ཁ༽ དཔལ་ལྡན་ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས།

ཁ༽ དཔལ་ལྡན་ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས།

 

དེ་ཡང་བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བུང་བའི་སྒྲ་དབྱངས་གཡོ་བ་ལས[1]།

ཚོགས་གཉིས་ཤར་རིའི་རྩེ་མོར་རབ་སོན་ཅིང་། །བརྩེ་བའི་དཀྱིལ་འཁོར་མ་ལུས་ཡོངས་སུ་རྫོགས། །

མཁྱེན་པའི་འོད་ཀྱིས་ཀུན་ཏུ་ཁྱབ་མཛད་པ། །དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ལ་འདུད། །

ཅེས་བསྟོད་པ་མཛད་པ་ལྟར། སློབ་དཔོན་ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས་ལ་མཐིང་མིག་ཅན་ཞེས་གྲགས་ཏེ། དེ་ཡང་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་ (1737-1802) མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[2]། བཞི་པ། ཟབ་མོ་ལྟ་བའི་བརྒྱུད་པ་ནི། སྟོན་པ་བཅོམ་ལྡན་འདས། རྗེ་བཙུན་འཇམ་དཔལ་དབྱངས། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་མཐིང་མིག་ཅན། འདི་ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས་ཏེ་མཁུར་ཚོས་གཉིས་ལ་སྨེ་བ་མཐིང་ག་ཟུང་མིག་དང་འདྲ་བ་ཡོད་པས་དེ་ལྟར་གྲགས། ཞེས་དང་། དེ་བཞིན་ཆ་རིས་སྐལ་བཟང་ཐོགས་མེད་ཀྱིས་བརྩམས་པའི་བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད་ལས[3]། མཐིང་མིག་ཅན་ནི། གནའ་བོའི་རྒྱ་གར་གྱི་དབུ་མའི་སྲོལ་འཛིན་སློབ་དཔོན་མཐིང་མིག་ཅན་ཏེ། དུས་རབས་བཞི་པའི་ནང་བྱོན་པའི་མཁས་གྲུབ་ཀུ་མཱ་ར་ཇི་བ་ཞེས་པས་རྒྱ་ནག་སྐད་དུ་མཛད་པའི་སློབ་དཔོན་ཀླུ་སྒྲུབ་ཀྱི་རྣམ་ཐར་དུ། དུས་རབས་གཉིས་པ་ཡས་མས་སུ་སློབ་དཔོན་མཐིང་མིག་ཅན་ཞེས་པ་བྱུང་ཚུལ་དང་། དེ་ཉིད་ཀྱིས་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བ་ཤེས་རབ་ལ་འགྲེལ་པ་ཞིག་མཛད་ཡོད་པ་ཁོང་གིས་དེའི་སྟེང་ནས་སློབ་སྦྱོང་བྱས་ཚུལ་སོགས་གསུངས་ཡོད། ཁ་ཅིག་སློབ་དཔོན་འདི་ཧ་ལམ་ཕྱི་ལོའི་དུས་རབས་བཞི་པའི་ནང་བྱོན་ཅིང་། སློབ་དཔོན་འཕགས་པ་ལྷའི་ཡང་སློབ་ཡིན་པར་ཡང་བཤད། རྒྱ་ནག་ཆོས་འབྱུང་ལས་མཐིང་མིག་ཅན་ཟེར་དོན་སློབ་དཔོན་དེའི་སྤྱན་གཉིས་ཀྱི་འོག་ཏུ་སྔོ་ཐིག་རེ་རེ་ཡོད་པས་མཚན་དེ་ལྟར་ཐོགས་པར་གསུངས། ཞེས་གསལ་བ་ལྟར་རོ།།

