ཐ༽ རི་མོའི་བ་ལས་འོ་མ་བཞོས་ཏེ་བསྙེན་བཀུར་ཞུས་ཚུལ།

ཐ༽ རི་མོའི་བ་ལས་འོ་མ་བཞོས་ཏེ་བསྙེན་བཀུར་ཞུས་ཚུལ།

དེ་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་སློབ་དཔོན་ཟླ་བ་གྲགས་པ་ལ་བསྟོད་པ་ཀུན་དགའི་དབྱངས་སྙན་ལས[1]།

སྣང་སྲིད་ཆོས་ཀུན་བདེན་མེད་སྒྱུ་མར་སྟོན། །རི་མོར་བྲིས་པའི་བ་ལས་འོ་མ་འཇོས། །

སྟོང་དང་རྟེན་འབྱུང་བརྡ་ཡིས་དངོས་ཞེན་བཟློག །རྣལ་འབྱོར་དབང་ཕྱུག་ཆེན་པོའི་ཞབས་ལ་འདུད། །

ཅེས་དང་། པཎ་ཆེན་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1883-1937)  མཛད་པའི་འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་སོགས་འཕགས་བོད་ཀྱི་པཎ་གྲུབ་ཆེན་པོ་འགའ་ཞིག་ལ་གསོལ་བ་འདེབས་པའི་རིམ་པར་ཕྱེ་བ་ཕུལ་བྱུང་དོན་ལྡན་ལས[2]།

མཁྱེན་རབ་མེ་ལོང་གཙང་མར་རྟེན་བྱུང་གཟུགས། །ཅི་ཡང་འཆར་བས་རི་མོའི་བ་གྲུས་ལས། །

འོ་མའི་རྒྱུན་བབས་བདེན་སྣང་ཞེན་པའི་ཚོགས། །མཐར་བསྐྲད་ཟླ་བ་གྲགས་པར་གསོལ་བ་འདེབས། །

ཞེས་བསྔགས་པ་མཛད་པ་ལྟར་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར་ལས[3]།

འཕགས་པའི་དགོངས་པ་གསལ་མཛད་ཟླ་བ་གྲགས། །

ཞེས་བསྔགས་པ། དཔལ་ལྡན་ཟླ་བ་གྲགས་པ་ནི། རྒྱ་གར་ལྷོ་ཕྱོགས་ས་མ་ན་ཞེས་བྱའི་ཡུལ་དུ་སྐུ་འཁྲུངས་ཏེ། ཡུལ་དེར་བྲམ་ཟེ་ཕོ་མོ་གཉིས་ལ་བུ་སྤྲུལ་པའི་མཚན་རྟགས་དང་ལྡན་པ་ཞིག་བྱུང་ནས་མཚན་མཁན་རྣམས་ལ་བསྟན་པས་འདི་ནི་མཚན་ཤིན་ཏུ་བཟང་སྟེ། འདི་ནི་རྒྱལ་བའི་བསྟན་པ་ལ་ཞུགས་ནས་བསྟན་འཛིན་ཆེན་པོ་ཞིག་ཏུ་འགྱུར་རོ། །ཞེས་ལུང་བསྟན། ཇི་ལྟར་ལུང་བསྟན་པ་ལྟར་ཕ་མ་གཉིས་ཀྱིས་ཀྱང་གནང་སྟེ་ན་ལནྡྲར་རབ་ཏུ་བྱུང་། ན་ལནྡྲའི་མཁན་པོ་ཟླ་བ་མགོན་པོ་ཞེས་བྱ་བ་ལས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་བཞེས། མཁན་པོ་ཉིད་ཀྱི་མཚན་ལས་དྲངས་ཏེ་ཟླ་བ་གྲགས་པ་ཞེས་མཚན་བཏགས། དེ་ནས་རིམ་གྱིས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཤིང་ (ཆུང་དུས་ནས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། སློབ་དཔོན་ཀླུ་སྒྲུབ་དང༌། སངས་རྒྱས་བསྐྱངས་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སློབ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་ཞིང་།) སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞི་ལ་སྦྱངས་པས་མཁས་པའི་ཕུལ་དུ་ཕྱིན་པར་གྱུར་ཏེ་རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན། (ལྷག་པར་དབུ་མའི་གཞུང་དང༌། གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པ་མཛད་ཅིང་མཁས་པ་ཆེན་པོར་གྱུར་ནས་ནཱ་ལེནྡྲའི་དགོན་པའི་མཁན་པོ་ཡུན་རིང་དུ་མཛད།) འཕགས་པ་ཀླུ་སྒྲུབ་ཀྱི་ཞབས་རྡུལ་སྤྱི་བོས་བླངས་ཏེ། མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པར་གསན། ཇི་ལྟར་གསན་པ་ལྟར་མདོ་སྔགས་གཉིས་ཀའི་ལམ་གྱི་ལུས་ཡོངས་སུ་རྫོགས་པ་ལ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་རྟོགས་པ་མཆོག་ཐོབ་སྟེ་ཕྱི་ནང་གི་སྤྲོས་པ་ཐམས་ཅད་དོར་ནས་ཉིན་མཚན་ཁོར་ཡུག་ཏུ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་བསྒོམ་བཞིན་བཞུགས་པས་ཐ་མལ་པ་དག་གི་སྣང་བ་ལ་བཟའ་བཏུང་བྱེད་པ་དང་། བཤང་གཅི་འདོར་བ་ཙམ་མ་གཏོགས་བྱ་བ་གཞན་གང་ཡང་མི་བྱེད་པར་ཉལ་བ་འབའ་ཞིག་ལྷུར་མཛད་པ་ཞིག་ཏུ་མཐོང་ནས་དེ་དག་མ་རངས་ཏེ། ཟླ་བ་གྲགས་པ་འདི་ཐོས་བསམ་སྒོམ་པ་དང་། དགེ་འདུན་གྱི་ལས་གང་ཡང་མི་བྱེད་པར་ཟོས་ཀྱིན་ཉལ་སྡོད་པ་ཞིག་བྱུང་བས། དགེ་འདུན་རྣམས་ཀྱིས། འདི་སྔར་མུ་སྟེགས་པ་ཡིན་པས། ད་དུང་མུ་སྟེགས་པར་ལྡོག་པར་འདུག །འདི་སྒྱུ་ཐབས་སུ་གནས་ནས་ད་གཟོད་འོ་སྐོལ་ལ་གནོད་ནས་འོང་།

འདི་ནི་ལས་ངན་སྨེ་ཤ་ཅན། །མུ་སྟེགས་ཉིད་ཀྱང་མ་དོར་བས། །

དགེ་འདུན་བྱ་བ་མི་བྱེད་དེ། །འདི་ཡིས་གནོད་སྐྱེལ་འདོན་པར་རིགས། །

བྱས་པས། མཁན་པོ་ཟླ་བ་མགོན་པོས་བདག་ཉིད་ཆེན་པོ་འདིའི་ངང་ཚུལ་རྟོགས་པས་འདི་གནས་ནས་དབྱུང་བར་མི་རིགས་ཞེས་བཀག་ཅིང་ཐུགས་དམ་ལ་གཅིག་ཏུ་གཞོལ་བའི་མཛད་པ་དེ་ལ་ཤིན་ཏུ་དགྱེས་སོ།།

དེ་ནས་ན་ལནྡྲའི་མཁན་པོས་སློབ་དཔོན་ཟླ་བ་གྲགས་པ་ལ་རང་ཉིད་ཐུགས་དམ་ལས་གཡོ་བ་མེད་ཀྱང་དགེ་འདུན་གྱི་ཁྲོད་ན་ཐ་མལ་པ་མང་པོ་ཞིག་ཉིད་ཀྱི་ངང་ཚུལ་མ་རྟོགས་པར་སྡིག་གསོག་པར་འདུག་པས། ཁྱོད་ཀྱིས་(སྤྱི་)གཉེར་ཞིག་གྱིས། ཉི་མ་གྲགས་གྲོགས་ལ་བཏང་གིས་གསུངས་པས་གཉེར་མཛད་ནས་མ་ཧེ་དང་བ་ལང་ལ་སོགས་པ་ནགས་ལ་ཡན་དུ་བཅུག་ནས། རི་མོའི་བ་ཞིག་བྱས་ནས་ཡོད་པ་ལ། དགེ་འདུན་རྣམས་ཀྱིས་མ་ཧེ་ལ་སོགས་པ་ནགས་ལ་བརྒྱབ་ནས། ད་འདི་ཅི་བྱེད་བལྟའོ་བྱས་པས། ཉི་མ་གྲགས་པས་གཡོག་བྱས་ནས་ཞོ་དང་འོ་མ་མང་པོ་ཁྱེར་བྱུང་བས་ཉི་མ་གྲགས་ཀྱིས་མ་ཧེ་སོགས་རི་ལ་བརྒྱབ་ནས་ཞོ་དང་འོ་མ་འདི་ཙམ་འོང་བ་ཅི་ཡིན་བྱས་ནས་ཇི་ལྟར་བྱེད་བལྟས་པས། རི་མོའི་བ་ལས་བཞོས་ནས་འོང་བ་མཐོང་བ་གསང་ནས་བསྡད་པས། དེ་ནས་གཉེར་ཐོན་ནས་འབྲས་ལ་སོགས་པ་མང་པོ་གཏད་པས། ཁྱོད་ཀྱིས་མ་ཧེ་སོགས་རི་ལ་བརྒྱབ་ནས། འབྲས་དང་མར་ལ་སོགས་པ་མ་ཟད་པ་ཅི་ལས་བྱུང་ཟེར་བ་ལ། ཉི་མ་གྲགས་ན་རེ།

དཔལ་ལྡན་ཟླ་བ་གྲགས་པ་ཡིས། །རི་མོའི་བ་ལས་ཞོ་བཞོས་ནས། །

དགེ་འདུན་འཚོ་བ་ལེགས་པར་བསྒྲུབས། །[4]

བྱས་པས། མཁན་པོ་ན་རེ། སེམས་ལ་དབང་ཐོབ་པས་རི་མོའི་བ་ལས་ཞོ་འཇོ་བ་ངོ་མཚར་ཆེ། ཞེས་གསུངས་ལ། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས་[5]ཀྱང་། རི་མོར་བྲིས་པའི་འདོད་འཇོའི་བ་མོ་ལས། །བདུད་རྩི་འོ་མའི་རྒྱ་མཚོ་ལེགས་བཞོས་ནས། །དགེ་འདུན་རྒྱ་མཚོའི་རེ་བ་བསྐོང་མཛད་དེ། །མུ་གེའི་རྒྱ་མཚོ་བཟློག་པ་ཁྱོད་ལ་འདུད། །ཅེས་དང་། དེ་བཞིན་ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས[6]། རི་མོའི་བ་ལས་འོ་མ་འཇོ་བ་དང་། །རྡོ་ཡི་སེང་གེས་དམག་དཔུང་བཟློག་པ་སོགས། །ཤེས་བྱ་སྒྱུ་མའི་རྩེད་འཇོ་ཨ་འཐས་སུ། །ཞེན་པ་བཟློག་པའི་ཆོ་འཕྲུལ་འདི་རེ་མཚར། ཞེས་བསྟོད་ཕྱག་མཛད་པ་ལྟར་རོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཁ༽ ཆོས་ཚན་ ༥༥ འཕྲུལ་པར་དཔེ་རིང་། ཤོག་ ༡ན༡ ནས་ ༢ན༢ བར།

[2]  པཎ་ཆེན་ཆོས་ཀྱི་ཉི་མའི་གསུང་འབུམ། ༼ཁ༽ བཀྲས་ལྷུན་པར་མ། དཔེ་རིང་། ཤོག་ ༡ན༡ ནས་ ༤ན༣ བར།

[3]  ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། ཐེ་ཝན་པར་མ། ༢༠༠༧ ལོ། ཤོག་གྲངས་ ༡༢༩

[4]  བསྟོད་པ་རང་ལས། དཔལ་ལྡན་ཟླ་བ་གྲགས་པ་ཡིས། །རི་མོར་བྲིས་པའི་བ་རྣམས་ལས། །འོ་མ་བཞོས་པས་གཞན་རྒྱུད་ཀྱི། །བདེན་ཞེན་བཟློག་པ་ངོ་མཚར་ཆེ། །ཞེས་ཚིགས་སུ་བཅད་པ་བྱུང་ངོ་། །དེ་མིན་ཞོ་བཞོས་ཞེས་པ་ཚིག་སྐྱོན་བྱུང་བར་སེམས་སོ།།

[5]  ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་ ༡༧༣

[6]  བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་ ༡༠༧ པ། ༢༠༠༩ ལོ། ཤོག་གྲངས་ ༤༢༢

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༩༩ ནས་ ༥༠༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *