུང་ངོ་། །ཞེས་དབུ་མའི་སྤྱི་དོན་ཟབ་དོན་གསལ་བྱེད་འཕྲུལ་གྱི་མེ་ལོང་དུ་གསལ་བ་ལྟར་རོ།།
དེ་བཞིན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་(1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[3]། ལས་ཆེན་ཀུན་དགའ་རྒྱལ་མཚན་གྱིས་མཛད་པའི་རྣམ་ཐར་ལས། དགུང་ལོ་སོ་དྲུག་བཞེས་པ་ཆུ་ཕོ་སྤྲེའུའི་ལོའི་སྟོན། བླ་མ་དབུ་མ་བ་དང་རྗེ་འདི་ལྷན་ཅིག་ཏུ་ཡུལ་དབུས་ཀྱི་དགའ་བ་གདོང་དུ་ཕེབས་ནས་སྐུ་མཚམས་ལེགས་པར་བཅད་ནས་འཇམ་པའི་དབྱངས་ཀྱི་ཆོས་སྐོར་མང་དུ་གསན། དེའི་ཚེ་བླ་མ་དབུ་མ་བས་ལོ་ཙཱ་མཛད་དེ་རྗེ་བཙུན་ལ་དབུ་མའི་ལྟ་བ་དང་། སྔགས་མཚན་ཉིད་ཀྱི་ཁྱད་པར། སྔགས་བླ་མེད་ཀྱི་ལམ་གྱི་དཀའ་གནད། རིམ་པ་ལྔའི་གོ་རིམ་གྲངས་ངེས་སོགས་མཐའ་ཡས་པ་ཞིག་དྲི་བ་མཛད། ལྷག་པར་རྗེ་འདིའི་ཐུགས་ལ་ཁས་ལེན་ཅི་ཡང་མེད་ཅིང་རང་ལུགས་ལ་ཆོས་གང་ཡང་གཞག་པ་མེད་པར་གཞན་ངོ་འབའ་ཞིག་ལ་སྐྱེལ་བའི་དབུ་མའི་ལྟ་བ་དེ་ཅུང་བདེ་བར་ཡོད་པས། རྗེ་བཙུན་ལ་ངེད་ཀྱི་དབུ་མའི་ལྟ་བ་འདི་ལྟ་བ་རྣམ་དག་ཨེ་ཡིན་ཞུས་པས་མིན་ཏེ། ཁྱོད་རང་གི་ངོས་ནས་སྟོང་ཕྱོགས་ལ་ངེས་པ་འདུག་གི་སྣང་ཕྱོགས་ལ་མི་འདུག་པའི་ཕྱིར་རོ་གསུངས། དབུ་མ་ཐལ་རང་གི་ཁྱད་པར་གང་ལགས་ཞུས་པས། སྣང་བ་ཙམ་གྱི་མངོན་ཞེན་ལྡོག་མི་ལྡོག་ལྟོས་དང་གསུངས། གཞུང་ལུགས་གང་ལ་སྦྱངས་ན་དགའ་ཞུས་པས། སྤྱིར་རྒྱལ་བའི་བཀའ་ལ་བཟང་ངན་མེད་ནའང་ཁྱོད་རང་གི་ལས་འབྲེལ་དབུ་མ་ལ་ཡོད་པས་དེ་ལ་སྦྱོངས་གསུངས། སྔགས་ཀྱི་རྒྱུད་སྡེ་གང་ལ་སྦྱངས་ན་ལེགས་ཞུས་པས། སློབ་དཔོན་ཟླ་བ་གྲགས་པའི་འགྲེལ་བ་ཡོད་པའི་གཞུང་གཅིག་ལ་སྦྱོངས་གསུངས། སློབ་དཔོན་ཟླ་བ་གྲགས་པ་ལ་གནས་སྐབས་ཐམས་ཅད་དུ་ཚད་མར་བཟུང་བས་ཆོག་གམ་ཞུས་པས། བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་འཁྲུལ་བ་ག་ལ་མངའ་ཞེས་གསུངས། ཞེས་འབྱུང་ངོ༌།།
དེ་བཞིན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[4]། གནས་གསུམ་གཞལ་བྱའི་རི་དྭགས་མཚན་མས་སྤྲས། །བློ་གསལ་ཀུན་དའི་སྐྱེད་ཚལ་རྒོད་པའི་གཉེན། །དྲི་མེད་ཆུ་ཤེལ་དབང་པོར་གསོལ་བ་འདེབས། །བློ་གྲོས་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས། །མདོ་རྒྱུད་གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །མཐར་འཛིན་མུན་པ་སེལ་བའི་འོད་དཀར་ཅན། །དཔལ་ལྡན་ཟླ་བའི་ཞབས་ལ་གསོལ་བ་འདེབས། །འཇམ་དཔའི་དབྱངས་ཀྱིས་འཇམ་མགོན་བླ་མ་ལ། །སྟེང་ཕྱོགས་འཇིག་རྟེན་དེ་བཞིན་གཤེགས་དྲུང་ནས། །རྣམ་དཔྱོད་སྙིང་སྟོབས་ཕུལ་བྱུང་སེམས་དཔའ་ཞིག །ཀླུ་སྒྲུབ་ལུགས་བཟང་སྙིང་པོ་སྤེལ་ཕྱིར་བྱོན། །སྔགས་དང་མཚན་ཉིད་གང་གི་སྐབས་སུ་ཡང་། །འཁྲུལ་བ་ཕྲ་མོ་ཙམ་ཡང་མེད་པས་ན། །ཀུན་ཏུ་ཡིད་ཆེས་གནས་སུ་གཟུང་དགོས་ཞེས། །དངོས་སུ་ཞལ་འདོམས་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། ཡོངས་འཛིན་ཁྲི་བྱང་རྡོ་རྗེ་འཆང་ (1901-1981) མཆོག་གིས་མཛད་པའི་ལམ་རིམ་རྣམ་གྲོལ་ལག་བཅངས་ལས[5]། རྗེ་འདིས་འཕགས་ཡུལ་གྱི་བསྟན་བཅོས་ཡིན་ཟེར་ཚད་ནང་ནས་ལྟ་བ་གཏན་ལ་འབེབས་པའི་གཞུང་གཞན་ཕལ་ཆེར་ལ་ཚད་མར་མི་མཛད་པར། རྗེ་རང་གི་ཡི་དམ་འཇམ་པའི་དབྱངས་ལ་བཀའ་འདྲི་ཞུས་པ་ན། འཇམ་དཔལ་གྱིས་རྗེ་བླ་མར། ཟླ་བ་གྲགས་པ་ནི་སངས་རྒྱས་ཀྱི་ཞིང་ཁམས་ཤིག་ནས་ས་མཐོན་པོའི་བྱང་ཆུབ་སེམས་དཔའ་རྣམ་དཔྱོད་སྙིང་སྟོབས་ཅན་ཞིག་མགོན་པོ་ཀླུ་སྒྲུབ་ཀྱི་ཟབ་མོ་ལྟ་བའི་བསྟན་པ་སྤེལ་ཕྱིར་བསམ་བཞིན་བྱོན་པ་ཡིན་པས་དེའི་གཞུང་ལ་ནོར་འཁྲུལ་མེད་ཚུལ་གསུངས་པ་བཞིན། ཟླ་གྲགས་ཀྱི་གཞུང་ལུགས་དང༌། བླ་མ་འཇམ་པའི་དབྱངས་ལ་ཚད་མར་མཛད་པ་ཡིན། ཞེས་གསུངས་སོ།།
དེ་བཞིན་པཎ་ཆེན་བློ་བཟང་ཆོས་རྒྱལ་ (1570-1662) གྱིས་མཛད་པའི་གསུང་རྩོམ་ཐོར་བུ་བ་ཕྱོགས་གཅིག་ཏུ་བསྡེབས་པ་ལས[6]།
སངས་རྒྱས་གཉིས་པའི་གཞུང་ལུགས་ཀུནྡའི་ཚལ། །གསལ་མཛད་འཕགས་ཡུལ་མཁས་གྲུབ་ཀུན་གྱི་གཙོ། །
སྨྲ་བའི་ཟླ་བ་གྲགས་པའི་འོད་དཀར་ཅན། །འགྲོ་བའི་གདུང་བ་སེལ་ལ་ཕྱག་འཚལ་ལོ། །[7]
ཞེས་བསྟོད་ཕྱག་མཛད་པ་ལྟར། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས་[8]ཀྱང་། འོ་ན་སློབ་དཔོན་དེ་དག་སུ་ཡི་རྗེས་སུ་འབྲངས་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་འཚོལ་སྙམ་ན། ཇོ་བོ་ཆེན་པོ་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ལ་གཙོ་བོར་མཛད་པར་སྣང་བའི་རྗེས་སུ་འབྲངས་ནས་གདམས་ངག་འདིའི་བླ་མ་གོང་མ་ཆེན་པོ་རྣམས་ཀྱང་ལུགས་དེ་ལ་གཙོ་བོར་འཛིན་པ་ཡིན་ནོ།།
སློབ་དཔོན་ཟླ་བ་གྲགས་པས་ནི། རྩ་ཤེའི་འགྲེལ་བྱེད་རྣམས་ཀྱི་ནང་ནས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འཕགས་པའི་དགོངས་པ་ཡོངས་སུ་རྫོགས་པར་བཀྲལ་བར་གཟིགས་ནས། ལུགས་དེ་གཞིར་འཇོག་ཅིང་། སློབ་དཔོན་ལེགས་ལྡན་འབྱེད་ཀྱིའང་ལེགས་བཤད་མང་པོ་ཞིག་བླངས་ལ་ཅུང་ཟད་མི་འཐད་པར་སྣང་བ་རྣམས་སུན་ཕྱུང་ནས། འཕགས་པའི་དགོངས་པ་འགྲེལ་བར་མཛད་དོ། །སློབ་དཔོན་འདི་གཉིས་ཀྱི་འགྲེལ་པ་རྣམས་ནི་འཕགས་པ་ཡབ་སྲས་ཀྱི་གཞུང་འཆད་པ་ལ་ཆེས་ཕུལ་དུ་བྱུང་བར་མཐོང་བས་ན། འདིར་ནི་སློབ་དཔོན་སངས་རྒྱས་བསྐྱངས་དང་། དཔལ་ལྡན་ཟླ་བ་གྲགས་པའི་རྗེས་སུ་འབྲངས་ནས་འཕགས་པའི་དགོངས་པ་གཏན་ལ་དབབ་པར་བྱའོ། །ཞེས་གསུངས་སོ།།
རྗེ་བཙུན་ཙོང་ཁ་པ་ཆེན་པོས་ (1357-1419) ཤིང་རྟ་ཆེན་པོ་གང་གི་རྗེས་སུ་འབྲངས་པ་ནི། རྗེ་ཉིད་ཀྱིས་མཛད་པའི་རྟེན་འབྲེལ་བསྟོད་པ་ལས་[9]ཀྱང་།
ཁྱོད་ཀྱི་བླ་མེད་ཐེག་པའི་ཚུལ། །ཡོད་དང་མེད་པའི་མཐའ་སྤངས་ཏེ། །
ཇི་བཞིན་འགྲེལ་པར་ལུང་བསྟན་པ། །ཀླུ་སྒྲུབ་གཞུང་ལུགས་ཀུནྡའི་ཚལ། །
དྲི་མེད་མཁྱེན་པའི་དཀྱིལ་འཁོར་རྒྱས། །གསུང་རབ་མཁའ་ལ་ཐོགས་མེད་རྒྱུ། །
མཐར་འཛིན་སྙིང་གི་མུན་པ་སེལ། །ལོག་སྨྲའི་རྒྱུ་སྐར་ཟིལ་གནོན་པ། །
དཔལ་ལྡན་ཟླ་བའི་ལེགས་བཤད་ཀྱི། །འོད་དཀར་འཕྲེང་བས་གསལ་བྱས་པ། །
བླ་མའི་དྲིན་གྱིས་མཐོང་བའི་ཚེ། །བདག་གི་ཡིད་ཀྱིས་ངལ་གསོ་ཐོབ། །
ཅེས་གསུངས་པ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། དཔལ་ལྡན་ཟླ་བའི་ལུགས་སྲོལ་ཉིད་མཆོག་ཏུ་གཟིགས་ཤིང་། དེ་ཉིད་ཀྱིས་སྐལ་བ་དང་ལྡན་པ་རྣམས་ལ་ཕྱིན་ཅི་མ་ལོག་པའི་ལམ་གསལ་བར་མཛད་དོ།།
གཞན་ཡང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས[10]། སྤྱིར་སེམས་ཅན་གྱི་རིགས་ནི་ཤེས་བྱའི་གནས་ཚུལ་དང་འཇིག་རྟེན་ཕྱི་མ་ཕན་ཆད་ཀྱི་ངང་ཚུལ་ལ་རྟོག་དཔྱོད་གང་ཡང་མི་འཇུག་པར་ཚེ་འདིའི་བདེ་སྡུག་གི་བླང་དོར་ཙམ་དོན་དུ་གཉེར་བ་ནི་ངན་སོང་གི་འགྲོ་བ་གསུམ་དང་ལྷ་མི་ཕལ་ཆེ་བ་ཡིན་ལ། དེ་དག་འབུམ་ཕྲག་ཙམ་གྱི་ནང་ན་དེ་དག་ལ་རྟོག་ཅིང་གྲུབ་མཐའ་ལ་ཞུགས་པ་ནི་རེ་རེ་ཙམ་དུ་ཟད་དོ། །དེ་དག་ཀྱང་འོག་མ་འོག་མ་ནི་ཆེས་མང་ལ། གོང་མ་གོང་མ་ནི་ཆེས་ཉུང་སྟེ། ཇོ་བོ་ཆེན་པོས། དེང་སང་རྒྱ་གར་ན་མུ་སྟེགས་ཀྱི་གྲུབ་མཐའ་ལ་མཁས་པ་བརྒྱ་བརྒྱའི་ཚེ་ཆ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ཤེས་པ་རེ་རེ། དེ་བརྒྱ་བརྒྱ་ན་མདོ་སྡེ་པ་རེ་རེ། དེ་བརྒྱ་བརྒྱ་ན་སེམས་ཙམ་རྣམ་བདེན་པ་རེ་རེ། དེ་བརྒྱ་བརྒྱ་ན་རྣམ་རྫུན་པ་རེ་རེ། དེ་བརྒྱ་བརྒྱ་ན་དབུ་མ་རང་རྒྱུད་པ་རེ་རེ། དེ་བརྒྱ་བརྒྱ་ན་ཟླ་བ་གྲགས་པའི་ལུགས་ཤེས་པ་རེ་རེ་ཙམ་ལས་མེད། ཅེས་ཆེས་ཆེར་བསྔགས་པ་མཛད་དོ། །དེ་བཞིན་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[11]། མཉམ་མེད་ཇོ་བོ་ཆེན་པོ་འདི་ནི་ལྟ་བ་དབུ་མ་ཐལ་འགྱུར་བའི་ལུགས་ལ་གཙོ་བོར་མཛད་དེ།
སྟོང་ཉིད་གང་གིས་རྟོགས་ཤེ་ན། །དེ་བཞིན་གཤེགས་པས་ལུང་བསྟན་ཅིང༌། །
ཆོས་ཉིད་བདེན་པ་གཟིགས་པ་ཡི། །ཀླུ་སྒྲུབ་སློབ་མ་ཟླ་གྲགས་ཡིན། །
དེ་ལས་བརྒྱུད་པའི་མན་ངག་གིས། །ཆོས་ཉིད་བདེན་པ་རྟོགས་པར་འགྱུར། །
ཞེས་ཟླ་བ་གྲགས་པའི་ལུགས་གཙོ་བོར་མཛད་དོ། །ཇོ་བོ་རྗེ་བོད་དུ་ཕེབས་ནས་བོད་སྟོན་རྣམས་ཀྱིས་རང་རང་གི་ལྟ་བའི་རྟོགས་པ་ཕུལ་བ་ལ་ཇོ་བོ་ཐུགས་མ་དགྱེས་ནས་ལྟ་བ་ཇི་ལྟར་བྱུང་ཡང་རུང༌། བྱང་ཆུབ་ཀྱི་སེམས་སྒོམས་ཤིག་བྱ་བ་གསུངས་སྐད། ཕྱིས་སུ་འབྲོམ་སྟོན་པས་སློབ་དཔོན་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས་ཇོ་བོ་ཐུགས་དགྱེས་ནས་ཕྱག་ཐུགས་ཀར་ཐལ་མོ་སྦྱར། ངོ་མཚར་ཆེ། ད་ལྟ་རྒྱ་གར་ཤར་ཕྱོགས་ན་ལྟ་བ་འདི་ཁོ་ན་འཛིན་ཞེས་གསུངས་སོ། །དེ་ལྟར་ན་ཇོ་བོ་ཆེན་པོ་ལས་བརྒྱུད་པའི་བཀའ་གདམས་པ་ཞེས་རྣམ་ཐར་གཙང་མའི་མཐར་ཐུག་པ་རྣམས་ཀྱི་ནང་ནས་དགེ་བའི་བཤེས་གཉེན་པོ་ཏོ་བ་སོགས་སྐུ་མཆེད་གསུམ་དུ་གྲགས་པ་རྣམས་ཀྱི་ལམ་རིམ་དང་གསུང་སྒྲོས་སུ་དབུ་མའི་ལྟ་བ་ཟླ་གྲགས་ལུགས་དང་མཐུན་ཤས་ཆེ་བར་བྱུང་ངོ༌།།
རྔོག་ལོ་ཆེན་པོ་ཡབ་སྲས་ནི་ལེགས་ལྡན་འབྱེད་དང་ཟླ་བའི་ཞབས་སོགས་ཀྱི་གཞུང་ཁུངས་སུ་དྲངས་པ་མང་དུ་སྣང་ནའང་ལྟ་བ་སྐྱོང་ཚུལ་ཞི་འཚོ་ཡབ་སྲས་དང་མཐུན་ཤས་ཆེ་བར་སྣང་ངོ༌། །གསེར་གླིང་པ་ལས་བརྒྱུད་པའི་བློ་སྦྱོང་འགའ་ཞིག་གི་ལྟ་བའི་འགྲོས་ནི་སེམས་ཙམ་རྣམ་རྫུན་པའི་ལུགས་དང་མཐུན་པར་སྣང་ངོ༌། །འོན་ཀྱང་རྗེས་འབྲང་ཕལ་མོ་ཆེས་རྒྱ་གཞུང་དེ་དག་གི་དོན་མ་འདྲེས་པར་འཆད་ཤེས་པ་དཀོན་པར་བྱུང་འདུག་གོ །ཞེས་ཀྱང་བྱུང་ངོ་།།
དེ་བཞིན་མཆིམས་ནམ་མཁའ་གྲགས་ (1210-1285) ཀྱིས་མཛད་པའི་ཇོ་བོའི་རྣམ་ཐར་ལས[12]། དགེ་བཤེས་སྟོན་པས་ཇོ་བོ་ལ་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས་ཇོ་བོ་ཕྱག་ཐལ་མོ་ཤར་ཕྱོགས་སུ་སྦྱར་ནས། རྒྱ་གར་ཤར་ཕྱོགས་ན་ལྟ་བ་འདི་ཁོ་ན་འཛིན། ཁྱོད་ལྟ་བུའི་སེམས་ཅན་ཆེན་པོ་བོད་ན་ཡོད་པ་བོད་བསོད་ནམས་མི་ཆུང་། ཁོ་བོ་མི་དགོས་པར་འདུག་པ་ལ་གསུངས་ནས་གདམས་པ་ཤས་གཅིག་གནང་། ཞེས་ཀྱང་བྱུང་ངོ་།།
ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[13]། གཞན་ཡང་སྔོན་གྱི་དུས་སུ་ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་ཀྱིས་ཀྱང་ཁ་ཆེའི་ཡུལ་དུ་ལོ་ཉི་ཤུ་རྩ་གསུམ་སྦྱངས་ཏེ་པཎྜི་ཏ་གསེར་གྱི་གོ་ཆ་ཞེས་བྱ་བ་སྤྱན་དྲངས། དབུ་མའི་བསྟན་བཅོས་མང་དུ་བསྒྱུར་ཅིང་འཆད་ཉན་མཛད། པ་ཚབ་བུ་བཞིར་གྲགས་པ་སོགས་སློབ་མ་མང་དུ་བྱོན། བོད་དུ་སློབ་དཔོན་ཟླ་བ་གྲགས་པའི་ལུགས་ཀྱི་དབུ་མའི་བཤད་པ་ནི་འདི་ལས་མང་དུ་འཕེལ་སྣང་ངོ༌། །ཞེས་ཀྱང་གསུངས་སོ།།
དེ་བཞིན་མཁས་དབང་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ཀྱིས་བརྩམས་པའི་དེབ་སྔོན་གསར་མ་ལས[14]། དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དཔལ་ལྡན་ཟླ་བ་གྲགས་པས་ (Candrakiti c.600-650) མཛད་པའི་རྩ་ཤེའི་འགྲེལ་པ་ཚིག་གསལ་ནི། སྒོ་ཐམས་ཅད་ནས་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་ཡིན་པར་མ་ཟད། རྩ་ཤེའི་འགྲེལ་པའི་ནང་ནས་འདི་ཁོ་ནའི་ལེགས་སྦྱར་ཕྱི་མོ་བཞུགས་པའི་ཆ་ནས་ཀྱང་ཤིན་ཏུ་ནས་གལ་ཆེ་ཞིང་། ནུབ་གླིང་གི་ནང་བསྟན་གྱི་ཤིང་རྟ་ཆེན་པོ་སློབ་དཔོན་པུ་སང་གིས་ཕྱི་ལོ་ ༡༩༠༣ ནས་ ༡༩༡༠ བར་བོད་འགྱུར་དང་གོ་བསྡུར་ཏེ་ལེགས་སྦྱར་ཕྱི་མོ་ལ་ཞུ་ཆེན་གནང་ནས་པར་དུ་བསྐྲུན་རྗེས་དེང་རབས་མཁས་པ་ཁག་གི་རྩ་ཤེའི་ཉམས་ཞིབ་ནི་ཕྱི་མོ་འདི་ཁོ་ན་ལ་བརྟེན་པ་ཡིན་བྱས་ཆོག །མཁས་པ་མང་པོས་བསྒྱུར་བ་དག་གཅིག་ཏུ་བསྡོམས་ན་ཚིག་གསལ་གྱི་འགྱུར་ཆ་ཚང་བཞུགས་འདུག །རང་རྐང་དུ་མཛད་པ་རྩ་ཤེའི་དོན་འགྲེལ་དབུ་མ་ལ་འཇུག་པ་རྩ་འགྲེལ་དང་། ཕུང་པོ་ལྔའི་རབ་བྱེད་དང་། གཞན་འགྲེལ་དུ་མཛད་པ་རིགས་པ་དྲུག་ཅུ་པའི་འགྲེལ་པ་དང་། བཞི་བརྒྱ་པའི་འགྲེལ་པ་དང་། སྟོང་ཉིད་བདུན་ཅུ་པའི་འགྲེལ་པ་བཅས་བཞུགས། དབུ་མ་ལ་འཇུག་པའི་ལེགས་སྦྱར་མ་ཕྱི་བོད་ནས་རྙེད་དེ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཉམས་ཞིབ་པ་ཁོ་བོའི་སློབ་མ་རྒྱ་རིགས་བློ་གྲོས་འོད་ཟེར་གྱིས་ཞུ་ཆེན་གནང་བཞིན་ཡོད་པས་ནམ་ཞིག་པར་སྐྲུན་ཐུབ་པར་དོགས་པ་མི་དགོས།
ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་ཀྱིས་ཁ་ཆེའི་ཡུལ་དུ་ལོ་ཉི་ཤུ་རྩ་གསུམ་གྱི་རིང་སློབ་གཉེར་དང་པཎྜི་ཏ་གསེར་གྱི་གོ་ཆ་ཞེས་པ་སྤྱན་དྲངས་ཏེ་གོང་ཞུས་ཚིག་གསལ། འཇུག་པ་རྩ་འགྲེལ། བཞི་བརྒྱ་པའི་འགྲེལ་པ་སོགས་ཀྱིས་མཚོན་དབུ་མའི་བསྟན་བཅོས་མང་དུ་ཕབ་བསྒྱུར་མཛད་ཅིང་འཆད་ཉན་རྒྱ་ཆེར་མཛད། པ་ཚབ་བུ་ཆེན་བཞིར་གྲགས་པ་སོགས་སློབ་མ་མང་དུ་བྱོན། དེའི་རྗེས་རོལ་ཏུ་ཡུལ་གངས་ལྗོངས་སུ་ཇོ་ནང་པའི་སློབ་བརྒྱུད་ཙམ་མ་གཏོགས་ས་དགེ་བཀའ་རྙིང་བཅས་ཀྱིས་མཚོན་ཡོངས་གྲགས་མཁས་པ་མཆིས་སོ་ཅོག་དཔལ་ལྡན་ཟླ་བའི་ལུགས་ཀྱི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན། ལྷག་པར་བདག་ཅག་གི་འདྲེན་པ་བླ་ན་མེད་པ་རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས་པའི་དཔལ་གྱིས་དཔལ་མགོན་ཀླུ་སྒྲུབ་དང་དཔལ་ལྡན་ཟླ་གྲགས་ཀྱི་ལུགས་མཆོག་ཏུ་གཟིགས་ནས་རྩ་འཇུག་རྣམ་བཤད་དང་། ལེགས་བཤད་སྙིང་པོ། ལམ་རིམ་ཆེ་ཆུང་སོགས་ལྗགས་རྩོམ་དང་འབྲེལ་ལམ་བཟང་དེ་ཉིད་གསལ་བར་མཛད་པའི་འཕྲིན་ལས་ལ་བརྟེན་ནས་དུས་ད་ལྟའི་བར་དཔལ་རི་བོ་དགའ་ལྡན་པའི་གདན་ས་ཁག་ཏུ་འཇུག་པ་རྩ་འགྲེལ་རྩལ་དུ་བཏོན་ནས་ཟབ་ལམ་དབུ་མའི་གཞུང་ལ་སློབ་གཉེར་གནང་སྲོལ་གྱི་བརྒྱུད་པ་མ་ཉམས་པར་བཞུགས་པ་ནི་གཟུར་གནས་མཁས་པའི་བློ་ངོར་སྒྲིབ་བྲལ་གསུབ་མེད་དུ་ལྷང་ངེར་ཡོད་པ་ཞུ་ཅི་དགོས་སོ། །ཞེས་གསུངས་ལ། གཞན་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས་[15]ཀྱང་། སློབ་དཔོན་ཟླ་བ་གྲགས་པས་ནི་རང་རྐང་དུ་བརྩམས་པ་དབུ་མ་ལ་འཇུག་པ་རང་འགྲེལ་དང་བཅས་པ་སྟེ་ལེགས་བཤད་ཕུལ་དུ་བྱུང་བར་གྲགས་ཆེའོ། །ཞེས་བསྔགས་པ་རྒྱ་ཆེར་མཛད་པ་ལྟར་རོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རེད་མདའ་བའི་བསྟོད་ཚོགས། ༼ང༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༦ན༤ ནས་ ༧བ༣ བར།
[2] བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༢༩༨
[3] ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༢༦༩
[4] ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།
[5] བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག ༼༤༽ མ་ནི་པལ་པར་ཁང་། ༢༠༡༢ ལོ། ཤོག་གྲངས་ ༥༣༩
[6] པཎ་ཆེན་བློ་བཟང་ཆོས་རྒྱལ་གྱི་གསུང་འབུམ། ༼ཅ༽ བཀྲས་ལྷུན་དཔེ་མཛོད། ༢༠༡༣ ལོ། ཤོག་གྲངས་ ༣༤
[7] ཞེས་དཔལ་ལྡན་ཟླ་བའི་ཞབས་ལ་བསྟོད་པ་འདི་ཡང་བདག་ཉིད་དབུ་མ་ལ་འཇུག་པ་ངག་འདོན་དུ་བྱ་བའི་སྔོན་དུ་གདོན་པའི་ཕྱིར་མགོན་པོ་དེ་ཉིད་ལ་དད་པའི་སེམས་ཀྱིས་བསྐུལ་བའི་བྱེད་པོས་མཚམས་སྦྱར་ཏེ། དགེ་སློང་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་བཀོད་པའོ།།
[8] བྱང་ཆུབ་ལམ་རིམ་ཆེན་མོ། དགའ་བྱང་། ཐེ་ཝན་པར་མ། ༡༩༩༩ ལོ། ཤོག་གྔས་ ༥༧༣
[9] རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༡
[10] སྟག་ལོའི་གྲུབ་མཐའ་ཀུན་ཤེས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༣༩
[11] ལྕང་སྐྱའི་གྲུབ་མཐའ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༢༠༡
[12] སྣར་ཐང་གསེར་ཕྲེང་། པོད། ༼ང༽ དབུ་ཅན་བྲིས་མ་དཔེ་ཐུང་། ཤོག་གྲངས་ ༡༤༤བ༦
[13] གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་གྲངས་ ༢༠༢
[14] དེབ་སྔོན་གསར་མ། སྨད་ཆ། གངས་ལྗོངས་ནང་རིག་མཐུན་ཚོགས། ༢༠༠༥ ལོ། ཤོག་གྲངས་ ༣༧༠
[15] གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན། རྣམ་རྒྱལ་གྲྭ་ཚང་། ཐེ་ཝན་པར་མ། ༢༠༠༤ ལོ། ཤོག་ ༢༣༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༧༩ ནས་ ༥༨༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།