དེ་བཞིན་གུང་ལོ་ཙཱ་བ་མགོན་པོ་སྐྱབས་ (དུས་རབས་18པ།) ཀྱིས་མཛད་པའི་རྒྱ་ནག་ཆོས་འབྱུང་ལས་[4]ཀྱང་། རྩ་ཤེས་ཀྱི་འགྲེལ་པ་དབུ་མ་ལ་འཇུག་པ་སློབ་དཔོན་མཐོན་མཐིང་མིག་གིས་མཛད་པ་བམ་བཞི་ཀུ་མཱ་རའི་འགྱུར། ཞེས་གསལ་བ་ལྟར་ཀུ་མཱར་ཇི་བས་རྒྱ་སྐད་དུ་བྲིས་པའི་ཀླུ་སྒྲུབ་ཀྱི་རྣམ་ཐར་དང་། རྒྱ་ནག་ཆོས་འབྱུང་བཅས་ལས། ཟབ་མོ་ལྟ་བའི་བརྒྱུད་པ་ནི། སྟོན་པ་བཅོམ་ལྡན་འདས། རྗེ་བཙུན་འཇམ་པའི་དབྱངས། དཔལ་མགོན་འཕགས་པ་ཀླུ་སྒྲུབ། སློབ་དཔོན་མཐིང་མིག་ཅན། ལེགས་ལྡན་འབྱེད། རྗེ་པྲཛྙཱ་རསྨི། དེ་ནས་སློབ་དཔོན་ཡེ་ཤེས་དཔལ། འདི་ལ་ཀླུ་སྒྲུབ་ཀྱི་ཉེ་བརྒྱུད་ཀྱང་ཡོད་པར་གདའ། ཞེས་གསུངས་པ་ལྟར་མཐིང་མིག་ཅན་ཞེས་པ་དཔལ་ལྡན་ཟླ་བ་གྲགས་པའི་མཚན་གྱི་རྣམ་གྲངས་ཡིན་པར་གསུངས་སོ།།

འོན་ཀྱང་བུ་སྟོན་ཁ་ཆེས་མཛད་པའི་ཆོས་འབྱུང་རིན་པོ་ཆེའི་མཛོད་ལས་རིག་པ་འཛིན་པ་ཚེ་དབང་ནོར་བུས་ (1698-1755) ཉེ་བར་བཏུས་པ་ལས[5]། ཟབ་མོ་ལྟ་བའི་བརྒྱུད་པ་ནི། སྟོན་པ་རྫོགས་པའི་སངས་རྒྱས། རྗེ་བཙུན་འཇམ་དཔལ། འཕགས་པ་ཀླུ་སྒྲུབ། སློབ་དཔོན་མཐིང་མིག་ཅན། འདི་ཟླ་གྲགས་ཀྱི་མཚན་གྱི་རྣམ་གྲངས་ཡིན་སྐད་ཀྱང་ཟླ་གྲགས་ཡིན་པར་དཀའ། ཞེས་པ་ལས་རྒྱུ་མཚན་དམིགས་བསལ་མ་གསུངས་ལ། དཔལ་ལྡན་ཟླ་བ་གྲགས་པའི་བྲིས་སྐུ་ཁག་ཏུའང་འདི་ལྟར་འབྲི་བཞེངས་གནང་སྲོལ་ཡོད་པ་མ་མཇལ་བས། སློབ་དཔོན་འདིའི་བྲིས་སྐུ་རྣམས་སུ་མཁུར་ཚོས་གཉིས་ལ་སྨེ་བ་ཅན་ཞིག་འབྲི་བཞེངས་གནང་ན་སློབ་དཔོན་འདིའི་མཚན་གྱི་རྣམ་གྲངས་དང་། ངོས་འཛིན་སླ་ཞིང་དམིགས་བསལ་བཞིན་རས་ཀྱི་ཁྱད་ཆོས་ཀྱང་མཚོན་ངེས་སྙམ་མོ།།

མདོར་ན་ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོས་མཛད་པའི་དཔལ་ལྡན་ཟླ་བ་གྲགས་པ་ལ་བསྟོད་པ་བློ་གསལ་ཀུནྡའི་དགའ་སྟོན་ལས[6]། རྒྱ་གར་ལྷོ་ཕྱོགས་ས་མ་ན་ཞེས་ཡུལ། །བྲམ་ཟེ་ཕོ་མོར་བུ་སྡུག་མཚན་ལྡན་བྱུང་། །མཚན་མཁན་བརྟགས་བྱས་རྒྱལ་བའི་བསྟན་ལ་ཞུགས། །བསྟན་འཛིན་ཆེན་པོར་འགྱུར་ཞེས་ལུང་བསྟན་མཛད། །ཡབ་ཡུམ་ལ་གསོལ་ནཱ་ལེནྟྲ་ར་རུ། །མཁན་པོ་ཟླ་བ་མགོན་པོའི་ཞབས་དྲུང་ནས། །རབ་ཏུ་བྱུང་ཞིང་བསྙེན་རྫོགས་སྡོམ་པ་བཞེས། །ཟླ་གྲགས་མཚན་གསར་གསོལ་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། སུམ་པ་མཁན་པོ་ཡེ་ཤེས་དཔལ་འབྱོར་ (1704-1788) གྱིས་མཛད་པའི་སུམ་པ་ཆོས་འབྱུང་དཔག་བསམ་ལྗོན་བཟང་ལས[7]། མཐུན་སྣང་དུ་ས་བཅུ་པ་བར་གྲགས་པའི་དཔལ་ལྡན་ཟླ་བ་གྲགས་པ་ནི། ལྷོ་ཕྱོགས་ས་མནྟར་བྲམ་ཟེའི་རིགས་སུ་འཁྲུངས་ཏེ་མཁུར་ཚོས་གཉིས་ན་སྨེ་བ་ཡོད་པས་མཐིང་མིག་མར་གྲགས་ཟེར་བ་དེ་ཟླ་བའི་མགོན་པོ་ལས་རབ་ཏུ་བྱུང་། ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲའི་མཁན་པོ་ཟླ་བ་མགོན་པོ་ལས་རབ་ཏུ་བྱུང་བས་དཔལ་ལྡན་ཟླ་བ་གྲགས་པ་དང་། མཁུར་ཚོས་གཉིས་སུ་སྨེ་བ་ཡོད་པས་སློབ་དཔོན་མཐིང་མིག་མའམ་མཐིང་མིག་ཅན་དུ་མཚན་ཐོགས་པའམ་ཡང་ན་ཐོག་མར་འཁྲུངས་མ་ཐག་ནས་མཚན་མཁན་ལ་བསྟན་པས་མཚན་མཁན་དང་། ལྷ་ཆེན་དབང་ཕྱུག་གཉིས་ཀས། འདིའི་མིང་ཟླ་བ་གྲགས་པ་སྟེ། སྟོང་ཉིད་ཏིང་འཛིན་སྨྲ་བར་བྱེད། །ཅེས་སོགས་གསུངས་པ་ལྟར་ཟླ་བ་གྲགས་པ་ཞེས་མཚན་ཐོགས་ཚུལ་ལ་འབྲེལ་བ་ཞིག་ཀྱང་མེད་དམ་སྙམ་པས་དཔྱད་པར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  ཆོས་སྤྱོད་རབ་གསལ་ཕན་བདེའི་འབྱུང་གནས། བོ་དོང་གསུང་རབ་ཉམས་ཞིབ་ཁང་། ༢༠༡༠ ལོ། ཤོག་ ༡༧༣

[2]  ཐུའུ་བཀྭན་གྲུབ་མཐའ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༤༣༢

[3]  བོད་བརྒྱུད་ནང་བསྟན་མི་སྣའི་ཚིག་མཛོད། མི་རིགས་དཔེ་སྐྲུན་ཁང་། ༢༠༢༡ ལོ། ཤོག་གྲངས་ ༣༧༧

[4]  རྒྱ་ནག་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༣ ལོ། ཤོག་གྲངས་ ༢༤༠

[5]  ཀཿཐོག་རིག་འཛིན་ཚེ་དབང་ནོར་བུའི་བཀའ་འབུམ། ༼བར་ཆ།༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་ ༣༨༠

[6]  ཆོས་རྗེ་བློ་བཟང་ཆོས་འཛིན་དཔལ་བཟང་པོའི་གསུང་འབུམ། ཟླ་བསྟོད་དགའ་སྟོན། དཔེ་རིང་། ཤོག་ ༡ན༡ ནས་ ༣བ༦ བར།

[7]  སུམ་པ་ཆོས་འབྱུང་། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༢ ལོ། ཤོག་གྲངས་ ༡༧༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༩༧ ནས་ ༤༠༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *