༄༅། །གངས་ཤུག་མ་ཎི་ལོ་ཆེན་རིག་འཛིན་ཆོས་ཉིད་བཟང་མོའི་རྣམ་པར་ཐར་པ་རྣམ་མཁྱེན་བདེ་སྟེར་ཞེས་བྱ་བ་བཞུགས་སོ། །
བགྲང་དུ་མེད་པའི་བསྐལ་པ་རྒྱ་མཚོར་ཚོགས་གཉིས་ཡོངས་སུ་རྫོགས། །སྲིད་ཞིའི་མཐའ་ལས་རྣམ་པར་བརྒལ་ཏེ་བྱང་ཆུབ་མཆོག་གི་སར་བཞུགས་ཀྱང་། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་འགྱུར་མེད་བདེ་བ་དང་འགྲོགས་ནས། །འགྲོ་ལ་རྗེས་བརྩེས་སྣ་ཚོགས་སྐུར་སྟོན་ཁྱབ་བདག་དཔལ་ལྡན་བླ་མར་འདུད། །ཀ་དག་རང་བྱུང་རྒྱལ་ཀུན་དགོངས་པ་རྟོགས། །ལྷུན་གྲུབ་འོད་གསལ་སྙིང་རྗེས་འགྲོ་ཀུན་འདྲེན། །ཐེག་མཆོག་བསྟན་པའི་རྒྱལ་མཚན་འཛིན་པའི་རྗེ། །སྐྱབས་མགོན་པདྨ་རྒྱ་མཚོར་སྙིང་ནས་འདུད། །
མ་ཅིག་ཡེ་ཤེས་མཁའ་འགྲོས་ལུང་བསྟན་ཅིང་། །ཕྱི་ནང་གསང་བའི་བདུད་བཞི་དབྱིངས་སུ་ཆོད། །ཟབ་དོན་གཅོད་ཀྱི་བསྟན་པའི་སྒྲོན་གཅིག་པུ། །ཁྱབ་བདག་དྷརྨ་སེངྒེ་ཚངས་རྩེར་མཆོད། །སྤྱན་རས་གཟིགས་དབང་བཤེས་གཉེན་ཚུལ་བཟུང་སྟེ། །ཐེག་པ་རིམ་དགུའི་ཆོས་ཀྱི་ཆར་པ་འབེབས། །ཚོགས་དྲུག་རང་གྲོལ་སྤྲུལ་པའི་ནིརྨོཀ༔ ཐེག་མཆོག་བསྟན་པའི་རྒྱལ་མཚན་ལན་བརྒྱར་བསྔགས། །བི་མ་ལ་དང་ཨོ་རྒྱན་པདྨ་འབྱུང་། །མངོན་སུམ་དགེ་བའི་བཤེས་ཀྱི་རྣམ་པར་རོལ། །རྫོགས་པ་ཆེན་པོའི་ཤིང་རྟ་དེ་ཁོ་ན། །ཐུབ་བསྟན་ཆོས་ཀྱི་རྡོ་རྗེར་སྙིང་ནས་གུས། །རིག་སྟོང་རྗེན་པ་ཀ་དག་འུབ་ཀྱིས་ཆུབ། །འོད་གསལ་ལྷུན་གྲུབ་དགོངས་པའི་ཀློང་མཛོད་བརྡོལ། །ཕྱོགས་མེད་འགྲོ་བ་བཅོས་མེད་ལམ་དུ་འདྲེན། །ཀུན་བཟང་མཐོང་གྲོལ་རྡོ་རྗེ་སྙིང་དབུས་རོལ། །རྡོ་རྗེ་ཕུང་པོའི་མདུད་པ་མ་ལུས་གྲོལ། །ལས་རླུང་ཡེ་ཤེས་ཆེན་པོར་མངོན་བྱང་ཆུབ། །ངེས་པ་དོན་གྱི་གྲུབ་བརྒྱའི་ཚོགས་རྗེ་ཆེ། །ཐེག་མཆོག་འཇིགས་མེད་དཔའ་བོར་གུས་པས་མཆོད། །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ཀྱི། །བརྒྱུད་པའི་སྲོལ་འཛིན་མཁས་ཤིང་གྲུབ་པ་ཡིས། །སྡེ་གསུམ་ཀློང་དགུས་འགྲོ་བ་སྒྲོལ་མཁས་པ། །སེམས་ཉིད་བདེ་ཡངས་དྲི་མེད་གཙུག་ནས་མཆོད། །རྩ་བརྒྱུད་བླ་མ་རྣམས་ཀྱི་ཐུགས་རྗེ་ཡིས། །རང་འདོད་འཁྲི་བ་མེད་པའི་དྲང་གཏམ་དུ། །བླ་མ་མཆེད་གྲོགས་གསུང་ངོ་མ་ལྡོག་པར། །རང་གི་རྟོགས་བརྗོད་གང་དྲན་འདི་ནའོ། །
ཞེས་རྩ་བརྒྱུད་ཀྱི་བླ་མ་རྣམས་ལ་མཆོད་པར་བརྗོད་པས་ཚིག་གི་ལམ་ཡངས་པར་བྱས་ནས་སྐབས་སུ་གླེང་བར་བྱ་བ་ནི། སྔོན་ཆད་རང་གི་རྟོགས་བརྗོད་དགོས་པར་བསྐུལ་མཁན་མང་དུ་བྱུང་ཡང་བཏང་སྙོམས་སུ་ལུས། རྗེས་མེ་གླང་ལོར་གྲུབ་ཆེན་ཟླ་བ་རྡོ་རྗེ་བཟང་པོའི་མདུན་ནས་རྙིང་མ་རྒྱུད་འབུམ་གཙོས་དབང་ལུང་ཁྲིད་གསུམ་མང་དུ་སྩལ་རྗེས་མཎྜལ་རྟེན་བཅས་ནན་དུ་བསྐུལ་གནང་བྱུང་བས་དབུ་ཚུགས་ཙམ་ལས་ནར་འགྱངས་སུ་ལུས། ཉེ་ཆར་ས་གླང་ཟླ་བ་གཉིས་པའི་ཚེས་ལྔ་བཟང་པོར། སླར་ཡང་གྲུབ་ཆེན་ཟླ་བ་རྡོ་རྗེ་བཟང་པོ། དངོས་སློབ་རྒན་དཔལ་ལྡན་འཕྲིན་ལས་ཆོས་སྒྲོན། ལྷོ་བྲག་སྤྲུལ་སྐུ་ཀརྨ་འཇམ་དབྱངས། སེམས་སྤྲུལ་རིན་པོ་ཆེའི་སྐུ་མཆེད་རིག་འཛིན་ལགས། རྣལ་འབྱོར་པ་བདེ་ཆེན་ཆོས་འཕེལ་ལྔས་འདི་ལྟར་བསྐུལ་ལོ། །སྐྱབས་རྗེ་རིན་པོ་ཆེ་ཕྱོགས་དང་རིས་མེད་པའི་མ་འདྲིས་པའི་མཛའ་བཤེས་ཆེན་མོ་དབྱིངས་ཡུམ་རིགས་ཀུན་ཁྱབ་བདག་རིག་འཛིན་ཆོས་ཉིད་བཟང་མོ་ཉིད་ནི་ཡོན་ཏན་གྱི་ངོས་ནས་སྤོབས་པའི་གཏེར་བརྒྱད་གྲོལ་བའི་ས་བཅུའི་རྒྱལ་སྲས་བྱང་ཆུབ་སེམས་མ་རྫོགས་ཆེན་སྣང་བཞི་མཐར་སོན་གྱི་རྣལ་འབྱོར་མ་ཆེན་མོར་ཚད་མར་གྲུབ་ཀྱང་ཡོན་ཏན་སྦས་ནས་སྐྱོན་ངོམ་པ་ཡང་དག་དམ་པའི་ཆོས་ལུགས་ལྟར་གཅོམ་བསྐྱུངས་ཁོ་ན་གཙོར་འདོན་གྱིས་བཞུགས་ཀྱང་བླ་མ་ཁྱེད་ཀྱི་རྣམ་པར་ཐར་པ་ཞིག་གསུངས་ན་བསྟན་འགྲོ་ཀུན་གྱི་སྨན་ཡོན་བླ་ན་མེད་པར་འགྱུར་ངེས་པས་ཅི་ནས་ཀྱང་ཞུ་ཞེས་ཞུ་དོན་གླུར་ཕུལ་བ། སྐྱབས་བསླུ་མེད་ཕྱོགས་དུས་རྒྱལ་བ་ཀུན། །དོན་གཅིག་བསྡུས་ལྔ་སྙིགས་འགྲོ་འདུལ་ཕྱིར། །མངོན་སུམ་དུ་མི་མོའི་ཚུལ་སྤྲུལ་པ། །མ་རིག་འཛིན་ཆོས་ཉིད་བཟང་མོར་འདུད། །བདག་སོ་སྐྱེའི་བློ་ངན་འདྲིས་གོམས་དེ། །ཆོས་ཐེག་ཆེན་བྱང་ཆུབ་ལམ་བསྒྱུར་བའི། །ལམ་སྟོན་གྱི་བཤེས་གཉེན་ཚུལ་བསམས་ནས། །བཀའ་དྲིན་གྱིས་སྙིང་ནས་མཆི་མ་དཀུ། །བོད་གངས་ཅན་འཕགས་པའི་ཞིང་ཡིན་ཡང་། དུས་ལྔ་བདོའི་འདུལ་དཀའི་འགྲོ་བ་རྣམས། །ཆོས་མིན་གྱི་ལང་ཤོར་བློ་གྱོང་པོ། །མ་ཆར་པ་ཁྱེད་མིན་སུ་ཡིས་རླན། །མཐོ་བཙན་གྱི་བཤེས་གཉེན་མདུན་མི་ཚུད། །མཁས་མཁས་ཀྱི་བཤེས་མདུན་ཞུ་མི་ཤེས། །གྲུབ་གྲུབ་ཀྱི་བཤེས་གཏམ་བློར་མི་ཤོང་། །བླུན་ཟོག་གི་བཤེས་གཉེན་ལམ་མགོ་འཁོར། །རྒྱུད་ཕན་ངེས་ཀྱི་ཨ་མ་ཁྱེད་ཉིད་ལས། །མི་བདག་གིས་བཙལ་ཀྱང་མ་རྙེད་འཁུམས། །མགོན་ཐུབ་གསུང་ལྟར་དོན་མཐུན་སྤྱོད་པ་ཡིས། །རང་རྒྱུད་ལ་ཡོད་པ་གཞན་ལ་སྟོན། །དེ་སྙན་ངག་སོགས་ཤུན་པས་མི་གཏུམ་པར། །ཕལ་པ་དང་གྲོང་ཚིག་གི་བདུད་རྩི་དེ། །དཔལ་རྒྱལ་སྲས་སེམས་དཔའི་ཁྱད་པར་ཆོས། །ཆོས་བརྒྱད་དང་ངོ་བསྲུང་གིས་མ་སླད་པ། །མ་ཁྱོད་མིན་ཞུ་ཡུལ་དུས་ཀྱིས་དབེན། །རང་རྒྱུད་ངན་མ་ཐུལ་འགའ་ཞིག་གིས། །ཚིག་བཤད་པ་སྙན་ཆོས་མགོ་སྐོར་དེ། །ལྕེ་མི་ཐུང་བར་བཤད་མཁན་རབ་མང་ཡང་། །སེམས་ངེས་འབྱུང་སྣ་རེ་རི་བོང་རྭ། །མ་ཁྱོད་ཀྱིས་འཕྲོས་གཏམ་ཚིག་རེས་ཀྱང་། །སུས་རྣ་བར་སོན་པའི་དྲེགས་ལྡན་ཡང་། །བློ་ཆོས་ལ་མི་འགྱུར་ངས་མ་མཐོང་། །རྗེ་རྫོགས་པའི་སངས་རྒྱས་བཞུགས་དུས་ཀྱང་། །ལྷས་སྦྱིན་དང་ལེགས་སྐར་ལ་སོགས་པ། །ཇི་ལྟར་དུ་མཛད་ཀྱང་འདུལ་ཐབས་དབེན། །འཁོར་རེ་གཉིས་ལ་ཐུགས་ཆད་ཇི་ལྟར་འོས། །མ་ཁྱོད་ཀྱི་མཛད་པ་སྣ་རེས་ཀྱང་། །འཇིགས་སྐྱོབ་དང་ལེགས་སྨོན་གྱིས་བསྐལ་པའི་བར། །ཆོས་རྒྱུན་ཆད་མེད་པར་སྒྲུབ་པ་ལས། །འདི་བྱང་ཆུབ་ཏུ་འགྲོ་ངེས་ཁྱད་པར་འཕགས། །དཔལ་ཨོ་རྒྱན་ཆེན་པོའི་ལུང་བསྟན་ལས། །སྙིགས་དུས་ཀྱི་འདྲེན་མཆོག་ཚད་མར་གྲུབ། །རང་བློ་རིག་གིས་ཇི་ལྟར་སྐྱོན་བཏགས་ཀྱང་། །དེ་རང་བྱས་མཐོང་བླ་མར་སླར་དད་པ། །ལན་གཅིག་མིན་མང་དུ་མྱོང་བས་གྲུབ། །སྐྱོན་མ་གསུངས་ཀྱང་གཞན་རྒྱུད་གསལ་ལེར་མཁྱེན། །ཇི་ལྟར་དུ་གདུལ་དཀའི་འགྲོ་བ་ཡང་། །ཐབས་ཐུགས་རྗེའི་ལྕགས་ཀྱུས་མ་ཟིན་པ། །སྤྲང་བདག་གིས་དཔྱད་ཀྱང་རྙེད་མ་གྱུར། །དོན་དེ་བས་ཐོག་མཐའ་བར་གསུམ་དུ། །ཇི་ལྟར་དུ་མཛད་པའི་རྣམ་ཐར་ཞིག །ཐུགས་བརྩེ་བ་ཆེན་པོས་གསུང་དུ་གསོལ། །བློ་གང་ཤར་མོས་པའི་གུས་ཕྱག་འཚལ། །འདོད་ཡོན་ལ་མ་ཞེན་པའི་མཆོད་པ་འབུལ། །ཉེས་ཚོགས་ཀུན་འཁོར་གསུམ་བྲལ་བར་བཤགས། །མཐའ་བྲལ་བློ་འདས་སུ་རྗེས་ཡི་རང་། །འོད་གསལ་བར་མེད་ཀྱིས་ཆོས་འཁོར་བསྐོར། །སྐུ་རྟག་པ་རྡོ་རྗེར་བརྟན་པར་བཞུགས། །དགེ་བ་ཀུན་འགྲོ་ཀུན་དགྲོལ་ཕྱིར་བསྔོ། །རང་འདོད་དང་མ་འདྲེས་པའི་ལྷག་བསམ་གྱིས། །དོན་ཞུས་པ་ཡི་འབྲས་བཟང་གཡུར་ཟ་བའི། །གྲོགས་བསླུ་མེད་ཚོགས་ཀྱིས་གནང་བར་རིགས། །དམ་ཅན་ཀུན་བཅོལ་བའི་འདོད་དོན་སྒྲུབས། །ཚིག་རྙོག་གཏམ་སྙན་དུ་གཟན་ན་ཡང་། །སྤྲང་མི་ཕྱེད་གདུང་བས་ཡིད་འཕྲོག་པས། །མ་ཁྱོད་མིན་བུ་ཕྲུག་ངུ་ས་གང་། །དོན་དེ་བས་ཐུགས་རྗེ་བརྩེ་བས་གཟིགས། །འདོད་པའི་དོན་མཐར་ཕྱིན་བྱིན་གྱིས་རློབས། །ཞེས་མཎྜལ་བཅས་ནན་དུ་བསྐུལ་བའི་གསུང་ངོ་མ་ལྡོག་པར་རང་རྒྱུད་ལ་ལེགས་པར་བརྟགས་ཀྱང་དེ་ལྟར་བཤད་པའི་ནུས་པས་ནི་དབེན། མ་བཤད་ན་ནི་བླ་མ་མཆེད་གྲོགས་སློབ་མ་རྣམས་ཐུགས་ཆད་པར་སེམས་ཏེ་དྲང་གཏམ་དུ་འདི་ལྟར་སྨྲས་སོ། །
རྗེ་ཕྱོགས་དུས་རྒྱལ་དང་དེ་སྲས་ཀྱི། །ཐུགས་མཁྱེན་བརྩེ་ནུས་པ་མ་ལུས་པ། །དོན་གཉིས་མིན་བཤེས་ཀྱི་རྣམ་པར་རོལ། །སྐྱབས་གཅིག་བསྡུས་པདྨ་རྒྱ་མཚོར་འདུད། །སྙན་གསོན་དང་ཆོས་བྱེད་བླ་སློབ་རྣམས། །ང་ཆུང་ནས་ད་བར་དཀོར་ནག་སྤྱད། །སྔོན་བསོད་ནམས་བསགས་པས་བླ་མ་མཇལ། །ཆོས་ཟབ་དགུའི་གདམས་པ་ཐོབ་ན་ཡང་། །བཀའ་མི་བཅག་བསམས་ཀྱང་གོ་ལྡོག་ཤོར། །བཀག་པ་རྣམས་མ་བསམ་རང་ཤུགས་སྤྱད། །ཚེ་སྔོན་གྱི་འབྲས་བུ་བྱས་པ་ཡིས། །ཆོས་གང་ཡང་མི་ཤེས་མ་ཎི་པར། །མི་ཀུན་གྱིས་དད་ཅིང་མང་དུ་འཚོགས། །ནོར་སྲུང་ལ་སེང་ལྤགས་གྱོན་པ་ལྟར། །མིང་བླ་མར་བཏགས་ནས་བཤེས་གཉེན་བཟུང་། །རང་གར་འགྲོའི་གཏད་སོ་མེད་བཞིན་དུ། །མི་མང་པོས་འདི་ཕྱིའི་བློ་གཏད་བྱས། །རང་གཅིག་པུར་མི་མེད་ལུང་སྟོང་དུ། །བཀའ་གདམས་པའི་ཕུག་ནོར་བཅུ་པོ་དེ། །ཉམས་ལེན་རྒྱུའི་འདུན་མ་ཉག་གཅིག་ཀྱང་། །ལས་དབང་གིས་འདུ་ཚོགས་རླུང་ལྟར་འཚུབ། །ཁྱེད་རྣམས་ཀྱིས་ཤེས་པ་དེ་ག་ལས། །རྗེ་དམ་པ་གོང་མའི་རྣམ་ཐར་ལྟར། །ཀུན་ཕན་པའི་རྣམ་ཐར་ཞིག་བཤད་རྒྱུ་མེད། །སྐྱོན་མཚང་ཀུན་བྱས་པའི་རྣམ་ཐར་དེ། །བཤད་ན་ཡང་ཐུགས་ཁྲེལ་རྒྱུ་ལས་གང་། །ཚེ་འདིར་སྣང་གི་རྣམ་རྟོག་རྗེས་འབྲངས་ནས། །འགྲོ་སྡོད་དང་གྱོ་ཉལ་བྱས་ཚུལ་གྱི། །རྣམ་ཐར་ནི་མི་རྣམས་ཀུན་ལ་ཡོད། །དེ་བཤད་ཀྱང་ཕན་པ་ག་ལ་ཡོད། །ལས་ཁ་སང་གང་བྱས་དེ་རིང་བརྗེད། །འགྲོ་སྡོད་ཀྱི་རྐང་པ་ཞ་ཞིང་འཁུམས། །མཐོང་བྱེད་ཀྱི་ལྟ་བའི་དབང་པོ་འགྲིབ། །ལོ་བགྲེས་པས་ཉལ་མར་གནས་པ་ལས། །ཨུ་ཚུགས་ཀྱིས་དྲི་ནན་བྱས་ནས་ནི། །མི་ཤེས་བཞིན་བཤད་ཁུལ་བྱེད་པ་འདི། །སྡིག་པ་ཡི་རྒྱུ་ལས་མ་འདས་ཀྱང་། །རྔ་དབྱུག་པས་བསྐུལ་ཚེ་སྐད་གྲགས་པ། །དེ་དངོས་པོ་རང་གི་མཚན་ཉིད་ཡིན། །ལོ་བགྲེས་པས་སྔར་གཏམ་དང་སྦྱར་ཏེ། །དུས་སྙིགས་མའི་སྐྱིད་སྡུག་མྱོང་བའི་ཚུལ། །མ་ཎི་བསྐུལ་འགྲོ་ལ་ཕན་བཏགས་ནས། །དཀོར་མང་པོ་ཟོས་པའི་རྣམ་ཐར་དང་། །སྐབས་རེ་རེ་རང་གིས་མ་བསམས་ཀྱང་། །ཕ་བླ་མའི་ཐུགས་རྗེ་ཟབ་ཆོས་ཀྱིས། །བྱིན་རླབས་དེས་རང་གཞན་ལ་ཕན་ཚུལ། །རྗེ་སངས་རྒྱས་གསུང་བསླུ་མེད་ཡིད་ཆེས་ནས། །གནད་དམ་པ་གསུམ་ཐོས་བཤད་ཉམས་བླང་ཚུལ། །སྐྱེ་སྔོན་གྱི་བག་ཆགས་མ་ཟུབ་པས། །འཇིག་རྟེན་ལས་བརྒལ་བའི་ལས་བྱས་ཚུལ། །ཀུན་མཁྱེན་གྱིས་གསུངས་པའི་ཐོས་གྲོལ་དོན། །དབང་མེད་དུ་ངེས་པ་རྙེད་པའི་ཚུལ། །ལས་རྒྱུ་འབྲས་བདེན་པར་ཡིད་ཆེས་ནས། །བདེན་མེད་ཀྱི་གནས་ལུགས་ལ་གོམས་འདྲིས་སོགས། །གང་ཤེས་ཀྱི་མ་བརྗེད་པ་ཅི་དྲན་རྣམས། །ཆལ་མང་ཆོལ་བཤད་ལ་ཐུགས་སྤྲོ་ཞིང་། །གང་མཉེས་དེ་ཚོགས་བསགས་གྲལ་འགྲོ་ན། །མི་ཤེས་ཀྱང་བཤད་པའི་མཎྜལ་འབུལ། །ཉེས་གྱུར་གྱི་ནོངས་པ་བཟོད་པར་གསོལ། །དགེ་བ་ཡིས་སེམས་ཅན་ཀུན་གྲོལ་ཤོག །ཅེས་སྨྲས་པས་དེར་ཡོད་ཀུན་གྱིས་ཞལ་བཞེས་ཐོབ་བྱུང་ཟེར། །
༈ དེ་ནས་གང་དྲན་བཤད་པར་བྱ་སྟེ། ངའི་ཨ་ཕ་ནི་དབུས་ཕྱོགས་འཕྱོངས་རྒྱས་ཁེ་སྨད་ཅེས་པར་ཡབ་སྐུ་ངོ་སྡེ་པ་རིན་ཆེན་ཕུན་ཚོགས་དང་། ཡུམ་ཕལ་པའི་བུ་མོ་ཞིག་ལས་མཆེད་དེ་སྨན་དང་ཡི་གེ་སོགས་སློབ་ཏུ་ཀོང་ཡུལ་དུ་བཏང་། དེ་ནས་ཨ་ཅག་རྡོ་རྗེ་སྒྲོལ་མ་ཟེར་བ་ཞིག་ཡོད་པ་ལ་མག་པ་ཞིག་བསུས་པས་སང་ཉིན་ནས་རྟ་ཞོན་གཡོག་མོ་བཅས་ལྷ་ལྡན་དུ་སོང་བས་རྒྱ་དྲུང་རྣམ་ཕུན་ཁྱོ་གཞོན་པ་ཞིག་དང་འཕྲད། དེ་ལ་སྲས་ཤིག་བྱུང་བ་དེ་ཡར་འབྲོག་ཡོན་དོ་སྤྲུལ་སྐུར་འཁྲུངས། དེའི་རོགས་ལ་ངའི་ཕ་བཏང་བས། ཡུལ་དེ་སྡིག་སྟོབས་ཆེ་བར་བརྟེན། ཡབ་ཀྱིས། བླ་མ་ནི་སྤྱང་ཀི་འདྲ། དགོན་པ་ནི་སྤྱང་ཚང་འདྲ་གསུངས་ནས་སོང་བས་ཡུལ་གྱར་ནས་འབྲུག་ཡུལ་དུ་སླེབས། འབྲུག་ནས་བླ་མ་གང་འདུད་ཅེས་པའི་ཞབས་ལ་གཏུགས། དེའི་ཞབས་འབྲིང་བགྱིས་ནས་སོང་། བལ་ཡུལ་གྱི་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི་གནས་འཛིན་འབྲུག་པ་དགོས་པས་དེ་སྐབས་གཞན་སྡེ་གོརྵ་ལ་ཤོར་བ་ཚུར་ལོང་ནས་དེ་རྣམས་རྩིས་བཞེས་སུ་ཕེབས། ས་ཕྱོགས་དེ་རྣམས་རྩིས་ལེགས་པར་བཞེས་ཐོབ་པས་རྐྱེན་བྱས། བླ་མས་བུ་ཁྱོད་འདིར་འོང་ནས་བཟུང་བཀྲ་ཤིས་ལ་ཞལ་དྲོ་བར་བྱུང་བས་མིང་སྔོན་མ་དོན་གྲུབ་རྣམ་རྒྱལ་ཟེར་བ་ལ་མཐོང་ལེགས་བཀྲ་ཤིས་ཐོགས་གསུངས། དེ་ནས་རོང་མཚམས་མཐོང་སྨོན་དགོན་པ་ཧ་གོ་ཞེས་པ་དེར་འབྲུག་པའི་བླ་མ་ཁ་ལི་བ་ཞེས་པ་དང་། དེའི་གསང་ཡུམ་མཚན་མཚར་རམ་སྤེན་པ་སྒྲོན་མ་ཞེས་པ་དེ་ཉིད་བཞུགས་འདུག །གསང་ཡུམ་དེ་ཉིད་ཀྱི་རུས་ནི་སྔོན་བླ་མ་སྔགས་འཆང་ཤཱཀྱ་བཟང་པོ་ཞེས་རྫུ་འཕྲུལ་སྟག་ལ་ཆིབས་ནས་སྦྲུལ་གྱིས་ལྕག་ཚན་མཛད་དེ་ཕེབས་ནུས་པ་ཞིག་ཡོད་པ་དེའི་རྒྱུད་ལས་ཆད་པ་ཡིན།
དེ་ནས་བླ་མ་ཁ་ལི་བ་ཞིང་དུ་གཤེགས། དེའི་དགོངས་རྫོགས་སུ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཀྱི་སྒྲུབ་པ་ཟླ་བ་དྲུག་ཙམ་མཛད་པས་ཡུམ་གྱི་ཉམས་སྣང་ལ་སྨུག་པ་ནག་སེང་གེ་ཡོད་པ་ཞིག་གི་དཀྱིལ་ནས་བླ་མ་དེ་ཉིད་ན་བཟའ་དམར་པོ་ཞིག་ཡོད་པ་དེ་མཆོད་ནས་མངོན་སུམ་ལྟ་བུར་མཇལ། གསུང་གིས་འཁོར་བའི་བྱ་བ་ལ་སྙིང་པོ་མེད་པས་རྒྱལ་ཁམས་ཕྱོགས་མེད་དུ་འགྲོ་རན་གསུངས་པའི་སྣང་བ་ཤར། གསང་ཡུམ་མཚན་མཚར་དེ་ཉིད་ཀྱི་བསམ་པ་ལ་ཡུལ་གཞན་དུ་སོང་ཡང་སྐད་ནི་མི་ཤེས་གངས་རི་དང་ཀློ་ཆུ་མིག་བརྒྱ་རྩ་སོགས་མཇལ་དུ་འགྲོ་བསམས་པ་དང་། མཐོང་ལེགས་བཀྲ་ཤིས་ལམ་གྲོགས་སུ་འཁྲིད་ནས་རྒྱ་མོ་ཁོམ་ཞེས་པར། རྡོ་ལ་མེ་འབར། ཆུ་ལ་མེ་འབར་སོགས་མཇལ་ནས། མཚོ་པདྨ་ག་ཤ་མཁའ་འགྲོའི་གླིང་སོགས་ཐག་རིང་དུ་འཁྱར་བས་ལས་ཀྱིས་འབྲེལ་བའི་རྐྱེན་གྱིས། ཏང་འཕགས་པ་དང་། ག་ཤ་འཕགས་པ་སོགས་ཀྱིས་བུ་རྡོ་རྒྱབ་ཏུ་ཁུར་ནས་བུ་ཞིག་ཡོང་བའི་སྨོན་ལམ་བཏབ། དེའི་ཚེ་ཡུམ་གྱི་རྨི་ལམ་ལ་རྒྱ་མོ་ཁོམ་ནས་ཡིན་ཟེར་བའི་བུད་མེད་མང་པོ་དང་མཉམ་དུ་ཆུ་མིག་ཅིག་ལ་མགོ་བཀྲུས་ནས་ཡར་གཟིགས་པས་བླ་མ་ཧེ་རུ་ཀའི་ཆས་ཀྱིས་བརྒྱན་པ་ཞིག་གིས་མར་གཟིགས་པ་དང་མཇལ་བའི་རྐྱེན་གྱིས་ངོ་ཚ་བའི་རྣམ་པས་ཚུར་བྲོས་ཡོང་བ་དང་། བུད་མེད་རྒྱན་ཆ་གྱོན་པ་མང་པོ་ཞིག་འཕྲད། དེ་དག་ན་རེ། ཁྱེད་ཆུ་བརྒལ་ཚར་ན་ངེད་ཚོའི་རྒྱན་ཆ་རྣམས་ཉར་དང་། ངེད་རྣམས་ཆུ་འཁྲུད་དུ་འགྲོ་ཟེར་བའི་མོད་ལ་གཉིད་སད། གཞན་ཡུམ་གྱི་མཚན་ལམ་དུ་ངོ་མཚར་བ་དག་ཡོད་ཀྱང་ཅི་ངེས་མ་བྱུང་། དོན་ལ་མ་ཡི་ལྷུམས་སུ་ཤིང་བྱི་ཟླ་བ་བཞི་པའི་ཚེས་ལྔ་ལ་ཞུགས་པ་དང་ངོ་མཚར་བའི་ལྟས་བླ་མ་ཞིག་ཡིན་པ་ལྟ་བུའི་ལུས་སེམས་བདེ་བས་ཁྱབ་པ་དང་ངེས་འབྱུང་དང་དད་པ་མཆོག་ཏུ་སྐྱེས་པ་ཞིག་བྱུང་བས་ངའི་ཕྲུ་གུ་འདི་བླ་མ་སྤྲུལ་སྐུ་མིན་ཡང་བུ་ལེགས་པ་ཞིག་ཡིན་པ་འདྲ་གསུང་འདུག །དེ་ནས་སྐུ་བལྟམས་པར་ཉེ་བ་ན། ས་དེར་ཡོད་པའི་རྒྱ་གར་ཁམས་པ་ཚོ་ཐམས་ཅད་རི་སྐོར་ལ་སོང་། གནས་རི་དེར་ཨ་བར་སྐྱུར་གསུམ་སོགས་ཀྱི་འབྲས་བུས་གང་བ། དེའི་མཐའ་ལ་ཨོ་རྒྱན་རིན་པོ་ཆེའི་གཏེར་ཚྭ་ཡོད་པའི་ས་ཕྱོགས་དེར་གསེར་གྱི་རི་བདུན་དང་། རོལ་པའི་མཚོ་བདུན་ལྟ་བུ། ལྷ་ལྕམ་མནྡ་ར་བའི་བཞུགས་གནས་ཐང་ཆེན་པོ་ཞིག་ཡོད་པ་དེར་བུད་མེད་ཐམས་ཅད་སྒར་ཆགས་ནས་བསྡད་ཡོད་པའི་སྐབས་སུ་ཤིང་གླང་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུ་ལ་མཚོ་པདྨར་ཚོགས་འཁོར་བསྐོར་ཏེ་བཞུགས་སྐབས་མཚོ་བདག་ཀླུ་རྣམས་ནས་གུས་མཆོད་འབུལ་བ་དང་། ཨོ་རྒྱན་ཡབ་ཡུམ་གྱིས་དངོས་གྲུབ་གནང་བའི་ལྟས་བཟང་པོ་བྱུང་། ཚེས་བཅོ་ལྔའི་ཉི་ཤར་ཙམ་ལ་ས་གཡོ་བ་དང་། མ་ཎི་པདྨེའི་སྒྲ་གྲགས་པ་དང་། མེ་ཏོག་གི་ཆར་བབས་པ་སོགས་ལྟས་བཟང་པོ་དང་བཅས་འཁྲུངས་པ་དང་ལྷན་དུ་གཡོག་པདྨ་དགུ་སྐྱིད་ལ་བུ་མོ་གཅིག །མ་མོ་ལ་ལུ་གུ་གཅིག །ཁྱི་ལ་ཁྱི་ཕྲུག་གཅིག་བཅས་དུས་གཅིག་ལ་སྐྱེས་སོ། །
༈ སྨྲས་པ། མ་ཅིག་ཡུམ་ཆེན་འགྲོ་ཀུན་རྒྱུད་ལ་ཁྱབ། །མ་གྱུར་འགྲོ་བ་ཡེ་ནས་སྐུ་གསུམ་རྫོགས། །མ་བུ་འོད་གསལ་ཐུགས་ཡིད་རོ་གཅིག་ན། །མ་བཅོས་རིག་པ་ལབ་ཀྱི་སྒྲོན་མ་དངོས། །དེ་བས་དེ་ཡི་འཕྲུལ་དུ་རློམ་པ་བདག །སྟོང་ཉིད་སྟོད་ཀྱང་འོད་གསལ་གོ་མ་འགགས། །ཇི་ལྟ་ཇི་སྙེད་བརྗོད་པའི་ཡུལ་ལས་འདས། །གང་ལ་གང་འདུལ་ལེགས་བྱས་གྲལ་དུ་འཇུག །དབུས་ལྗོངས་འཕྱོངས་རྒྱས་ཁེ་སྨད་ཅེས་པའི་སར། །སྡེ་པ་རིན་ཆེན་ཕུན་ཚོགས་ལས་མཆེད་པ། །ཨ་ཅག་རྡོ་རྗེ་སྒྲོལ་མ་དེ་ཉིད་ལ། །མག་པ་བསུས་ཀྱང་སྔོན་ལས་དབང་བཙན་པས། །སེམས་མ་ཕེབས་པར་སང་ནས་རྟ་གཡོག་བཅས། །ལྷ་ལྡན་སོང་བས་རྒྱ་དྲུང་རྣམ་ཕུན་འཕྲད། །དེ་ལ་ཡར་འབྲོག་ཡོན་དོ་སྤྲུལ་སྐུ་འཁྲུངས། །ནར་སོན་དགོན་དུ་གདན་འདྲེན་ཞུས་པའི་རོགས། །ང་ཡིས་ཨ་ཕ་དོན་གྲུབ་རྣམ་རྒྱལ་སོང་། །ཡུལ་དེ་སྡིག་སྟོབས་ཆེ་སྟབས་ཡིད་སྐྱོ་ནས། །བླ་མ་སྤྱང་ཀི་དགོན་པ་སྤྱང་ཚང་འདྲ། །ཟེར་ནས་སོང་བས་ཡུལ་གྱར་འབྲུག་པར་སླེབས། །བླ་མ་གང་འདུད་ཅེས་པའི་ཞབས་ལ་གཏུགས། །ཞབས་འབྲང་བྱས་ཏེ་ཡུན་རིང་སྡོད་སྐབས་སུ། །བལ་ཡུལ་མཆོད་རྟེན་འཕགས་པ་ཤིང་ཀུན་གྱི། །གནས་འཛིན་འབྲུག་པ་ཡིན་ཡང་གོརྵས་འཕྲོག །དེ་ཉིད་ཚུར་ལོང་རྩིས་བཞེས་ལེགས་ཐོབ་པས། །བླ་མ་མཉེས་ནས་བུ་ཁྱོད་སླེབས་ནས་བཟུང་། །བཀྲ་ཤིས་ཞལ་དྲོ་བྱུང་བས་ཁྱོད་ཀྱི་མིང་། །མཐོང་ལེགས་བཀྲ་ཤིས་ཐོགས་ཞེས་དབུགས་དབྱུང་མཛད། །རོང་མཚམས་མཐོང་སྨོན་ཧ་གོ་དགོན་ཞེས་པར། །བླ་མ་ཁ་ལི་བ་ཡི་གསང་ཡུམ་ནི། །སྔོན་ཚེ་བླ་མ་ཤཱཀྱ་བཟང་པོ་ཞེས། །སྟག་ཆིབས་ལྟོ་འགྲོའི་ལྕག་ཚན་མཛད་པ་ཡི། །རྫུ་འཕྲུལ་ཅན་དེའི་རིགས་རྒྱུད་ལས་མཆེད་པའི། །སྤེན་པ་སྒྲོན་མའམ་མཚན་མཚར་ཞེས་པ་བཞུགས། །རིང་མིན་བླ་མ་ཞིང་གཤེགས་དགོངས་རྫོགས་སུ། །ཟླ་དྲུག་སྤྱན་རས་གཟིགས་ཀྱི་སྒྲུབ་པ་མཛད། །དེ་སྐབས་ཡུམ་གྱི་སྣང་བར་སྨུག་པའི་དཀྱིལ། །བླ་མ་ན་བཟའ་དམར་པོ་བཞེས་ཏེ་བཞུགས། །ཞལ་ནས་འཁོར་བར་སྙིང་པོ་མེད་པས་ན། །རྒྱལ་ཁམས་ཕྱོགས་མེད་འགྲོ་བ་རན་ནོ་གསུངས། །ཡུལ་གཞན་སྐད་མི་ཤེས་པའི་གངས་རི་དང་། །ཆུ་མིག་བརྒྱ་རྩ་མཇལ་དགོངས་ལམ་གྲོགས་སུ། །མཐོང་ལེགས་བཀྲ་ཤིས་འཁྲིད་ནས་སྐོར་བར་སོང་། །རྒྱ་མོ་ཁོམ་དུ་རྡོ་ལ་མེ་འབར་དང་། །ཆུ་ལ་མེ་འབར་སྒྲུབ་མཚོ་པདྨ་དང་། །ག་ཤ་མཁའ་འགྲོའི་གླིང་སོགས་ཡུན་རིང་སོང་། །ལས་ཀྱིས་འབྲེལ་བས་ལྷན་དུ་བཞུགས་བྱས་ནས། །འཕགས་པ་རྣམ་གཉིས་བུ་རྡོ་རྒྱབ་ཏུ་ཁུར། །སྨོན་ལམ་བཏབ་པས་ཡུམ་དེའི་རྨི་ལམ་དུ། །མོ་ཁོམ་རྒྱ་ནས་ཡིན་ཟེར་བུད་མེད་འགའ། །མཉམ་དུ་ཆུ་མིག་ཅིག་ལ་ཁྲུས་བྱས་ཚེ། །ཡར་བལྟས་བླ་མ་ཧེ་རུ་ཀའི་ཆས་ཅན། །མར་གཟིགས་མཇལ་བས་ངོ་ཚའི་རྣམ་པས་བྲོས། །ཡོང་བས་བུད་མེད་རྒྱན་ལྡན་མང་པོ་ཞིག །རྒྱན་རྣམས་བཅོལ་ནས་ཁོང་རྣམས་ཁྲུས་ལ་སོང་། །དེ་སོགས་མང་དུ་བྱུང་ཡང་མ་ངེས་པའི། །ཤིང་བྱི་ཟླ་བ་བཞི་པའི་ཚེས་ལྔ་ལ། །ལྷུམས་སུ་ཞུགས་པས་ལུས་སེམས་བདེ་བས་ཁྱབ། །ངེས་འབྱུང་དད་པ་མཆོག་ཏུ་སྐྱེས་པ་ཡིས། །སྤྲུལ་པའི་སྐུ་འམ་བུ་ལེགས་པོ་ཞིག་ཡོང་། །ཟླ་གྲངས་ཟིན་ནས་སྐྱེ་ལ་ཉེ་བ་ན། །དེར་ཡོད་རྒྱ་གར་ཁམས་པ་རི་སྐོར་སོང་། །ལྷ་ལྕམ་མནྡ་ར་བ་བཞུགས་པའི་གནས། །ཨ་བར་སྐྱུར་སོགས་འབྲས་བུས་ལེགས་པར་བརྒྱན། །གསེར་རི་རོལ་མཚོ་ལྟ་བུས་མཐའ་ནས་བསྐོར། །སློབ་དཔོན་པདྨའི་གཏེར་ཚྭ་ལ་སོགས་པ། །བཀྲ་ཤིས་ངོ་མཚར་ལྡན་པའི་ཐང་ཆེན་དེར། །བུད་མེད་ཚོགས་རྣམས་སྒར་བྱས་ཡོད་པའི་སྐབས། །ཆོ་འཕྲུལ་ཟླ་བའི་རིག་འཛིན་འདུ་ཚེས་ལ། །གྷ་ན་ཙཀྲ་ཕུལ་ཏེ་ཡོད་པའི་དུས། །ན་གའི་ཚོགས་ཀྱིས་པཱུ་ཙ་ཕུལ་བ་དང་། །ཨོ་རྒྱན་ཡབ་ཡུམ་སིདྡྷི་སྟེར་ལྟས་བྱུང་། །ཉ་ཡི་ཉི་ཤར་ཙམ་དུ་ས་གཡོས་ཤིང་། །མ་ཎིའི་སྒྲ་གྲགས་མེ་ཏོག་ཆར་བབས་སོགས། །བཀྲ་ཤིས་དགེ་ལེགས་དཔལ་གྱི་མཚན་ལྟས་བཅས། །པདྨ་དགུ་སྐྱིད་བུ་མོ་ལུག་གཅིག་ལ། །ལུ་གུ་ཁྱི་ལ་ཁྱི་ཕྲུག་གཅིག་ལྷན་དུ། །ཨ་མའི་ལྷུམས་ཀྱི་འདབ་བརྒྱ་ལས་གྲོལ་ལོ། །སྐྱེ་མེད་གཤིས་ལས་ཀ་དག་སྐྱེ་ཤི་ཟད། །འགག་མེད་རྩལ་ལས་ལྷུན་གྲུབ་གོ་མ་འགགས། །གནས་མེད་དོན་ལ་སྒྱུ་འཕྲུལ་དྲྭ་བ་རུ། །བདག་མེད་ཡུམ་དོན་འགྲོ་ཀུན་གྲོལ་བར་སྨོན། །ཡང་ཡང་སྐྱེ་བ་བླང་ཚུལ་རྟོགས་བརྗོད་འདི། །མང་མང་མ་ཡིན་ཚིག་ལམ་བསྡུས་དྲངས་པས། །འཇིགས་འཇིགས་དུཿཁ་མྱོང་བའི་མ་གྱུར་འགྲོ། །བཟང་བཟང་རྣམ་མཁྱེན་མཆོག་གི་དཔལ་ཐོབ་ཤོག །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
དེ་ནས་ནི་གུ་དེ་ཉིད་བཀྲ་ཤིས་པའི་མཚན་རྟགས་ཕྲུ་མས་སྒོམ་ཐག་ཚུལ་དུ་དཀྲིས་ནས་འདུག །རྐང་པ་ནི་ཕྱེད་སྐྱིལ་བྱས། ལག་པ་གཉིས་ནི་ཌ་དྲིལ་བཟུང་ཚུལ་བྱས། མིག་གཉིས་མི་འཛུམ་པར་ཐད་ཀར་གཟིགས་ཤིང་། ཞལ་ནས་ཨ་དང་། མ་ཎི་གསལ་པོར་བརྗོད་ཅིང་། ལུས་ལ་བྱང་སེམས་དཀར་དམར་གྱི་ཐིག་ལེས་བརྒྱན་པ་ཞིག་བཙས། མ་ཡི་བསམ་པ་ལ་ཕས་རྒྱུན་དུ་རྡུང་རྡེག་དང་། བོད་སྐད་མ་གོ་བའི་སྟབས་ཀྱིས་བློ་ཕམ་ཡིད་མུག་ཆེ་བར་བརྟེན་ཕྲུ་གུ་སྐྱེས་མ་ཐག་ཏུ་བསྐྱུར་ནས་ང་རང་ཡུལ་དུ་འགྲོ་བསམས་པ་ཡོད་ཀྱང་། བུ་མོ་མཚན་རྟགས་བརྒྱན་པ་དེ་མཐོང་བ་ཙམ་གྱིས་སྔོན་གྱི་བསམ་པ་དེ་འགྱུར་ནས་ལུས་སེམས་དགའ་བདེའི་ངང་ལ་གནས་པ་དང་། དེར་སྤྲང་སྒར་ཆེན་པོ་ཞིག་ཡོད་པ་ཐམས་ཅད་འདུས་ནས་དེ་འདྲ་ཞིག་ངོ་མཚར་ཞེས་དད་གུས་ཀྱི་ངང་ནས་མི་རེས་མིང་རེ་བཏགས་པ་སྐྱེ་གཡོག་ཚེ་དབང་སྒྲོལ་མ་ནས་ཚེས་བཅོ་ལྔར་སྐྱེས་པས་བཅོ་ལྔ་ལྷ་མོར་བཏགས་སོ། །དེ་སྐབས་ཡུལ་དེར་ཉ་ཤ་ཚོང་མི་སླེབས། འབྲས་སྤར་གཉིས་ཀྱིས་ཉ་ཤ་ཉོས་ཏེ་ཨ་མའི་ལུས་གསོས་པའི་ཐབས་བྱས། ཕ་རི་སྐོར་སོང་ནས་སླེབས་མ་ཐག་གཡོག་མོ་ལ་ཕྲུ་གུ་སྐྱེས་སམ་གསུངས། བུ་མོ་ཞིག་སྐྱེས་སོང་ཞུས་པས་བུ་ཞིག་མིན་པ་བུ་མོ་སྐྱེས་པ་མ་ལེགས་གསུངས། འོན་ཀྱང་བུ་མོ་དེ་ཤེས་རབ་ཆེ་བ་ཡོང་བའི་ཆེད་དུ་དེར་ཡོད་སྤྲང་པོ་ཐམས་ཅད་ལ་ཁབ་རེ་འགྱེད་བྱས། ཚེ་བསོད་རྒྱས་པའི་ཆེད་དུ་ཀུན་སྒྲོལ་མ་བསག་བཅུག་ནས་མིང་བསོད་ནམས་དཔལ་འཛོམས་བཏགས།
དེ་ནས་ཅུང་ཟད་ན་ཡང་ཞབས་བརྟན་སྒྲོལ་མ་ཙིཏྟ་མ་ཎི་བསག་བཅུག །ཕ་མ་གཉིས་ཀྱིས་ཀྱང་ཡི་དམ་དུ་བྱས། ང་རང་ཡང་དྲན་པ་རྙེད་དུས་སྒྲོལ་མ་སློབ་མ་དགོས་པར་འདོན་རྒྱུ་འདུག །ལྡིང་པོ་ཆེའི་སྤྲུལ་སྐུ་ཨ་ཞང་ཞྭ་མོ་རིང་པོ་ནས་གཙུག་ཕུད་བཞེས་ཏེ། འདི་ཡི་དམ་འགྲུབ་པའི་རྟགས་མཚན་འདུག་པས་མིང་ཡི་དམ་དབང་མོ་བཏགས་དགོས་གསུངས། ཡང་བླ་མ་ཨ་ཙ་ར་ཞིག་གདུགས་ཕུབ་ནས་བཞུགས་འདུག་པ་དེས་རུ་པ་ས་ར་སི་ཏི་ཞེས་བོད་སྐད་དུ་མཚོ་ལ་མཆོད་པའི་དངོས་གྲུབ་ཡིན་པས་རྒྱ་མཚོའི་དངོས་གྲུབ་ཅེས་བཏགས། མི་གཞན་གྱི་ཕྲུ་གུ་ཟླ་སྐྱེད་ལས་ཞག་སྐྱེད་ཆེ་བ་ཡོད་ཨ་མ་ནས་ཟེར། དེ་ནས་ཟླ་ཤས་སོང་དུས་མ་ནས་དེ་སྔ་ང་ཁོག་པར་ཡོད་དུས་ལུས་བདེ་བ་དང་། སེམས་དགའ་བ། རྨི་ལམ་ལེགས་པས་ཕྲུ་གུ་དེ་བླ་མ་ཞིག་མིན་ནམ་བྱས་པར་བརྟེན། ཕ་ནས་མ་ལ་ཁྱོད་རྨི་ལམ་ལེགས་པ་དང་བླ་མ་ཡིན་ཚུལ་ལབ། ཕྲུ་གུ་བུ་མོ་ཞིག་ལས་མི་སྐྱེས་ཟེར་ནས་ཕྱག་འབེབས་དང་། གཞན་ཡང་བུ་ཡིན་ན་དེ་གུར་ནང་དུ་ཞོག་དང་། བུ་མོ་ཞིག་ལས་མེད་པས་ཕྱི་རོལ་དུ་ཕུད་གསུངས་ནས་བཀའ་བཀྱོན་དྲག་པོ་ཡང་ཡང་མཛད། ལོ་ཤས་རིང་དབྱར་དུས་ཟངས་ཀར་མཆོད་རྟེན་ཀརྞི་ཀར་བཞུགས། དགུན་དུས་མཚོ་པདྨར་སྡོད་སྐབས་ཤིང་ཏོག་དང་། ཟ་ཧོར་ཀུ་ཤུ་ཡོད་པ་དང་། ཡུལ་སྡེ་ཀུན་གྱིས་བྱམས་ཤིང་ཕན་བཏགས་བྱུང་། ང་ལོ་ན་ཆུང་ངུ་ངག་ནས་སྨྲ་ཤེས་ཙམ་ནས་ངས་མ་ལ་དང་པོ་ང་རང་གི་ལག་ན་མེ་ཏོག་ཅིག་ཁྱེར་ནས་ཡོད་པས་མ་རང་གི་སྙན་མཆོག་ལ་བཙུགས་པ་ཡིན་པས་ང་ཟག་བྱུང་ཟེར་འདུག་ཟེར། དེ་སྐབས་མའི་ལྷུམས་སུ་ཞུགས་པ་འདྲ། མ་ལ་ང་ལུས་ལ་འཁོར་ནས་སྙན་ལ་སྨེ་བ་པདྨ་འདྲ་བ་ཞིག་སྐྱེས་འདུག་ཟེར། ཡང་སྐབས་ཤིག་ལ་ཕས་ཆང་ཉོས་ནས་བཏུང་སྟེ་བཟི། ཆང་རིན་མ་འབྱོར་བས་ངེད་མ་བུ་གཉིས་ཀ་བཙོང་རིན་མ་ལ་སྒོར་མོ་གསུམ་དང་། ང་ལ་སྒོར་མོ་གཉིས་བྱས། ཕ་ཆང་བཟི་དྭངས་ནས་ཆུ་མོ་ལྡིང་གི་དཔོན་ནོར་བུ་དབང་རྒྱལ་ལ་ཞུས། དཔོན་དེས་མི་འཚོང་མི་ཆོག །ཁོ་རང་སྐྱུར་ཆང་གིས་བཟི་བ་མ་གཏོགས་གསུངས་ནས་ཆང་ཚོང་ལའང་བཀའ་ཉེས་བཏང་། ཨ་མས་དཔོན་ལ་ཕ་ཡིས་དེ་སྔ་སྡུག་བཏང་དྲགས་པས། ད་ངེད་མ་བུ་གཉིས་ཕ་ལ་རྩིས་མི་སྤྲོད་རོགས་ཞུས་པར། ཕ་ནས་ཨ་མ་མ་གནང་ཡང་། བུ་མོ་དེ་འཕྲད་དགོས་གསུངས་མིག་མཆི་མ་བྱུང་བས་དེར་ཡོད་ཐམས་ཅད་འདུས། དེར་ཕས་བརྡུང་རྒྱུ་མེད་པའི་མནའ་བསྐྱལ། ཐོའུ་བཙུགས། དེ་ནས་ངེད་གསུམ་ཀ་ཁོང་རང་གི་མི་བྱས་ནས་ཆུ་མོ་ལྡིང་དུ་ཁྲིད། དེ་ནས་ལུང་པ་པི་དྷི་ཞེས་པ་ནས་མའི་རྒྱབ་ཏུ་ཁུར་ནས་ཡུལ་འཁྱར་ཕྱིན་པས་ལམ་ཁ་ཞིག་ན་ཆུ་བོ་ཆེན་པོ་གཅིག་གི་འགྲམ་དེ་ནས་རལ་གྲི་ཞིག་རྙེད་པ་དེ་རྒྱབ་ཏུ་གཟེར་ནས་མས་ངའི་བུ་མོ་དེ་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ཞིག་ཡིན་ན་ཆུ་དེ་ལས་སྒྲོལ་ནུས་པར་ཤོག
དེ་ལྟར་མ་ཡིན་ན་ངེད་མ་བུ་གཉིས་ཀ་ཆུས་ཁྱེར་བར་ཤོག་ཅེས་སྨོན་ལམ་བཏབ་སྟེ་ཆུ་བརྒལ་བས་འཁྱེར་གྲབས་བྱས་པས་ནམ་མཁའ་ནས་བུད་མེད་ཅིག་གིས་ཚེག་སྒྲ་དང་ཧ་རི་ནི་སའི་སྒྲས་མ་ཡི་ཕྱག་ནས་བཟུང་སྟེ་འཐེན་པས་སྐད་ཅིག་ལ་ཆུ་ཕ་རིར་སྒྲོལ་ནས་ཕར་ཁ་དེར་སླེབས་ཚེ་བུད་མེད་དེ་མི་སྣང་བར་བཤུམས་པས་མི་ལ་ལར་དྲིས་པས་བུད་མེད་དེ་ནམ་མཁར་འཕུར་སོང་ཟེར་བས་ཐམས་ཅད་ངོ་མཚར་བ་བྱུང་སོང་། དེ་ནས་ཐར་ཏེ་ཕྱིན་པས་ལུང་པ་པི་དྷི་ཞེས་པར་སྐྱབས་མགོན་ཞབས་དཀར་གྱི་སློབ་རྒྱུད་ཡིན་པ་བླ་མ་རི་ཁྲོད་པ་ཞིག་མཇལ། ཞལ་སློབ་ཚེ་རིང་བུ་ཁྲིད་ཟེར་བ་ཞིག་འདུག །དེའི་སར་ཨ་མས་ཞིང་ལས་བྱས་གཡོག་ཏུ་ལོ་གཅིག་ཙམ་བསྡད། ཨ་མ་ལ་སྡང་པོ་བྱས་ཀྱང་ང་ལ་བྱམས་པོ་བྱེད་འདུག་བླ་མས་ཨ་མ་ལ།
ན་མོ་གུ་རུ། བཀའ་དྲིན་འཁོར་མེད་བླ་མ་རྗེ། །རྗེ་བཙུན་གྱི་རྣམ་སྤྲུལ་ཚོགས་དྲུག་མཚན། །མཆོད་འབུལ་གྱི་བུ་ལ་བྱིན་གྱིས་རློབས། །ཞེས་སོགས་ཨ་མ་ལ་སློབ་འདུག་པ་ང་ཆུང་ཆུང་སྐབས་བློ་ལ་ཡོད། རེ་འགའ་མས་རྩྭ་ཁུར་ཆེན་པོ་ཞིག་གི་སྟེང་དུ་ང་ཁུར་ནས་འགྲོ་གི་ཡོད། ཡང་སྐབས་ཤིག་ཏུ་ཕས་ཚོར་ཏེ་ཁྲིད་སོང་། གཞུང་ཞབས་རྩེ་དྲུང་ཞིག་ཕྱིས་བླ་མ་བསྟེན་ནས་རྣལ་འབྱོར་པ་མི་མི་རས་རྐྱང་ཞེས་མཚན་གསོལ་བ་ཞིག་གནས་སྐོར་ལ་བྱོན་དེར་ས་ཆགས་ནས་བཞུགས་པ་ལ། ང་དང་པདྨ་དགུ་སྐྱིད་གཉིས་ཀ་ཁ་སློབ་ཏུ་སོང་། གྲོགས་པདྨ་དགུ་སྐྱིད་སོགས་ཀྱིས་ཀ་ཁ་ལ་ལག་བཀབ་ནས་མ་བསྟན་ཀྱང་། སྔོན་སྦྱངས་ལས་འཕྲོ་ལྟ་བུས་ཚེགས་མེད་དུ་ཀློག་སྦྱོངས་ཕུལ་དུ་ཕྱིན། ཡང་ངེད་མ་བུ་གཉིས་གུར་ནང་དུ་བསྡད་ཡོད་དུས་ཕ་ཆང་གིས་བཟི་ནས་ཕེབས། ངེད་གཉིས་སོ་སོར་བྱེད་བུ་མོ་འདི་ལས་མེད་པས་འདི་རྩ་གཤག་བཏང་ནས་ཕྱེད་ཁྱོད་རང་གྱིས། ཕྱེད་ང་རང་བྱེད་གསུངས་པས་ང་ཤིན་ཏུ་སྐྲག་ནས་གུར་གྱི་རྒྱབ་ནས་ཕྱིར་བྲོས་ཏེ་ཚེར་མ་ཞིག་གི་འོག་ཏུ་གབ་པས་སྣང་བ་ལ། མི་མང་པོ་སྒྲ་སྐད་སྙན་པོ་ཡོད་པའི་ཞིང་ཁམས་ཤིག་ཏུ་སླེབས་པའི་སྣང་བ་ཡུད་ཙམ་ཞིག་ལ། ཁོང་ཚོས་ཞག་བདུན་གྱི་བར་མ་རྙེད་པས། གཅན་གཟན་ནམ་འདྲེ་མོ་སོགས་ཀྱིས་ཟོས་པར་ཐག་བཅད་པས། ང་གྲོང་པ་ཁྱིམ་མཚེས་ཀྱི་ཕྲུ་གུའི་ཁྲོད་ན་སླེབས་འདུག་ཟེར། དེར་བྱིས་པ་མང་པོ་ཚོགས་པ་དང་། ལ་ལས་ཁྲི་བརྩེགས། ལ་ལས་ཕྱག་འཚལ། ལ་ལས་དུང་འབུད་ཚུལ་བྱས། ལ་ལས་རྔ་རྡུང་ཚུལ། ལ་ལས་ཆོས་ཞུ་ཚུལ་བྱས་པས། ངས་ངག་ཐོག་ནས་ཆོས་བཤད་འདི་ལྟར་བྱས་སོ། །འོ་ནམ་མཁའི་མཐའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་དགེ་བ་ཡང་དག་པར་སྒྲུབ་སྙམ་པའི་སེམས་བསྐྱེད་ནས་ཉན་འཚལ། སྔོན་ནས་ཆོས་བྱས་པའི་འབྲས་བུས་ད་ལྟ་མི་ལུས་ཐོབ། དབང་པོ་ཚང། བླ་མ་མཇལ། ཆོས་ཞུ་རྒྱུ་ཡོད་པ་སྐལ་བ་བཟང་། ད་ཐམས་ཅད་འཆི་ཞིང་། ནམ་འཆི་ཆ་མེད། འཆི་ཚེ་ཆོས་མ་གཏོགས་ཐམས་ཅད་སྐྱུར་ནས་ད་ལྟ་ཉིད་དུ་མི་འགྲོ་བའི་གདེངས་མེད་ན་ལེ་ལོ་ཕྱི་བཤོལ་དུ་མ་ལུས་པར་བློ་སྣ་སྟུང་། དེ་ལ་སྡིག་པ་མི་དགེ་བའི་གནོད་པས་གཞན་གནོད་གཞི་བཅས་སྤོངས། དགེ་བ་ཆོས་སྒྲུབ་ན་ཕན་པས་གཞན་ཕན་གཞིར་བཅས་སྒྲུབ་ཅིང་དགེ་སྡིག་ལ་སྤང་བླང་བྱ། འཁོར་བ་མཐོ་དམན་གང་དུ་གནས་ཀྱང་སྡུག་བསྔལ་ལས་མ་འདས་པས་དེ་དུས་ཕན་པ་དམ་པའི་ཆོས། སྐྱོབ་པ་བསླུ་མེད་དཀོན་མཆོག་བློ་གཏད་དྲིན་ཆེན་བླ་མ་མ་གཏོགས་མེད་པས་སྙིང་ནས་གསོལ་བ་ཐོབ་ལ་སྐྱབས་འགྲོ་གྱིས། སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་ཐབས་སེམས་བསྐྱེད། བོད་ཀྱི་ལྷ་སྐལ་སྤྱན་རས་གཟིགས་སྒོམས། ཆོས་ཀྱི་སྙིང་པོ་མ་ཎི་ཡིག་དྲུག་འདི། སྡིག་སྒྲིབ་འཁྲུད་པའི་བདུད་རྩི། ལས་ངན་བསྲེག་པའི་མེད་དཔུང་། ངན་སོང་རྩད་གཅོད་ཀྱི་སྤུ་གྲི། ཐར་ལམ་འདྲེན་པའི་ལྕགས་ཀྱུ། བདེ་ཆེན་ཞིང་གི་ལམ་མཁན་ཡིན་པས་རྒྱུན་དུ་སྒྲོངས་ལ་བྱང་ཆུབ་ཀྱི་སེམས་དང་ལྡན་པའི་བསྔོ་བ་སྨོན་ལམ་ཡང་དག་པར་གྱིས། ཞེས་བཤད་པས་ཐམས་ཅད་ངེས་འབྱུང་སྐྱེས་ནས་མ་ཎི་སྐྱབས་འགྲོ་མང་པོ་ཁས་ལེན་བྱས་ཏེ་ཆོས་ལ་ཞུགས་པ་མང་པོ་བྱུང་སོང་།
ང་ཨ་མའི་འོ་མ་འཐུང་བའི་སྐབས་མི་ལ་ལས་ཕྲུ་གུ་འདི་ཙམ་གྱིས་ཆོས་བཤད་པ་ག་ལ་ཉན་ཟེར་ནས་སྐྱོན་དུ་ལྟ། དེ་སྐབས་མ་ཎི་སློབ་དཔོན་དུང་དཀར་འབྲུག་སྒྲའི་སྐུ་ཚ་ལོ་ཆེན་ཧཾ་སྒྲའམ་ལོ་ཆེན་མགོ་དཀར་ཟེར་བ་དེས་སྤྱན་རས་གཟིགས་ནི་ལྷ་ཕོ་ཡིན། འདི་སྒྲོལ་མའམ་མ་ཅིག་དངོས་ཡིན་གསུངས་ནས། མ་ཎིའི་གདངས་དབྱངས་སྣང་སྲིད་ཟིལ་གནོན་དང་། །གསུང་སྙན་ནོ་འགྱུར་རོ་སྐལ་ལྡན་ཀུན། །ཡིག་དྲུག་བག་ཆགས་བཟང་བཟང་ལྷང་ལྷང་གསུངས། །སྤྱིར་ལོ་ཆེན་གོང་མའི་གསུངས་གདངས་ཡིན། །དགོས་རཏྣ་བྷ་དྲའི་གདངས་འགྱུར་ཡིན། །ཡང་དགོས་སྤྲང་ཕྲུག་ང་ཡི་གདངས་འགྱུར་ཡིན། །གསུང་ལ་འགགས་འཛེར་མི་འདུག་པ། །ཡིག་དྲུག་ལྷང་ལྷང་གསུང་བར་ཞུ། །ཞེས་སོགས་གསུངས། འཁོར་བ་འདམ་འདོན་སྣང་སའི་རྣམ་ཐར་སོགས་མཐར་ཕྱིན་པ་སློབ་སྟེ་རང་ལོ་དྲུག་ནས་མ་ཎི་བསྐུལ་བས་སྐད་སྙན་པ་དང་། ཡིད་ཕན་སེམས་ཀྱི་ནུས་པས་ཁྲོམ་སྟོང་ཕྲག་ཙམ་ཚོགས་འདུག སྦྱིན་བདག་གི་ཐོག་མར་ཁམས་པ་བཀྲ་ཤིས་ཟེར་བ་ཞིག་གིས་ང་ལ་ཁྲི་བརྩེགས། མདུན་དུ་མཎྜལ་ཕུལ་སོང་། མ་ཎི་བསྐུལ་ནས་འདི་སྐད་ཅེས་སྨྲས་སོ། །
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ མ་འགྲོ་ཀུན་འདྲེན་མཛད་སྙིང་རྗེའི་ལྷ། །སྐྱབས་འཕགས་མཆོག་སྤྱན་རས་གཟིགས་ལ་འདུད། །ཚུར་ཉོན་དང་ཁམས་པ་བཀྲ་ཤིས་སོགས། །ང་ལོ་ཆུང་བུ་མོའི་གླུ་ལ་ཉོན། །རྟེན་དལ་འབྱོར་མི་ལུས་རྙེད་པར་དཀའ། །འདི་ཆུད་ཟོས་མ་གཏོང་སྙིང་པོ་ལོངས། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །ཚེ་མི་རྟག་ནམ་འཆི་ངེས་པ་མེད། །སེམས་བློ་སྣ་སྟུང་ལ་སྙིང་པོ་ལོངས། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །ལས་རྒྱུ་འབྲས་མི་བསླུ་རང་ལ་སྨིན། །དོན་དགེ་སྡིག་སྤང་བླང་མིག་ལྟར་སྲུངས། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །གནས་རིགས་དྲུག་སྡུག་བསྔལ་མེ་ཡི་འོབ། །ཡིད་ཞེན་པ་ལོག་ནས་ངེས་འབྱུང་སྐྱེད། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །ཕན་ངེས་པ་སྐྱབས་གནས་དཀོན་མཆོག་གསུམ། །སྙིང་ཐག་པ་ནས་བློ་གཏད་སྐྱབས་འགྲོ་གྱིས། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །མ་འགྲོ་ཀུན་ཕན་དང་བདེ་བའི་ཐབས། །སྨོན་འཇུག་གི་བྱང་ཆུབ་སེམས་ལ་སྦྱོངས། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །རྒྱུད་དག་ནས་ཐར་པ་ཐོབ་པའི་ཐབས། །ཚོགས་བསགས་དང་སྒྲིབ་སྦྱངས་ཡང་ཡང་གྱིས། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །རྗེ་བླ་མ་ལ་སངས་རྒྱས་ཐམས་ཅད་འདུས། །གདུང་ཤུགས་ཀྱིས་མོས་གུས་གསོལ་འདེབས་མཛོད། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །གཟུགས་སྣང་ཚད་ཐུགས་རྗེ་ཆེན་པོ་སྒོམས། །སྒྲ་གྲགས་ཚད་མ་ཎི་པདྨེར་སོམས། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །དྲན་ཚད་ཀུན་བྱང་སེམས་སྟོང་པ་ཉིད། །བྱམས་སྙིང་རྗེ་དམིགས་མེད་མ་བཅོས་ཞོག །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །རྗེས་དགེ་བ་སེམས་ཅན་དོན་ལ་སྔོས། །དུས་གསུམ་དུ་དགེ་བའི་བཀྲ་ཤིས་བརྗོད། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་སྒོམས། །ཆོས་ཀུན་འདུས་ཡི་གེ་དྲུག་མ་སྒྲོངས། །མ་སེམས་ཅན་ཀུན་ལ་སྙིང་རྗེ་སྐྱེད། །འདིར་ཚོགས་པའི་འདུས་པ་ཕོ་མོ་རྣམས། །རྒྱུད་ཆོས་ལ་བསྐུལ་བའི་འབྲེལ་བ་ཡིན། །ངག་སྙན་པོའི་གླུ་ལ་སྦྱར་ཏེ་བླངས། །མཐོང་ཐོས་དྲན་རེག་ཀུན་སངས་རྒྱས་ཤོག །
ཅེས་སྨྲས་པས་ཕལ་ཆེར་ངེས་འབྱུང་སྐྱེས་ནས་མིག་མཆི་མ་མི་གཏོང་བ་མི་འདུག །མར་ལམ་གངས་རི། དེ་ནས་མི་རིང་བར་ཡུལ་རམ་སྤར་ཞེས་བྱ་བའི་ཡུལ་དེའི་རྒྱལ་པོས་གསན་ནས། ངེད་ཐམས་ཅད་དེར་སོང་སྟེ་ཁྲི་མཐོན་པོ་ཞིག་གི་སྟེང་དུ་ང་བཞག་ནས་མ་ཎི་བསྐུལ་བཅུག །ཁྲོམ་མང་དུ་འཚོགས། ང་གཟུགས་ཆུང་བས་མི་མངོན་པར་ཡར་ལངས་ཏེ་ལག་ན་འཁར་བ་རིང་པོ་ཞིག་ཁྱེར་ནས་རྒྱུ་འབྲས་སྤང་བླང་དང་མི་རྟག་སོགས་བཤད་པས་ཐམས་ཅད་ཀྱི་མིག་ནས་མཆི་མ་བཏང་། ཡེ་ཤེས་མཁའ་འགྲོ་དངོས་མི་ཡུལ་དུ་འགྲོ་དོན་ལ་བྱོན་འདུག་ཟེར་ཏེ་དད་པ་མི་ཕྱེད་པ་བྱེད་འདུག །དེ་ནས་ཚོང་ས་རོང་ལ་ཕྱིན་ནས། ངེད་མ་བུ་གསུམ་ལ་རྒྱུ་ནོར་གང་ཡོད་དེར་བཞག །ར་ལུག་ཁ་ཤས་ཡོད་པ་མ་ཡིས་འཚོ་རུ་ཕྱིན། ཕ་ནས་ཚོང་ཟོག་ཕྲེང་བ་ལུང་ཐག་བརྒྱུས་ནས་བསྡད་ཡོད་སྐབས་ཁང་པའི་འོག་ཏུ་རྩྭ་ཁང་དང་སྡོད་སའང་རྩྭ་ཁང་། དེ་སྐབས་ངས་མུ་ཟི་ཞིག་གིས་མེ་སྤར་བས། ཕས་ང་ལ་ཕྱག་འབེབས་མང་པོ་གནང་སྐབས། ཕའི་སྣང་བ་ལ་རང་གི་ཁང་སྟེང་ཨ་ཙ་ར་ཞིག་ཡོང་ནས་གླུ་མང་པོ་ལེན་པའི་ཚིག་ལ་ཉན་པས། ཕ་ལ་ཁྱོད་ཕྲུ་གུ་ཚོང་མཁན། རང་ཤ་ཟ་མཁན། རང་ཁྲག་འཐུང་མི་གསུངས་ནས་ཕ་ལ་མི་འདོད་པའི་རྣམ་པ་དང་བཀའ་བཀྱོན་གནང་འདུག །སང་ཉིན་ཨ་ཙ་ར་དེས་ཕྲེང་བ་མེས་ཚིག་པ་ཞིག་ཁྱེར་ནས། ཕྲེང་བ་མེས་ཚིག་ཅི་དྲག་ཟེར་བས། ཕས་ངས་ཅི་བྱེད་ཟེར་ཏེ་ཚིག་ངན་བརྒྱབ། དེ་ཉིན་ང་རང་གཉིད་ཁུག་བསྡད་ཡོད་པས། ཐབ་ལས་མེ་མཆེད་ནས་རྐང་པའི་འོག་ཏུ་མེ་ཚ་ཧ་རེ་བྱུང་། གཉིད་སད་མ་ཁད་འོག་ཏུ་མཆོངས་པས། ཨ་ཙ་རས་བཏེགས་ནས་ཆུ་འགྲམ་དུ་ཁྲིད། རྐང་པ་ཚིག་པ་ཆུ་ལ་བཅུག་ཟེར། ཆུ་ལ་བཅུག་པས་ཚིག་ཤུལ་མི་འདུག་ཕའི་བསམ་པར་བུ་མོ་བརྐུས་སོང་བསམས་སྟག་ལྤགས་ཚིག་རོ་ཁྱེར་ནས་རྒྱུག་སྟེ། ངའི་བུ་མོ་ཞོག་གསུངས་པས། ང་ཆུ་ཚུར་རི་ལ་བཞག །ཁོ་རང་ཆུ་ཕ་རི་ལ་སོང་རྗེས་མེད་པར་ཡལ་སོང་། དེ་ནས་ཤར་ཁོག །བྱང་ལའུ། ཚོང་ས་རོང་རྣམས་ལ་སོང་ཡང་ཆོས་མ་དར་ཞིང་། གུ་གེ་ལ་ཆོས་དར། ས་འོག་གི་གྲོག་མ་ལྟ་བུར་མང་དུ་ཡོད་པས་རོང་མཚམས་ཐམས་ཅད་ཉུལ་ནས་མཐོང་ཐོས་དྲན་རེག་ཐམས་ཅད་ཀྱི་རྒྱུད་ལ་ཐར་པའི་ས་བོན་བཞག
ཡང་ལ་དྭགས་ལུང་པ་སྐྱུར་པོ་ཅན་དགོན་པ་དཔལ་གདུགས་བྱ་བར་འཆམ་ལྟ་རུ་ཕྱིན། ཨབ་ཇི་རྣམ་སྣང་། མ་རྒྱུད་རྣམ་སྣང་། གསུང་རྡ་རྣམ་སྣང་སོགས་མཇལ་སྐབས་ང་རང་མཐོང་སྣང་ལ་མདུན་གྱི་ནམ་མཁར་ལྷ་ཚོགས་དཔག་ཏུ་མེད་པ་འབྲུག་སོགས་ཆིབས་ནས་གསུང་བྱོན་ལ་ཁད་མང་པོ་མཇལ། སྐབས་ཤིག་ལ་དྭགས་རྒྱལ་པོའི་ཞབས་རིམ་ལ་དམིགས་ནས་རྒྱལ་པོ་རང་གི་མངའ་འོག་དགེ་སློང་ཐམས་ཅད་འདུས་ནས་བཀའ་འགྱུར་ཀློག་ཏུ་བཅུག་འདུག །དེའི་གྲལ་ལ་ང་རང་ཡང་ཕྱིན་པས་ཐམས་ཅད་ཧ་ལས། དགོང་མོ་སྐུ་ཡོན་སྐབས་སྐུ་མདུན་པ་ཏཱ་ར་སྤྱན་ཟེར་བ་ཞིག་གིས་ང་གར་ཡོད་དུ་གཟིགས། སྐུ་ཡོན་ཡང་ང་རང་ལ་ལྷག་པར་དཀྱིལ་དཀྱིལ་རེ་གནང་། ཞལ་འཛུམ་མདངས་ལྡན་པས་བྱམས་སྐྱོང་མཛད། བུད་མེད་ནི་ང་ལས་མི་འདུག །ཡང་ལ་དྭགས་རྒྱལ་པོའི་དབུ་བླ་བླ་མ་བཀྲ་ཤིས་རྣམ་རྒྱལ་དྲུང་དུ་སློབ་གྲྭ་མང་པོ་འདུག །ང་དང་བུ་མོ་པདྨ་ཁྲིད་ནས་ཡི་གེ་བྲིས་སློབ་བྱས་པས་གཞན་ལས་ལྷག་པར་ཤེས། བླ་མ་ནི་རིག་པའི་གནས་ལྔ་ལ་མཁས་པ་ཞིག་འདུག །ང་ལ་ཕས་མ་ཎི་བསྐུལ་རྒྱུ་སློབ་དགོས་ཞུས་པས། འདས་ལོག་ཁམས་པ་ཨ་དྲུང་དང་། རྒྱལ་པོ་གཡུ་ལྷ། ལེགས་པའི་དོན་གྲུབ་སོགས་བསླབས། ཐང་ག་ཞིག་དང་དཔེ་ཆ་བཅས་གནང་ནས་བསྐུལ་དུ་བཅུག །ང་ལོ་ཆུང་བས་ནངས་མོ་མའི་མ་ལག་ཏུ་བཞོས་ནས་འཐུང་གིན་འཐུང་གིན་བསྐུལ་བས་ཀུན་གྱིས་ཕྲུ་གུ་འོ་འཐུང་ཞིག་གིས་ཁ་ནས་ཆོས་བཤད་པ་ངོ་མཚར་ཟེར། ཐམས་ཅད་དད་པ་སྐྱེད་སྙིང་རྗེ་ནས་མཆི་མ་གཏོང་མཁན་མང་པོ་བྱུང་། རྒྱལ་པོའི་དྲུང་དུ་ཡང་བསྐུལ་དུ་བཅུག་པས་རྒྱལ་པོས་མངའ་རིས་ཁམ་བུ་སོགས་གསོལ་རས་མང་པོ་གནང་སྟེ་སྤྱན་བསལ་པོ་བྱུང་།
དེ་ནས་ཟངས་ཀར་ཞེས་པར་ཕྱིན། ཕ་ལྟོ་སློང་བ་མ་ཎི་བསྐུལ་བྱེད་ཐང་སྐུ་བཞེངས་པ་ལ་སོང་བས་གྱོན་པ་རྟ་ལ་བཀལ། གཞན་གྱི་རྟའི་མཇུག་ཏུ་ཞོན་ནས་སོང་བས་གྱོན་པ་རྣམས་ཆུ་ལ་ཤོར་ནས་གཅེར་བུར་ལོག་བྱུང་། ཁོ་རང་ནས་གླུ་བཏང་། ང་རང་ཞབས་བྲོ་རྒྱག་ཏུ་བཅུག་ནས་ལྟོ་གོས་སློང་བས་མི་ཐམས་ཅད་ངུས་ནས་བུ་མོ་དེ་ལྟར་འཁྲབ་ཏུ་མ་བཅུག་ལྟོ་གོས་ང་ཚོས་སྟེར་ཟེར། ཟངས་དཀར་ནས་མངའ་རིས་དོ་ཧ་ན་དང་། ག་ཤ་ལ་ཕེབས། དེ་ནས་ར་བྲང་ལ་ཁ་ཞེས་གླིང་གེ་སར་གྱིས་ཀླུ་དམ་ལ་བཏགས་པའི་ས་དེར་ཕྱིན། ཕས་ཁུར་པོ་ཆེན་པོ་ཞིག་གི་སྟེང་དུ་ང་ཁྱེར་ནས་དགྱེ་སྒུར་སོགས་ང་ཕར་གཡང་ལ་ལྷུང་ལ་ཁད་བྱུང་། ཡུལ་དེར་ལོ་ལེགས་པོ་འདུག །ཆོས་སྣང་དཀར་པོ་རང་མི་འདུག །
ཡང་ཟ་ཧོར་སོགས་ལ་འཁྲིད་ནས་རྒྱ་གར་གྱི་བྱང་ཐང་ཞིག་ལ་ཕྱིན་སྐབས་ཁམས་བྲག་གཡབ་པས་མི་ཞིག་ལམ་དུ་བསད་པ་དང་དུས་མཚུངས་པའི་ཕ་ཆང་གིས་བཟི་ནས་མི་བསད་མཁན་ང་ཡིན། ང་བྲག་གཡབ་པ་ཡིན་སྨྲས་པས། མི་བསད་པ་དེའི་ཨ་ཅེ་དང་བུ་སོགས་ཀྱིས་བཟུང་། མི་ཐམས་ཅད་ཀྱིས་བརྡུངས། སྐྲ་བཏོགས། སང་ཉིན་ཕག་བཤས་ཞེས་ཡན་ལག་བཞི་གཅོད་པར་ཐག་གཅོད་སྐབས། ངས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། སེམས་སྡུག་ཚད་མེད་པ་བྱུང་། ཨ་མ་དང་ངས་ཋ་ན་ཞེས་ལས་ཁུངས་དེར་སྙན་སེང་ཞུས་ཀྱང་མ་ཉན་པར་གནས་སྐབས། ག་ཤའི་བུ་མོ་ཞིག་རྒྱལ་པོ་དེའི་བཙུན་མོ་ཆུང་བར་སླེབས་འདུག །དེའི་སྐུ་མཆེད་ཏཱ་ར་སྤྱན་ཞེས་པ་ཞིག་ཡོད་པ་དེས། འདི་བྲག་གཡབ་པ་མིན། མི་བསད་པ་མིན། ངའི་མི་ཡིན་གསུངས་ནས་སྐུ་ཐར་མཛད། ཁོ་རང་གི་མི་བྱས་ནས་ངེད་མ་བུ་གསུམ་ཞབས་ཕྱིར་ཁྲིད། མྱུང་ཏི་ཟེར་བའི་ཡུལ་དེར་ལྗང་ཇ་བན་ཌ་ཟེར་བའི་ཐང་ཆེན་པོ་ཞིག་འདུག །དེར་ཡུལ་ལྷ་ཕེབས་མཁན་རྣམས་བསྡུས་ལྷ་སྡུར་རྒྱག་པའི་ཚུལ། གཞན་ཡང་གསེར་དངུལ་གྱི་ལྷ་ཤིན་ཏུ་ཆེ་ལ་ལེགས་པ་མི་མང་པོས་ཕེབས་བྱམས་ཀྱི་སྟེང་ནས་གདན་འདྲེན་འདུག །ཀུན་མེ་ཏོག་མང་པོ་འཐོར་ཞིང་ཕྱག་བྱེད་འདུག །ཕ་ཆང་གིས་བཟི་ནས་རྡོ་མང་པོ་བརྒྱབ་པས། ཁྲོམ་ཐམས་ཅད་རུབ་ནས་རྒྱག་རྡུང་མི་རེའི་ལག་ནས་སྐྲ་ཚོམ་རེ་བཏོགས་ནས་ཁྱེར་འདུག །ང་ཤིན་ཏུ་སྐྲག་ནས་སྐད་བརྒྱབ་སྟེ་ངུས་པས་རྒྱལ་པོ་མ་ཧཱ་ར་ཛ་ཞེས་པས་གསན་ནས་བཏང་བྱུང་། ཡུལ་སྦ་ཅི་ནས་རྒྱ་གར་ཚོང་པ་ཞིག་ལ་ལོ་ངོ་བཞིའི་མཚམས་སུ་ཡབ་ནས་ང་བཙོངས་ནས་དངུལ་སྦར་གང་བྱུང་། ཨ་མ་ནས་སྒུག་བསྡད་པས། ང་ཁྱི་ལ་རུས་པ་སྟེར་དུ་ཡོང་བས་ཨ་མས་ང་ཁུར་ནས་བྲོས་པས་ཞབས་རྗེན་པ་ལ་ཨ་མས་སྲོ་མ་ར་ཙའི་པགས་པ་བཤུས་ནས་ལྷམ་མཐིལ་འདྲ་པོ་ཞིག་བཟོས་ནས་དཀྲིས། མགུལ་གཡུ་བཙོངས་ནས་སུར་པཎ་ཉོས་ནས་ཚ་གྲོ་ཁར་ཆུ་ཁ་ཞིག་ཏུ་ཤིང་འབྲུ་ཟོས་པའི་དོམ་གྱི་སྐྱག་པ་ལས་སྣུམ་བཙིར་ནས། སྙུག་རྩྭ་བསྲེག་ནས་བཞེས་ཏེ་ཕེབས་པས་མྱུང་ཏི་ཆུ་ཚན་ཡོད་ས་ཞིག་ཏུ་རྒྱ་གར་ཁམས་པ་འདུག་པས་གནས་ཚང་གཡར་ཏེ་བསྡད། དེ་རྣམས་ཀྱིས་གོས་ལྷམ་སྟེར་བ་དྲན།
ཡང་དེར་ཕ་སླེབས་ནས་མ་བུ་གཉིས་ལ་ཞུ་བ་ཕུལ། ཕྱིན་ཆད་འདི་ལྟར་མི་བྱེད་པའི་དམ་བཅའ་བྱས་ནས་སྟོད་ཕྱོགས་སུ་སོང་། ངེད་ཚོའི་བོང་བུ་འཚོ་མཁན་དར་རྩེ་མདོ་ནས་ཡིན་པའི་ཨ་ཅེ་པདྨ་ཞེས་པ་ཞིག་ཡོད་པ་དང་ཕ་གཉིས་བློ་མཐུན་ནས། ངེད་ཕ་མ་ཚོ་འཆམ་པོ་གཏན་ནས་མ་བྱུང་བས་ཨ་ཅེ་དེས་ང་ལ་ཞྭ་མོ་གཅིག་དང་། གོས་གཅིག་སྤྲད་ནས་ང་ལ་ཐོད་པ་གཏུག་སྨོན་ལམ་བཏབ་ནས་ངས་དམ་ཚིག་ཆེན་པོ་བཟོ་བ་འདུག་པས་ང་རང་ཕྱོགས་གཞན་དུ་འགྲོ་ཟེར་ནས་སོང་ཡང་སྐབས་ཤིག་མྱུང་ཏི་ཞེས་པ་ནས་ཕ་མེད་སྟབས་ཨ་མ་དང་ང་གཉིས་ཡུལ་ཐོན་ནས་ཕྱིན་པས་ལམ་ལ་མི་ཚང་ཆེན་པོ་ཞིག་ཏུ་བསྡད། ཨ་མའི་མགུལ་གཡུ་ཞིག་ཡོད་པ་དེ་འཚོ་བའི་མཐུན་རྐྱེན་བྱས་ནས་ཕྱིན་ཕྱིན་པས་ཡུལ་ཤིན་ཏུ་སྐྱིད་པོ། བུད་མེད་ཐམས་ཅད་རྒྱན་ཆ་མེ་ཏོག་གིས་བརྒྱན་པ། ང་ལའང་མེ་ཏོག་གི་རྒྱན་ཕྲེང་བཏགས་པ་ཞིག་ཏུ་སླེབས་པས་གནས་དེར་ཨ་མ་ཐུགས་རྗེ་ཆེན་པོའི་མཚམས་ལ་བཞག །ངས་མཚམས་གཡོག་བྱས་པས་སྤྱོད་ལམ་ཆུ་ལེན་སོགས་འགྲོ་སྐབས་སྣང་བ་ལྷ་དང་། སྒྲ་སྐད་སྔགས་སུ་དཀྱིལ་འཁོར་གསུམ་གྱི་རང་བཞིན་དུ་མངོན་སུམ་འཆར་འདུག །ཡུལ་དེ་རྗེས་སུ་རང་གཞན་སུས་ཀྱང་མཐོང་ཐོས་མི་འདུག་པས་སྦས་ལུང་ཞིག་ཏུ་སླེབས་པ་འདྲ། ཡང་མཚོ་པདྨའི་མཇུག་ཏུ་མ་ཎི་བསྐུལ་དུ་སོང་ཚེ། ལོ་གསར་མཚམས་སུ། ཕ་ཆང་གིས་བཟི་ནས་མི་ཚང་ཞིག་ལ་མེ་རྒྱག་རྒྱུ་ཡིན་ཟེར་ནས་ཤོར། མི་ཐམས་ཅད་ཀྱིས་ཟིན་ནས་ཕའི་དཔྲལ་བར་མེ་བརྒྱབ། ང་མང་དུ་ངུས་ནས་ཞུ་བ་བྱས་པས། སང་ཉིན་དེ་ཐམས་ཅད་ཀྱིས་བུ་མོ་ལ་ཆོས་ཞུས། ཕ་ལ་སྡུག་བཏང་བས་ག་ལ་ཡོང་ཟེར་ནས་བཤགས་པ་བྱས། ཕ་འདྲེ་འདྲ་བ་ལ་བུ་མོ་ལྷ་འདྲ་བ་གང་ནས་བྱུང་ཟེར། ངས་ཀྱང་མ་ཎི་དང་རྒྱུ་འབྲས་ཀྱི་ཆོས་སོགས་བཤད་པས་དགེ་སྒྲུབ་སྡིག་སྤོངས་བྱེད་མི་མང་པོ་བྱུང་། དེའི་ཚེ་ཡུལ་གཞན་དུ་འགྲོ་ཁར་བསླབ་བྱ་འདི་ལྟར་སྨྲས་སོ། །
༈ སྐྱབས་བསླུ་མེད་བླ་མ་དཀོན་མཆོག་གསུམ། །ལྷ་འཕགས་མཆོག་སྤྱན་རས་གཟིགས་དབང་ལ། །བློ་སྙིང་ནས་གུས་པས་གསོལ་བ་འདེབས། །ལས་དགེ་སྡིག་སྤང་བླང་ནུས་བྱིན་རློབས། །ཚུར་གསོན་དང་ཡོན་བདག་ཕོ་མོ་རྣམས། །མགོན་རྫོགས་པའི་སངས་རྒྱས་ཤཱཀ་ཐུབ་དེས། །ལས་རྒྱུ་འབྲས་བསླུ་བ་མེད་པར་གསུངས། །དེ་མ་བསགས་བར་དུ་མི་འཕྲད་ཅེས། །བསགས་པ་དེ་ཆུད་ཟོས་མེད་པར་སྨིན། །གཞི་སེམས་ཅན་ཡིན་པར་ཤེས་པ་དང་། །བསམ་པ་ལ་ཆགས་སྡང་རྨོངས་པ་གསུམ། །སྦྱོར་བ་ཞེས་གསོད་ཐབས་ལག་ཏུ་ལེན། །མཐར་ཐུག་ནི་སྲོག་གི་དབང་པོ་འགགས། །རྗེས་ཡི་རང་ལྔ་ཡི་ལས་བསགས་ན། །འབྲས་ཡང་སོས་སྐྱེ་ཞིང་ཡང་ཡང་འཆི། །མིར་སྐྱེས་ཀྱང་ཚེ་ཐུང་ནད་མང་ལ། །སྲོག་གཅོད་འདོད་ཡང་ཡང་མང་དུ་འགྱུར། །མ་བྱིན་ལེན་བཅོམ་འཕྲོག་ཐབས་ཀྱིས་བརྐུ། །ཡན་ལག་ལྔ་སྔོན་ལྟར་འབྲས་བུ་ཡིས། །ཐིག་ནག་སྐྱེ་ལུས་བཤག་ཡང་ཡང་འབྱར། །མིར་སྐྱེས་ཀྱང་ནོར་དབུལ་ཇག་རྐུན་མང་། །འདོད་ལོག་གཡེམ་མི་ཚངས་སྤྱད་པ་ཡིས། །རོ་རུལ་བའི་འདམ་སྐྱེ་དགྲ་ཟླར་འགྱུར། །རྫུན་ཕལ་པ་བསླུ་ཐབས་མགོ་སྐོར་ནས། །ལས་དགེ་སྡིག་མེད་པར་བཤད་པ་དེས། །ལྕེ་གཏུབ་སར་སྐྱེ་ཞིང་ཀུན་གྱིས་བསླུ། །བློ་མཐུན་གཉིས་འབྱེད་པའི་ཕྲ་མ་དེས། །ཚིག་རྩུབ་མོར་བཤད་པས་ལྕེ་གཤག་པའི། །དམྱལ་བ་རུ་སྐྱེས་ནས་གར་སོང་ཡང་། །འཐབ་རྩོད་དུ་འགྱུར་ཞིང་མི་མཐུན་བྱེད། །ངག་འཁྱལ་གྱིས་ལྕེ་ལ་ཞིང་རྨོ་ཞིང་། །མིར་གྱུར་ཀྱང་སྨྱོ་ལྐུགས་གཡེང་བར་སྐྱེ། །ནོར་གཞན་ལ་བརྣབ་སེམས་སྐྱེས་པ་ཡིས། །ལྕགས་བསྲེག་གི་སེར་བ་འབེབས་སར་སྐྱེ། །མིར་གྱུར་ཀྱང་བསམ་པ་མི་འགྲུབ་ཅིང་། །གནོད་སེམས་ཀྱིས་དུག་སྦྲུལ་ཟ་སར་སྐྱེ། །མིར་གྱུར་ཀྱང་འཇིགས་པ་བརྒྱད་ཀྱིས་འཚེ། །ལས་ཡིད་མི་ཆེས་པའི་ལོག་ལྟ་དེས། །མནར་མེད་དུ་སྐྱེ་ཞིང་མིར་གྱུར་ཀྱང་། །སངས་རྒྱས་ཀྱིས་སྟོངས་པའི་མུན་གླིང་སྐྱེ། །དོན་དེ་བས་མི་དགེ་དུག་ལྟར་སྤོངས། །སྲོག་བསླུ་ཞིང་སྐྱབས་པས་ཚེ་རིང་ཞིང་། །མཆོད་སྦྱིན་གྱིས་ལོངས་སྤྱོད་ཕྱུག་པོར་ཡོང་། །ཚུལ་ཁྲིམས་ཀྱིས་ཀུན་གྱི་ཡིད་དུ་འོང་། །བདེན་པ་རུ་སྨྲས་པས་ཀུན་ཡིད་ཆེས། །མི་མཐུན་པ་འདུམ་པས་ཀུན་དང་མཐུན། །ཚིག་འཇམ་ཞིང་དེས་པས་ཀུན་གྱིས་བསྟོད། །ཁ་ཏོན་དང་བཟླས་བརྗོད་ཀྱིས་ཤེས་རབ་ལྡན། །གཏོང་སེམས་ཀྱིས་ཡིད་ཀྱི་བསམ་པ་འགྲུབ། །ཕན་སེམས་ཀྱིས་ཀུན་གྱི་ཕན་གདགས་ཤིང་། །ལས་འབྲས་ལ་ཡིད་ཆེས་ཆོས་དང་འཕྲད། །གནས་སྐབས་སུ་ཕན་ཞིང་མཐར་ཐུག་བདེ། །འབྲས་སངས་རྒྱས་ཐོབ་པའི་ཐེམ་སྐས་ཡིན། །དོན་དེ་བས་དགེ་བ་སྨན་ལྟར་བསྟེན། །ལས་མི་བསླུ་ཡིད་ཆེས་སྤང་བླང་མཛོད། །མཐར་བླང་དོར་བྲལ་བའི་བྲས་བུ་ཐོབ། །ལྷ་འཕགས་པ་སྤྱན་རས་གཟིགས་དབང་སྒོམས། །ངག་སྙིང་པོ་ཡི་གེ་དྲུག་མ་སྒྲོངས། །སེམས་སྙིང་རྗེ་བྱང་ཆུབ་སེམས་ལ་སྦྱོངས། །ད་ཁྱེད་རྣམས་ལས་སུ་དགེ་བ་སྒྲུབས། །བཀྲ་ཤིས་དང་བདེ་ལེགས་ཕུན་ཚོགས་ཤོག །ང་སྤྲང་མོ་ཕྱོགས་མེད་གནས་སུ་འགྲོ། །དུས་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །དུས་ནམ་ཞིག་དག་པའི་ཞིང་ཁམས་སུ། །སླར་ངོ་ཤེས་བཞིན་དུ་འཕྲད་པར་སྨོན། །དུས་གསུམ་དུ་དགེ་བའི་རྒྱུར་གྱུར་ཅིག །ཅེས་སྨྲས་སོ། །
དེ་ནས་མི་མི་གསེར་དཔོན་ཞིག་དང་མཇལ། སྐལ་བཟང་ཁྲོགས་སུ་ཕྱིན། གསེར་རྙེད་ན་དབུལ་བ་སེལ་ཡོང་ཟེར། ཕྱིན་ཕྱིན་པས་ཆུ་མེད་པའི་ལམ་དུ་ཡུན་རིང་འགོར། སྐབས་ཤིག་ང་དང་ཁྱི་གཉིས་ལ་ཆུ་རྙེད། ལམ་ཐམས་ཅད་རྐྱང་འབྲོང་དང་སྟག་གཟིག་གིས་གང་། དེ་ནས་ཆུ་མ་རྙེད་པས་ཡུན་རིང་ཕྱིན། མི་ཐམས་ཅད་ཁ་སྐོམ་ཅི་བྱ་གཏོལ་མེད་དུ་གྱུར་སྐབས། བྱ་རོག་གཉིས་གཅིག་གིས་གཅིག་ལ་སྐད་བཏང་བ་ལྟ་བུ་བྱེད། བལྟས་པས་ཆུ་འདུག །སྐད་བཏང་བས་ཆུ་རྙེད། ཕ་སོགས་མཉེས་མཉེས་མཛད། དེ་ནས་སོང་སོང་བས་རུ་བ་ཞིག་དང་འཕྲད། དེར་ངས་མ་ཎི་བསྐུལ་བས་ར་ལུག་སོགས་ཁ་ཤས་བྱུང་། དེ་རྣམས་ཚེ་ཐར་བྱས་ནས་ཁྲིད་སོང་སོང་བས་སྐལ་བཟང་ཁྲོགས་གསེར་པ་ཁང་དུ་སླེབས། དེར་ལོ་ཆེན་དར་པོ་ཞེས་པ་འདས་པ་དེའི་བུ་མོ་གསུམ་དང་། ཨ་མ་ཚེ་རིང་སྒྲོལ་མ་ཟེར་བ་འདུག །དེའི་བུ་མོ་ཆུང་བ་དེས་དགེ་སློང་མ་དཔལ་མོ་བསྐུལ། ངེད་ཚོ་དེའི་རིང་སྐྱིད་སྡུག་གཅིག་པ་ལྟ་བུ་བྱས། གསེར་རྡོལ་རེ་རྒྱག་དུས་གསེར་ཡང་མང་པོ་རྙེད། སོ་སོར་ཡོང་དུས་འབྲལ་མི་ཕོད་པ་ལྟ་བུས་ཉིན་རེ་གཉིས་ལུས། ཐམས་ཅད་ངུ་ཞིང་བྲལ་སྐབས་འདི་ལྟར་འདུས་པ་ནི་འབྲལ་བའི་ཆོས་ཅན་ལས་མ་འདས་སེམས་ཤིང་མི་རྟག་ཡིད་ལ་དྲན་ཞིང་སྨོན་ལམ་གྱི་གླུ་འདི་བླངས་སོ། །
༈ རྗེ་གངས་ཅན་མགོན་པོ་སྤྱན་རས་གཟིགས། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །འདུས་བྱས་ཀུན་མཚན་ཉིད་རྟག་པ་མེད། །སྔོན་འདུས་ཤིང་འདྲིས་པའི་མཛའ་བཤེས་རྣམས། །ད་སོ་སོར་འབྲལ་བ་ཀུན་གྱི་གཤིས། །དཔེ་འདི་ལ་བསམས་ནས་མི་རྟག་བསྒོམ། །རྗེས་འཕྲད་ཀྱང་སྔར་བཞིན་བརྩེ་དུང་ངང་། །ཆོས་དགེ་བའི་འཕྲོས་གཏམ་གང་ཕན་བྱེད། །མ་འཕྲད་ཀྱང་དག་པའི་ཞིང་ཁམས་སུ། །སླར་ངོ་ཤེས་བཞིན་དུ་འཕྲད་པར་སྨོན། །ད་བཞུགས་པ་ཀུན་དགེ་འཕེལ་ཞབས་པད་བརྟན། །ངེད་འགྲོ་བ་རྣམས་བཀྲ་ཤིས་བསམ་དོན་འགྲུབ། །དུས་ཀུན་ཏུ་བྱང་ཆུབ་དོན་དང་ལྡན། །མ་འགྲོ་ཀུན་ཕྱམ་གཅིག་སངས་རྒྱས་ཤོག །ཅེས་སྨྲས་ཤིང་སོང་བས་གྲྭ་མ་ལུང་ཞེས་པའི་གསེར་ཁང་རྙིང་པ་ཞིག་ཏུ་སླེབས། དེ་དུས་ངེད་ཚོ་ལ་ར་ལུག་ཁ་ཤས་ཡོད་པའི་ཁྲོད་ན་ར་མ་ལ་མཁན་ཞེས་པ་གཟུགས་ཤིན་ཏུ་ཆེ་བ་ཤེས་པ་སྤྱང་གྲུང་ཡོད་པ་ཞིག་ལ་ངས་ཞོན་ནས་འགྲོ་དུས། ང་ཆུང་བས་ཞོན་རན་དུས་ར་དེ་ས་ལ་ཉལ། ཞོན་པ་དང་ལངས་ནས་འགྲོ་བ་ཞིག་ཡོད་པ་དེ་ལ་ད་ལྟའང་མ་བརྗེད་པར་བསྔོ་སྨོན་རེ་རྒྱག་གིན་ཡོད། དེ་དུས་ར་དེའི་བཀའ་དྲིན་དྲན་པ་དང་སྙིང་རྗེ་བས་འདི་ལྟར་སྨྲས་སོ། །
རྗེ་སྙིང་རྗེའི་ལྷ་མཆོག་སྤྱན་རས་གཟིགས། །ཕ་བཀའ་དྲིན་ཀུན་ལྡན་ལོ་ཆེན་རྣམས། །དཔལ་ཐུགས་རྗེའི་བདག་ཉིད་སྐྱབས་གནས་ཚོགས། །ར་མ་ལ་མཁན་ལ་བྱིན་གྱིས་རློབས། །སྔོན་ལས་ཀྱི་འབྲས་བུ་བསླུ་བ་མེད། །ཕར་གང་བྱས་འབྲས་བུ་རང་ལ་སྨིན། །དོན་དེ་བས་སྔོན་གྱི་ཨ་མ་ཞིག །དུས་ད་ལྟ་མ་ལ་མཁན་དུ་སྐྱེས། །ང་རྒྱབ་ཏུ་ཁུར་ནས་དྲིན་གྱིས་བསྐྱངས། །ལུས་ཆུང་བས་རྒྱབ་ཏུ་མ་སླེབས་ཚེ། །ར་ཉལ་ནས་འདུག་པའི་སྤྱང་གྲུང་ཅན། །དེ་སྔོན་ཚེ་ཆོས་ཀྱིས་འབྲེལ་བའི་རྟགས། །ད་དུང་ཡང་སྐྱེ་བ་ཚེ་རབས་ཀུན། །ལས་སྡིག་པ་གང་བསགས་བདག་ལ་སྨིན། །དགེ་སྟོབས་ཀྱིས་དེ་རྣམས་སྦྱངས་ནུས་ཤོག །ངས་དགེ་བ་གང་སྒྲུབ་འབྲས་བུ་རྣམས། །ར་ཁྱོད་སོགས་འགྲོ་ཀུན་ལ་སྨིན་ནས། །རྣམ་པ་ཀུན་ཕན་དང་བདེ་བ་ཡི། །འབྲས་རྣམ་མཁྱེན་སངས་རྒྱས་ཐོབ་པར་ཤོག །ང་རྒྱབ་ཏུ་ཁུར་བའི་འབྲས་བུ་ཡིས། །ཁྱོད་སྐྱེ་བ་ཚེ་རབས་ཐམས་ཅད་དུ། །ཆོས་ཐེག་ཆེན་རྒྱུད་ལ་བྱང་ཆུབ་ནས། །འགྲོ་ཀུན་གྱི་སྡུག་བསྔལ་ཁུར་ཐེག་ཤོག །ཁྱོད་ལྡང་དང་ཉལ་བའི་འབྲས་བུ་ཡིས། །འཁོར་བ་ཡི་མལ་ནས་ལྡང་བ་དང་། །རྡོ་རྗེ་ཡི་སྟན་དུ་སྡོད་ཐོབ་ཤོག །སྐྱེ་བ་དང་ཚེ་རབས་མི་འབྲལ་ཞིང་། །གང་འདུལ་གྱི་འགྲོ་ཕན་སྐྱོང་ནུས་ཤོག །དཔལ་རྒྱལ་སྲས་ཀུན་བཟང་འཇམ་དབྱངས་ཀྱིས། །ཇི་ལྟར་དུ་བཏབ་པའི་སྨོན་ལམ་བཞིན། །ཆོས་ཉིད་དག་ཆོས་ཅན་བསླུ་མེད་འབྲས། །གང་བཏབ་པ་གེགས་མེད་མྱུར་འགྲུབ་ཤོག །ཅེས་སྨྲས་སོ། །
ཡང་སྟོད་བར་ག་རྟ་ཟམ་ཟེར་བ་ཞིག་ལ་ཕ་ནས་མ་ཎི་ཇི་བསྐུལ་དུ་ང་ཁྲིད་བྱུང་བས་ཁྱི་ཤོར་ནས་འཇབ་ཁྱི་བརྒྱབ་ང་ངུས་པས། དེར་ཡོད་མི་དྲག་ཞབས་གྲས་ཀྱིས་སྙིང་རྗེ་ཟེར་མཁན་གཅིག་ཀྱང་མ་བྱུང་། ང་ལ་བལྟས་གད་མོ་དགོད་པས་རྐྱེན་བྱས། སློང་མོ་བ་རྣམས་ལ་སྙིང་རྗེ་ཞིང་ཡིད་ཤིན་ཏུ་སྐྱོ་བས་འདི་ལྟར་སྨྲས་སོ། །རྗེ་འཇིགས་པ་ཀུན་སྐྱོབ་དྲིན་ཆེན་མ། །སངས་རྒྱས་དང་བྱང་སེམས་ཀུན་གྱི་ཡུམ། །སྐྱབས་གཅིག་ཆོག་རྗེ་བཙུན་འཕགས་མ་སྒྲོལ། །སྤྲང་ལོ་ཆུང་བུ་མོས་གསོལ་བ་འདེབས། །འགྲོའི་དབུལ་བ་སེལ་བར་བྱིན་གྱིས་རློབས། །དུས་དེ་རིང་བར་ག་རྟ་ཟམ་དུ། །སྔོན་སེར་སྣའི་འབྲས་བུར་ངེས་རྙེད་པས། །ང་སློང་དུ་སོང་བས་ཁྱི་དང་འཕྲད། །ནོར་བསྲུང་སེམས་ཕྲག་དོག་གིས་ཁ་གདངས་ནས། །སྐད་དྲག་ཐུང་བསྒྲགས་མཆེ་བས་འཛེར་དུ་འོང་། །མི་གཞན་གྱིས་དེའི་གྲོགས་བྱེད་སེམས་བོར། །འཕྱ་ཁྲེལ་གྱིས་གད་མོ་དགོད་ཅིང་འདུག །སེམས་ཡི་མུག་ཁོང་ར་སྙིང་རླུང་ལྡང་། །འདི་བཞིན་དུ་དབུལ་ཕོངས་སྤྲང་རྣམས་ལ། །བྱམས་སྙིང་རྗེས་མཆི་མ་དབང་མེད་འཁྲུགས། །མ་འཇིགས་སྐྱོབ་འཕགས་མའི་ཐུགས་རྗེ་ཡིས། །མ་དབུལ་ཞིང་ཕོངས་པའི་སྤྲང་པོ་ཀུན། །སྔོན་སེར་སྣ་འཇུར་གེགས་མ་བྱིན་ལེན། །བསགས་འབྲས་ཀྱིས་དབུལ་ཕོངས་ཀུན་སེལ་ནས། །སྦྱིན་པའི་ཚོགས་བསགས་ཤིང་འབྱོར་བ་ལྡན། །མཐར་འཕགས་ནོར་བདུན་ལ་ལོངས་སྤྱད་ནས། །ཀུན་རྣམ་མཁྱེན་ཡེ་ཤེས་རྒྱུད་ཕྱུག་ཤོག །ཅེས་སྨྲས་ཤིང་དེ་ནས་སྤུ་ཧྲེང་དུ་སོང་ཞིང་དགུན་ཁ་དེར་བསྡད། ཕ་ཨ་ཅེ་སྒྲོལ་མཚོ་དང་འཕྲད་ནས་བློ་མཐུན་གྱུར། འཁོར་ཆགས་ཇོ་བོ་རྣམ་གསུམ་སོགས་དང་། ཀློ་ཆུ་མིག་བརྒྱ་རྩ་སོགས་མཇལ། རྫོངས་ཁ་ནས་སྐྱིད་གྲོང་བརྒྱུད་ངེད་མ་བུ་གཉིས་ཡར་འགྲོ་སྐབས་བོང་བུ་མ་བུ་གཉིས་དང་ཁལ་མ་ཡོད་པ་སྐྱིད་གྲོང་དུ་བཅོལ་ནས་སྟོད་དང་བལ་ཡུལ་སོགས་སུ་ཕྱིན་ནས་མར་འཁོར་སྐབས་བོང་བུ་མ་བུ་གཉིས་བཙོངས་སོང་ཟེར་བའི་གཏམ་ཐོས་པས་ཨ་མས་རྒྱབ་ཁལ་རྣམས་མཉམ་དུ་བཙོངས་ཡོད་འགྲོ་སྙམ་ནས་དེ་ལྟར་སྨྲས་པ་ཁོང་ཚོས་ཐོས་ནས་མ་བཙོང་བ་ལ་བཙོངས་ཟེར་བ་འོས་མིན་ཡིན། ད་ཚང་མ་སྤྲོད་མི་ཐུབ་མ་ཟད་སྐྱིད་གྲོང་རྫོང་དུ་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཟེར་བས་སྐྲག་ནས་ངེད་མ་བུ་གཉིས་བོད་དུ་མར་བྲོས་ནས་ཡོང་ལམ་དུ་བོང་བུ་མ་བུ་གཉིས་འཕྲད་ནས་ངོ་ཤེས་ཏེ་རྒྱུག་བྱུང་བ་ལ་མས་ནེ་གུ་མ་འདིར་ཤོག་སྨྲས་པས་དགའ་ཞིང་མིག་མཆི་མ་འཁྲུག་ཅིང་ཡོང་། ངེད་གཉིས་ཀྱང་ངུས་ནས་སྙིང་རྗེ་དྲག་པོ་སྐྱེས་ནས་སྨོན་ལམ་འདི་ལྟར་བཏབ་བོ། །
ཀྱེ་མ་རྒྱལ་བ་སྲས་དང་བཅས་པ་དགོངས་སུ་གསོལ། །ཐོག་མེད་དུས་ནས་དྲིན་གྱིས་བསྐྱངས་པའི་མ། །ད་ལྟ་ནེ་གུ་མ་བུའི་ལུས་སུ་བླངས། །འདུས་ནས་བྲལ་བ་བཙན་ཐབས་འདུ་བྱས་གཤིས། །སྙིང་ནས་བརྩེ་བས་མིག་ནས་མཆི་མ་འཁྲུག །དུད་འགྲོའི་སྐྱེ་སྒོ་ཆོད་ནས་དལ་རྟེན་ཐོབ། །འདུས་པའི་གཙོ་བོ་བླ་མའི་ཐུགས་སྲས་གྱུར། །དགོངས་པ་དབྱེར་མེད་འཁོར་བ་དོང་སྤྲུག་ཤོག །ཅེས་སྨྲས། ཨ་མའི་པང་གདན་དུ་ཆུ་དང་རྩམ་པ་བླུག་ནས་མང་དུ་སྦྱིན། ཡིད་སྐྱོ་བའི་ངང་ནས་སྙིང་རྗེ་ཞིང་སོ་སོར་གྱེས་ནས་སོང་ངོ་། །
བལ་ཡུལ་གྱི་ལམ་བར་ནས་ཨ་མའི་ཕ་ཡུལ་སའུ་སྒང་ཞེས་པའི་ཡུལ་དེར་སྟོད་ལུང་དགེ་སློང་གཉིས་བཅས་སླེབས་ནས་སྔ་ལོ་མེ་འབར་ཤུལ་དེར་ཁྱིམ་ཆུང་ཆུང་ཞིག་བརྒྱབ་ནས་འདུག །ངེད་མ་བུ་སླེབས་པས་ཕྱི་དྲོ་སྤུན་ཐམས་ཅད་ཀྱིས་སླེབས་པར་ཤེས། གཉེན་འཁོར་ཐམས་ཅད་སླེབས་པའི་རྐྱེན་གྱིས་མི་མང་པོ་འཛོམས། དེ་ཚེ་ཁྱིམ་ཞིག་དེའི་ཉེ་སར་རྒྱལ་པོའི་ལྡུམ་ར་ཤིང་ཏོག་རིགས་མང་པོ་ཡོད་སར་ཨ་མ་ཆུང་དུས་རྒྱལ་ཁང་དུ་ཁྲལ་སྐྱེལ་དུ་མང་པོ་འགྲོ་མྱོང་གསུངས། དེར་ཟླ་ཤས་བསྡད། དེ་ནས་ཨ་མ་ངེད་གཉིས་ཡེ་ཤེས་སྒྲོལ་མ་བཅས་ཐོན་ཏེ་ཆུས་བཅད་དང་གསང་སྒོ་ནས་རིམ་བཞིན་ལ་ཞིག་བརྒྱབ། རྡ་རམ་ས་ལ་ཞེས་འགྲུལ་པ་འདུག་སའི་ཁང་པ་སྟོང་པ་ཞིག་འདུག་དེར་ཞག་གཅིག་བསྡད། བལ་ཡུལ་མཆོད་རྟེན་སྟག་མོ་ལུས་སྦྱིན་མཇལ།
ཡང་ཕ་དང་འཕྲད། མར་ལམ་གནས་སྐོར་གཞན་ཡང་མཇལ། གངས་རིར་ང་ཡི་ཞང་པོ་འབྲུག་པའི་བླ་མ་འཕྲིན་ལས་རིན་པོ་ཆེ་མཇལ་ནས་འབྲུག་པ་བཀའ་བརྒྱུད་ཀྱི་སྔོན་འགྲོ་ཕྱག་ཆེན་ལྔ་ལྡན་ཡོངས་རྫོགས་དབང་ལུང་ཞུས། ཞུས་ནས་བཏང་། དེ་ནས་ཕས་ཁྱེད་རྣམས་ཤར་དུ་སོང་ན་ང་ནུབ་ཏུ་འགྲོ་སོགས་ཟེར་བས་ཡར་ལམ་ཀཿཐོག །འདུ་ནང་ཐོག་སྨོན་དགོན་ཉེ་བའི་མཚམས་སུ་ཐང་ཤིན་ཏུ་ཆེ་བ་ཞིག་འདུག་དེར་ཞག་ཁ་ཤས་བསྡད། དེར་ཁམས་པ་དང་བོད་པ་སོགས་མི་སྣ་ཚོགས་པ་གུར་ཕུབ་སྟེ་འདུག །དེར་གསེར་བཟོ་ཉི་མ་ཞེས་པས་སྦྱིན་བདག་བྱས་ཏེ། ངས་མ་ཎི་བསྐུལ། རྡོ་ལེབ་གཅིག་གི་འོག་ཏུ་བསྡད་པས། ང་ལོ་ན་ཆུང་། ལུས་ཁ་དོག་གསལ། གཟི་བྱིན་བཀྲག་མདངས་དང་ལྡན། སྐད་སྙན་ལ་ཀུན་ཡིད་འཕྲོག་པར་བརྟེན་མཚན་མོ་ཨ་ཙ་ར་ཞིག་ང་བརྐུ་མ་རྒྱག་ཏུ་ཡོང་བས། ངའི་ལུས་ཀྱི་ཟིལ་མ་བཟོད་པས་འཇུ་མ་ནུས། འབོད་པ་བཏང་བས་དེའི་བར་བྲོས་ཐུབ། ཨ་མ་དང་ཡེ་ཤེས་སྒྲོལ་མ་གཉིས་ཁྲིད་སོང་བའི་རྗེས་སུ་ཁམས་པ་རྣམས་རྒྱུག་པས་ཟམ་པ་ཡོད་ས་ཞིག་ཏུ་སྐྱུར་འདུག་ཟེར། དེ་རྣམས་ནི་གཅེར་མོ་གཤིན་རྗེའི་ཕོ་ཉས་ཁྲིད་པ་བཞིན་སྐྱོ་བ་དང་སྐྲག་པ་ཚད་མེད་པ་བྱུང་བ་ལ་འདི་ལྟར་སྨྲས་སོ། །
སྐྱབས་སྙིང་རྗེའི་དབང་ཕྱུག་སྤྱན་རས་གཟིགས། །འཇིགས་པ་ཀུན་སྐྱོབ་མཛད་འཇིགས་སྒྲོལ་མ། །དོན་གཅིག་བསྡུས་དཔལ་ལྡན་ཀརྨའི་མཚན། །རྗེ་ཐུགས་རྗེ་ཅན་ལ་གུས་པས་འདུད། །ཡུལ་ཐོག་སྨོན་ཉེ་མཚམས་ཐང་ཆེན་འདིར། །ཁྲོམ་མང་པོ་ཚོགས་པའི་དཀྱིལ་ནང་དུ། །ང་སྤྲང་མོའི་ཆོས་བཤད་མ་གོ་ནས། །ལུས་ཁ་དོག་ལ་ཆགས་པའི་ཨ་ཙ་ར། །གཟུགས་གཅེར་བུ་སྔོ་ཧྲེང་གཤིན་རྗེ་འདྲ། །ངག་མི་གོ་བའི་ཅ་ཅོ་སྣ་ཚོགས་སྒྲོགས། །སེམས་སྲེད་ལེན་གྱིས་ཆགས་པའི་བློ་དུང་ངེ་། །ཁྱོད་སྡིག་བློ་དགེ་ལ་འགྱུར་བ་དང་། །ཉོན་མོངས་པ་ཡེ་ཤེས་སུ་དག་ནས། །བླ་མ་ལ་སངས་རྒྱས་སུ་མཐོང་ཞིང་། །ལམ་བདེ་ཆེན་གནད་འཁྱོལ་སངས་རྒྱས་ཤོག །དུས་ནམ་ཞིག་ཐམས་ཅད་འཆི་བའི་ཚེ། །སྐྱབས་མགོན་མེད་གཤིན་རྗེས་བར་དོར་འཁྲིད། །མུན་པ་ཡིས་མདུན་བསུ་ལས་རླུང་གིས། །རྒྱབ་དེད་པའི་འཇིགས་སྐྲག་སྒྲ་འོད་ཟེར། །འདི་ལྟར་ཞེས་ངོ་སྤྲོད་ཨ་ཙ་ར། །ཤི་བའི་ཚེ་མི་འཇིགས་པ་ད་ལྟ་ནས། །བློ་མྱུར་ལྟུང་གི་ཉམས་ལེན་བསྐུལ་འདེབས་བྱུང་། །ཨ་མ་དང་ཡེ་ཤེས་སྒྲོལ་མ་སོགས། །དུས་ད་ལྟ་ནས་མི་འཇིགས་བཙན་ས་བཟུང་། །མ་འགྲོ་ཀུན་བར་དོར་འགྲིམ་ཚད་ཀུན། །བླ་མ་དང་ཆོས་ཀྱི་བྱིན་རླབས་ཀྱིས། །སྒྲ་འོད་ཟེར་གསུམ་ཀུན་ར ངོ་འཕྲོད། །འཇིགས་སྐྲག་ཀུན་མི་འཇིགས་བཙན་ས་ཟིན། །མ་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཅེས་སྨྲས་པས་སེམས་བག་ཕེབས་སོ། །
དེ་ནས་བན་ཐང་དགོན་པ་བྱ་བར་བླ་མ་སྤ་རང་གི་གསང་ཡུམ་དེ་ངའི་ཨ་མའི་ཉེ་བར་འགྲོ་བ་ཞིག་ལ་བློ་གཏད་སྐྱབས་བཅོལ་ཞུས་ཏེ་དེར་སྡོད་རྒྱུ་ཉག་གཅིག་ལ། དེ་རྣམས་རོང་པ་ཡིན་སྟབས་ང་ལ་ད་རྟེན་འབྲེལ་འགྲིགས། ངེད་ཚོའི་སྲས་དེ་དང་བློ་མཐུན་བགྱིས་རྒྱུ་ཡིན་ཟེར་བ་ཨ་མས་ཚོར་ཏེ་དེར་བསྡད་ཀྱང་འཁོར་བའི་བྱ་བྱེད་ལས་ཆོས་ནི་སྒྲུབ་པ་མ་རེད་གསུངས་པས་ང་ཡི་འཇིགས་ཤིང་སྐྲག་པས་གླུ་འདི་ཁ་ནས་ཐལ་ལོ། །
རྗེ་ཆགས་ཞེན་གཅོད་མཛད་སྤྱན་རས་གཟིགས། །མ་རྗེ་བཙུན་འཇིགས་པ་སྒྲོལ་མཛད་ཡུམ། །ཕྱག་ཆེན་གྱི་དོན་སྟོན་འཕྲིན་ལས་རྗེ། །སྐྱབས་རྣམ་གསུམ་དབྱེར་མེད་གུས་པས་འདུད། །སྔོན་ལྷ་ལྕམ་མནྡ་ར་བ་དང་། །མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་སོགས། །ཀུན་མི་ཆོས་ཀྱི་མནའ་མ་བཙོན་དོང་མཐོང་། །འཁོར་བ་ལས་བྲོས་པས་ཐར་པ་ཐོབ། །རྗེ་སངས་རྒྱས་དེ་རྣམས་ཐུགས་འཇིགས་ན། །ང་སྤྲང་མོ་འཇིགས་པ་ཨ་ཅང་ཆེ། །དོན་དེ་བས་བཙོན་དོང་ནང་མི་འཇུག །གནས་དབེན་པར་ཕྱོགས་མེད་ཀྱི་རྣལ་འབྱོར་བྱེད། །རྣམ་དག་གི་ཆོས་བསམ་དྲི་མེད་འདི། །དོན་འགྲུབ་པར་མཆོག་གསུམ་བྱིན་གྱིས་རློབས། །མ་འགྲོ་ཀུན་འཁོར་བར་མི་ཆགས་པར། །མཚན་ལྡན་གྱི་བླ་མས་རྗེས་བཟུང་ནས། །དབེན་པའི་རིར་སྒྲུབ་ལ་མི་ཚེ་འཁྱོལ། །ཚེ་གཅིག་སངས་རྒྱས་ཐོབ་བྱིན་རློབས། །ཞེས་སྨྲས་ནས་མཚན་མོ་སུས་ཀྱང་མ་ཚོར་བར་ཨ་མ་ངེད་གཉིས་དང་། ཡེ་ཤེས་སྒྲོལ་མ་བཅས་ཡུལ་ཐོན་ཏེ་མཚན་གང་པོ་སོང་སོང་བས་ཐོ་རངས་ཟླ་བ་ཤར་བྱུང་། ལུང་ཕུག་དེར་རི་ལ་ཞིང་བཟོ་སར་རྒྱབ་ནག་ཅེས་མེ་བརྒྱབ་སྟེ་སྦྲུལ་མང་པོ་ས་བདེ་བར་འཕྱོང་ནས་ངའི་རྐང་པར་འཇམ་ཉིལ་གྱིས་འཁྲིལ་ཏེ་འོང་བས་སྐྲག་པ་དང་། སེམས་ཅན་དུད་འགྲོ་ཡིན་ཡང་སྲོག་ལ་མི་འཚེར་བ་མི་འདུག་སྙམ་སྙིང་རྗེ་བཅོས་མེད་དུ་སྐྱེས་ནས་འདི་སྐད་སྨྲས་སོ། །
སྐྱབས་རྒྱལ་བ་ཀུན་འདུས་སྙིང་རྗེའི་བདག །བོད་གངས་ཅན་གྱི་མེ་ཏོག་ཕོག་པའི་ལྷ། །སྲིད་དོང་ནས་སྤྲུག་མཛད་སྤྱན་རས་གཟིགས། །སྤྲང་མོས་པའི་བུ་ལ་བྱིན་གྱིས་རློབས། །དུས་སྙིགས་མ་ལྔ་བདོའི་གནས་སྐབས་འདིར། །ཆགས་སྲེད་ཀྱི་འདོད་པས་ཡིད་བསྐུལ་བའི། །མི་ཕལ་ཆེར་འབྲུ་འབྲས་འདོད་པ་ཡིས། །སྡིག་མ་འཛེམ་རྨོ་བཀོལ་ཞིང་གི་ལས། །རྩི་ཤིང་ཀུན་དམར་པོའི་མེ་ལ་བསྲེག །དུ་འཚུབ་ཀྱིས་ནམ་མཁའ་བར་སྣང་བཀང་། །སྲོག་ཆགས་ཀུན་གསོན་པོར་ཚ་དམྱལ་མྱོང་། །རྨོངས་ལྐུགས་ཀྱི་དུད་འགྲོ་ཡིན་ན་ཡང་། །གསོན་པ་ལ་དགའ་ཞིང་ཤི་ལ་འཚེར། །ཅི་བྱ་གཏོལ་མེད་དུ་གྱུར་པའི་ཚེ། །སྔོན་མི་ལ་འབྲོས་པའི་ལྟོ་འགྲོ་ཡང་། །འུ་ཐུག་པས་རྐང་ལ་འཇམ་ཉིལ་འཁྲིལ། །སྔོན་ལས་ཀྱིས་ང་ལ་སྐྱབས་སུ་རེ། །དོན་དེ་བས་མཆོག་གསུམ་ཐུགས་རྗེའི་མཐུ། །ཚད་མེད་པའི་བྱམས་དང་སྙིང་རྗེའི་ཤུགས། །ཆོས་ཉིད་དང་ཆོས་ཅན་བདེན་འབྲས་ཀྱིས། །དུས་དེང་ནས་ཚེ་རབས་ཐམས་ཅད་དུ། །འཁོར་བ་དང་ངན་སོང་གི་སྐྱེ་སྒོ་ཆོད། །རྟེན་བཟང་པོ་དལ་འབྱོར་རིམ་པར་བརྒྱུད། །ལམ་སྟོན་གྱི་དགེ་བའི་བཤེས་དང་མཇལ། །དམ་པའི་ཆོས་བདུད་རྩིའི་བཅུད་མྱོང་སྟེ། །བདག་འབྲས་མེད་དག་ཞིང་བགྲོད་པར་ཤོག །གཞན་ཕན་སེམས་བྱང་ཆུབ་དཔའ་གདེང་གིས། །མ་འགྲོ་བ་འདྲེན་པའི་དེད་དཔོན་དུ། །ཐུགས་རྗེ་ཡི་རྩལ་སྟོབས་འཕྲིན་ལས་ཀྱིས། །སྲིད་འཁོར་བ་དོང་ནས་སྤྲུག་གྱུར་ཅིག །ཅེས་སྨྲས་སོ། །
སྨྲས་པ་མི་སྐྱེ་སྐྱེ་བའི་ཚུལ་སྟོན་དམ་པ་མཆོག །མི་འགགས་འགགས་པའི་ལས་ངན་རྒྱུན་བཅད་ནས། །མི་གནས་གནས་ལུགས་རང་གཤིས་འགྲོ་བ་འདུལ། །མི་འགྱུར་འགྱུར་འགགས་འཁྲུལ་མེད་རྡོ་རྗེ་གསུམ། །ཇི་ལྟར་བདག་ནི་རྣམ་ཐར་རྗེས་འགྲོ་ཞིང་། །ཇི་སྙེད་འགྲོ་བ་མ་ལུས་ཐམས་ཅད་ཀུན། །ཇི་ལྟའི་གནས་ལུགས་མངོན་གྱུར་བྱང་ཆུབ་སེམས། །ཇི་བཞིན་སྨོན་ནས་རྟོགས་བརྗོད་ཚིགས་སུ་བཅད། །བྱིས་པ་ཕྲུ་མ་བསྒོམ་ཐག་ཚུལ་དུ་དཀྲིས། །ལག་གཉིས་ཌ་དྲིལ་བཟུང་ཚུལ་ཕྱེད་སྐྱིལ་བྱས། །མིག་གཉིས་མི་འཛུམ་ཐད་ཀར་དྲང་པོར་ལྟ། །ངག་ནས་ཨ་དང་མ་ཎི་གསལ་པོར་བརྗོད། །ལུས་ལ་བྱང་སེམས་དཀར་དམར་ཐིག་ལེས་བརྒྱན། །བཀྲ་ཤིས་མཚན་རྟགས་ལྡན་པ་བཙས་པ་དང་། །ཨ་མ་སྔོན་ནས་སེམས་ཕམ་བྱིས་པ་དེ། །སྐྱེས་མ་ཐག་ཏུ་སྐྱུར་ཏེ་འགྲོ་བསམས་ཀྱང་། །བྱིས་པ་མཐོང་བས་བག་ཕེབས་དགའ་སྤྲོར་གནས། །ཀུན་འདུས་ངོ་མཚར་གླེང་ཞིང་མིང་རེ་བཏགས། །སྐྱེ་གཡོག་ཚེ་རིང་སྒྲོལ་མ་དེ་ཉིད་ཀྱིས། །བཅོ་ལྔར་སྐྱེས་པས་བཅོ་ལྔ་ལྷ་མོར་བཏགས། །ཉ་ཤ་ཉོས་ནས་ཨ་མའི་ལུས་པོ་གསོས། །ཕ་སླེབས་བུ་མོ་སྐྱེས་པས་མ་ལེགས་ཟེར། །ཤེས་རབ་རྒྱས་བྱེད་རྒྱ་ཁབ་རེ་འགྱེད་བྱས། །ཚེ་བསོད་རྒྱས་བྱེད་སྒྲོལ་མ་བསག་ཏུ་བཅུག །མིང་དུ་བསོད་ནམས་དཔལ་འཛོམས་ཕ་ཡིས་བཏགས། །དེང་བཟུང་ཙིཏྟ་མ་ཎི་ཡི་དམ་བྱས། །སྤྲུལ་སྐུ་ཨ་ཞང་ཞྭ་མོ་རིང་པོ་ནས། །གཙུག་ཕུད་བཞེས་ཏེ་ཡི་དམ་འགྲུབ་རྟགས་འདུག །དེ་ཕྱིར་མིང་དུ་ཡི་དམ་དབང་མོ་བཏགས། །གདུགས་ཕུབ་བླ་མ་ཨ་ཙ་ར་ཞིག་གིས། །རྒྱ་སྐད་རུ་པ་ས་ར་སི་ཏི་ཞེས། །བོད་སྐད་མཚོ་ལ་མཆོད་པའི་དངོས་གྲུབ་ཡིན། །དེ་ཕྱིར་མིང་དུ་རྒྱ་མཚོའི་དངོས་གྲུབ་བཏགས། །གཞན་རྣམས་ཟླ་སྐྱེད་ལས་ཀྱང་ཞག་སྐྱེད་ཆེ། །ཕ་ཡིས་བུ་དང་བླ་མ་སྐྱེ་ཟེར་བས། །བུ་མོ་ཞིག་ལས་མ་སྐྱེས་ཟེར་བཀའ་བཀྱོན། །བུ་ཡིན་ནང་ཞོག་བུ་མོ་ཕྱིར་ཕུད་ཟེར། །དབྱར་དུས་ཟངས་ཀར་ཀརྞི་ཀ་དང་ནི། །དགུན་དུས་སྒྲུབ་མཚོ་པདྨར་བསྡད་བྱས་ནས། །སྨྲ་ཤེས་ཙམ་ནས་ལག་ན་མེ་ཏོག་གཅིག །ཡོད་པ་ཨ་མའི་སྙན་བཏགས་ཟག་བྱུང་ཟེར། །སྙན་ལ་སྨེ་བ་པདྨ་འདྲ་བ་སྐྱེས། །དེ་ཚེ་ལྷུམས་སུ་ཞུགས་འདྲ་ཨ་མས་བཤད། །སྐབས་ཤིག་ཕ་ཡིས་ཆང་བཏུང་ར་བཟི་ནས། །ཆང་རིན་མ་འབྱོར་ཨ་མ་ངེད་གཉིས་བཙོངས། །མ་ལ་སྒོར་གསུམ་ང་ལ་སྒོར་གཉིས་བྱས། །ཆུ་མོ་ལྡིང་དཔོན་ནོར་བུ་དབང་རྒྱལ་ལ། །ཞུས་པས་མི་འཚོང་མི་ཆོག་ཅེས་གསུངས་ནས། །ཆང་ཚོང་ལའང་བཀའ་བཀྱོན་བཀའ་ཉེས་བཏང་། །ཕས་སྡུག་བཏང་དྲགས་རྩིས་མི་སྤྲོད་ཅེས་ཞུས། །ཨ་མ་མ་གནང་ནའང་བུ་མོ་དགོས། །མཆི་མ་ཕྱུང་སྨྲས་དེར་ཡོད་ཐམས་ཅད་འདུས། །རྡུང་རྒྱུ་མེད་པའི་མནའ་སྐྱེལ་ཐོའུ་བཙུགས། །ངེད་གསུམ་དེ་ཡིས་མི་བྱས་དེའི་ཡུལ་ཁྲིད། །པི་དྷིའི་ལུང་པར་ཨ་མའི་རྒྱབ་ཁུར་ནས། །ཡུལ་འཁྱར་ཆུ་འགྲམ་ཞིག་ནས་རལ་གྲི་རྙེད། །ང་ཡི་བུ་མོ་བསྟན་འགྲོའི་དོན་ནུས་ཚེ། །ཆུ་ལས་སྒྲོལ་ཤོག་མིན་ཚེ་ཁྱེར་ཤོག་ཅེས། །དམོད་བོར་བརྒལ་བས་འཁྱེར་གྲབས་བྱུང་བ་ན། །མཁའ་ནས་བུད་མེད་གཅིག་གིས་ཚེག་སྒྲ་དང་། །ཧ་རི་ནི་སའི་སྒྲར་བཅས་ཁྱེར་ཏེ་སྒྲོལ། །ཕ་རིར་ངུས་ཏེ་མིར་དྲིས་འཕུར་སོང་ཟེར། །ཞབས་དཀར་སློབ་མ་རི་ཁྲོད་པ་ཞིག་མཇལ། །ཞལ་སློབ་ཚེ་རིང་བུ་ཁྲིད་ཅེས་པ་འདུག །ཨ་མས་ཞིང་ལས་གཡོག་བྱས་ལོ་གཅིག་བསྡད། །ཨ་མར་སྡང་པོ་བྱས་ཀྱང་ང་ལ་བྱམས། །མགུར་སློབ་རྩྭ་སྟེང་ང་བཞག་ཁུར་ཏེ་འགྲོ། །ཕས་ཁྲིད་མི་མི་རས་རྐྱང་དྲུང་དུ་སོང་། །པདྨ་དགུ་སྐྱིད་མཉམ་དུ་ཀ་ཁ་སློབ། །མ་བསྟན་ལག་པས་བཀབ་ཀྱང་ཚེགས་མེད་ཤེས། །སྐབས་ཤིག་ཕ་ཆང་བཟི་ནས་བུ་མོ་འདི། །གཅིག་ལས་མེད་པས་རྩ་གཤག་སོ་སོར་འཁྱེར། །སྨྲས་པས་སྐྲག་བྲོས་གུར་རྒྱབ་ཚེར་འོག་གབ། །ཞིང་ཁམས་ཤིག་སླེབས་སྣང་བ་ཡུད་ཙམ་ལ། །ཞག་བདུན་བར་དུ་མ་ཚོར་འབྱམས་སུ་ཀླས། །གཞན་གྱིས་གཅན་གཟན་ཟོས་སྙམ་བྱེད་ན་ཡང་། །ཕྲུ་གུའི་ཁྲོད་སླེབས་ཁྲི་བརྩེགས་གུས་ཕྱག་འཚལ། །ལ་ལས་དུང་འབུད་རྔ་རྡུང་ཆོས་ཞུས་པས། །ངག་ཐོག་ཆོས་བཤད་དེ་རྣམས་ངེས་འབྱུང་སྐྱེས། །མ་ཎི་སྐྱབས་འགྲོ་མང་པོ་ཁས་ལེན་བྱས། །འོ་འཐུང་ཞིག་གིས་ཆོས་བཤད་མི་ཉན་ཟེར། །དུང་དཀར་འབྲུག་སྒྲའི་སྐུ་ཚ་ཧཾ་སྒྲ་ནས། །ཐུགས་ཆེན་ཕོ་ཡིན་འདི་ནི་སྒྲོལ་མའམ། །མ་ཅིག་དངོས་ཡིན་གསུངས་ནས་གདངས་དབྱངས་བསླབས། །འཁོར་བ་འདམ་འདོན་སྣང་ས་སོགས་བསྐུལ་ཏེ། །སྟོང་ཕྲག་ཁྲོམ་ཚོགས་ཁམས་པ་བཀྲ་ཤིས་ནས། །ཕྱག་འཚལ་མཎྜལ་ཕུལ་ནས་ཆོས་ཞུས་བཤད། །ངེས་འབྱུང་སྐྱེས་དུས་དགེ་བ་ཁས་ལེན་བྱས། །རམ་སྤུར་ཞེས་བྱའི་ཡུལ་དེའི་རྒྱལ་པོས་གསན། །ཁྲི་བརྩེགས་མ་ཎི་བསྐུལ་བཅུག་ཁྲོམ་མང་ཚོགས། །གཟུགས་ཆུང་ལངས་ནས་འཁར་བ་ཐོགས་ཆོས་བཤད། །ཡེ་ཤེས་མཁའ་འགྲོ་དངོས་ཟེར་མཆི་མ་བཏང་། །ཚོང་ས་རོང་ཕྱིན་རྒྱུ་ནོར་གང་ཡོད་བཞག །ར་ལུག་ཁ་ཤས་དེད་ནས་འཚོ་རུ་ཕྱིན། །ཕ་ནས་ཕྲེང་ལུང་བརྒྱུས་ནས་བསྡད་པའི་སྐབས། །རྩྭ་ཁང་ཡོད་སར་མུ་ཟི་ཞིག་སྤར་བས། །ཕྱག་འབེབས་གནང་སྐབས་ཕ་ཡི་སྣང་བ་ལ། །ཁང་སྟེང་ཨ་ཙར་གླུ་བླངས་ཚིག་ཉན་པས། །ཕྲུ་གུ་བཙོངས་ནས་རང་ཤ་ཟ་མཁན་ཟེར། །སང་ཉིན་ཨ་ཙར་ཕྲེང་བ་མེས་ཚིག་ཁྱེར། །ཅི་དྲག་ཟེར་ལ་ཕ་ཡིས་ཚིག་ངན་བརྒྱབ། །ང་གཉིད་སྐབས་སུ་ཐབ་ལས་མེ་མཆེད་དེ། །རྐང་འོག་མེ་འབར་གཉིད་སད་མེར་མཆོངས་པས། །ཨ་ཙ་རས་བཏེགས་རྐང་པ་ཆུ་ལ་བཅུག །ཚིག་ཤུལ་མི་འདུག་བུ་མོ་བརྐུས་བསམས་ནས། །ཕ་ཡིས་སྟག་ལྤགས་ཚིག་རོ་ཁྱེར་ཏེ་རྒྱུག །བུ་མོ་ཞོག་སྨྲས་ཚུར་རི་ང་བཞག་ལ། །ཨ་ཙར་ཕ་རིར་སོང་རྗེས་མི་དམིགས་ཡལ། །ཤར་ཁོག་བྱང་ལའུ་ཚོང་རོང་ཆོས་མི་དར། །གུ་གེར་ཆོས་དར་གྲོག་ཚང་ལྟར་མི་མང་། །ཆོས་བཤད་ལ་དྭགས་སྐྱུར་པོ་དཔལ་གདུགས་སུ། །ཨབ་ཇི་མ་རྒྱུད་གསུང་བརྡ་རྣམ་སྣང་མཇལ། །མདུན་མཁར་འབྲུག་ཆིབས་ལྷ་ཚོགས་མང་པོ་མཐོང་། །རྒྱལ་པོའི་ཞབས་རིམ་དགེ་སློང་ཚོགས་གྲལ་ཕྱིན། །བཀའ་འགྱུར་ཀློག་བཅུག་ཐམས་ཅད་ཧ་ལས་ནས། །ཏཱ་ར་སྤྱན་གྱིས་ང་གར་ཡོད་དུ་གཟིགས། །སྐུ་ཡོན་ལྷག་པར་དཀྱིལ་སྐྱིལ་རེ་རེ་གནང་། །བྱམས་སྐྱོང་མཛད་དེ་བཀྲ་ཤིས་རྣམ་རྒྱལ་དྲུང་། །བུ་མོ་པདྨར་བཅས་ཏེ་བྲིས་སློབ་ཤེས། །བླ་མ་རིག་པའི་གནས་ལྔར་མཁས་པ་འདུག །ཕ་ཡིས་མ་ཎི་བསྐུལ་རྒྱུ་སློབ་ཞུས་པས། །ཁམས་པ་ཨ་དྲུང་རྒྱལ་པོ་གཡུ་ལྷ་དང་། །ལེགས་པའི་དོན་གྲུབ་བསླབས་ཤིང་ཐང་སྐུ་དང་། །དཔེ་ཆ་གནང་ནས་ང་ལོ་ཆུང་སྟབས་ཀྱིས། །ནུ་ཞོ་འཐུང་བཞིན་ཁ་ནས་ཆོས་བཤད་པས། །ངོ་མཚར་ཆེ་ཞེས་མིག་ནས་མཆི་མ་གཏོང་། །རྒྱལ་པོའི་མདུན་བཤད་གསོལ་རས་མང་པོ་སྩལ། །ཟངས་ཀར་སོང་ནས་ཐང་སྐུ་བཞེངས་ཕ་ཕྱིན། །གྱོན་པ་ཆུར་ཤོར་གཅེར་བུར་ཕྱིར་ལོག་བྱུང་། །གླུ་བཏང་ཞབས་བྲོ་རྒྱག་བཅུག་ལྟོ་སློང་བས། །མི་ཀུན་ངུས་ནས་བུ་མོ་ཆུང་ངུ་འདི། །འཁྲབ་ཏུ་མ་བཅུག་ལྟོ་གོས་ངེད་ཚོས་སྟེར། །ཟེར་ཞིང་མངའ་རིས་དོ་ཧ་ག་ཤར་སོང་། །ར་བྲང་ལ་རྒྱུད་ཀླུ་དམ་བཏགས་སར་ཕྱིན། །ལོ་ལེགས་ཆོས་ལ་ནག་པས་ཟ་ཧོར་ཕྱིན། །བྱང་ཐང་ཞིག་ཏུ་ཨ་ཕ་ཆང་གིས་བཟི། །བྲག་གཡབ་ཁམས་པས་མི་བསད་དུས་མཚུངས་པས། །མི་བསད་ང་ཡིན་སྨྲས་པས་གཞན་གྱིས་བཟུང་། །བརྡུང་ཞིང་སྐྲ་བཏོགས་སང་ཉིན་ཕག་བཤས་ཞེས། །གཟུགས་བཞི་གཅོད་ཟེར་སེམས་སྡུག་ཚད་མེད་བྱུང་། །དཀོན་མཆོག་གསོལ་བཏབ་ལས་ཁུངས་ཐ་ཋ་ནར། །སྙན་སེང་ཇི་ལྟར་ཞུས་ཀྱང་མ་གསན་པས། །ཏཱ་ར་སྤྱན་གྱིས་ངའི་མི་ཡིན་གསུངས་ནས། །སྐུ་ཐར་མཛད་དེ་མ་བུ་གསུམ་ཀ་ཁྲིད། །ཡུལ་དེར་ལྗང་ཇ་བན་ཌའི་ཐང་ཆེན་དེར། །ཡུལ་ལྷ་ཕེབས་མཁན་ཀུན་བསྡུས་ལྷ་སྡུར་བྱེད། །གསེར་དངུལ་ལྷ་ཆེན་ཕེབས་བྱམས་སྟེང་གདན་འདྲེན། །མེ་ཏོག་མང་པོ་འཐོར་ཞིང་ཕྱག་བྱེད་འདུག །ཕ་ཆང་བཟི་ནས་རྡོ་བརྒྱབ་ཁྲོམ་ཚོགས་ཀྱིས། །བརྒྱབ་རྡུང་མི་རེས་སྐྲ་ཚོམ་རེ་རེ་ཁྱེར། །སྐྲག་སྟེ་ངུས་པས་མ་ཧཱ་ར་ཛས་གསན། །ཕ་བཏང་སྦ་ཅིར་རྒྱ་གར་ཚོང་པ་ལ། །ལོ་ངོ་བཞིའི་མཚམས་ང་བཙོངས་དེའི་ཁན་དུ། །དངུལ་ཊཾ་སྦར་གང་ཐོབ་ནས་དེར་བསྡད་པས། །ཁྱི་ལ་རུས་པ་སྟེར་སོང་ཨ་མས་ཁུར། །བྲོས་པས་རྐང་རྗེན་འགྲོ་མ་ཐུབ་པའི་ཚེ། །སྲོ་རའི་པགས་པ་ལྷམ་མཐིལ་འདྲ་བཟོས་དཀྲིས། །གཡུ་བཙོངས་སུར་པཎ་ཉོས་ནས་ཚ་གྲོ་ཁར། །ཞིག་ཏུ་སྙུག་རྩྭ་བསྲེག་པ་དང་། །ཤིང་ཏོག་ཟོས་པའི་དོམ་སྐྱག་སྣུམ་བཙིར་ནས། །རྡོ་སྟེང་བརྡུང་ཟོས་ཆུ་ཚན་ཡོད་སར་སླེབས། །རྒྱ་གར་ཁམས་པར་གནས་གཡར་གོས་ལྷམ་སྟེར། །ཕ་སླེབས་ཕྱིན་ཆད་དེ་ལྟར་མི་བྱེད་ཅེས། །ཁས་བླངས་དམ་བཅས་སྟོད་ཀྱི་ཕྱོགས་སུ་སོང་། །བོང་རྫི་ཨ་ཅེ་པདྨ་ཕ་བློ་མཐུན། །ཕ་མ་མ་འཆམ་ང་ལ་ཞྭ་མོ་དང་། །གོས་སྤྲད་སྨོན་ལམ་བཏབ་ནས་གཞན་དུ་སོང་། །མྱུང་ཏིར་ཡུལ་ཐོན་མི་ཚང་གཡོག་ཏུ་བསྡད། །གཡུ་བཙོངས་མཐུན་རྐྱེན་བྱས་ནས་སོང་སོང་བས། །ཁམས་སྐྱིད་པོ་མེ་ཏོག་རྒྱན་སར་སླེབས། །ཨ་མ་ཐུགས་ཆེན་མཚམ་བཞག་ངས་གཡོག་བྱས། །ཆུ་ལེན་ལ་སོགས་སྤྱོད་ལམ་ཐམས་ཅད་དུ། །དཀྱིལ་འཁོར་གསུམ་ཤར་སྦས་ལུང་མངོན་སུམ་འདུག །སྒྲུབ་མཚོ་པདྨར་མ་ཎི་བསྐུལ་སོང་ཚེ། །ལོ་གསར་ཕ་ཆང་བཟི་ནས་མེ་རྒྱག་ཟེར། །མི་རྣམས་ཀྱིས་ཟིན་དཔྲལ་བར་མེ་བརྒྱབ་ཚེ། །ང་ངུས་ཞུས་པས་བུ་མོར་ཆོས་ཞུས་ནས། །ཕ་ལ་སྡུག་བཏང་མི་འོས་ཟེར་བས་བཞག །ཕ་འདྲེ་འདྲ་ལ་བུ་མོ་ལྷ་འདྲ་བ། །གང་ནས་བྱུང་ཟེར་རྒྱུ་འབྲས་མགུར་གླུ་བླངས། །མི་མི་གསེར་དཔོན་གྱིས་བསྐུལ་སྐལ་བཟང་ཁྲོགས། །ཕྱིན་པས་ཆུ་མེད་ལམ་དུ་ཡུན་རིང་འགོར། །ང་ཁྱི་ཆུ་རྙེད་ལམ་ཀུན་རྐྱང་འབྲོང་དང་། །སྟག་གཟིག་གིས་གང་ཡུན་རིང་ཆུ་མ་རྙེད། །བྱ་རོག་སྐད་བཏང་ཆུ་རྙེད་ཕ་སོགས་མཉེས། །རུ་བ་ཞིག་འཕྲད་མ་ཎི་བསྐུལ་བ་ཡིས། །ར་ལུག་ཁ་ཤས་བྱུང་བ་ཚེ་ཐར་བཏང་། །དེད་སོང་གསེར་ཁར་སླེབས་པས་དེ་ཉིད་དུ། །ལོ་ཆེན་དར་པོ་གཤེགས་ཤུལ་བུ་མོ་གསུམ། །ཨ་མ་ཚེ་རིང་སྒྲོལ་མ་བཅས་འདུག་པས། །བུ་མོ་ཆུང་བས་དགེ་སློང་དཔལ་མོ་བསྐུལ། །སྐྱིད་སྡུག་གཅིག་པ་ལྟ་བུས་མཐུན་པོ་བྱས། །གསེར་ཡང་མང་རྙེད་འབྲལ་མི་ཕོད་བཞིན་དུ། །མི་རྟག་སྨོན་ལམ་གླུ་བླངས་སོ་སོར་སོང་། །གསེར་ཁང་རྙིང་པར་སླེབས་ནས་ར་ལུག་ནང་། །མ་ལ་མཁན་ཞེས་ར་གཟུགས་ཆེ་བ་ཞིག །ཞོན་ཁར་ཉལ་ནས་ལངས་པའི་སྤྱང་གྲུང་ཅན། །དྲིན་དྲན་སྨོན་ལམ་གླུ་བླངས་རིམ་པར་སོང་། །བར་ག་རྟ་རུ་ཕ་ཡི་རྒྱབ་ཁུར་ནས། །འཇབ་ཁྱི་ཤོར་དུས་མི་རྣམས་གད་མོ་དགོད། །སློང་མོ་རྣམས་ལ་སྙིང་རྗེའི་གླུ་དབྱངས་བླངས། །སྤུ་ཧྲེང་སོང་ནས་དགུན་ཁར་དེ་རུ་བསྡད། །ཨ་ཅེ་སྒྲོལ་མཚོ་ཕ་དང་བློ་མཐུན་གྱུར། །འཁོར་ཆགས་ཇོ་བོ་ཆུ་མིག་བརྒྱ་རྩ་མཇལ། །རྫོང་ཁ་སྐྱིད་གྲོང་ནས་བརྒྱུད་བལ་ཡུལ་ལམ། །ཨ་མའི་ཕ་ཡུལ་སའུ་སྒང་ཞེས་པར། །སྟོད་ལུང་དགེ་སློང་གཉིས་བཅས་སླེབས་བྱས་ནས། །མེ་ཤུལ་ཁྱིམ་ཆུང་དུ་བསྡད་གཉེན་རྣམས་འདུས། །ཁྱིམ་ཞིག་དེ་ཡི་ཉེ་འཁོར་ལྡུམ་ར་རུ། །ཨ་མ་ཆུང་དུས་ཁྲལ་སྐྱེལ་འགྲོ་མྱོང་ཟེར། །ཟླ་ཤས་བསྡད་ནས་ཡེ་ཤེས་སྒྲོལ་མ་བཅས། །ཆུས་བཅད་གསང་སྒོ་ནས་བརྒྱུད་ལ་བརྒྱབ་སྟེ། །རྡ་རམ་ས་ཞེས་འགྲུལ་ཁང་སྟོང་པར་སླེབས། །སྟག་མོ་ལུས་སྦྱིན་མཇལ་ནས་ཕ་དང་འཕྲད། །མར་ལམ་གནས་སྐོར་གངས་རིར་ངའི་ཞང་པོ། །འབྲུག་བླ་འཕྲིན་ལས་མཆོག་མཇལ་དབང་ལུང་དང་། །ཕྱག་ཆེན་ལྔ་ལྡན་ཞུས་ནས་སྔོན་འགྲོ་བསགས། །ཕ་ཡིས་སོ་སོར་འགྲོ་ཟེར་ཡར་ལམ་དུ། །ཀཿཐོག་འདུ་ནང་ཐོག་སྨོན་དགོན་ཉེ་མཚམས། །ཐང་ཆེན་དེར་བསྡད་ཁམས་བོད་མི་སྣ་ཚོགས། །གུར་ཕུབ་གསེར་བཟོ་ཉི་མས་སྦྱིན་བདག་བྱས། །མ་ཎི་བསྐུལ་ཞིང་རྡོ་ལེབ་འོག་ཏུ་བསྡད། །ན་ཆུང་ཁམས་དྭངས་བཀྲག་ལྡན་སྐད་སྙན་པས། །ཀུན་ཡིད་འཕྲོག་པས་ཨ་ཙ་ར་ཞིག་གིས། །མཚན་མོ་ང་བརྐུ་ཡོང་བས་འཇུ་མ་ནུས། །སྐད་བཏང་བྲོས་ཐུབ་ཨ་མ་ཡེ་སྒྲོན་གཉིས། །ཁྲིད་པས་རྗེས་རྒྱུག་ཟམ་པ་ཡོད་སར་བཞག །གཅེར་མོ་གཤིན་རྗེས་ཁྲིད་ལྟར་སྐྱོ་ཞིང་སྐྲག །བར་དོའི་དགེ་བསྐུལ་སྨོན་ལམ་གླུ་རུ་བླངས། །བན་ཐང་དགོན་པར་བླ་མ་སྤ་རང་གི །གསང་ཡུམ་ཨ་མའི་ཉེ་བ་འགྲོ་བ་ཞིག །བློ་གཏད་སྡོད་སྙམ་རོང་པ་ཡིན་པའི་སྟབས། །རྟེན་འབྲེལ་འགྲིགས་པས་སྲས་དང་མཐུན་དགོས་ཟེར། །འཁོར་བར་ངེས་འབྱུང་འཇིགས་ཤིང་གླུ་བླངས་བྲོས། །ཡེ་ཤེས་སྒྲོལ་མ་བཅས་ཐོན་ཐོ་རངས་ཁར། །ཟླ་བ་ཤར་ཞིང་ལུང་ཕུག་མེ་རྒྱག་སར། །སྦྲུལ་མང་བྲོས་ཏེ་ང་ཡི་རྐང་པར་འཁྲིལ། །སྙིང་རྗེ་བཅོས་མེད་སྐྱེས་ནས་གླུ་དབྱངས་བླངས། །བྱ་བ་ལས་ཀྱི་འཁོར་ལོའི་གཏམ་འདི་དག །དག་པ་རབ་འབྱམས་དགྱེས་པའི་མཆོད་སྤྲིན་དང་། །དང་པོའི་ལས་ཅན་ཆོས་ལ་བསྐུལ་ཕྱིར་བཤད། །བཤད་འབྲས་སྒྲུབ་པ་མཐར་ཕྱིན་སངས་རྒྱས་ཤོག །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
དེ་ནས་རང་ལོ་བཅུ་གསུམ་དུ་མཚོ་པདྨ་ལ་མ་ཎི་བསྐུལ་ཏེ་གནས་འཁྱམས་སྐབས་ཨ་ཎི་བློ་བཟང་སྒྲོལ་མ་ཟེར་བ་ཨ་མདོ་ལ་འཁྲུངས་པ་ཞིག་དེ་སྐབས་ཟ་ཧོར་རྒྱལ་པོ་ལ་སྲས་མེད་པས་ཁོང་གིས་སྐུ་རིམ་ལན་གཏོར་འབུམ་སོགས་བསྒྲུབས་པས་སྲས་ཤིག་བྱུང་བ་དེས་རྐྱེན་བྱས་དབུ་བླར་གྱུར་ནས་ཕེབས་བྱམས་ནང་དུ་གདན་འདྲེན་ནས་ཕེབས་པ་དང་མཚོ་པདྨར་མཇལ། དེས་ངའི་ཨ་ཞང་པདྨ་རྒྱ་མཚོ་ཟེར་བ་ད་ལྟ་སྐྱིད་གྲོང་ལ་ཡོད། སྐྱབས་མགོན་ཞབས་དཀར་སོགས་ཀྱི་དངོས་སློབ་རེད་གསུངས་ནས་ལུང་བསྟན་ང་རང་གི་ཚེ་རབས་ཀྱི་བླ་མ་ཡིན་སྟབས་མི་ཕྱེད་པའི་དད་པ་སྐྱེས། ད་ལྟ་རང་མཇལ་ན་སྙམ་ཞིང་གསོལ་བ་འདེབས་པ་འདི་ལྟར་སྨྲས་སོ། །
སྐྱབས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས། །གཅིག་བསྡུས་དགེ་བའི་བཤེས་གཉེན་གཟུགས། །སྐྱེ་བ་དང་ཚེ་རབས་ཀྱི་རིགས་བདག་ཏུ། །ངེས་རྙེད་ཀྱི་དཔལ་ལྡན་བླ་མ་མཆོག །བདག་སྤྲང་མོས་གསོལ་འདེབས་བྱིན་གྱིས་རློབས། །ང་ཆུང་ནས་ཆོས་ཀྱི་བསམ་པ་སྐྱེས། །སངས་རྒྱས་ནས་འགྲོ་ཕན་མཆོག་འདོད་ཀྱང་། །བླ་མ་ལ་156 །དོན་ མ་བསྟེན་པར་སངས་རྒྱས་པ། །དུས་ནམ་ཡང་མེད་པར་ངེས་པས་ན། །ང་མཚན་ལྡན་གྱི་བླ་མ་བསྟེན་སྙིང་འདོད། །དུས་ད་ལྟ་བློ་བཟང་སྒྲོལ་མ་ཡིས། །ཞལ་ཚིག་གི་བདུད་རྩི་ལྕེ་ལ་འཐོར། །གསུང་དཔྱིད་ཀྱི་ཕོ་ཉ་རྣ་བར་སོན། །སྐྱབས་རྡོ་རྗེ་འཆང་པདྨ་རྒྱ་མཚོ་ཞེས། །མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ། །ཡིད་དྲན་པས་ཉོན་མོངས་གདུང་བ་སེལ། །ཞལ་མཇལ་བའི་དུས་ཤིག་ནམ་འོང་ཨང་། །གསུང་མྱུར་བར་ཐོས་ན་ཨ་རེ་དགའ། །རྗེ་སྙིང་རྗེའི་ལྷ་མཆོག་སྤྱན་རས་གཟིགས། །མ་རྗེ་བཙུན་འཕགས་མ་འཇིགས་སྒྲོལ་མས། །སྤྲང་ཚེ་རབས་ཀྱི་བླ་དང་མྱུར་དུ་སྤྲོད། །རིགས་རྒྱུད་ལ་འགོ་བའི་སྲུང་མ་རྣམས། །སྐྱབས་བླ་མ་དང་བཅས་པའི་འཕྲིན་ལས་སྒྲུབས། །མ་འགྲོ་ཀུན་ཆོས་ཀྱི་བསམ་པ་སྐྱེས། །ཆོས་སྟོན་པའི་མཚན་ལྡན་བླ་མ་མཇལ། །དེས་གསུངས་ལྟར་ཉམས་ལེན་མཐར་ཕྱིན་ནས། །ཕྱམ་གཅིག་ཏུ་མངོན་པར་སངས་རྒྱས་ཤོག །ཅེས་སྨྲས་ཤིང་རྩད་བཅད་ཀྱང་ངེས་པར་མ་ཆོད་པས། རྗེས་བལ་ཡུལ་དུ་གནས་མཇལ་སྐབས་ལྷ་བྲིས་མཁས་པ་མཆོག་རྒྱལ་ཞེས་པ་རྗེས་སུ་འཇའ་ལུས་འགྲུབ་པར་གྲགས་པ་བླ་མ་དེ་ཉིད་ཀྱི་དངོས་སློབ་ཅིག་གིས་ཞིབ་ཆ་བཤད་ནས་ལུང་བསྟན་ནས་བསླབས་པ་བཞིན་ཡེ་ཤེས་སྒྲོལ་མ་དང་མཉམ་དུ་ཡོད་ཀྱང་ཡེ་ཤེས་སྒྲོལ་མ་སྟོད་ཁྱུང་པོ་རས་པ་ཞེས་གྲགས་པ་དེ་ཉིད་ཀྱི་མདུན་དུ་སོང་། ང་བློ་མ་འགྱུར་བས་མར་ཡོང་། སྐྱིད་གྲོང་ཕྱོགས་ནས་བླ་མ་གར་ཡོད་དྲིས་པས་ཨོཾ་དཀར་བྲག་ཏུ་བཞུགས་ཟེར། དེར་འགྲོ་ཆས་བགྱིས་ནས་ཨ་མ་ངེད་གཉིས་ནས་ཤིང་ཏོག་ངང་ལག་ཟེར་བ་ཁ་ཤས་ཡོད་པ་ཁྱེར་ནས་མཇལ་བར་ཕྱིན་པས་པདྨ་སྣེ་ས་ཞེས་པའི་ས་མཚམས་སུ། རོང་པ་མ་གཏོགས་གཞན་ཐམས་ཅད་འབྲུམ་ནད་ན་དོགས་ཀྱིས་བཀག་འདུག་པས་ཨ་མ་མ་ཐར་བར་ལུས། ཤིང་ཏོག་རུལ་དོགས་ནས་རོང་པ་ཡིན་ཁུལ་བྱས་གྲོགས་རོང་པ་དང་བསྡེབས་ནས་སོང་། སྤང་ཤིང་ཟེར་བའི་ཞག་ས་གཅིག་ཏུ་ས་རུབ་ཙམ་དུ་སླེབས། དེའི་ནུབ་མོ་དེར་བསྡད་བླ་མ་མཇལ་རྒྱུའི་ལོ་རྒྱུས་བཤད་པས་ལམ་གྲོགས་མེད་པར་ས་མི་ཆོད་གསུངས། དེ་ནུབ་བླ་མ་དངོས་དང་མཇལ་བ་ལྟ་བུ་རྨིས་པས་མཇལ་རྒྱུའི་ངེས་པ་རྙེད། སང་ཉིན་ལམ་བསྟན་ཨ་ཅེ་ལྷག་པ་ཟེར་བ་ཞིག་བཏང་། མི་ཚང་ཞིག་ལ་བླ་མ་ལ་འབུལ་རྒྱུའི་ཆང་ཨ་རག་ཚོང་དགོས་བྱས་པས་བླ་མས་ཆང་དང་ཨ་རག་མི་བཞེས། དེ་བས་ཞོ་དང་འོ་མ་སོགས་ཕུལ་ན་མཉེས་ཟེར། འོ་ན་འོ་མ་ཉོ་སྨྲས་པས་དངུལ་ཕྱེད་བརྒྱད་ལ་འོ་མ་ཆུ་བན་གང་བྱུང་། དེ་ཁུར་ནས་སོང་། ཨ་ཅེ་ལྷག་པས་གཡུལ་ཆུང་ཟེར་བའི་སའི་བར་བསྐྱལ། ད་ལམ་ནོར་ས་མེད། ལམ་གྱི་གཡས་གཡོན་གྱི་སྙུག་མ་ལ་དར་ལྕོག་བཙུགས་པ་དེའི་དཀྱིལ་དུ་ལམ་སྐྱ་ཤར་ཆུང་ཆུང་ཞིག་ཡོད་ཟེར། དེར་སོང་སོང་བས་ཨོ་དཀར་སྒོ་དྲུང་སླེབས་པ་དང་བླ་མ་རིན་པོ་ཆེ་ཐུན་གྲོལ་བ་དང་དུས་མཉམ་དུ་དུང་ཞིག་འབུད་པ་ཐོས། མཆེད་གྲོགས་ཚུལ་ཁྲིམས་ཟེར་བ་དེས་ཀྱང་ཆུ་ཆུ་བན་གང་ཁྱེར་བ་དང་འཕྲད། ངའི་མགོ་མཇུག་ཐམས་ཅད་ལ་ལེགས་པར་ལྟ་འདུག །ད་ལྟ་གྲགས་པ་ཆེན་པོ་ཡོང་བ་འདི་དེའི་དུས་ཀྱི་རྟེན་འབྲེལ་འདྲ་སྙམ། དེ་ནས་ཚུལ་ཁྲིམས་ལ་བླ་མ་མཇལ་ཁ་ཨེ་ཡོང་ཞུས་པས་ཡོང་གསུངས་མོ་རང་ཡར་ཕེབས་ནས། ཨ་ཎི་འོད་གསལ་ལ་ཞུས། དེས་ཡར་ཁྲིད། ངས་ཤིང་ཏོག་དང་འོ་མ་ཁུར་ནས་བླ་མ་མཇལ་བར་ཕྱིན་པས། གནས་དེ་ཐམས་ཅད་བྲག་ཕུག །བླ་མའི་གཟིམ་ཕུག་དཀྱིལ་དུ་འདུག །མཐའ་སྐོར་ཐམས་ཅད་བྲག་ཁུང་། མདོའི་མཐའ་སྐོར་དུ་སྙུག་མ་བཙུགས། དེའི་དཀྱིལ་དུ་བཞུགས་ཁྲི་ཤིང་གྲུ་བཞི་རེ་རེ་བཞག །དེའི་སྟེང་དུ་བཞུགས། ངའི་རྨི་ལམ་དུ་མཇལ་སྐབས་ཀྱི་བླ་མ་དེ་སྦས་ཚུལ་གྱིས་ན་བཟའ་སློག་རལ་ཞིག་བསྣམས། དེའི་འོག་ཏུ་དེ་སྔ་བླ་མ་རིན་པོ་ཆེའི་མཆེད་གྲོགས་ཀྱང་ཡིན་པའི་བླ་མ་ལྷུན་གྲུབ་རིག་འཛིན་རྒན་ཆོས་བཟང་གཉིས་ཀ་ཆས་གཟབ་མཆོར་བཅས་བཞུགས་འདུག །ངའི་བསམ་པ་ལ་ང་རང་རྨི་ལམ་དུ་མཇལ་བའི་བླ་མ་ནི་འདི་རེད་དེ་འདི་གསུམ་གང་ཡིན་སྙམ་ཐེ་ཚོམ་ཟོས། གང་ལ་ཕྱག་དབང་ཞུ་བསམས་ཙ་ན་ལྷུན་གྲུབ་རིག་འཛིན་གྱིས་བརྡ་སྤྲད། ངས་ཕྱག་འཚལ་འོ་མ་དང་ཤིང་ཏོག་རྣམས་ཕུལ་བས། བླ་མའི་ཞལ་ནས་ཁྱོད་གང་ནས་འོང་། སུ་ཡིན། ཇི་བྱེད་དུ་འོང་། དོན་གང་ཡིན་གསུངས་པས། པུས་མོ་བཙུགས་ཐལ་མོ་སྦྱར་འདི་སྐད་ཅེས་གསོལ་ཏོ། །
སྐྱབས་ཕྱོགས་དུས་རྒྱལ་བ་མ་ལུས་པ། །དོན་གཅིག་བསྡུས་དགེ་བའི་བཤེས་ཀྱི་གཟུགས། །སྤྲང་ཐར་ལམ་ཁ་ལོ་སྒྱུར་མཛད་པའི། །དཔལ་འདྲེན་པ་མཆོག་དེར་གུས་པས་འདུད། །སྙན་གསོན་དང་བླ་མ་རིན་པོ་ཆེ། །སྤྲང་འཁོས་མེད་ཉམ་ཐག་སྐྱིད་སྡུག་འདི། །ཕ་བླ་མའི་དྲུང་དུ་ཞུ་བ་ན། །ངའི་ཕ་ལ་མཐོང་ལེགས་བཀྲ་ཤིས་ཟེར། །བོད་དབུས་ལྗོངས་འཕྱོངས་རྒྱས་ཕྱོགས་ནས་ཡིན། །ངའི་མ་ལ་བལ་མོ་མཚན་མཚར་ཟེར། །བལ་པོའི་ཡུལ་སའུ་སྒང་ནས་ཡིན། །སྤྲང་ང་རང་བསོད་ནམས་དཔལ་འཛོམས་ཟེར། །མི་གཞན་གྱིས་མ་ཎི་ལོ་ཆེན་བཏགས། །ངས་ཉིན་མཚན་ཀུན་ཏུ་བསམ་བློ་བཏང་། །འཁོར་བ་ཡི་སྡུག་བསྔལ་སྐྱོབ་པ་ལ། །ཕ་བླ་མ་མ་གཏོགས་མེད་པར་དྲན། །གྲོགས་རྗེ་བཙུན་བློ་བཟང་སྒྲོལ་མ་དང་། །ལྷ་བྲིས་པ་མཆོག་རྒྱལ་རྣམ་གཉིས་ཀྱིས། །ཕ་བླ་མའི་མཚན་སྙན་རྣ་བར་སོན། །དེའི་མོད་ལ་དགའ་གདུང་དད་སྤྲོ་ཐོབ། །སྐྱེས་ཚེ་རབས་ཀྱི་བླ་མར་ངེས་པ་རྙེད། །དོན་དེ་བས་བླ་མ་མཇལ་དུ་འོང་། །ང་ཆུང་ནས་མ་ཎིའི་ཚོང་ཟོང་བྱས། །དཀོར་ནག་དེ་གང་རྙེད་ཐམས་ཅད་བསྡུས། །འབྲས་ངན་སོང་གི་སྡུག་བསྔལ་མི་འདོད་ཀྱང་། །རྒྱུ་མི་དགེ་ལ་འཛེམ་བག་བྱེད་མ་ཤེས། །ཐར་པ་ཡི་བདེ་བ་འདོད་ན་ཡང་། །དེའི་ཐབས་མཆོག་དགེ་བ་སྒྲུབ་མ་ཤེས། །ཡིད་བསམ་པ་བཟང་པོ་བྱེད་ཁུལ་ལས། །དེ་རང་འདོད་དང་མ་འདྲེས་པར་སྒྲུབ་མ་ཤེས། །དོན་དེ་བས་བླ་མ་བསྟེན་དུ་འོང་། །ཚེ་འདི་ཡི་སྐྱིད་འདོད་བློས་མ་ཐོངས། །དེར་ངེས་འབྱུང་སྐྱེ་བའི་བདུད་རྩི་ཞུ། །རང་རྒྱལ་དང་གཞན་ཕམ་གྱི་བློ་ངན་ལ། །ཆོས་བྱང་ཆུབ་སེམས་ཀྱི་དམ་ཆོས་ཞུ། །སྐྱོན་རྟོག་གི་ཐེ་ཚོམ་དྲ་བ་ལ། །སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རྫོགས་ཞུ། །སེམས་མ་རིག་ངན་གོམས་ཀྱི་གྱོང་གཤིས་ལ། །ཐབས་རྫོགས་པ་ཆེན་པོའི་མན་ངག་ཞུ། །སྒོ་གསུམ་པོ་འབངས་སུ་མོས་ཕྱག་འཚལ། །བཀའ་ཅི་གསུང་སྒྲུབ་པའི་མཆོད་པ་འབུལ། །རང་སྐྱོན་ཀུན་མི་གསང་འགྱོད་པས་བཤགས། །ཐབས་ཅི་མཛད་ལེགས་མཐོང་གིས་རྗེས་ཡི་རང་། །རྒྱུད་ཐུལ་ཐབས་ཀྱི་ཆོས་འཁོར་བར་མེད་བསྐུལ། །སྲིད་མ་སྟོངས་བར་མྱ་ངན་མི་འདའ་བཞུགས། །དགེ་འགྲོ་ཚོགས་རྣམ་མཁྱེན་ཐོབ་ཕྱིར་བསྔོ། །ཡིད་ཐུགས་དང་དབྱེར་མེད་ཀུན་གྲོལ་ཤོག །ཅེས་ཞུས་ཤིང་འོ་མ་དང་ཤིང་ཏོག་ཕུལ་བས་དེའི་རྟེན་འབྲེལ་གྱིས་རྗེས་ཤུག་གསེབ་ཏུ་བསྡད་ཚེ་ཤེལ་གྲོང་ནས་ཀུན་ཐར་གྱིས་ཕུལ་བའི་བ་ཕྱུགས་ནག་རིས་བེའུ་མ་སྐྱེས་ཀྱང་ལོ་བརྒྱད་དགུ་ཙམ་ལ་འོ་མ་བཞོ་རྒྱུ་རྒྱུན་མ་ཆད་པར་བྱུང་། དེ་ནས་བླ་མ་རིན་པོ་ཆེས་ཞུས་ལན་དུ་འདི་ལྟར་བཀའ་སྩལ་པ།
སྐྱབས་སྙིང་རྗེའི་ལྷ་མཆོག་སྤྱན་རས་གཟིགས། །དོན་དབྱེར་མེད་ཚོགས་དྲུག་རང་གྲོལ་མཚན། །རྗེ་ཁྱབ་བདག་མཐའ་བྲལ་རྡོ་རྗེ་ལ། །སྙིང་ཐག་པ་ནས་འདུད་དོ་བྱིན་གྱིས་རློབས། །ཚུར་ཉོན་དང་ལོ་ཆུང་བུ་མོ་ལགས། །རང་སྔོན་ལས་ཀྱིས་སྤྲང་པོ་བྱུང་བ་ལས། །ངའི་ཆེད་དུ་སྤྲང་པོ་བྱས་པ་མིན། །ཡུས་མ་ཆེ་དམ་ཆོས་བྱེད་བསམས་ན། །བློ་ཕུག་དེ་དམ་པའི་ཆོས་ལ་གཏོད། །ཆོས་བརྒྱད་དང་མ་འདྲེས་པའི་སྙིང་རུས་དགོས། །ཆོས་ཕུག་དེ་བྱ་བྲལ་སྤྲང་ལ་གཏད། །རང་བསྟོད་དང་མ་འདྲེས་པའི་དམན་ས་བཟུང་། །སྤྲང་ཕུག་དེ་དེའི་ངང་ཤི་ལ་གཏད། །གར་ཤི་ཡང་གཏད་སོ་མེད་པར་དགོས། །ཤི་ཕུག་དེ་གྲོག་པོ་སྟོང་པར་གཏད། །སྐྱིད་འདོད་དེ་བྲལ་བའི་རོ་སྙོམ་དགོས། །ངོ་སྲུང་བྲལ་མི་ཡི་གྲལ་ནས་བུད། །འཇིག་རྟེན་དང་མི་མཐུན་ཁྱི་གྲལ་སྙེགས། །ཆོས་མཐུན་གྱི་ལྷ་གྲལ་ཐོབ་པ་དགོས། །ཐེམ་མེད་ཀྱི་རྡོ་རྗེ་སྔོན་ལ་བཏང་། །གང་གིའང་བསླུ་ཁར་མི་འཇུག་དགོས། །ཡེ་ཤེས་ཀྱི་རྡོ་རྗེ་རང་དང་འགྲོགས། །བློ་མི་འགྱུར་ཆོས་བསམ་བརྟན་པོ་དགོས། །ཁྲེལ་མེད་ཀྱི་རྡོ་རྗེ་རྗེས་སུ་བཞག །ཚེ་འདིར་སྣང་གི་གཞུང་བཟང་མེད་པར་དགོས། །རྗེ་བཀའ་གདམས་པའི་ཕུག་ནོར་བཅུ་པོ་དེ། །བྱེད་ནུས་ན་དམ་པའི་ཆོས་སྒོར་བཅུག །རང་མཐོང་གི་ང་རྒྱལ་གོང་བུ་ལ། །བྱིན་རླབས་དང་ཡོན་ཏན་གྱི་ཆུ་མི་ཆགས། །ལོ་ཆུང་གི་ལང་ཚོའི་གཟི་མདངས་དེ། །ཆོས་བར་ཆད་འབོད་པའི་གཡབ་མོ་ཡིན། །འཇིག་རྟེན་གྱི་སེམས་འཛིན་ངོ་བསྲུང་དེ། །དཀོར་ནག་པོ་བསྡུས་པའི་ལྕགས་ཀྱུ་ཡིན། །མངོན་ཤེས་དང་གྲུབ་རྟགས་ཀྱི་ངོམ་ཆོས་དེ། །ཉམས་རྟོགས་པ་འཇོམས་པའི་སད་སེར་ཡིན། །ཁྱོད་བསམ་པ་བཟང་པོའི་བློ་སྣ་དེ། །དུས་རྒྱུན་དུ་ཕན་པའི་ལམ་གྲོགས་ཡིན། །ཨ་གསར་གྱི་ངེ་འབྱུང་དད་པ་དེ། །ཡལ་བའི་རྗེས་སོ་སྐྱེའི་བློ་ངན་ཡིན། །ཆོས་གསང་སྔགས་ཀྱི་སྨིན་གྲོལ་སེངྒེའི་བཅུད། །སྣོད་གསེར་མིན་གང་དུ་མི་ཆགས་བཞིན། །ཟབ་རྒྱས་ཀྱི་དམ་ཆོས་བདུད་རྩིའི་བཅུད། །ཉམས་ལེན་ངེས་བྱུང་ན་གདམ་ངག་སྟེར། །དོན་དེ་བས་ལེགས་པ་བསམ་བློ་ཐོངས། ཞེས་གསུངས་པས། རང་གི་སེམས་ལ་དེ་ལྟ་སྲོག་ལ་བབས་ཀྱང་བྱ་སྙམ་པའི་ཡི་དམ་བཅས། དེ་སྐབས་སེམས་སྦྱོང་བདུན་མའི་ཁྲིད་གནང་བས་ངས་བླ་མའི་གསུང་མ་གོ་བར་མང་པོ་ངུས་པས་ཀུན་གྱིས་བུ་མོ་ཆུང་ཆུང་ཞིག་གི་ངེས་འབྱུང་ལ་ཨང་ཟེར་འདུག །ཨ་ཎི་འོད་གསལ་ཟེར་བ་ཐམས་ཅད་ཀྱི་དགེ་རྒན་ཡིན་པ་དེས། ཨ་ཎི་ཚུལ་ཁྲིམས་ཟེར་བའི་སར་བསྐྱལ། དེར་ཞག་ཤས་བསྡད་པས་ཨ་མ་སླེབས་བྱུང་། ཨ་མས་བྲག་ཕུག་ཅིག་བྲུས་ཏེ། དེའི་ནང་ལ་མིའི་རུས་པ་སོགས་ཡོད་ཀྱང་ང་ལོ་ཆུང་བས་སྐྲག་དོགས་ནས་གསང་སྟེ་ཕྱིར་ཕྱུང་། སྟེང་ན་སྟུག་མའི་སྤྱིལ་བུ་ཕུབ་ནས་དེར་བསྡད། དགོང་མོ་བཀའ་ཆོས་ལ་ཕྱིན་སྐབས་སྙུག་མའི་མེ་ཁྱེར་ནས་ང་བསུ་བར་ཕེབས། ཐོག་མར་སྔོན་འགྲོ་སྐྱབས་མགོན་ཞབས་དཀར་གསུང་མ་རིག་མུན་སེལ་གྱི་ཁྲིད་གནང་། སྔོན་འགྲོའི་རྐང་གྲངས་བློ་ལ་འཛིན་དུ་བཅུག་པས་ངས་གོ་བ་མ་ལོན་ནས་ཆོས་ཀྱི་ཚུལ་ལ་རིང་དུ་གནས་པའི་འདུ་ཤེས་ཟེར་བ་ལ། ཆོས་ཀྱི་རྐང་པ་རིང་དུ་བྱས་པས་ཀུན་ཞལ་བཞད་མོ་ཐེག་གེ་གྱུར། ཡང་བཟང་སྤྱོད་མཎྜལ་སློབ་དུས། བཟང་པོ་སྤྱོད་པ་ལུས་འཕགས་པོ་བྱས་པས་སྔར་ལྟར་གྱུར། དེར་བློ་སྦྱོང་བྱས། དེ་ལོ་བླ་མ་རིན་པོ་ཆེ་ཞེ་དགུའི་དགུང་སྐག་དང་ངའང་བཅུ་གསུམ་སྐག་ཐོག་ཕྱིན་སྟབས། བླ་མ་སྙུང་པས་ང་བསུན་བཟློག་འབུལ་བཅུག །མེ་ཏོག་གི་ཞྭ་མོ་བཀོན་ནས་ཕུལ་རྗེས་བླ་མའི་སྐུ་གླུད་དུ་མང་ཡུལ་བྱམས་པ་སྤྲིན་དུ་གཏོང་སྐབས་ཡིད་སྤྲོ་དགའ་དང་བཅས་ཏེ་དེ་རིང་ངའི་ལུས་ཀྱིས་གོ་ཆོད་བསམས་ནས་འདི་ལྟར་སྨྲ་བཞིན་སོང་ངོ་། །
ན་མོ་གུ་རུ་པདྨ་ས་ར་ཡེ། །ང་ཐོག་མ་མེད་ནས་ད་ལྟའི་བར། །ལུས་གྲངས་མེད་བླངས་ཀྱང་གོ་མ་ཆོད། །དུས་དེ་རིང་བླ་མའི་བཀའ་དྲིན་གྱིས། །མངོན་སུམ་དུ་སྐུ་གླུད་སོང་ཞིག་གསུངས། །ལུས་སྙིང་པོ་ལོན་པ་དེ་རིང་ཡིན། །ཡིད་དགའ་སྤྲོ་བཅས་ཏེ་གླུད་དུ་འགྲོ། །སྤྱིར་འགྲོ་ཀུན་སྡུག་བསྔལ་མ་ལུས་དང་། །སྒོས་དཔལ་ལྡན་བླ་མའི་སྐུ་སྐག་ཀུན། །མ་ལུས་པ་སྤྲང་མོ་བདག་ལ་སྨིན། །བདག་དེ་དག་ལྷག་མེད་སྦྱངས་ནུས་ཤོག །ངས་ཐོག་མེད་ནས་བསགས་པའི་དགེ་འབྲས་ཀུན། །ཕ་བླ་མ་ལ་འབུལ་ཞིང་འགྲོ་ལ་སྦྱིན། །སྐུ་རྐྱེན་ཀུན་ཞིང་ཞབས་པད་བརྟན། །སྲིད་མ་སྟོངས་བར་དུ་བཞུགས་གྱུར་ཅིག །ལུས་ཤ་ཁྲག་ཕུང་པོ་ལྷ་འདྲེར་སྦྱིན། །སེམས་རིག་པ་བླ་མར་ཐུགས་ཡིད་བསྲེ། །ཡིད་རེ་དོགས་ལས་འདས་མ་ལབ་སྒྲོན། །རྗེ་བླ་མ་དབྱེར་མེད་ཀུན་གྲོལ་ཤོག །
ཅེས་སོང་ཞིང་སླེབས་ནས་དངོས་གྲུབ་ཕུག་དེར་བསྡད་ནས་སྔོན་འགྲོ་རྣམས་བསགས། ཀུན་བཟང་ཆོས་ཉིད་ཀྱིས་ཐོ་རངས་སྔོན་འགྲོའི་སྐབས་གཅེར་ཕྱག་འཚལ། ངས་དགོན་པ་ལ་སྐོར་བ་འབུམ། ཕྱག་འབུམ་བསགས། དེ་སྐབས་གླང་ཐང་སྒོམ་ཆེན་གྱིས་བླ་མ་གདན་འདྲེན་ཞུ་ཟེར་ནས། སྒོམ་ཆེན་གཙོས་ཐམས་ཅད་ཀྱིས་བླ་མ་གདན་འདྲེན་ཞུ་བཞིན་ཕེབས། ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་དབང་ལུང་ཡོངས་རྫོགས་དང་གཅོད་དབང་བརྒྱ་རྩ་སོགས་མང་དུ་གནང་བ་རྣམས་ཞུས། གཏང་རག་སྐབས་ང་ཞོ་ཉོ་བ་ལ་བཏང་བས་ཉོས་ནས་ཁུར་ཡོང་། ལམ་བར་དུ་ངལ་གསོ་སར་ཞོ་ཟོམ་འགྱུར། ཐམས་ཅད་བོ་སོང་ཞིང་སྐྲག་ཀྱང་ཚུར་བླུགས་པ་ངང་སྒོར་རེ་གང་ཡང་སྐྱོན་མི་འདུག་པས་ཡིད་དགའ་བ་བྱུང་། དེ་ནས་རྒྱལ་བ་ཀརྨ་པ་ཐོག་མར་སྐུ་འཁྲུངས་ས་ལནྡེ་དགོན་པ་དཀར་དུ་ངའི་སྲུ་མོ་ཨ་མ་དབང་ཕྱུག་སར་སོང་ནས་བཀའ་འགྱུར་ཀློག །ངེས་འབྱུང་ཤུགས་དྲག་སྐྱེས་པ་དང་། རྗེས་སུ་ཉམས་ཀྱི་འོད་གསལ་ཡི་གེ་བསྐུར་བས་ཁ་མ་ཕྱེ་བར་ནང་དུ་གང་ཡོད་ཤེས། འགྲོ་བའི་ཚེ་གཞན་ལས་མགྱོགས། ང་འཕུར་སོང་བ་ལྟར་བྱུང་། དེར་སྡོད་བསམས་ཀྱང་ཨ་མ་དབང་ཕྱུག་ནས་བླ་མ་ཚད་ལྡན་ཞིག་འདུག་པས། དེའི་རྗེས་སུ་སོང་ལ་གང་གསུང་སྒྲུབས་ཟེར་ནས་བཏང་། དེ་ནས་བླ་མ་གྱེས་ཕུག་ཏུ་ཕེབས། ཚེ་དབང་། སྡུག་བསྔལ་རང་གྲོལ་དབང་སོགས་གནང་། འཇའ་ཤེལ་ཐོག་དུང་འབུད་བཞིན་སོང་། ཡང་སྐྱིད་གྲོང་རི་བོ་དཔལ་འབར་ཞེས། རྩེ་མོ་གངས་རི། སྐེད་པ་རྫ་རི། རྩ་བ་སྤང་ལྗོངས་བྱས་པ། དེའི་འོག་ཤིང་སྣ་ཚོགས་ཀྱི་དཀྱིལ་སྙུག་མ་སོགས་ཡོད་པའི་རི་དེར་དགོན་པ་ཆོས་ལོངས་སྤྲུལ་གསུམ་ཞེས་པ་འདུག །སྤྲུལ་སྐུའི་དགོན་པ་ཀླུ་མོ་སྒང་ཞེས་པ་དེར་ཕེབས། རྩེ་གཟིམ་ཆུང་དུ་བླ་མ་བཞུགས། ངེད་རྣམས་འོག་ཏུ་བསྡད་པས། ཨ་ཎི་འོད་ཟེར་ནས་ང་ལ་བླ་མ་ལྗགས་ཐུན་གྲོལ་ཡོད་མེད་ལྟ་རུ་བཏང་། ཕྱིན་པས་ལྗགས་ཐུན་མ་གྲོལ་བར་མར་ལོག་ཡོང་ནས་རྔ་རྡུང་། དེ་ནས་ང་གསོལ་སྐྱེམས་དང་མེ་ཕོར་འབུལ་དུ་བཏང་བས་བླ་མ་རིན་པོ་ཆེ་ཕྱག་དཔེ་ཆུང་ཆུང་ཞིག་གཟིགས་འདུག །མར་ཡོང་དུས་བླ་མས་ཕྱག་རྟགས་མཛད་ཡར་ཕྱིན་པས་ད་རེས་རྔ་བརྡུང་མཁན་སུ་ཡིན་གསུངས། ང་སྐྲག་ནས་ཁ་བཀབ་ནས་བསྡད་པས། སྤྲང་མོ་ཁྱོད་རང་ཡིན་པ་འདྲ་གསུངས། ང་མིན་སྐུ་གཉེར་རེད་ཞུས་པས། བླ་མ་ཐུགས་འཁྲུགས་ནས་ཕྱག་འཁར་རིང་པོ་ཞིག་བསྣམས་ནས་ང་དེད་བྱུང་བས་ཤིན་ཏུ་སྐྲག་ནས་རྡོ་སྐས་རིང་པོ་གཟར་བ་ཞིག་ཡོད་པ་དེའི་རྩེ་ནས་རྩ་བར་མཆོངས་པས་སྐྱོན་གང་ཡང་བྱས་མི་འདུག །ཡར་བལྟས་པས་ཕྱག་འཁར་ཡར་བཏེགས་ནས་བཞེངས་འདུག །དེ་སྐབས་ཡུམ་ནས་རིའི་སྲན་མ་གནང་བ་ཟོས་པས་དེ་རྩྭ་དུག་ཡིན་སྟབས་ན་ནས་འཆི་ལ་ཁད་བྱུང་བས་འཆར་སྒོར་ཞིང་ཁམས་དང་སྒྲ་འོད་ཟེར་གསུམ་སོགས་མང་དུ་མཐོང་། བླ་མ་ལ་ཞུས་པས་སེམས་ངོ་ལྟོས་གསུངས། དེ་ནས་རག་མ་བྱང་ཆུབ་རྫོངས་ལ་བསྡད། མདུན་དུ་ཤིང་སྡོང་ཞིག་དུ་བ་འཚུབ་དང་བཅས་འགྱེལ་སོང་བར་བརྟེན་མི་རྟག་པ་རྒྱུད་ལ་སྐྱེས། སེམས་ཀྱི་རྣམ་རྟོག་ཀྱང་འགྱུར་ལྡོག་དེ་ལྟ་བུ་འདྲ་སྙམ། བྲག་དཀར་རྟ་སོ། སྐྱ་རྔ་རྩ། ཟ་འོག་ཕུག་སོགས་མཇལ། དེར་སྐྱབས་མགོན་ཞབས་དཀར་དངོས་སློབ་ཨ་ཎི་གཉིས་མཇལ། དེ་ནས་ལ་བརྒྱབ་སྟེ་ཙུམ་ལ་བླ་མ་དང་ལྷན་རྒྱས་སུ་ཕེབས། ང་ཚོ་སླེབས་འཕྲལ་གངས་འུར་བརྒྱབ་ཅིང་སྟོན་ཀའི་གངས་རྡིབ་བྱུང་བས། ང་ཤི་ཡང་དྲག་བླ་མ་མཆེད་ལྕམ་རྣམས་མནན་མི་ཡོང་ངམ་བསམས། བླ་མ་ཕུག་རོན་ཕུག་གི་བྲག་ཕུག་ཏུ་བཞུགས། ང་དང་མཆེད་ལྕམ་རྣམས་ཕུག་མདོ་ལ་བསྡད། དེར་བླ་མ་མི་མི་པད་མ་རྣམ་རྒྱལ་ཞེས་པ་འདུག །རང་ལ་ཉམས་རྟོགས་བྱུང་བ་རྣམས་ཀ་ཁ་ལ་སྦྱར་ཏེ་འདི་ལྟར་ཕུལ་ལོ། །
ཀ་དག་རྟོགས་པ་མཐར་ཕྱིན་རྗེ་བླ་མར། །ཁ་ཙམ་མ་ཡིན་རྩེ་གཅིག་གསོལ་བ་འདེབས། །ག་རེ་རང་ལ་བརྟགས་པས་མི་རྟག་མཐོང་། །ང་དང་སེམས་ཅན་ཐམས་ཅད་འཆི་རྒྱུ་ལ། །ཅ་གས་བསགས་པའི་ནོར་རྫས་ཤུལ་དུ་ལུས། །ཆ་མེད་བར་དོར་འགྲོ་ལ་རབ་ཏུ་སྐྲག །ཇ་རོ་བཞིན་དུ་ལུས་ནི་རོ་རུ་འགྱུར། །ཉ་མོ་ཆུ་བཞིན་སེམས་དང་ཆགས་ཞེན་འགྲོགས། །ཏ་ཐཱ་ག་ཏའི་བདེན་ཚིག་མི་བསླུ་ཡང་། །ཐ་ཆད་སྡིག་བློ་མ་ལྡོག་དགོས་པ་ཅི། །ད་ལྟ་ན་སོ་ཆུང་ཡང་ནམ་འཆི་ཨང་། །ན་རྒ་སྐྱེ་འཆིར་འཇིགས་ནས་དམ་ཆོས་སྒྲུབ། །པ་ཏྲ་ལྟ་བུའི་འཁོར་བའི་འཁྲུལ་རྒྱ་འདི། །ཕ་གཅིག་བླ་མ་མ་གཏོགས་གང་གིས་སྐྱོབ། །བ་མོ་ལྟ་བུའི་ངེས་འབྱུང་ཉི་ཚེ་བ། །མ་ཡིན་ཉམས་རྟོགས་མཐའ་རུ་བསྐྱལ་དམ་འཆའ། །ཙ་རི་ལ་སོགས་གང་དུ་ཕྱིན་ན་ཡང་། །ཚ་གྲང་དཀའ་སྤྱད་བྱས་པའི་འབྲས་བུ་ནི། །ཛ་ལང་གཏི་མུག་མ་རིག་གཞི་རྩ་བྲལ། །ཝ་ལེའི་རིག་པ་སྐྱེ་འགགས་གནས་མེད་གཤིས། །ཞ་ལོང་འོན་ལྐུགས་མ་སྐྱེས་རྟེན་བཟང་འདི། །ཟ་ཉལ་འགྲོ་འདུག་བདེན་མེད་སྒྱུ་མར་མཐོང་། །འ་འུར་ཙམ་མིན་བློ་ལྡོག་མྱོང་གོམས་བྱས། །ཡ་མཚན་སེམས་ཀྱི་རང་བཞིན་གཏད་སོ་བྲལ། རྭ་ལྟར་གྱོང་བའི་དམུ་རྒོད་བློ་ངན་འདི། །ལ་ཟླ་ཤན་འབྱེད་དོན་གྱི་སྙིང་པོ་བླངས། ཤ་ཁྲག་ཕུང་པོ་མཆོད་དང་སྦྱིན་པ་བཏང་། །ས་གསུམ་འགྲོ་འདྲེན་བླ་མའི་བཀའ་དྲིན་གྱིས། །ཧ་ལམ་དམ་པའི་ཆོས་ལ་གོ་མྱོང་ཐོན། །ཨ་མར་གྱུར་ཚད་དྲིན་ལན་འཁོར་བར་ཤོག །ཅེས་ཕུལ་ལོ། །
དེ་ནས་བླ་སློབ་ཐམས་ཅད་ནུབ་རི་ཧེ་ནང་རི་ཁྲོད་དུ་བྱོན། ཧེ་རི་དེར་གུ་རུས་བྱིན་གྱིས་བརླབས་པའི་སྦས་ལུང་ཙ་རི་དང་ཁྱད་མེད་ཟེར་བ་ཞིག་འདུག །དེའི་མདའ་རུ་བསོད་སྙོམས་སོང་བས་ཕྲན་ཙམ་བྱུང་བ་དེ་ག་གྲོང་ཞིག་ལ་བཅོལ། ང་བྲག་མེ་ལོང་འདྲ་བའི་རི་ཁྲོད་དེ་རུ་ལོ་གསུམ་མཚམས་རྒྱ་བྱས། བླ་མ་ནས་བྲག་ཤིན་ཏུ་གཟར་པོ་ཡོད་པས་ཡར་ཕྱིན་ན་སོང་ཆོག་མར་སྒོ་ནས་འགྲོ་མི་ཆོག་གསུངས། ཐུན་མོང་སྔོན་འགྲོ་ནས་བཟུང་སྙིང་ཐིག་ཡོངས་སུ་རྫོགས་པ་མ་ལུས་པ་དང་། རྗེ་བཙུན་མི་ལའི་བླ་སྒྲུབ་དང་བཅས་པའི་བསྙེན་པ་བསྐྱལ། རྩ་བའི་བླ་མས་ཡང་སྐབས་སྐབས་ཕྱག་བྲིས་དང་དོགས་སེལ་ལ་བྱོན། མཐུན་རྐྱེན་ཡང་འཛོམས་པོ་བྱུང་། དེ་སྐབས་རྩ་བའི་བླ་མ་པདྨ་རྒྱ་མཚོས་དལ་འབྱོར་རྙེད་དཀའ་སོགས་ཀྱི་རྒྱུགས་བཞེས་དགོས་པས་སྒོམས་ཤིག་གསུངས་ནས་བསྒོམ་སྐབས་ཡིད་ལ་ཅི་ཡང་བྱར་མེད་པར་གསལ་ཆ་མ་འགགས་ཙམ་ལ་སྨྲར་མི་བཏུབ་བརྗོད་མི་ཤེས་པ་བློ་བདེ་ལ་དགའ་ཡལ་ལེ་བ་ཡང་ཡང་བྱུང་། རང་གི་རང་ལ་ཉམས་མཚར་བས་ཐོལ་བྱུང་དུ་འདི་ལྟར་སྨྲས་སོ། །
མགོན་བསླུ་མེད་ཀྱི་སྐྱབས་གནས་མ་ལུས་པ། །དོན་གཅིག་བསྡུས་ཁྱབ་བདག་རྡོ་རྗེ་འཆང་། །རྗེ་གྲུབ་དབང་པདྨ་རྒྱ་མཚོ་ཞེས། །དཔལ་འཁོར་ལོའི་མགོན་མཆོག་ཉིད་ལ་འདུད། །གནས་ནུབ་རི་སྦས་ལུང་ཧེ་རི་ཁྲོད། །བྲག་མེ་ལོང་འདྲ་བའི་དབེན་མཚམས་སུ། །སྤྲང་མ་ཎི་ལོ་ཆེན་བཅད་རྒྱར་བསྡད། །ལོ་གསུམ་གྱི་དམ་བཅའ་བསགས་སྦྱངས་བྱས། །ཕ་རྩ་བའི་བླ་མ་རིན་པོ་ཆེས། །དལ་འབྱོར་སོགས་རྒྱུགས་བཞེས་དགོས་པས་ན། །མ་ཡེངས་པར་སྒོམས་ཤིག་གསུངས་པ་ཡིས། །རྩེ་གཅིག་ཏུ་སྒོམ་སྐབས་འདི་ལྟར་ཤར། །དོན་ཡིད་ལ་ཅི་ཡང་བྱར་མེད་པར། །རང་མདངས་ཀྱི་གསལ་ཆ་མ་འགགས་ཙམ། །ངག་སྨྲ་རུ་མི་བཏུབ་ལྷང་ངེ་བ། །ཚིག་བརྗོད་དུ་མི་ཤེས་སིང་ངེ་བ། །བློ་བདེ་བས་བློ་འདས་རང་ཡིད་ཆེས། །ཉམས་བདེ་གསལ་མི་རྟོགས་དགའ་ཡལ་ལེ། །སྔོན་བསུ་དང་རྗེས་གཅོད་ཀྱིས་བཅོས་བསླད་ཅིག །དུས་གཅིག་ཙམ་མ་ཡིན་ཡང་ཡང་གོམས། །རང་གཤིས་ལ་རང་བྱུང་གད་མོ་བྲོ། །གཞན་བཙལ་དུ་མེད་པར་ངེས་ཐག་ཆོད། །ང་སྤྲང་མོའི་འཆར་ཚུལ་གྱི་མཆོད་སྤྲིན་འདི། །སྐྱབས་རྒྱལ་བ་སྲས་དང་བཅས་ལ་འབུལ། །དགེ་མ་གྱུར་འགྲོ་བ་ཡོངས་ལ་བསྔོ། །ཕ་བླ་མ་རྗེ་ཡི་བཀའ་དྲིན་གྱིས། །ཉམས་གང་ཤར་གླུ་རུ་བླངས་པ་ཡིན། །ཀུན་རྫོགས་ཆེན་རྟོགས་པའི་རྒྱུར་གྱུར་ཅིག །
ཅེས་སྨྲས་ཤིང་བླ་མ་ལ་ཞུས་པས་གདིང་ནས་རྟོགས་པ་མངོན་སུམ་སྐྱེས་དགོངས་ནས་ཐུགས་ཐག་ཆོད་པ་ཡིན་འདྲ་ཡང་། བདག་གིས་རྒྱུད་ཀྱི་ང་རྒྱལ་བཅག་པ་ལ་དགོངས་ནས་ཧེ་ཧེ་ཞེས་བཞད་པ་ཙམ་ལས་ཅི་ཡང་མ་གསུངས། ད་ལྟ་བལྟས་ན་ཀ་དག་གི་དོན་ཡིན་འདུག །དེ་ནས་པྲ་དུམ་རྩེར་ང་ལོ་བཅུ་བདུན་ལ་བླ་མ་རིན་པོ་ཆེར་མཆེད་གྲོགས་ཐམས་ཅད་ཀྱིས་རྩ་རླུང་ཞུས་པས་དང་པོ་ཞལ་གྱིས་བཞེས་ཏེ་དཔེ་ཆ་གནང་། སང་ཉིན་མཚན་ལམ་ལེགས་པོ་མ་བྱུང་གསུངས་ནས་དཔེ་ཆ་རྣམས་ཡར་བཞེས་བུམ་པ་ཅན་ཅུང་ཟད་ལས་མ་གནང་། ང་དང་མཆེད་གྲོགས་རེ་གཉིས་དེའི་བར་བསོད་སྙོམས་ལ་ནུབ་རི་ལྐོག་ནང་དུ་ཕྱིན་པས་དེ་ན་ཨ་ཎིའི་དགོན་པ་ཆུང་ཆུང་ཞིག་འདུག །ཨ་ཎི་ལོ་ཆུང་ཞིག་གིས་མར་སྐྲོག་གཅིག་དང་འོ་མ་སྟེར་བྱུང་། འོ་མ་དང་པོ་ངས་བཏུང་བས་ཉིན་གཅིག་སོང་དུས་འོ་མ་ལ་སྦྱར་དུག་ཡོད་པས་ང་མང་དུ་ན་བས་གཞན་ཅི་ཡང་བྱ་ཐབས་མེད་པར་བླ་མ་ལ་གསོལ་བ་བཏབ། རླུང་བུམ་ཅན་མང་དུ་བཟུང་བས་སྐྱུག་པའི་ཁ་དོག་འོ་མ་ལ་རྣམ་པ་གདུག་སྦྲུལ་དངོས་ལྟ་བུ་འཁྱུག་སྟེ་འགྲོ་བ་མང་པོ་བསྐྱུགས། དེ་ནས་མཆེད་གྲོགས་གཞན་གྱིས་གནམ་རུ་དཔོན་འཆི་མེད་རྡོ་རྗེ་ལ་སྙན་གསོན་ཞུས། དཔོན་ནས་ཨ་ཎི་དེ་བོས་ནས་ཨ་ཎི་ལོ་ཆེན་གཤེགས་ན་ཁྱེད་རང་ཡིན་གསུངས་ནས་ར་སྤྲད། དེ་ཚེ་ངས་ཨ་ཎི་མོ་རང་ཡང་དུག་གིས་ཟིན་པ་ཡིན་སྙམ་ནས་དུག་མ་ཀུན་དང་འགྲོ་ལ་སྙིང་རྗེ་བཟོད་མེད་སྐྱེས་ནས་འདི་སྐད་སྨྲས་སོ། །
རྗེ་ཉོན་མོངས་དུག་སེལ་བཅོམ་ལྡན་འདས། །ཡེ་ཤེས་ཀྱི་འཚོ་བྱེད་སྨན་པ་རྗེ། །སྐྱབས་རྒྱལ་འདུས་པདྨ་རྒྱ་མཚོ་ལ། །སྤྲང་སྙིང་ནས་གསོལ་འདེབས་བྱིན་གྱིས་རློབས། །སྤྱིར་འགྲོ་ཀུན་མ་རིག་དུག་གིས་མནར། །སྒོས་ཨ་ཎི་རང་འདོད་དུག་གིས་ཟིན། །རང་བདེ་འདོད་སྡིག་ལ་ཧབ་ཐོབ་བྱེད། །ཁྱོད་འདོད་པ་ཇི་བཞིན་སྤྲང་བདག་གིས། །དུས་གསུམ་དུ་བསགས་པའི་བདེ་དགེ་ཀུན། །ཁྱོད་ཐོབ་ནས་རྒྱུད་ངན་དུག་ཞི་ཤོག །ལས་ངན་པ་བསགས་འབྲས་བདག་ལ་སྨིན། །སྡིག་སྦྱངས་ནས་བྱང་ཆུབ་ལམ་འདྲེན་ཤོག །སྔོན་གྲུབ་པའི་ཞལ་གྱི་བུམ་བཟང་ལས། །དུག་དྲག་པོ་ཁྲོ་ཚགས་རྨོངས་པ་གསུམ། །དེ་མཆོག་གསུམ་བདེན་པས་བཅོམ་གསུངས་པས། །སྤྲང་ཕན་སེམས་བྱང་ཆུབ་བདེན་སྟོབས་ཀྱིས། །དུག་མ་ལུས་བཅོམ་སྟེ་གྲོལ་ནུས་ཤོག །ཅེས་སྨྲས་སོ། །
དེའི་སྐབས་བསོད་སྙོམས་ལ་སོང་བས་ང་ལ་མི་ཐམས་ཅད་ཀྱིས་དད་ཅིང་འབུལ་བ་ཡང་མང་པོ་རྙེད། དགེ་རྒན་ཆོས་བཟང་ལ་འབུལ་མི་མང་པོ་མ་རྙེད་པས་ཁོང་སྔོན་ལ་སོང་ནས་བླ་མའི་དྲུང་དུ་ང་ཚོ་ལ་བསོད་སྙོམས་མ་རྙེད། ཨ་ཎི་ལོ་ཆེན་ནི་རྡོ་རྗེ་ཕག་མོའི་སྤྲུལ་པ་ཡིན་ཟེར་ནས་ཟོག་འཚོང་འདུག་པས། འབུལ་མི་ཡང་མང་བས་ཨ་ཎི་ལོ་ཆེན་གྱི་རྐང་པའི་འོག་གི་ས་ཐམས་ཅད་ལ་འགོམ་ཡུག་ཤོར་ཡོང་ཟེར་བ་མང་པོ་བྱུང་ཞེས་ཞུས་འདུག་ངས་བསོད་ད་སྙོམས་བྱུང་བ་ཐམས་ཅད་ཀྱི་ཕུད་བསགས་ནས་ཡར་འོང་། བླ་མའི་སྐུ་མདུན་དུ་དེ་དག་ཕུལ་ནས་མཇལ་ཁ་ལ་བཅཪ་སྐབས་བླ་མ་ནི་སྐུ་ཁྲོ་བོའི་ཚུལ་བཞེངས་ཏེ་ང་ལ་འཇིག་རྟེན་ཁམས་འདིར་ཟོག་པོ་ཟེར་བ་ཡོད། ཟོག་མོ་ཟེར་བ་ཁྱོད་ལས་མེད་གསུངས་ནས་ཁང་པའི་ཡང་སྟེང་ནས་མར་དབྱུང་། དེའི་སྟེང་ཞབས་ལྷམ་སོགས་ཀྱང་འཕངས་མཛད་བྱུང་། ས་ཞབས་སེམས་པ་སྐྱོ་བ་དང་སྐྲག་པ་ཆེན་པོ་བྱུང་ཡང་ལུས་པོ་ལ་སྐྱོན་མི་འདུག །ཡར་ལངས་ལྷམ་མགོ་ཐོག་ཏུ་བཞག་སྟེ་གསོལ་བ་བཏབ་ནས་ཡར་སོང་སྟེ་ཆོས་གྲལ་གྱི་ཟུར་ཞིག་ལ་བསྡད་པས་བླ་མའི་སྤྱན་ཟུར་གྱིས་གཟིགས་ཀྱང་མ་གཟིགས་པའི་ཚུལ་མཛད་དེ་བཀའ་བཀྱོན་མང་པོ་གནང་འདུག །རྗེས་སུ་མཆེད་གྲོགས་མང་པོ་ལ་མ་ཅིག་གི་འཇིམ་སྐུ་མང་པོ་གསོལ་རས་གནང་འདུག་ངས་ཀྱང་ཞུས་པས་ཨ་ཎི་ལོ་ཆེན་མ་ཅིག་གི་ས་སྐུ་ལ་རེ་མི་དགོས་པས་རང་གི་བྱུང་ན་མ་ཅིག་དངོས་ཡིན་གསུངས། ཧེ་ནང་ལ་ལེའུ་བདུན་མའི་བཀའ་དབང་གནང་ནས་ཁྲོམ་འབུམ་ཙམ་ཚོགས། དེའི་དུས་མ་ཎི་བུམ་སྒྲུབ་བདུན་གཅིག་ཀྱང་བྱས། དེ་ཤར་རྡོ་རྗེ་སྐབས་ང་མཁའ་འགྲོའི་གཙོ་མོ་བྱས་ནས་དགོན་པ་རྣམས་འཆམ་བྱས་ཏེ། རིགས་སོགས་ཀྱི་མཁའ་འགྲོ་སྡེ་ལྔའི་དབྱངས་བསྐུལ་བས། ལུས་ཀྱི་གཟི་བྱིན་བཀྲག་མདངས། ངག་སྙན་པ། རྩལ་སྟོབས་ལུག་རྒྱབ་བདུན་ཁྱོག་པ་སོགས་རང་མཐོང་སྐྱེ་བ་བྱུང་། དེ་ནས་མཐའ་སྟོང་སྐོར་དུ་བླ་མ་ཕེབས་ནས་བཞུགས་ཤིང་། ང་བསོད་སྙོམས་ལ་སོང་ནས་འཁོར་སྐབས་མཆེད་གྲོགས་གཞན་རྣམས་ལ་རྩ་རླུང་གནང་ནས་རས་རྐྱང་མཛད་ནས་བཞུགས། ང་ནི་རང་ལ་རྩ་རླུང་མ་བྱུང་བས་མྱ་ངན་གྱིས་གཟིར་ནས་མཚན་མོ་དེའི་རིང་ལ་ངུ་ཞིང་བླ་མ་ལ་གསོལ་བ་བཏབ་ནས་བསྡད་པས། ཨ་ཁུ་རྒྱལ་རྣམ་དང་། མཆེད་གྲོགས་གཞན་གྱིས་ཁྱེད་རང་རྩད་གཅོད་མཛད་འདུག་མེད་པ་མ་གཏོགས་རྩ་རླུང་གནང་ཡོང་གསུངས་ཀྱང་ང་ལ་སེམས་གསོ་མཛད་པ་རེད་བསམས། སང་ཉིན་བླ་མ་རིན་པོ་ཆེ་ལ་གསོལ་བ་བཏབ་པས་ཞལ་བཞེས་ཐོབ་ནས་ཨང་རག་དང་སྒོམ་ཐག་གྲབས་གྱིས་གསུངས། ཡིད་དགའ་སྤྲོ་དང་བཅས་ཨ་མའི་སར་སོང་། ཨ་མ་ལ་ཉལ་གཟན་ཞིག་ཡོད་པ་དེ་ལ་ཚོས་བརྒྱབ་ནས་སྒོམ་ཐག་དང་ཨང་རག་བཟོས། པད་ཤག་དྲུག་གི་རས་གཟན་ཉོས། དེ་ཚེ་མཆེད་གྲོགས་རྣམས་ཀྱིས་སྒོམ་ཐག་མལ་གཟན་འདི་ལ་བྱིན་ཅིག་ཕོབས། ཨང་རག་ཉལ་གཟན་འདི་ལ་བྱིན་ཅིག་ཕོབས། ཞེས་བཞད་གད་མཛད་པ་བྱུང་།
དེ་ནས་རྩ་རླུང་གནང་ནས་ཞག་ཉེར་གཅིག་ཙམ་སོང་དུས་རང་གི་དགེ་ཕྲུག་ཨ་ཎི་ཚུལ་ཁྲིམས་ཀྱིས་གཞན་ཞིག་གི་བྱུ་རུ་བརྐུས་པ་ངས་མཐོང་བ་མཆེད་གྲོགས་ཨེམ་རྗེ་ལ་བཤད་པས་མང་དུ་གྲགས་ཤིང་བླ་མས་གསན། ངའི་སྔོན་གྱི་སྡིག་སྒྲིབ་ཀུན་བཙན་ཐབས་སུ་ཚར་གཅོད་ཕྱིར་བཀའ་བཀྱོན་གྱིས་འདུལ་བའི་དུས་ལ་བབས་པར་མཁྱེན་ནས། དེ་མ་ཐག་བླ་མའི་དྲུང་དུ་བོས་ཏེ། ཁྱོད་ད་རེས་མཆེད་ལ་སྐྱོན་བརྗོད། སྔོན་དུས་ཀྱང་ཨ་ཎི་དབུ་ཆོས་ལ་བླ་མ་ཁ་བཞག་སེམས་ཅན་མང་པོའི་སྲོག་གཅོད་སྡིག་པ་ཐམས་ཅད་ལ་ཡོང་ལབ་པ་དང་གཅིག །ང་རྡོ་རྗེ་ཕག་མོ་ཡིན་ཟེར་ནས་གཞན་གྱི་མགོ་སྐོར་ཟོལ་མོ་བྱས་པ་དང་གཉིས། ད་ལྟ་བྱུ་རུའི་རྐུ་བཙུགས་ནས་ཐམས་ཅད་ལ་ལབ་པ་དང་ལན་པ་གསུམ་འདུག་པས་དཔྲལ་བ་ལ་ཁྱི་ཐམ་བརྒྱབ་སྟེ་ད་ལྟ་རང་ངའི་ཕྱོགས་ལ་སྡོད་མི་ཆོག་གསུངས་ནས་བཀའ་བཀྱོན་མང་དུ་མཛད། རང་ཉིད་ཀྱིས་ངོ་ཚ་འཇིགས་སྐྲག་དང་བཅས་ཕྱག་འཚལ་བཤགས་པ་ཕུལ་ཇི་ལྟར་ཞུས་ཀྱང་། གནས་སྐབས་ཁྱེད་རང་འཁོར་བཅས་ཡུལ་སྤོ་ར་ཞེས་པར་འགྲོ་དགོས་གསུངས། ངས་ཀྱང་བླ་མའི་བཀའ་བཞིན་ངེད་མ་བུ་གཉིས། མཆེད་གྲོགས་ཆེ་བ་ཚེ་རིང་རྒྱལ་མོ། ཆུང་བ་ཀ་ཐོག་ཅེས་དེ་གཉིས་འཁྲིད་ནས་ངེད་བཞི་ཕྱིན་ནས་སེམས་ཕམ་པ་དང་འཇིགས་སྐྲག་གྲོགས་སུ་ཤར་བའི་སྐྱོ་གླུ་འདི་བླངས་སོ། །
རྗེ་སྐྱབས་གནས་ཀུན་འདུས་འཁོར་ལོའི་མགོན། །སྙིང་རྗེ་ཡི་དབང་ཕྱུག་འགྲོ་བ་འདྲེན། །ཚར་གཅོད་དང་རྗེས་འཛིན་ཐབས་ལ་མཁས། །མཆོག་པདྨ་རྒྱ་མཚོ་དེ་ལ་འདུད། །སྤྲང་སྔོན་བསགས་ཀྱི་སྡིག་སྒྲིབ་སྦྱངས་པ་དང་། །བདག་འཛིན་གྱི་རྟོགས་པ་ཚར་གཅོད་ཕྱིར། །བཀའ་བཀྱོན་གྱིས་འདུལ་བའི་དུས་གཟིགས་ནས། །ཐོད་པ་ལ་ཁྱི་ཐམ་བརྒྱབ་ནས་ནི། །ཡུལ་སྤོ་ར་ཞེས་པར་སོང་ཞིག་གསུངས། །སྔོན་དམ་པ་གོང་མས་སློབ་མའི་རྒྱུད། །འདུལ་ཇི་བཞིན་མཛད་ལ་རྗེས་ཡི་རང་། །ང་བདག་ཏུ་འཛིན་པའི་རྣམ་རྟོག་དང་། །ཁེངས་སེམས་ཀྱི་ང་རྒྱལ་གྱོང་པོ་ལ། །ཚར་གཅོད་པའི་ཐབས་ལ་འདི་འདྲ་མཁོ། །བདག་འཛིན་གྱི་རྟོགས་པའི་ཚང་ཚིང་གསེབ། །བདག་མེད་ཀྱི་གནས་ལུགས་རྗེན་པ་རྙེད། །ཕ་བླ་མའི་ཐུགས་རྗེའི་བཀའ་དྲིན་གྱིས། །རྐྱེན་ངན་པ་བྱང་ཆུབ་ལམ་དུ་སྒྱུར། །མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །ཡུལ་མཐའ་འཁོར་དང་ཁྱི་ལུས་མི་སྐྱེ་ཞིང་། །རྒྱུད་བདག་འཛིན་ང་རྒྱལ་ཇི་ཡོད་པ། །ལྐོག་གྱུར་དུ་མི་སྦས་དྲུང་ནས་ཕྱུང་། །ཕ་བླ་མས་བཙན་ཐབས་སུ་མིང་མེད་བརྟུལ། །བདག་མེད་ཀྱི་གནས་ལུགས་ཀུན་རྟོགས་ཤོག །
ཅེས་སྨྲས་ཤིང་ཉིན་ཁ་ཤས་མ་ཎི་བསྐུལ་ཏེ་སོང་བས་མཐུན་རྐྱེན་ཡང་ལེགས་པར་བྱུང་། དེ་ནས་ལམ་གཉིས་འདུག་པས་ལམ་གཅིག་ལ་འབྲུམ་ནད་འདུག་ཟེར། གཅིག་དེ་ནས་སོང་བས་ག་དོག་པོ་མི་ཐམས་ཅད་སྐད་མི་གོ་བ། མཚན་མོ་འབུའི་སྐད་དིར་དིར་སྒྲོག་པའི་ལུང་པ་ཞིག་ཏུ་སླེབས། སེམས་སྦྱོང་བདུན་མར་གསུངས་པ་ལྟར། བླ་མ་ལ་མོས་གུས། སེམས་ཅན་ལ་སྙིང་རྗེ། མི་རྟག་པ་རྒྱུད་ལ་སྐྱེས་ཤིང་སོང་བས། མར་ལམ་ཞག་ས་མཚན་མོ་ཉལ་བའི་རྨི་ལམ་ནང་བླ་མས་བཀའ་དབང་དང་བཀའ་ཆོས་གནང་ནས་ཁྲ་ལམ་མེར་བཞུགས་པར་མཐོང་བས་རྨི་ལམ་འདི་གཉིད་མ་སད་ན་དགའ་བ་ལ་སྙམ། གཉིད་སད་མ་ཐག་ཡིད་སྐྱོ་ནས་བླ་མ་དྲན་བསྐུལ་གྱི་སྐྱོ་གླུ་འདི་ཐལ་ལོ། །
རྗེ་མི་བསྐྱོད་ཀྱི་ངོ་བོ་རྡོ་རྗེ་འཆང་། །སྤྲང་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །སྤྲང་མོས་གུས་ཀྱི་གདུང་དབྱངས་ཞུ་ལགས་ན། །ཐུགས་ཆོས་དབྱིངས་ཀློང་ནས་བརྩེ་བས་དགོངས། །སྤྲང་མདང་སུམ་ཉལ་བའི་རྨི་ལམ་ནང་། །ཕ་བླ་མ་བཀའ་དྲིན་གསུམ་ལྡན་གྱིས། །སྐུ་མཚན་དཔེའི་འོད་ཀྱིས་སྟོང་གསུམ་ཁྱབ། །གསུང་ཚངས་དབྱངས་ཆོས་སྒྲ་ལྷང་ལྷང་སྒྲོག །ཐུགས་མཁྱེན་བརྩེ་ནུས་པ་བསམ་ལས་འདས། །དུས་ད་ལྟ་མཇལ་ན་དགའ་བ་ལ། །གཉིད་རྨི་ལམ་མིན་ན་སྐྱིད་པ་ལ། །ཆོས་ཟབ་རྒྱས་ཐེག་པ་ཆེན་པོ་འདི། །དུས་ད་ལྟ་རྨི་ལམ་ནང་བཞིན་དུ། །སྐལ་དམན་བདག་སྒོ་སྐལ་མི་ཆད་པར། །གསུང་མངོན་སུམ་ཐོས་ན་དགའ་བ་ལ། །གཉིད་རྨི་ལམ་མིན་ན་སྐྱིད་པ་ལ། །ཐུགས་ཁྱབ་བརྡལ་སྟོང་ཉིད་སྙིང་རྗེ་ཟུང་། །སྤྲང་དད་དང་མོས་གུས་དྲག་པོ་ཡིས། །དབྱིངས་འདུ་འབྲལ་མེད་པའི་ཀློང་ཆེན་པོར། །དབྱེར་མེད་དུ་གྱུར་ན་དགའ་བ་ལ། །གཉིད་རྨི་ལམ་མིན་ན་སྐྱིད་པ་ལ། །མཆེད་བཟང་པོ་རྡོ་རྗེ་སྤུན་གྲོགས་རྣམས། །འདུ་འབྲལ་བ་མེད་པར་དགའ་ཡ་ལེར། །ཆོས་བགྲོ་གླེང་གི་ཉམས་རྟོགས་འུར་ལངས་ནས། །ཕ་བླ་མ་འབྲལ་མེད་བདེ་འཆམ་མེ། །མངོན་སུམ་དུ་འགྲོགས་ན་དགའ་བ་ལ། །གཉིད་རྨི་ལམ་མིན་ན་སྐྱིད་པ་ལ། །བདག་ལས་ངན་འཁྲུལ་བ་རྒྱུན་ཆད་ཅིང་། །ཕ་བླ་མའི་དྲུང་དུ་མྱུར་ཕྱིན་ནས། །དུས་ད་ནས་ལོ་ཟླ་མ་འགྱངས་བར། །ཞལ་མཇལ་ཞིང་གསུང་ཐོས་དགོངས་པ་ལོན། །སྐྱེས་ཚེ་རབས་ཀུན་ཏུ་བདག་འདྲ་བའི། །བླ་མ་དང་བྲལ་ཞིང་མཆེད་ཀྱིས་འཕྱ། །ལས་སྤྱོད་ངན་དེ་ཀུན་ལ་མི་འབྱུང་ཤོག །
ཅེས་ཟེར་ཞིང་ཉིན་མཚན་ཀུན་ཏུ་ངུས་ནས་སོང་བས། རྒྱལ་ས་ཆེན་པོ་ཞིག་ལ་སླེབས། ལུང་པ་དེ་ལ་ལྟོ་སློང་ནས་ཚེ་རིང་རྒྱལ་མོ་ནས་གླུའི་ནང་ལ་ཚིག་ངན་ཞིག་བཏང་བ་བོད་སྐད་ཤེས་པའི་མི་གཅིག་གིས་ཐོས། ཚེ་རིང་རྒྱལ་མོ་ཟིན་རྒྱལ་པོའི་དྲུང་དུ་རྩིས་སྤྲད། ཨ་མ་ངེད་གཉིས་ཀྱིས་ཞུ་བ་ཇི་ལྟར་ཕུལ་ཡང་མ་ཉན་པར་ཁྲིད་སོང་། ཨ་མ་དེར་བཞག་ང་དང་མཆེད་ཆུང་ཀ་ཐོག་གཉིས་རྩམ་པ་སློང་དུ་ཕྱིན་པས་ལུང་པ་དེར་ཆུ་ཆེན་པོ་ཞིག་ལ་འབྲེང་ཐག་བརྒྱུད་དེ་འགྲོ་རྒྱུ་འདུག །ངེད་གཉིས་དེར་སོང་འབྲེང་ཐག་ཆད་པས་ཀ་ཐོག་ཆུ་ནང་དུ་ལྷུང་། ང་རང་གི་བསམ་པ་ལ། མཆེད་གྲོགས་གཅིག་བཙོན་ཁང་དུ་བཅུག །གཅིག་ཆུ་ནང་ལྷུང་ན་ག་ལ་ཡོང་སྙམ་ནས་བླ་མ་ལ་གསོལ་བ་དྲག་ཏུ་བཏབ། རླུང་བུམ་ཅན་བཟུང་སྟེ་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་ནུས་པར་ཤོག་སྙམ་ནས་འདི་ལྟར་སྨྲས་སོ། །
རྗེ་འཁོར་བའི་ཆུ་བོ་སྒྲོལ་མཛད་པ། །ཕ་པདྨ་རྒྱ་མཚོར་སྙིང་ནས་གུས། །མཆེད་གཅིག་ནི་ཁྲིམས་མུན་བཙོན་དུ་བཅུག །གཅིག་ཆུ་ཡི་ནང་དུ་ལྷུང་བ་ལ། །ང་སྐྱོ་བ་དང་སྐྲག་པའི་སེམས་སྐྱེས་ནས། །སྐྱབས་བླ་མའི་ཐུགས་རྗེས་དྲག་ཏུ་བསྐུལ། །མ་འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་ལས། །སྒྲོལ་ནུས་པའི་སྟོབས་དང་ལྡན་ནས་ནི། །ཐར་པ་ཡི་སྐམ་སར་འདྲེན་ནུས་ཤོག །རླུང་བུམ་པ་ཅན་གྱི་ནུས་པ་ཡིས། །ཟད་སར་གྱི་ཆུ་ཡི་སྐྱེ་མཆེད་འགྲུབ། །སྐད་ཅིག་ལ་ཐོགས་མེད་སྒྲོལ་བར་ཤོག །
ཅེས་སྨྲས་ནས་ཐེ་ཚོམ་མེད་པར་མཆོངས་པས་དེ་མ་ཐག་བྲག་རྡོག་གཅིག་གི་སྟེང་དུ་ངེད་གཉིས་ཀ་བདེ་བར་སླེབས་འདུག །དེ་ན་ཡོད་པའི་མི་ཐམས་ཅད་ཧ་ལས་ཤིང་དད་པ་སྐྱེས། མི་གཅིག་གིས་དེའི་ཚུལ་རྒྱལ་པོ་ལ་ཞུས་ཏེ། དེ་ཡེ་ཤེས་ཀྱི་མཁའ་འགྲོ་མ་འདྲ་ཟེར། རྒྱལ་པོས་ཀྱང་ཨ་མ་ངེད་གསུམ་གདན་འདྲེན་ཞུས། མཆེད་ཚེ་རིང་རྒྱལ་མོ་ཡང་དེར་འདུག །བདག་གིས་མ་ཎི་འདྲ་བསྐུལ་བས་རྒྱལ་པོ་ཐུགས་མཉེས་ཏེ་ཚེ་རིང་རྒྱལ་མོ་བཙོན་ཁང་ནས་བཏོན། ཀ་ཐོག་ལ་སྨན་སོགས་དང་ང་ལ་ལོངས་སྤྱོད་མང་པོ་གནང་། གཞན་ཚོས་འབུལ་བ་མང་པོ་ཕུལ། དེ་ནས་སྤོ་ར་ཡུལ་དུ་འགྲོ་བར་བརྩམས་པས་ལམ་ཐམས་ཅད་ཤིང་ནག་འཁྲིགས་པ་ལ་གཅན་གཟན་དུ་མའི་འཇིགས་སྐྲག་དང་། ཉིན་མོ་ཡང་མར་མེ་སྤར་ནས་འགྲོ་དགོས་འདུག་པས་ཉིན་གསུམ་གྱི་བར་རྒྱལ་པོ་ནས་སྐྱེལ་མི་སོགས་བཏང་། དེ་ནས་སོང་བས་སྤོ་རའི་ཡུལ་གྱི་ཉེ་སར་རྒན་མོ་ཞིག་དང་འཕྲད་པས་རྒན་མོ་དེས་ང་ལ་དད་ནས་ཕྱག་འཚལ་བསྐོར་བ་བྱས་ནས་སྐད་གསལ་པོ་མ་གོ་ཡང་ངེད་ཀྱི་ཡུལ་དུ་ཡོང་དགོས་ཟེར་བས་ང་བླ་མའི་བཀའ་བཞིན་སྤོ་ར་ཡུལ་དུ་འགྲོ་བ་ཡིན་བྱས་པས། ངའི་ལུང་པ་ནས་ཕེབས་ན་ད་དུང་ཉིན་གཅིག་གིས་ཐག་ཉེ་ཟེར། ངེད་རྣམས་རྒན་མོ་དང་འགྲོགས་ཏེ་མོ་རང་གི་ལུང་པར་སོང་། དེར་བོད་པའི་མི་ཡང་རེ་གཉིས་འདུག །ངས་གསུང་ཡི་གེ་དྲུག་མ་དང་ལས་རྒྱུ་འབྲས་སོགས་བཤད་པས་ཀུན་དད་ནས་དངུལ་ཟངས་རས་སྣམ་སོགས་སྟེར་ནས་མ་འཁྱོག་པ་བྱུང་། དེ་སྐབས་རྒན་མོ་སོགས་ལ་འདི་ལྟར་སྨྲས་སོ། །
སྐྱབས་འགྲན་གྱིས་དོ་མེད་བཀའ་དྲིན་ཅན། །མགོན་པདྨ་རྒྱ་མཚོ་མཆོག་ལ་འདུད། །མ་རྒན་མོ་སོགས་གདུལ་བྱའི་སེམས་ཅན་རྣམས། །བློ་ཆོས་སྒྱུར་ཐར་པ་ཐོབ་བྱིན་རློབས། །སྙན་གསོན་དང་རྒན་མོ་ལ་སོགས་ཀུན། །ཡུལ་ཟ་ཧོར་དུ་སྐྱེས་པའི་སྤྲང་མོ་དང་། །ས་སྤོ་མཚམས་སུ་གནས་པའི་རྒན་མོ་གཉིས། །སྔོན་རིང་མོ་ནས་དུས་བཏབ་མ་བྱས་ཀྱང་། །ལས་སྨོན་ལམ་སྟོབས་ཀྱིས་ལྷན་ཅིག་འདུས། །ཁྱེད་སྔོན་ལས་སད་པས་དད་ཅིང་འདུན། །ངས་གང་ཤེས་དམ་པའི་ཆོས་བཤད་བྱས། །དོན་སྙིང་པོ་འགྲོ་ཀུན་སངས་རྒྱས་ཕྱིར། །ཆོས་བྱེད་པ་དགེ་བ་ཐབས་མཆོག་གིས། །ཟིན་པ་ལ་སྦྱོར་བ་སེམས་བསྐྱེད་པ། །བློ་ཆོས་ལ་འཇུག་ཐབས་དང་པོ་ཡིན། །བར་དགེ་བ་གང་བྱས་དེར་མི་ཞེན། །མ་ཡེངས་པར་རྩེ་གཅིག་གོམས་སུ་འཇུག །དེའི་རྐྱེན་གྱིས་མི་བཤིག་བྱེད་པ་ལ། །ཆོས་དངོས་གཞི་དམིགས་མེད་བྱ་བ་ཡིན། །རྗེས་དགེ་རྩ་གང་བྱས་མ་ངོམ་པར། །འགྱོད་པ་དང་མ་བསྔོ་ལོག་བསྔོ་སྤངས། །ཀུན་རྣམ་མཁྱེན་ཐོབ་ཕྱིར་ཡེ་རྒྱས་འདེབས། །དེས་དགེ་བ་གོང་དུ་འཕེལ་ཐབས་ཡིན། །ཚེ་རྟག་པ་མེད་པས་བློ་སྣ་སྟུངས། །ལྷ་བླ་མ་སྤྱན་རས་གཟིགས་དབང་སྒོམས། །སྔགས་ཡི་གེ་དྲུག་མ་ཆད་མེད་སྒྲོངས། །སེམས་གསོལ་བ་ཐོབ་ལ་དད་མོས་གྱིས། །སྐྱབས་འགྲོ་ཞིང་ཐུགས་ཡིད་དབྱེར་མེད་སྲེས། །ངས་མི་བརྗེད་དུས་རྣམས་ཀུན་ཏུ་འང་། །འབྲལ་མེད་དུ་རྫོགས་སངས་རྒྱས་པར་སྨོན། །ཀུན་གཏན་བདེ་འགྱུར་མེད་ཐོབ་པར་ཤོག །ཅེས་སྨྲས་སོ། །
དེར་ལོ་གསར་ཞིག་ཀྱང་བཏང་། དེ་ནས་སྤོ་རར་མ་སླེབས་ཙམ་ལ་གུ་རུའི་སྒྲུབ་ཕུག་གཅིག་མཇལ་ནས་སྤོ་ར་ཡུལ་དུ་སླེབས། ཡུལ་དེར་ཚོང་པ་མང་པོ་འདུས་པ་ཞིག་འདུག །དེར་མ་ཎི་བསྐུལ། ལས་འབྲས་ཀྱི་ཆོས་བཤད་པས་གོང་ལྟར་དངོས་པོ་མང་པོ་བྱུང་བ་རས་དང་སྣམ་བུ་སོགས་སྤོ་ར་ནས་ཉིན་གཅིག་བརྒལ་བའི་སར་མཆེད་ཚེ་རིང་རྒྱལ་མོ་དང་ཀ་ཐོག་གཉིས་ཚོང་དུ་སོང་བས་ཉིན་གཉིས་གསུམ་ཕྱིན་ཀྱང་ཡོང་རྒྱུ་མི་འདུག །བློ་མ་བདེ་བར་ང་རང་ཕྱིན་པས་ལུང་པ་དེར་ཁྱིམ་ཐམས་ཅད་ཤེལ་ཁང་མི་ཐམས་ཅད་གོས་མེད་གཅེར་བུ་ཤ་སྟག་འདུག་པས་མི་ཐམས་ཅད་ཀྱིས་ང་ཟིན་དུ་ཡོང་ནས་ངས་མི་ཤེས་ལྐུགས་པའི་ཚུལ་བྱས་ཏེ་དེ་རྣམས་ལ་རྡོ་རྒྱག་པར་བརྩམས་པས་བདག་གི་གཟི་བརྗིད་ལྟ་བུས་འཇུ་མ་ནུས། ཤེལ་ཁང་ཞིག་ཏུ་རྡོ་ཞིག་བརྒྱབ་པས་མཆེད་གྲོགས་ཁོང་གཉིས་དེ་ནང་བཅུག་འདུག་པ་ཚུར་བཏོན་ནས་ངེད་གསུམ་ཡོང་བས་ས་མཚམས་ཤིག་གི་བར་རྗེས་སུ་དེད་ཀྱང་། ངེད་ནས་སྔ་མ་ལྟར་ལྐུགས་པའི་ཚུལ་བྱས། ས་མཚམས་དེ་ནས་ང་ཚོའི་མི་ཟིན་དགོས་པ་ཅི་ཡིན་བྱས་པས་དེ་རྣམས་ཕྱིར་བྲོས་སོང་། དེ་ནས་ངེད་གསུམ་སྤོ་ར་ཡོང་། མི་གྲངས་འབུམ་ཐེར་ཙམ་ལ་མ་ཎི་སོགས་ཆོས་ཀྱི་འབྲེལ་བ་བཞག་པས་དེ་རྣམས་བློ་ཁ་ཆོས་ལ་བསྒྱུར་ཏེ་གནས། བདག་གིས་དེ་རྣམས་ལ་བསླབ་བྱ་གླུ་འདི་བླངས་སོ། །
བསླུ་མེད་སྐྱབས་གནས་འདུས་པ་གཏན་གྱི་སྐྱབས། །སྤྱན་རས་གཟིགས་དབང་དགེ་བའི་བཤེས་ཀྱི་ཚུལ། །འཁོར་ལོའི་མགོན་པོ་པདྨ་རྒྱ་མཚོ་ལ། །སྒོ་གསུམ་གུས་པས་འདུད་དོ་བྱིན་གྱིས་རློབས། །མ་ཡེངས་ལེགས་པར་ཉོན་ལ་ཡིད་ལ་ཟུངས། །ཐོག་མར་སེམས་ཅན་ཐམས་ཅད་མ་ངོ་ཤེས། །དྲིན་དྲན་དྲིན་གཟོ་བྱམས་སྙིང་ལྷག་བསམ་གྱིས། །རང་འབྲས་བླ་མེད་སངས་རྒྱས་ཐོབ་པའི་ཕྱིར། །དགེ་བ་ཐབས་ཀྱིས་ཟིན་པར་བྱེད་པ་ལ། །སྦྱོར་བ་སེམས་བསྐྱེད་དམ་པ་ཞེས་བྱ་བ། །ཡོད་ན་དེས་ཆོག་མེད་ན་ཐབས་ཆག་ན། །མེད་ཐབས་མེད་དོ་དགོས་དུས་དྲན་པར་གྱིས། །མི་ལུས་ཆོས་མེད་ཙམ་པོ་བ་ཞེས་བྱ། །སྡིག་ཅན་བྱུར་པོ་ཆེ་དང་སྙིང་མེད་པོ། །དོན་མེད་སྟོང་ལོག་མཁན་ཡིན་སྙིང་པོ་ལོངས། །ཆོས་ལྡན་མི་ལུས་ཡིད་བཞིན་ནོར་བུ་ཡིན། །ཁྱེད་རྣམས་དལ་འབྱོར་ལུས་ལ་སྙིང་པོ་ལོངས། །འདུས་བྱས་མི་རྟག་གར་མཁན་ལག་པ་འདྲ། །ཐམས་ཅད་འཆི་ཞིང་ནམ་འཆི་ཅི་ཆ་མེད། །འཆི་ཚེ་དམ་པའི་ཆོས་མིན་ཀུན་གྱིས་བོར། །ལེ་ལོ་ཕྱི་བཤོལ་མ་བྱེད་བློ་སྣ་སྟུངས། །མགོ་ལ་མེ་ཤོར་ལྡོག་ལྟར་བརྩོན་འགྲུས་སྐྱེད། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་བརྣབ་སེམས་དང་། །གནོད་སེམས་ལོག་ལྟ་མི་དགེ་དུག་ལྟར་སྤོངས། །སྲོག་སྐྱབས་མཆོད་སྦྱིན་གཏོང་དང་ཚུལ་ཁྲིམས་སྲུངས། །བདེན་པར་བཤད་དང་འཁོན་སྡུམ་ཞི་དེས་སྨྲ། །ཁ་ཏོན་གཏོང་སེམས་ཕན་སེམས་ཡང་དག་ལྟ། །དགེ་བ་བཅུ་པོ་སྨན་ལྟར་རྒྱུད་ལ་བསྟེན། །ལས་འབྲས་ཕྲ་ཞིབ་མིག་གི་རྡུལ་ལྟར་སྲུངས། །མ་བསགས་མི་འཕྲད་བསགས་པ་ཆུད་མི་ཟ། །མི་དགེའི་འབྲས་བུ་ཞེ་སྡང་གིས་བསགས་ན། །དམྱལ་བར་བཙོ་བསྲེག་ཚ་གྲང་སྡུག་བསྔལ་མྱོང་། །སེར་སྣ་བསགས་ན་ཡི་དྭགས་བཀྲེས་སྐོམ་འཕང་། །གཏི་མུག་གིས་བསགས་དུད་འགྲོ་བཀོལ་སྤྱོད་མནར། །ངན་སོང་སྡུག་བསྔལ་བསམས་ན་བཟོད་གླགས་མེད། །མྱོང་ནས་ཐོག་ཏུ་བབ་དུས་ཇི་ལྟར་བྱེད། །ཕྲག་དོག་འབྲས་བུས་འཐབ་རྩོད་ཁྲོ་དང་འཁྲུག །ང་རྒྱལ་གྱིས་བསགས་འཕོ་ལྟུང་ལྷ་རུ་སྐྱེས། །བྲེལ་ཕོངས་འདོད་ཆགས་སྐྱེ་རྒ་ན་འཆི་དང་། །འདོད་ཐོག་མི་བབ་མི་འདོད་པ་དང་འཕྲད། །དགྲ་འཕྲད་གཉེན་བྲལ་མི་ཡི་སྡུག་བསྔལ་མྱོང་། །སྤྱིར་ན་འཁོར་བའི་བདེ་བ་སྡུག་བསྔལ་འགྱུར། །འདུ་བྱེད་སྡུག་བསྔལ་ཐོག་ཏུ་སྡུག་བསྔལ་འབབ། །ངེས་པར་འབྱུང་ཞིང་ཆོས་ཀྱི་ཐར་ལམ་བསྙོགས། །དེ་ལ་ཕན་པ་བསླུ་མེད་དཀོན་མཆོག་གསུམ། །ལམ་གྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས། །ལམ་དངོས་ཞི་བ་ཆགས་བྲལ་དམ་པའི་ཆོས། །ལམ་གྲོགས་རིག་རྒྱུན་གྲོལ་གཉིས་ལྡན་དགེ་འདུན་ཏེ། །དེ་ལ་འགྲོ་ཀུན་གྲོལ་ཕྱིར་སྙིང་ནས་སྐྱབས། །དང་འདོད་ཡིད་ཆེས་མོས་གུས་ཤུགས་དྲག་གིས། །ཕྱིར་མི་ལྡོག་པའི་འདུན་པ་རྩེ་གཅིག་འཆའ། །འཇིག་རྟེན་ལྷ་ལ་མི་སྐྱབས་འཚེ་བ་སྤོངས། །མུ་སྟེགས་ཅན་དང་མི་འགྲོགས་སྐུའི་ཆག་དུམ། །ཡི་གེ་འབྲུ་གཅིག་ལྷན་པ་དམར་སེར་ཡན། །བཀུར་སྟི་བྱ་ཞིང་ཕྱག་འཚལ་སྤྱི་བོས་མཆོད། །བླ་མ་སངས་རྒྱས་ཅི་གསུང་ཆོས་སུ་ལྟ། །གྲོགས་འཁོར་སྒོ་ཁྱི་ཡན་ཆད་དགེ་འདུན་སྒོམས། །རྒྱུན་དུ་མཆོད་ཅིང་སྡུག་བསྔལ་ཅི་བྱུང་ཡང་། །དཀོན་མཆོག་ལས་ལྷག་བློ་གཏད་གཞན་མི་བཅོལ། །གནས་སྐབས་སྐྱོན་སེལ་ནང་པའི་གྲལ་དུ་ཚུད། །སྡོམ་པའི་རྟེན་གྱུར་བློ་ཁ་ཆོས་ལ་སྒྱུར། །མཐར་ཐུག་སངས་རྒྱས་ཐོབ་པར་འབྲས་བུ་འབྱུང་། །འགྲོ་ཀུན་སངས་རྒྱས་ཐོབ་ལ་སེམས་པ་ན། །འབྲས་བུ་དམ་བཅའ་སྨོན་པ་སེམས་བསྐྱེད་ཡིན། །དེ་ཕྱིར་ཆོས་སྒྲུབ་ལག་ཏུ་ལེན་པ་ལ། །རྒྱུ་ལ་དམ་བཅའ་འཇུག་པ་སེམས་བསྐྱེད་ཡིན། །རྒྱལ་བ་སྲས་བཅས་ཇི་ལྟར་མཛད་པ་ལྟར། །བདག་གིས་དམ་བཅའ་བདེ་སྡུག་གཏོང་ལེན་བྱོས། །བྱང་ཆུབ་སེམས་ནི་རྒྱལ་སྲས་འབྱུང་བའི་རྒྱུ། །དུས་གསུམ་རྒྱལ་བ་སྤྱི་ཡི་བདེ་ལམ་ཡིན། །ཆགས་སྡང་སྙོམས་ཤིང་བྱམས་དང་སྙིང་རྗེ་སྒོམས། །ཕན་བདེར་ཡི་རང་གནོད་སྤངས་ཕན་སེམས་སྒོམས། །ངག་གིས་སྙན་སྨྲ་ལུས་ཀྱིས་བཀུར་སྟི་བྱོས། །བླ་མར་དབུ་སྐོར་འགྲོ་ལ་གཡོ་སྒྱུ་དང་། །དམ་པར་སྐུར་འདེབས་འགྱོད་མེད་འགྱོད་སྐྱེས་སྤོངས། །བྱང་སེམས་ཕན་ཡོན་བློ་ཡི་ཡུལ་ལས་འདས། །བཤགས་ཡུལ་རྟེན་སྟོབས་བླ་མ་རྡོ་རྗེ་སེམས། །ཉེས་བྱས་སུན་འབྱིན་འགྱོད་སེམས་རབ་ཏུ་ནོངས། །ཕྱིན་ཆད་མི་བྱེད་སོར་ཆུད་སྡོམ་པའི་སྟོབས། །གཉེན་པོ་ཀུན་སྦྱོང་ལྷ་སྔགས་ཏིང་ངེ་འཛིན། །བདུད་རྩི་འབེབས་སྦྱོང་བྱ་ཞིང་རང་ལ་སྟིམས། །རྒྱུན་དུ་མི་བརྗེད་བཟླས་ཤིང་ཡིག་བརྒྱ་ཐོན། །ལུས་དང་ལོངས་སྤྱོད་དགེ་རྩ་མཎྜལ་ཕུལ། །ལན་དུ་རེ་ལྟོས་མེད་པར་ཆགས་ཞེན་ཆོད། །སངས་རྒྱས་ཀུན་འདུས་བླ་མ་སྤྱན་རས་གཟིགས། །དེ་ཡི་རྣལ་འབྱོར་སྒོམ་ལ་མ་ཎི་སྒྲོངས། །ཁ་ཙམ་མ་ཡིན་ཕུར་ཚུགས་གསོལ་བ་ཐོབ། །ཅི་མཛད་ལེགས་མཐོང་གང་གསུང་བཀའ་བཞིན་སྒྲུབས། །ཞིང་རྡུལ་ལུས་སྤྲུལ་གནས་གསུམ་ཐལ་མོ་སྦྱར། །ཡན་ལག་མ་ལྔ་སར་གཏུགས་གུས་ཕྱག་འཚལ། །ཡན་ལག་དང་པོ་ང་རྒྱལ་གཉེན་པོ་ཡིན། །དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་སྤྲིན་འབུལ། །ཡན་ལག་གཉིས་པ་སེར་སྣའི་གཉེན་པོ་ཡིན། །ཐོག་མེད་བསགས་སྒྲིབ་འགྱོད་དང་སྡོམ་པས་ཤོག །ཡན་ལག་གསུམ་པ་ཞེ་སྡང་གཉེན་པོ་ཡིན། །དགེ་ཚོགས་ཀུན་ལ་སྙིང་ནས་རྗེས་ཡི་རང་། །ཡན་ལག་བཞི་པ་ཕྲག་དོག་གཉེན་པོ་ཡིན། །ཞི་བདེར་བཞུགས་མདུན་ཆོས་འཁོར་སྐོར་བར་སྐུལ། །ཡན་ལག་ལྔ་པ་གཏི་མུག་གཉེན་པོ་ཡིན། །མྱ་ངན་མི་འདའ་རྟག་པར་བཞུགས་གསོལ་འདེབས། །ཡན་ལག་དྲུག་པ་ལོག་ལྟའི་གཉེན་པོ་ཡིན། །དགེ་རྩ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོ། །ཡན་ལག་བདུན་པ་འདོད་ཆགས་གཉེན་པོ་ཡིན། །ཐམས་ཅད་སངས་རྒྱས་ཐོབ་པའི་འདོད་དོན་ཞུ། །བླ་མའི་གནས་གསུམ་འོད་ཟེར་དཀར་དམར་མཐིང་། །རང་གི་ལུས་ངག་ཡིད་ལ་རིམ་པར་ཐིམ། །སྐུ་གསུང་ཐུགས་ཀྱི་དབང་ཐོབ་སྒོ་གསུམ་གྱི། །སྡིག་སྒྲིབ་དག་ནས་བསྐྱེད་རྫོགས་སྔགས་ལ་དབང་། །སྤྲུལ་སྐུ་ལོངས་སྐུ་ཆོས་སྐུའི་ས་བོན་བཞག །སླར་ཡང་ཅིག་ཅར་འོད་འཕྲོས་སྒོ་གསུམ་ཐིམ། །ཚིག་དབང་ཐོབ་ནས་ཤེས་བྱའི་སྒྲིབ་པ་དག །དོན་ལ་དབང་ཐོབ་ཉིད་སྐུའི་ས་བོན་བཞག །བླ་མ་རང་ཐིམ་གཉིས་མེད་གཅིག་ཏུ་འདྲེས། །མ་ཡེངས་མ་བསྒོམ་མ་བཅོས་འཛིན་མེད་བཞག །དགེ་བ་རྐྱེན་གྱི་མི་བཤིགས་བྱེད་པ་ལ། །དངོས་གཞི་དམིགས་མེད་དམ་པ་དེ་ལ་ཟེར། །སླར་ཡང་ཕྱི་སྣོད་རི་བོ་ཏ་ལའི་ཞིང་། །གཟུགས་སུ་སྣང་ཚད་སྣང་སྟོང་སྤྱན་རས་གཟིགས། །སྒྲ་གྲགས་མ་ལུས་གྲགས་སྟོང་མ་ཎིའི་སྒྲ། །ཡིད་ལ་གང་དྲན་སྟོང་ཉིད་སྙིང་རྗེའི་ཐུགས། །ཟ་ཉལ་འགྲོ་འདུག་སྤྱོད་ལམ་ཀུན་ལ་བསམ། །ཚེ་འདི་བློས་ཐོངས་དབེན་པའི་རི་ཁྲོད་སྟེན། །བློ་ཕུག་ཆོས་གཏད་ཆོས་ཕུག་སྤྲང་ལ་གཏད། །སྤྲང་ཕུག་ཤི་གཏད་ཤི་ཕུག་གྲོག་སྟོང་གཏད། །འཇིག་རྟེན་ཆོས་བརྒྱད་ཚེ་འདིའི་མི་གྲལ་བུད། །སྙོམ་ཆུང་དམན་ས་བཟུང་བས་ཁྱི་གྲལ་སྙེགས། །དམ་པའི་ཆོས་དང་མཐུན་པའི་ལྷ་གྲལ་ཐོབ། །བསླུ་བས་ཐེམ་མེད་རྡོ་རྗེ་སྔོན་ལ་བཏང་། །ཡེངས་མེད་ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། །འདི་མཆིས་ཁྲེལ་མེད་རྡོ་རྗེ་རྗེས་ལ་བཞག །ཇོ་བོ་བཀའ་གདམས་པ་ཡི་ཕུག་ནོར་བཅུ། །སྐྱབས་མགོན་པདྨ་རྒྱ་མཚོའི་ཞལ་ཁྲིད་ཡིན། །ཁྱེད་རྣམས་ཉམས་ལོངས་རང་གཞན་ཡོངས་ལ་ཕན། །རྗེས་སུ་དགེ་རྩ་ཟད་མེད་གཏེར་སྦས་ཐབས། །རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་བ་ལྟར། །འགྲོ་ལ་བསྔོ་ཞིང་འཁོར་གསུམ་དམིགས་མེད་བཞག །དགེ་བ་གོང་ནས་གོང་དུ་འཕེལ་བའི་ཐབས། །མཇུག་ཏུ་བསྔོ་བ་དམ་པ་དེ་ཉིད་ཡིན། །འཁོར་ལོའི་མགོན་པོ་དཔལ་ལྡན་བླ་མ་ཡིས། །སྤོ་རར་སོང་གསུངས་གནས་དབྱུང་ཚུལ་དུ་མཛད། །དོན་ལ་ཆོས་ཀྱི་འབྲེལ་བ་འཇོག་ཕྱིར་འདྲ། །ཁྱེད་རྣམས་མ་བརྗེད་རྒྱུན་དུ་གསོལ་བ་ཐོབ། །ང་ཡིས་དུས་རྣམས་ཀུན་ཏུ་སྐྱབས་སྲུང་ཞུ། །འདུས་བྱས་མི་རྟག་ཡིན་པས་འབྲལ་ན་ཡང་། །དག་པའི་ཞིང་དུ་ངོ་ཤེས་བཞིན་འཕྲད་ནས། །ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུག །རྣམ་མཁྱེན་གདོད་མའི་རྒྱལ་སར་ཆབས་ཅིག་ཕྱིན། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །འགྲོ་ཁར་མི་རྣམས་འབྲལ་མི་ནུས་པར་དད་གདུང་ཤིན་ཏུ་སྐྱེས་སྐབས་སྨྲས་སོ། །
དེ་ནས་ངས་བླ་མ་དང་མཆེད་གྲོགས་རྣམས་མཇལ་དུ་འགྲོ་དགོས་བྱས་པས་མཆེད་ཚེ་རིང་རྒྱལ་དང་ཀ་ཐོག་གཉིས་ནས་ད་འདིར་བཞུགས། ལྟོ་གོས་ནི་ཁྱེད་ཀྱི་དྲིན་གྱིས་འདུག །ཡར་ཕྱིན་ཀྱང་བླ་མ་ནི་བཀའ་བཀྱོན་ཆེ་ཟེར་ཡང་ངེད་རྣམས་ལོག་ལྟ་སྐད་ཅིག་ཙམ་མེད་པར་བླ་མ་མཆེད་གྲོགས་དྲན་པས་འགྲོ་དགོས་སྨྲས་ཏེ་ཡོང་བས་ལམ་དུ་མཆེད་ཨ་ཁུ་རྒྱལ་རྣམ་འཕྲད་ནས་བླ་མ་ཐུགས་འཁྲུག་མི་འདུག་ཟེར་མཉམ་དུ་བསྡེབས་ནས་སོང་བས་༸སྐྱབས་མགོན་པདྨ་རྒྱ་མཚོ་མཚོ་ར་དགོན་པའི་གླིང་གར་གཏོར་མ་འབུམ་ཐེར་གསུངས་ཏེ་བཞུགས་པ་དང་མཇལ་བས་རང་སྤོ་རར་བླ་མའི་བཀའ་བཞིན་སོང་ནས་འཁོར་ལུགས་ཀྱི་གནས་ཚུལ་འདི་གླུ་རུ་ཕུལ་ལོ། །
སྐྱབས་སངས་རྒྱས་ཀུན་འདུས་ཐུགས་རྗེ་ཅན། །རང་མེ་ཏོག་ཕོག་པའི་ལྷ་སྐལ་མཆོག །མགོན་བཀའ་དྲིན་འཁོར་མེད་རྡོ་རྗེ་འཆང་། །རྗེ་པདྨ་རྒྱ་མཚོ་མཆོག་ལ་འདུད། །སྙན་གསོན་དང་བླ་མ་རིན་པོ་ཆེ། །སྔོན་ཁ་ཆེའི་དགེ་སློང་ར་བ་ཏི། །ནགས་གསེབ་ཏུ་ཆོས་གོས་ཚོས་བརྒྱབ་ཚེ། །སྦྱིན་བདག་ཅིག་བེའུ་བོར་བཙལ་འཕྲད། །ཚོས་ཁ་ཕྱེ་ཤ་རུ་གཉིས་ཀས་མཐོང་། །ཉེས་མེད་ཀྱང་ཆད་པ་བཅད་པ་དེ། །སྔོན་རང་བྱས་ཡིན་པར་གསུངས་པ་བཞིན། །སྤྲང་ད་ལྟའི་ཉེས་པ་མ་བྱས་ཀྱང་། །སྔོན་ཚེ་རབས་མང་པོའི་ལས་གཟིགས་ནས། །དེ་སྦྱངས་པའི་ཐབས་སུ་དགོངས་པ་འདྲ། །ང་ཁྱི་ཐམ་རྒྱག་སྤོ་རར་སྤྱུགས་དགོས་གསུངས། །བླ་མ་དང་མཆེད་གྲོགས་ཀུན་བཞག་ནས། །མར་དཀྱིལ་ནས་སྤུ་ཉག་བཏོན་པ་ལྟར། །འདིར་མ་སྡོད་གསུངས་ནས་གནས་དབྱུང་མཛད། །སེམས་འཇིགས་སྐྲག་སྡུག་བསྔལ་ལ་གཟུགས་གྲུབ་ན། །ས་འདི་ཡི་སྟེང་དུ་ཤོང་བ་དཀའ། །ལུས་གོམ་ཚུགས་མི་ཐུབ་འདར་ཞིང་འཁྱོམ། །ངག་ངུ་བའི་སྨྲེ་ངག་རྒྱུན་མི་ཆད། །མིག་མཆི་མའི་ཆུ་གཏེར་རབ་ཏུ་གཡོ། །སེམས་དུཿཁའི་ཤུགས་ཀྱིས་དྲན་པ་འཐོར། །ཕ་བླ་མའི་བཀའ་བཞིན་ངེད་བཞི་སོང་། །མཚན་རྨི་ལམ་དུ་མཇལ་བས་གདུང་གླུ་བླངས། །རྒྱལ་ཁབ་ཏུ་མཆེད་གཅིག་བཙོན་དུ་བཟུང་། །གཅིག་འབྲེང་ཐག་ཆད་ནས་ཆུ་ནང་ལྷུང་། །ཕ་བླ་མའི་ཐུགས་རྗེ་ལ་བསྟེན་ནས། །རླུང་བཟུང་ནས་ཐེ་ཚོམ་མེད་པར་མཆོངས། །ངེད་གཉིས་ཀ་བྲག་སྟེང་སྐམ་སར་ཕྱིན། །བདེ་སྡུག་གི་གཏོང་ལེན་གླུ་རུ་བླངས། །དེ་ཐོས་པས་རྒྱལ་པོས་ཤོག་གསུངས་སོང་། །དད་པ་སྐྱེས་བཙོན་བཏང་སྨན་སོགས་གནང་། །མ་ཎི་བསྐུལ་ལས་འབྲས་ཆོས་བྱས། །ཉིན་གསུམ་བར་སྐྱེལ་སོང་རྒན་མོ་འཕྲད། །དེས་དད་ཅིང་དེ་ཡི་ཡུལ་དུ་སོང་། །མ་ཎི་བསྐུལ་ཆོས་བཤད་མགུར་གླུ་བླངས། །སྒྲུབ་ཕུག་མཇལ་སྤོ་རའི་ཡུལ་དུ་སླེབས། །གསུང་ཡི་གེ་དྲུག་དང་ཆོས་སོགས་བཤད། །དཀོར་ཚོང་ལ་སོང་བས་མཆེད་གཉིས་བཅུག །ང་ལྐུགས་པའི་ཚུལ་བྱས་བཏོན་ཏེ་ཡོང་། །ཁྲོམ་འབུམ་ཕྲག་གི་བློ་ཁ་ཆོས་ལ་བསྒྱུར། །མི་བརྗེད་ཕྱིར་ཞལ་གདམས་གླུ་བྲིས་བཞག །ཕ་བླ་མ་དང་མཆེད་དྲན་ཡར་ཡོང་བས། །དུས་ད་ལྟ་བླ་མ་མཆེད་ལྕམ་མཇལ། །ད་ཚར་གཅོད་དྲག་པོའི་ལས་རྫོགས་ནས། །རྗེས་འཛིན་གྱི་ཞི་བ་སྩལ་དུ་གསོལ། །སྤྲང་འགྲོ་ཀུན་སྡུག་བསྔལ་དེས་བྱང་ནས། །དགེ་བ་ཡིས་འགྲོ་ཀུན་བདེ་བ་ཐོབ། །སྐྱེ་བ་དང་ཚེ་རབས་ཐམས་ཅད་ཀུན། །ཕ་བླ་མ་བསྟེན་ཚུལ་ཡང་དག་མཐུས། །མ་སེམས་ཅན་རྣམ་མཁྱེན་འགོད་ནུས་ཤོག །
ཅེས་ཕུལ་བས་ཐུགས་མཉེས་ཚུལ་དཔག་ཏུ་མེད་པ་མཛད། ཆུ་ནང་འབྲེང་ལས་ལྷུང་སྟེ་མ་སྐྱོན་ཚུལ་རྣམས་ཞིབ་པར་ཞུས་པས་དེ་རྣམས་ཐུན་མོང་ཙམ་ཡིན་ཚུལ་ཧ་ལས་རྒྱུ་མེད་གསུངས། དེའི་རྡོ་གཅལ་དུ་གཅོད་ཀྱི་ཕུན་སུམ་ཚོགས་པའི་མེ་མཆོད་རྒྱ་ཆེར་མཛད། དེ་ཚེ་ངས་མཆོད་དཔོན་བྱས་ཏེ་ང་དེ་སྐབས་སྐད་གྲགས་ཆེན་པོ་བྱུང་སོང་བས་མི་མང་པོ་འཚོགས་ནས་ང་ལ་བལྟས་པས་ཨ་ཎི་ལོ་ཆེན་སྐད་གྲགས་ཆེ་བ་མ་གཏོགས་དེ་འདྲ་རང་མི་འདུག་ཟེར་བས་དགེ་རྒན་མཁས་པས། ཕྱི་གོས་ཀྱིས་མ་ཆོག་སྤྲང་པོ་འདྲ། ནང་ཟས་ཀྱིས་མ་ཆོག་ནད་པ་འདྲ། ཟེར་བ་དེས་བྱས་པ་རེད་ཟེར་ནས་ལན་བཏབ། དེ་ནས་སྦྲུལ་ལོར་མཚོ་རོ་བླ་མས་གདན་འདྲེན་ཞུས། སྟོད་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོའི་གདན་སར་སོང་། ཅོང་ཞི་རང་བྱོན་སོགས་མཇལ། དེ་ནས་རྩ་བའི་བླ་མ་དང་ལྷན་དུ་ལམ་ལ་འགྲོ་དུས་ང་ལ་འཁར་བ་ཞིག་ཡོད་པ་དེ་རྡོ་ཆེན་ཞིག་ལ་ཚུགས་གསུངས། ངས་འཁར་བ་བཙུགས་པས་ཁྱི་སྐྱག་ཅིག་འབྱར་འདུག་ཞུས་པས་དེ་རང་ཡིན་གསུངས་ནས་བླ་མས་རྡོ་ལ་དབྱུག་པས་རྡེག་ནས་རྡོ་བཀོག་པས་མ་ཎི་འབུར་མ་རང་བྱོན་ཆེན་པོ་ཞིག་འདུག །ད་དུང་བཀོག་པས་དེས་གཙོས་ཐག་རྒྱང་གང་ཙམ་མ་ཎི་རྡོ་མཁར་ཆེན་པོ་ཞིག་བྱས། ངེད་རྣམས་ཀྱིས་རབ་གནས་བཅས་གྲུབ། བླ་མའི་མངོན་ཤེས་ཀྱི་ཡོན་ཏན་ལ་ངེས་པ་རྙེད། ཉིན་གཅིག་ལ་ཉི་མ་དགུ་ཤར་བ་དང་སྐུ་ཚབ་སྡེ་ལྔ་བཅས་མཇལ། ཏིལ་རི་ཨ་ཎི་དགོན་པ་ནས་བརྒྱུད་ཀློ་ཆུ་མིག་བརྒྱ་རྩར་ཨ་ཙར་དགོན་པ་སྟོང་པར་བླ་མ་བཞུགས་ནས་གཅོད་དབང་བརྒྱ་རྩ་གནང་། ནུབ་རེ་ལྟར་ཆུ་མིག་བརྒྱ་རྩར་གཉན་ས་གཅོད་དུ་སོང་བས་ལྷོང་ཚད་སྣ་ཚོགས་བྱུང་བ་ལ་འདི་ལྟར་དུ་སྨྲས་སོ། །
མ་རྒྱལ་ཀུན་གདུང་འཛིན་དྲིན་མོ་ཆེ། །སྐྱབས་མི་མིན་ཡེ་ཤེས་ཀྱི་མཁའ་འགྲོ་མ། །དོན་དབྱེར་མེད་རིགས་ཀུན་ཁྱབ་བདག་རྗེ། །མགོན་པདྨ་རྒྱ་མཚོ་མཆོག་ལ་འདུད། །སྤྲང་གཉན་ས་རི་ཁྲོད་འགྲིམ་པའི་ཚེ། །ཕྱི་ལྷ་འདྲེའི་ལྷོང་ཚད་སྣ་ཚོགས་ཀུན། །ནང་འཛིན་པ་སེམས་ཀྱི་རང་གདངས་ཤེས། །གདངས་ངོ་བོ་སྟོང་པའི་གཤིས་སུ་དག །སེམས་དཔའ་གདེང་རྙེད་པ་བླ་མའི་དྲིན། །ཚོགས་བརྒྱད་ཀྱི་རང་རྩལ་སྡེ་བརྒྱད་ཤར། །ཤར་གཤིས་ལ་གྲོལ་བས་རང་དབང་འདུ། །སེམས་རང་ཚོད་ཟིན་པས་ཟིལ་གྱིས་ནོན། །དུག་ལྔ་ལ་ཞེན་པས་འདྲེ་ལྔ་བྱུང་། །ཡེ་གདོད་མའི་དོན་ཤེས་པས་རེ་དོགས་ཡལ། །ཀུན་རྩ་བ་རང་རིག་གི་དེ་ཉིད་ཤེས། །འདྲེས་སྟོང་གསུམ་གང་ཡང་ཉམས་མི་ང་། །ཕྱི་ལྷ་འདྲེ་མ་ལུས་འདིར་ཤོག་ལ། །ཆོ་འཕྲུལ་ཀུན་གང་ཡོད་མྱུར་དུ་ཐོངས། །ངས་ཆགས་མེད་ཤ་ཁྲག་གི་མཆོད་སྦྱིན་སྟེར། །སེམས་བྱང་ཆུབ་ཐོབ་པའི་དམ་ཆོས་བཤད། །ནང་སྒྱུ་ལུས་ཕུང་པོ་ན་ཚའི་ལྷོང་། །གང་ཡོད་པ་ཆེས་ཆེར་ཐོངས་གྱིས་ལ། །ངས་ན་བའི་བྱུང་གནས་འགྲོ་འོང་དཔྱོད། །ནད་བདེ་སྟོང་གི་ངོ་བོར་ལམ་དུ་ཁྱེར། །བར་གཟུང་འཛིན་རྣམ་རྟོག་ཞེན་ཆགས་ལྷོང་། །གང་ཡོད་པ་རྩལ་སྤྲུག་གིས་ཐོངས་དང་། །ངས་གང་ཤར་ཤར་གྲོལ་མཉམ་དག་དང་། །གནས་ལུགས་ཀྱི་རང་གཤིས་གོམས་འདྲིས་བྱ། །དོན་ལྷོང་ཚར་ཆོད་གསུམ་ཅིག་ཅར་དུ། །སེམས་རང་རྒྱུད་ཐུལ་ལས་ལོགས་སུ་མེད། །དོན་དེ་བས་སེམས་ཉིད་རིག་པ་ལ། །གོམས་འདྲིས་པར་འགྱུར་མེད་རང་ཚོད་བཟུང་། །ལྷོང་ཚད་ཀུན་ཇི་ལྟར་དགྱེས་དགྱེས་མཛོད། །ལྷ་འདྲེས་གཙོས་ཕ་མ་སེམས་ཅན་ཀུན། །མ་ལབ་སྒྲོན་གྱི་དགོངས་པ་རྟོགས་གྱུར་ཅིག །ཅེས་སྨྲས་ནས་གཏད་མེད་དུ་སྐྱུར་བས་ལྷོང་ཀུན་ཞི་ཞིང་གྲོལ་ནས་ཆོད་ཚད་དང་ཚར་ཆོད་ཟིན་པར་གྱུར་ཏོ། །
དེ་ནས་མཚོ་རོ་ལ་སོང་། བླ་མ་རིན་པོ་ཆེས་སྐྱབས་མགོན་དྷརྨ་སེངྒེའི་དྲུང་དུ་ལོ་རེ་བང་མི་རེ་གཏོང་སྲོལ་ལས་དེ་སྐབས་གསུང་ཤོག་ཕྱིར་ཕེབས་ནང་སྐྱབས་མགོན་ཞབས་དཀར་རིན་པོ་ཆེའི་ཡང་སྲིད་དབུས་དང་གངས་རིའི་ཕྱོགས་ལ་ཕེབས་རྩིས་འདུག་ཁྱེད་རང་ཡང་གངས་རི་སོགས་ལ་ཕེབས་ཡོད་ཤག་རེད་གསུངས་འདུག །བླ་མ་རིན་པོ་ཆེས་དེ་བདེན་ང་དང་པོ་ཡོང་དུས་ནས་བཀའ་གནང་ཡོད། ད་ནི་བསྡད་པས་མི་ཡོང་གསུངས་ནས། སྟོད་གངས་རིན་པོ་ཆེ་མཇལ་བར་བླ་སློབ་ཐམས་ཅད་རིམ་པར་ཁྲུས་སྒོ་ལྷོ་དགོན་ཟུར་པུ་རང་ཁུ་ཆར་ཇོ་བོ། རྒྱ་ཉི་མ་སོགས་བརྒྱུད་ནས་ཕེབས། རྫུ་འཕྲུལ་ཕུག་སོགས་ལ་ངེད་སློབ་མ་མང་པོ་མཚམས་ལ་བཞག །ཐོ་རངས་ཐོར་དུང་མཆེད་གྲོགས་ཐམས་ཅད་རེས་མོས་ཀྱིས་འབུད་དགོས་པས་ང་ལོ་ན་ཕྲ་བས་ཐོ་རངས་ནམ་ཚོད་མ་ཟིན་ཀྱང་ཨ་མ་དྲིན་ཅན་གྱིས་ཚོད་ཟིན་པར་མཛད། ངའི་བུ་མོ་གཞན་གྱི་དཀྱིལ་ན་མཐའ་ཞན་ཡོང་གསུངས། སྐབས་རེ་བླ་མ་དང་ཨ་ཁུ་ཨ་ནེ་གཉིས་ཐོ་རངས་ཞབས་སྐོར་གཟིགས་ཞིབ་ལ་ཕེབས་ནས་སྐབས་རེ་གཉིད་ལ་སོང་བས་སྒོ་ཕྱི་ལ་གཡུང་དྲུང་སོགས་བྲིས་མཛད་འདུག་ཤིན་ཏུ་སྐྲག་པ་དང་བོགས་ཐོན་པ་བྱུང་། དེ་སྐབས་གཙོ་བོ་རླུང་བུམ་ཆེན་ལ་བརྩོན། དེར་འཚོ་བ་ཤིན་ཏུ་དཀོན་པས་དབྱར་ཐོག་ཟྭ་སྐྱེས་པའི་སྐམ་པོ་ཐམས་ཅད་བསྡུས་ནས་ཟ་དགོས་བྱུང་བས་ཆབ་ཀྱང་སྔོན་པོ་བབ་འདུག །རྫུ་འཕྲུལ་ཕུག་དེར་ཨ་མ་དང་ང་གཉིས་སྡོད་དུས་སྦྱིན་བདག་ཅིག་གིས་ཇ་ཞིབ་མང་པོ་སྟེར་བས་ངེད་མ་བུ་གཉིས་ཀར་ཇ་འཐུང་མྱོང་མེད་པར་སྔོ་ཚོད་ཡིན་ནམ་བསམས་ཇ་དེ་དག་བཙོས་ནས་ཁུ་བ་བཙག་ཅིང་ཕྱིར་དབྱུང་། ཇ་རོའི་ཞལ་ལག་བཟོས་ཏེ་གསོལ།
དེ་ནས་རིམ་པར་རྒྱ་ཉི་མའི་ཚོང་འདུས་ལ་ཕེབས། ཞབས་དཀར་ཞལ་སློབ་སྦྱིན་པ་ནོར་བུ་བཞུགས་སར་དགུན་ཟུར་དགོན་དུ་བཞུགས། བླ་མ་རིན་པོ་ཆེ་མཚོ་མ་ཕམ་འགྲམ་དུ་སྐུ་རྐྱང་བཞུགས། ངེད་རྣམས་མཚོ་སྐོར་ལ་སོང་། དེ་ནས་ཁུ་ཆར་ཇོ་བོ་ལ་ཚོགས་རྒྱ་ཆེན་པོ་བཏང་། པྲེ་ཏ་པུ་རི་ནས་བརྒྱུད་མར་ཧེ་ནང་དུ་འབྱོར། ནགས་ཚལ་དགོན་པར་ལོ་ཤས་བཞུགས། དེར་རིག་འཛིན་སོགས་ཀྱི་བསྙེན་པ་བཏང་། བླ་མ་རིན་པོ་ཆེའི་ཆིབས་རྩྭ་རང་གིས་བཏུས་སྙུག་ཁང་བརྒྱངས་ཏེ་ཕུལ། དང་པོ་བླ་མའི་ཞལ་སློབ་རིགས་བཟང་ཟེར་བ་ཕ་བུ་གསུམ་ཡོད། བླ་མ་རིགས་བཟང་གིས་མཐུ་བརྒྱབ་ནུབ་རི་སོགས་ཡུལ་ཕྱོགས་རྣམས་བྱ་བ་ལམ་འགྲོ་གཏན་ནས་མ་བྱུང་བས་ཡུལ་མི་རྣམས་ཀྱིས་བལ་པོའི་རྒྱལ་པོ་ལ་རྩིས་སྤྲད་པས། རྒྱལ་པོས་མི་བདེན། དེ་འདྲ་ཡིན་ན། ངས་མཐའ་དམག་སྲུང་བྱེད་དམག་མི་དེ་ཙམ་གསོ་མི་དགོས་པར་འདུག །བླ་མ་ལ་དགོས་རྒྱུ་མཐུ་རེད་གསུངས། བླ་མ་རིགས་བཟང་ལ་བདེན་པར་སྟེར། ཡུལ་སྡེ་རྣམས་ཕམ་པས་མི་རྣམས་ཁྲོས་ཏེ་ད་དཔོན་པོར་ཞུས་ཀྱང་བདེན་པ་མི་སྟེར་ཟེར་ནས་བུ་གཅིག་ཡུལ་རུབ་བརྒྱབ་ནས་བསད། བུ་ལྷ་དབང་ཟེར་བ་དང་ཁོ་རང་གཉིས་གནས་དབྱུང་བཏང་ཞིང་ཧེ་ནང་དུ་སླེབས། བླ་མའི་དྲུང་དུ་ཡོང་ནས་སྔོན་ཆད་འགྱོད་སེམས་ཕྱིན་ཆད་སྡོམ་སེམས་བྱེད་རྒྱུ་བྱས་པས་དྲི་མེད་བཤགས་རྒྱུད་དུང་ཕྱུར་བསོག་རྒྱུའི་ཁས་བླངས། མཆོད་གནས་དངོས་གྲུབ་ཕུན་ཚོགས་དང་པདྨ་ཆོས་འཕེལ་གཉིས་དྲི་མེད་བཤགས་རྒྱུད་བསགས་བཅུག་པར་དེ་གཉིས་ཀྱིས་ལེགས་པར་བྱས་མ་བྱུང་ཞུས་པ་དང་། ནུབ་རི་ནགས་ཚལ་གྱི་བླ་མ་བསྟན་འཛིན་ནོར་བུ་དང་འགྲིག་པོ་མ་བྱུང་། དེ སོགས་རྐྱེན་པས་བླ་མ་རིན་པོ་ཆེས་རིགས་བཟང་ལ་བཀའ་བཀྱོན་གནང་བས་ཁོ་ཚིག་པ་ཟོས་ནས་ངེད་བླ་སློབ་ཐམས་ཅད་ཀྱི་མིང་བྲིས་འཁོར་ལོ་བྱས་ནས་གཏད་བཅུག་འདུག་པས་མཆེད་གྲོགས་བསམ་གཏན་གྱིས་གཙོས་མང་པོ་གཤེགས། བྲན་སྒོ་ཁྱི་ཡན་ཆད་སྨྱོ། བྱ་བ་ལམ་འགྲོ་གཏན་ནས་མ་བྱུང་། ང་ཡང་ནད་ངོས་མ་ཟིན་པ་ཞིག་ན། ནད་དང་རྨི་ལམ་འདྲེས་པར་རང་རེ་རྣམས་ལ་ཕ་ཀི་ན་གཏད་བཅུག་འདུག་ཅེས་ལབ་པ་བཞིན་དུ་ཆུ་ནང་རྡོ་ལེབ་ཅིག་གི་འོག་ཏུ་འདུག་པ་བཏོན། ཧེ་ནང་ནགས་ཚལ་དགོན་དུ་བཞུགས། གནས་དེར་མཚམས་ལ་སྡོད་སྐབས་སྣང་བ་ལ་ཡུལ་དེའི་ཆ་ལུགས་སུ་ཡོད་པའི་བུད་མེད་གཅིག་གིས་འདིར་མ་བཞུགས་ངེད་ཀྱི་ཡུལ་ལ་འགྲོ་ཟེར་བའི་སྣང་བ་ཤར་སྐབས་ང་ལ་ཉམས་སྣང་དང་འབྲེལ་བའི་བསྟན་བཅོས་འགག་མེད་དུ་བརྡོལ་ཏེ་ཡོད་པ་ཤོག་བུ་མེད་པས་ཤིང་གྲོ་གའི་པགས་པ་དགོས་བསམས་པའི་སྣང་བ་ཤར་མ་ཐག་མི་མང་པོ་ཡོད་པའི་ཞིང་ཁམས་ལྟ་བུ་ཞིག་ཏུ་སླེབས། ཉམས་ཤར་སད་པས་ང་ནི་མཚམས་ཁང་ན་འདུག་ངའི་མདུན་དུ་ཤིང་གྲོ་གའི་ཤུན་པ་མང་པོ་ཞིག་སྤུངས་འདུག །ཡུལ་དེའི་གཞི་བདག་ཡིན་པ་འདྲ། དེའི་སྐབས་ངའི་ཉམས་སྣང་དུ་ཤར་བའི་རྩ་གསུམ་བླ་སྒྲུབ་མ་གཅིག་སྲོག་སྒྲུབ་མ་འོངས་ལུང་བསྟན་སོགས་མང་པོ་བྲིས་པ་གྲོ་གའི་པགས་པ་སྤུངས་པ་མང་པོ་ཡོད་པ་དགེ་རྒན་ཆོས་བཟང་གིས་མཐོང་སྟེ་ཁྱེད་ཀྱིས་དེ་འདྲ་བྲི་མི་ཉན་ཟེར་ནས་ཐམས་ཅད་མེ་ལ་བསྲེགས། ངའི་མགོ་ལ་ཞབས་ཀྱིས་རྡོག་བརྫིས་བཏང་བས་དེ་ནས་བཟུང་རྩོམ་དང་ཉམས་ཤར་དེ་རྣམས་འགགས་སོ། །དེའི་ཚུལ་ཨ་ཎི་འོད་ཟེར་གྱིས་གསན་པས་མིའི་ཡུལ་དུ་ཆོས་མང་པོ་ཡོད། མཁའ་འགྲོའི་གླིང་དང་ལྷ་འདྲེའི་ཡུལ་དུ་འགྲོ་དོན་མང་པོ་ཡོང་འདྲ་ཟེར་ནས་སེམས་གསོ་མཛད། དེ་ནས་ཧེ་གསང་ཕུག་ཏུ་ཕེབས། དགོན་པ་ཞིག་གསོས་གནང་། གྲྭ་རྒྱུན་སྔར་ལྟར་བཙུགས། གྲོང་དང་རྒྱ་ཡུལ་དགོན་པར་རབ་གནས་གནང་། བྱ་ལོར་མར་བལ་ཡུལ་དུ་ཕེབས་མཆོད་རྟེན་རྣམ་གསུམ་ལ་སྐུ་དཀར་གསོལ། མཆོད་རྟེན་རྣམ་གསུམ་གྱི་དཀར་ཆག་པར་དུ་བསྐྲུན། ངེད་ནས་དཀར་ཆག་གི་མ་ཎི་བསྐུལ་བའི་རྐྱེན་གྱིས་སྔོན་རྒྱ་བླ་མ་ནས་མ་ཧེ་རེ་རེ་བསད་མགོ་ཚོགས་ཤ་ལ་བཞག །མ་མོ་པུསྐ་སཾ་ལ་རྒྱུ་མ་དཀྲི་བ་བཅས་ཀྱི་ངན་སྲོལ་ཆགས་འདུག་པ་ལ་ཕྱིན་ཆད་མ་ཧེ་གསོད་རྒྱུ་མེད་པར་དམ་བཅའ་བྱས་སོ། །
སྨྲས་པ། སྐྱབས་མཆོག༵་དཔལ་ལྡན་བླ་མ༵་མ༵་བསྟེན་པར། །ལམ་མཆོག༵་ཡང་དག་དམ་ཆོས༵་ཆོས༵་མི་རྙེད། །དཔལ་མཆོག༵་རྣམ་མཁྱེན་དབང་ཐོབ༵་ཐོབ༵་འདོད་གང་། །དགེ་མཆོག༵་གོང་མའི་གསུང་རྣམ༵་རྣམ༵་ཐར་བཟུང་། །མཐའ་མེད༵་འཁོར་བའི་རྒྱ་མཚོ་བརྒལ་བའི་གྲུ། །དཔག་མེད༵་ནས་བསགས་ཚོགས་གཉིས་འབྲས་བུ་ཆེ། །ཟིན་མེད༵་མི་ཁོམ་མ་ཡིན་དལ་འབྱོར་ལུས། །དབང་མེད༵་སྟོང་ལོག་མ་ཡིན་སྙིང་པོ་ལེན། །བཅུ་གསུམ་ལོ་ལ་སྒྲུབ་མཚོ་པདྨ་རུ། །མ་ཎི་བསྐུལ་དུ་སོང་སྐབས་རྗེ་བཙུན་མ། །ཨ་མདོར་འཁྲུངས་ཤིང་ཟ་ཧོར་རྒྱལ་པོ་ལ། །སྲས་མེད་ལན་གཏོར་སྒྲུབ་འབྲས་སྲས་བྱུང་བས། །ཏི་ཤྲཱིར་བསྐུར་ནས་བྱམས་ནང་གདན་འདྲེན་པ། །དེ་དང་མཇལ་ཞིང་དེ་ཡི་ཞལ་སྔ་ནས། །ང་ཡི་ཨ་ཞང་པདྨ་རྒྱ་མཚོ་ཞེས། །སྐྱབས་མགོན་ཞབས་དཀར་དངོས་ཀྱི་སློབ་མ་ཞིག །ད་ལྟ་སྐྱིད་གྲོང་ཡོད་ཅེས་ལུང་བསྟན་པས། །ཐོས་མ་ཐག་ཏུ་དབང་མེད་དད་པ་ཐོབ། །མི་ཕྱེད་མོས་གུས་དབང་གིས་གདུང་གླུ་བླངས། །རྩད་གཅོད་བྱས་པས་གནས་སྐབས་མ་རྙེད་ཀྱང་། །རྗེས་སུ་བལ་ཡུལ་གནས་མཇལ་སོང་བའི་ཚེ། །ལྷ་བྲིས་མཁས་པ་མཆོག་རྒྱལ་ཞེས་བྱ་བ། །རྗེས་སུ་འཇའ་ལུས་འགྲུབ་པར་གྲགས་པ་ཞིག །བླ་མའི་དངོས་སློབ་དེ་ཡིས་ཞིབ་ཆ་བཤད། །ང་དང་ཡེ་ཤེས་སྒྲོལ་མ་མཉམ་ཡོད་ཀྱང་། །ཡེ་སྒྲོན་ཁྱུང་པོ་རས་པའི་མདུན་དུ་སོང་། །སྔོན་བློ་མ་འགྱུར་ང་ནི་མར་ཡོང་བས། །སྐྱིད་གྲོང་ཕྱོགས་ནས་བླ་མ་གར་ཡོད་དྲིས། །ཨོ་དཀར་བྲག་ཏུ་བཞུགས་ཟེར་འགྲོ་ཆས་བྱས། །ཨ་མ་ངེད་གཉིས་ཤིང་ཏོག་ངང་ལག་ཐོགས། །མཇལ་དུ་ཕྱིན་པས་པདྨ་སྣེ་ས་རུ། །རོང་པ་མ་གཏོགས་འབྲུམ་ནད་དོགས་པས་བཀག །ཨ་མ་དེར་ལུས་ང་ནི་རོང་པར་རྫུས། །ཤིང་ཏོག་རུལ་དོགས་སོང་བས་ས་རུབ་ཙམ། །སྤང་ཤིང་ཟེར་བའི་ཞག་ས་དེ་རུ་སླེབས། །བླ་མ་མཇལ་དུ་འགྲོ་ཚུལ་ལོ་རྒྱུས་སྨྲས། །ལམ་གྲོགས་མེད་པར་ས་མི་ཆོད་ཟེར་བས། །དེ་ནུབ་བླ་མ་དངོས་དང་མཇལ་བར་རྨིས། །ནངས་པར་ལམ་གྲོགས་ཨ་ཅེ་ལྷག་པ་བཏང་། །མི་ཚང་ཞིག་ལ་ཆང་རག་ཚོང་བྱས་པས། །འོ་མ་ཕུལ་ནས་མཉེས་ཟེར་འོ་མ་ཉོས། །ཕྱེད་བརྒྱད་དངུལ་རིན་ཆུ་བན་གང་སྤྲད་ཁུར། །གཡུལ་ཆུང་བར་བསྐྱལ་ད་ནི་ནོར་ས་མེད། །གཡས་གཡོན་དར་ལྕོག་དཀྱིལ་ལམ་སྐྱ་ཤར་རེ། །ཡོད་ཟེར་དེར་སོང་ཨོ་དཀར་སྒོ་དྲུང་སླེབས། །བླ་མ་གསུང་ཐུན་གྲོལ་མཚུངས་དུང་སྒྲ་བསྒྲགས། །མཆེད་གྲོགས་ཚུལ་ཁྲིམས་ཆུ་བན་གང་ཁྱེར་འཕྲད། །ང་ལ་སྟོད་སྨད་ཐམས་ཅད་ལེགས་པར་བལྟས། །རྗེས་སུ་གྲགས་པ་དེ་དུས་རྟེན་འབྲེལ་འདྲ། །བླ་མ་མཇལ་ཁ་ཞུས་པས་ཡར་ཕེབས་ཤིང་། །ཨ་ཎི་འོད་གསལ་ཞུས་ནས་ང་ཡར་ཁྲིད། །བཞུགས་གནས་བྲག་ཕུག་མཐའ་སྐོར་སྙུག་མ་བཙུགས། །དཀྱིལ་དུ་བཞུགས་ཁྲི་གྲུ་བཞི་རེ་རེ་བཞག །བླ་མ་སློག་ཧྲུལ་གྱོན་པ་གཅིག་དང་ནི། །ཀ་ཆས་གཟབ་མཆོར་མཛད་པ་གཉིས་བཅས་བཞུགས། །ང་ཡི་རྨི་ལམ་ནང་དུ་མཇལ་བ་ཡི། །བླ་མ་དེ་ནི་སློག་ཧྲུལ་ཅན་འདི་ཡིན། །འདི་གསུམ་གང་ཡིན་བསམས་དང་ལྷུན་རིག་གིས། །ཕྱག་བརྡ་མཛད་པས་དེ་ལ་ཕྱག་འཚལ་ནས། །ཤིང་ཏོག་འོ་མ་ཕུལ་ནས་ཐལ་མོ་སྦྱར། །བླ་མས་སུ་ཡིན་ཅི་བྱེད་གང་ནས་འོང་། །དོན་གང་ཡིན་གསུངས་གནས་ཚུལ་གླུ་རུ་ཕུལ། །རྗེས་སུ་བ་ལ་འོ་མ་ཡུན་རིང་པོར། །ཡོང་བ་འོ་མ་ཕུལ་བའི་འབྲས་བུར་ཤེས། །བླ་མས་མཚང་འདོན་ཆོས་ཀྱི་སྣོད་འདི་ལྟར། །དགོས་ཚུལ་བཀའ་གདམས་ཕུག་ནོར་བཅུ་ལ་སྦྱར། །རྡོ་རྗེའི་མགུར་དབྱངས་ཐོས་གྲོལ་བདུད་རྩི་སྩལ། །རང་གིས་དེ་ལྟར་བྱེད་སྙམ་ཡིད་དམ་བཅས། །སེམས་སྦྱོང་གསུང་སྐབས་གསུང་སྐད་མ་གོ་བས། །མང་དུ་ངུས་པས་དེར་ཡོད་མི་རྣམས་ཀྱིས། །བུ་མོ་ལོ་ཆུང་ངེས་འབྱུང་ལ་ཨང་ཟེར། །དགེ་རྒན་འོད་གསལ་བྱ་བས་ཚུལ་ཁྲིམས་སར། །བསྐྱལ་དེར་ཞག་ཤས་བསྡད་པས་ཨ་མ་སླེབས། །བྲག་ཕུག་བྲུས་ནས་སྙུག་མའི་སྤྱིལ་བུ་ཕུབ། །བཀའ་ཆོས་ཕྱིན་སྐབས་ཨ་མ་བསུ་བར་ཕེབས། །ཐོག་མར་སྔོན་འགྲོ་སྐྱབས་མགོན་ཞབས་དཀར་གསུང་། །མ་རིག་མུན་སེལ་ཁྲིད་གནང་དེའི་རྐང་གྲངས། །བློ་ལ་འཛིན་བཅུག་གོ་བ་མ་ལོན་པས། །ཆོས་ཚུལ་རིང་དུ་གནས་པའི་འདུ་ཤེས་ལ། །ཆོས་ཀྱི་རྐང་པ་རིང་བྱས་ཀུན་བཞད་ཤོར། །བཟང་སྤྱོད་མཎྜལ་བསླབ་པས་མ་གོ་བས། །བཟང་པོ་སྤྱོད་པ་ལུས་འཕགས་པོ་བྱས་པས། །སྔར་ལྟར་གྱུར་ནས་བློ་སྦྱོང་ཡང་ཡང་བྱས། །བླ་མ་ཞེ་དགུའི་དགུང་སྐག་ཐོག་ཏུ་སླེབས། །ང་ཡང་བཅུ་གསུམ་སྐག་ཡིན་བླ་མ་སྙུང་། །བསུན་བཟློག་འབུལ་བཅུག་མེ་ཏོག་ཞྭ་མོ་གཡོག །སྐུ་གླུད་བཏང་བས་ལུས་སྦྱིན་གླུ་བླངས་སོང་། །བྱམས་པ་སྤྲིན་སླེབས་དངོས་གྲུབ་ཕུག་ཏུ་བསྡད། །སྔོན་འགྲོ་བཏང་ཞིང་ཕྱག་འབུམ་སྐོར་འབུམ་བསགས། །ཀུན་བཟང་ཆོས་ཉིད་ཐོ་རངས་གཅེར་ཕྱག་གནང་། །གླང་ཐང་སྒོམ་ཆེན་གཙོས་པའི་དེར་ཡོད་ཀྱིས། །བླ་མ་གདན་འདྲེན་ཞུས་པས་དགྱེས་བཞིན་ཕེབས། །ཀུན་བཟང་བླ་མའི་ཞལ་ལུང་བཀའ་ཁྲིད་དང་། །ཀློང་ཆེན་སྙིང་ཐིག་དབང་ལུང་ཆ་ཚང་མ། །གཅོད་དབང་བརྒྱ་རྩ་ལ་སོགས་མང་དུ་གནང་། །གཏང་རག་སྐབས་སུ་ཞོ་ཉོར་ང་བཏང་བས། །ལམ་བར་འགྱུར་ཡང་མ་སྐྱོན་ངོ་མཚར་བྱུང་། །
དེ་ནས་ཐོག་མའི་ཀརྨ་པ་འཁྲུངས་ས། །ལནྡེ་དགོན་པ་དཀར་ཞེས་བྱ་བ་དེར། །སྲུ་མོ་དབང་ཕྱུག་སར་སོང་བཀའ་འགྱུར་ཀློག །ངེས་འབྱུང་ཤུགས་དྲག་དཔག་ཏུ་མེད་པ་སྐྱེས། །རྗེས་སུ་ཉམས་ཀྱི་འཆར་སྒོའི་འོད་གསལ་ལས། །བསྐུར་ཡིག་ཁ་མ་ཕྱེ་ཡང་ནང་དོན་ཤེས། །འགྲོ་ཚེ་འཕུར་ལྟར་གཞན་ལས་མགྱོགས་པ་བྱུང་། །དེར་སྡོད་བསམས་ཀྱང་ཨ་མ་དབང་ཕྱུག་ནས། །བླ་མ་ཚད་ལྡན་འདུག་པས་དེར་སོང་གསུངས། །བླ་མ་གྱེས་ཕུག་ཕེབས་ནས་ཚེ་དབང་དང་། །སྡུག་བསྔལ་རང་གྲོལ་དབང་གནང་འཇའ་ཤེལ་སྐབས། །དུང་དཀར་འབུད་བཞིན་སོང་ནས་སྨིན་པར་མཛད། །གནས་མཆོག་སྐྱིད་གྲོང་རི་བོ་དཔལ་འབར་ཞེས། །རྩེ་གངས་སྐེད་པ་རྫ་རི་རྩ་བ་སྤང་། །སྙུག་མ་ལ་སོགས་ཤིང་སྣ་ཡོད་པའི་རིར། །དགོན་པ་ཆོས་ལོངས་སྤྲུལ་གསུམ་ཞེས་པའི་གྲལ། །སྤྲུལ་སྐུའི་དགོན་པ་ཀླུ་མོ་སྒང་དེར་ཕེབས། །བླ་མ་རྩེར་བཞུགས་ངེད་རྣམས་འོག་ཏུ་བསྡད། །དགེ་རྒན་ཨ་ཎི་འོད་ཟེར་ཞེས་བྱ་བས། །བླ་མ་གསུང་ཐུན་གྲོལ་མིན་ལྟ་རུ་བཏང་། །མ་གྲོལ་མར་ཡོང་རྔ་རྡུང་གསོལ་སྐྱེམས་དང་། །མེ་ཕོར་འབུལ་དུ་བཏང་བས་ཡར་སོང་སྐབས། །བླ་མ་ཕྱག་དཔེ་ཆུང་ངུ་ཞིག་གཟིགས་འདུག །མར་ཡོང་ཕྱག་རྟགས་མཛད་དེ་ཡར་སོང་བས། །ད་རེས་ཕྱག་རྔ་བརྡུང་མཁན་སུ་ཡིན་གསུངས། །སྐྲག་ནས་ཁ་བཀབ་ཁྱོད་རང་ཡིན་འདྲ་ཞེས། །ང་མིན་སྐུ་གཉེར་རེད་ཅེས་རྫུན་ཞུས་པས། །བླ་མ་ཐུགས་འཁྲུགས་ཕྱག་འཁར་བསྣམས་ནས་དེད། །སྐྲག་སྟེ་རྡོ་སྐས་རིང་པོའི་རྩེ་ནས་མཆོངས། །ལུས་སྐྱོན་མ་བྱས་བླ་མར་ཡར་མཇལ་བས། །ཕྱག་འཁར་ནམ་མཁར་ཕྱར་ཏེ་གཟིགས་ནས་འདུག །ཡུམ་ནས་རི་སྲན་གནང་ཟོས་དེས་ན་ཞིང་། །འཆི་ལ་ཁད་པར་འཆར་སྒོ་སྒྲ་འོད་འཁྲུགས། །བླ་མར་ཞུས་པས་སེམས་ངོ་ལྟོས་ཞེས་གསུངས། །རག་མ་བྱང་ཆུབ་རྫོངས་སྡོད་མདུན་དེ་རུ། །ཤིང་སྡོང་དུ་འཚུབ་འགྱེལ་རྐྱེན་མི་རྟག་དྲན། །སེམས་ཀྱི་རྣམ་རྟོག་འགྱུར་ལྡོག་འདི་འདྲ་སྙམ། །བྲག་དཀར་རྟ་སོ་རྐྱང་རྔ་ཟ་འོག་ཕུག །ཕྱིན་ནས་ཞབས་དཀར་དངོས་སློབ་ཨ་ཎི་མཇལ། །ཙུམ་ལ་བླ་མ་ལྷན་ཕེབས་གངས་འུར་འཇིགས། །མ་སྐྱོན་ཕུག་རོན་ཕུག་ཏུ་བླ་མ་བཞུགས། །ངེད་རྣམས་མདོར་བསྡད་མི་མི་པད་རྣམ་མཇལ། །བླ་མར་ཉམས་རྟོགས་ཀ་ཁར་སྦྱར་ཏེ་ཕུལ། །དེ་ནས་ནུབ་རི་ཧེ་ནང་རི་ཁྲོད་བྱོན། །གུ་རུའི་སྦས་ལུང་ཙ་རི་ཁྱད་མེད་ཟེར། །མདའ་རུ་བསོད་སྙོམས་སོང་བས་ཕྲན་ཙམ་བྱུང་། །གྲོང་པ་ཞིག་བཅོལ་མེ་ལོང་འདྲའི་རི་ཁྲོད། །ལོ་གསུམ་བཅད་རྒྱར་བཞག་ཅིང་མཚམས་ལ་བསྡད། །བླ་མ་མཆོག་ནས་བྲག་ངོས་གཟར་མོ་དེར། །ཡར་འགྲོ་འདོད་སོང་མར་འགྲོ་མི་ཆོག་གསུངས། །
སྙིང་ཐིག་སྔོན་འགྲོ་ནས་བཟུང་ཡོངས་རྫོགས་དང་། །མི་ལའི་བླ་སྒྲུབ་དང་བཅས་བསྙེན་པ་བསྐྱལ། །སྐབས་སྐབས་དོགས་སེལ་ཕྱག་བྲིས་ཡང་ཡང་གནང་། །བྱོན་ཞིང་མཐུན་རྐྱེན་ཡང་ནི་འཛོམས་པོ་བྱུང་། །རྒྱུགས་བཞེས་དགོས་པས་མ་ཡེངས་སྒོམས་ཤིག་གསུངས། །བསྒོམས་པས་ཡིད་ལ་ཅི་ཡང་བྱར་མེད་པར། །གསལ་ཆ་མ་འགགས་ཙམ་ལས་སྨྲ་མི་བཏུབ། །བརྗོད་མི་ཤེས་ཀྱང་བློ་བདེ་སིང་ངེ་བྱུང་། །རང་ལ་ཉམས་མཚར་གླུ་བླངས་བླ་མར་ཕུལ། །ཧེ་ཧེ་ཙམ་ལས་གང་ཡང་མ་གསུངས་ཀྱང་། །རྗེས་སུ་བལྟས་ན་ཀ་དག་དོན་ཡིན་འདུག །བཅུ་བདུན་ལོ་དེར་པྲ་དུམ་རྩེ་རུ་ཕེབས། །ཀུན་གྱི་རྩ་རླུང་ཞུས་གྲལ་ངས་ཞུས་པས། །ཞལ་བཞེས་དཔེ་གནང་ཕྱིར་ནང་མཚན་ལམ་དུ། །མ་ལེགས་གསུངས་ནས་དཔེ་ཆ་ཡར་བཞེས་ཤིང་། །བུམ་ཅན་ཅུང་ཟད་ཁྲིད་དེ་དེ་མཚམས་བཞག །རང་དང་མཆེད་གྲོགས་ཁ་ཤས་བསོད་སྙོམས་སོང་། །ནུབ་རི་ལྐོག་ནང་ཨ་ཎིའི་དགོན་པ་ནས། །ལོ་ཆུང་ཞིག་གིས་མར་དང་འོ་མ་སྟེར། །སྦྱར་དུག་གིས་ན་གསོལ་བཏབ་བུམ་ཆེན་བཟུང་། །འོ་མ་དུག་སྦྲུལ་ལྟར་འཁྱུག་མང་དུ་བསྐྱུགས། །གནམ་རུ་འཆི་མེད་རྡོ་རྗེར་སྙན་སེང་ནི། །མཆེད་གྲོགས་རྣམས་ཀྱིས་ཞུས་ནས་ར་སྤྲགས་མཛད། །སྙིང་རྗེ་སྐྱེས་ནས་གཏོང་ལེན་གླུ་རུ་བླངས། །བསོད་སྙོམས་སོང་བས་ང་ལ་མང་དུ་སྟེར། །དགེ་རྒན་ཆོས་བཟང་འབུམ་མི་མང་མ་རྙེད། །སྔོན་སོང་ཨ་ཎི་ལོ་ཆེན་ཟོང་བཙོང་སྟེ། །རྡོ་རྗེ་ཕག་མོའི་སྤྲུལ་པ་ཡིན་ཟེར་ནས། །རྐང་འོག་ས་ལའང་འགོམ་ཡུག་མི་ཉན་ཞེས། །མང་དུ་འབུལ་འདུག་རྡབ་དཀྲུག་བླ་མར་ཞུས། །ང་ཡིས་བསོད་སྙོམས་ཕུད་ཕུལ་མཇལ་བའི་སྐབས། །བླ་མ་ཁྲོ་ཚུལ་བཞེངས་ཏེ་འདི་སྐད་གསུངས། །འཇིག་རྟེན་ཁམས་འདིར་ཟོག་པོ་ཟེར་བ་ཡོད། །ཟོག་མོ་ཟེར་བ་ཁྱོད་ལས་མེད་གསུངས་ནས། །ཁང་པའི་སྟེང་ནས་མར་དབྱུང་ཞབས་ཕྱགས་འཕངས། །སྐྱོ་ཞིང་སྐྲག་ཀྱང་ལུས་པོར་སྐྱོན་མི་འདུག །ཡར་ལངས་ཞབས་ཧེ་མགོར་བཞག་གསོལ་བ་བཏབ། །ཡར་སོང་ཆོས་གྲལ་ཟུཪ་བསྡད་རྗེ་བླ་མས། །གཟིགས་ཀྱང་མ་གཟིགས་ཚུལ་མཛད་བཀའ་བཀྱོན་གནང་། །རྗེས་སུ་མཆེད་གྲོགས་མང་པོས་མ་ཅིག་གི །འཇིམ་སྐུ་མང་ཞུས་དེ་གྲལ་ངས་ཞུས་པས། །ཨ་ཎི་ལོ་ཆེན་ས་སྐུར་རེ་མི་དགོས། །རང་གིས་བྱུང་ན་མ་ཅིག་དངོས་ཡིན་གསུངས། །ཧེ་ནང་ལེའུ་བདུན་བཀའ་དབང་གནང་བའི་སྐབས། །འབུམ་ཐེར་ཁྲོམ་ཚོགས་མ་ཎི་བུམ་སྒྲུབ་བྱས། །དགོན་པས་འཆམ་གནང་མཁའ་འགྲོའི་གཙོ་ངས་བྱས། །རྡོ་རྗེ་རིགས་སོགས་བསྐུལ་ཞིང་ལུས་ཀྱི་མདངས། །ངག་གི་སྙན་དབྱངས་རྩལ་ཤུགས་སྟོབས་རྒྱས་ཏེ། །ལུག་རྒྱབ་བདུན་བརྒྱད་ཙམ་ཐེག་ལ་སོགས་པ། །མི་ཀུན་ཡ་མཚན་རང་མཐོང་སྐྱེ་བ་བྱུང་། །བླ་མ་མཐའ་སྟོང་སྐོར་དུ་ཕེབས་ཏེ་བཞུགས། །ང་ནི་བསོད་སྙོམས་སོང་ནས་ཡར་འཁོར་སྐབས། །མཆེད་གྲོགས་གཞན་རྣམས་རྩ་རླུང་རས་རྐྱང་མཛད། །རང་ལ་མ་ཐོབ་སེམས་སྡུག་མཚན་གང་ངུས། །བླ་མར་གསོལ་བཏབ་ཨ་ཁུ་རྒྱལ་རྣམ་དང་། །མཆེད་གྲོགས་གཞན་གྱིས་ཁྱེད་རང་རྩད་གཅོད་མཛད། །མེད་པ་མ་གཏོགས་གནང་སོགས་སེམས་གསོ་མཛད། །བླ་མར་ཞུས་པས་གནང་གསུང་ཞལ་བཞེས་ཐོབ། །རས་གཟན་སྒོམ་ཐག་ཨང་རག་གྲབས་གྱིས་གསུངས། །སྤྲོ་དགའ་དང་བཅས་ཨ་མའི་སར་སོང་ནས། །མལ་གཟན་ཚོས་བརྒྱབ་སྒོམ་ཐག་ཨང་རག་བཟོས། །པད་ཤག་དྲུག་གི་རིན་གྱིས་རས་གཟན་ཉོས། །བྱིན་རླབས་ཞུས་པས་མཆེད་གྲོགས་ཐམས་ཅད་ཀྱིས། །སྒོམ་ཐག་མལ་གཟན་འདི་ལ་བྱིན་ཅིག་ཕོབས། །ཨང་རག་ཉལ་གཟན་འདི་ལ་བྱིན་ཅིག་ཕོབས། །ཞེས་གསུངས་བཞད་གད་མཛད་བཞིན་རྩ་རླུང་གནང་། །དེ་ནས་ཉིན་ཞག་བདུན་གསུམ་ཉེར་གཅིག་མཚམས། །རང་གི་དགེ་ཕྲུག་ཨ་ཎི་ཚུལ་ཁྲིམས་ཀྱིས། །བྱུ་རུ་བརྐུས་མཐོང་མཆེད་གྲོགས་ཨེམ་རྗེར་བཤད། །གྲགས་པ་ཆེར་བྱུང་བླ་མའི་དྲུང་དུ་གསན། །མདུན་དེར་བོས་ནས་འདི་སྐད་བཀའ་སྩལ་ཏོ། །སྔོན་དུས་ཨ་ཎི་དབུ་ཆོས་ལ་དམོད་དེ། །བླ་མ་ཁ་བཞག་སྲོག་བཅད་སྨྲས་དང་གཅིག །ཕག་མོའི་སྤྲུལ་པ་ཡིན་ཟེར་ཟོལ་བྱས་གཉིས། །ད་རེས་མཆེད་ལ་བརྐུའི་སྐྱོན་བརྗོད་དང་གསུམ། །ཉེས་པས་དཔྲལ་བར་ཁྱི་ཐམ་བརྒྱབ་ནས་ནི། །ང་ཡི་ཉེ་ཕྱོགས་མ་སྡོད་དེར་མ་ཟད། །ཁྱོད་ལ་བསྟེན་ཚད་དམ་ཉམས་ཡིན་ཞེས་གསུངས། །ངོ་ཚ་འཇིགས་སྐྲག་དང་བཅས་ཕྱག་འཚལ་ཞིང་། །བཤགས་ཀྱང་མ་གསན་སྤོ་རའི་ཡུལ་སོང་གསུངས། །
བླ་མའི་བཀའ་བཞིན་ང་རང་མ་བུ་གཉིས། །མཆེད་གྲོགས་ཆེ་བ་ཚེ་རིང་རྒྱལ་མོ་དང་། །ཆུང་བ་ཀ་ཐོག་དང་བཅས་བཞིན་ཕྱིན་ནས། །སེམས་ཕམ་འཇིགས་སྐྲག་གྲོགས་ཤར་སྐྱོ་གླུ་བླངས། །མ་ཎི་བསྐུལ་སོང་མཐུན་རྐྱེན་ལེགས་པོ་བྱུང་། །དེ་ནས་ལམ་གཉིས་གཅིག་ལ་འབྲུམ་ནད་འདུག །གཅིག་ལ་སོང་བས་ལམ་འགག་ཤིན་ཏུ་དོག །མི་སྐད་མི་གོ་མཚན་མོ་འབུ་སྐད་སྒྲོག །སྐྱོ་བའི་ལུང་པར་སླེབས་ཤིང་དེ་རུ་བསྡད། །སེམས་སྦྱོང་བདུན་མར་གསུངས་ལྟར་དད་མོས་གུས། །སྙིང་རྗེ་མི་རྟག་ཚད་མེད་རྒྱུད་ལ་སྐྱེས། །རྨི་ལམ་བླ་མས་ཆོས་གསུངས་གྲལ་བསྡད་ནས། །སྤྲོ་དགའ་གཉིད་མ་སད་ན་དགའ་སྙམ་ཞིང་། །སད་མ་ཐག་ཏུ་དྲན་བསྐུལ་སྐྱོ་གླུ་བླངས། །རྒྱལ་ས་ཞིག་སླེབས་ལྟོ་སློང་སོང་བའི་དུས། །ཚེ་རིང་རྒྱལ་མོས་ཚིག་ངན་གླུར་བླངས་པ། །བོད་སྐད་ཤེས་པས་གོ་ནས་རྒྱལ་པོར་ཞུས། །ཇི་ལྟར་ཞུས་ཀྱང་མ་གསན་བཙོན་དུ་བཅུག །ཨ་མ་དེར་བཞག་ཀ་ཐོག་ངེད་གཉིས་པོ། །སློང་ཕྱིན་ཆུ་ལ་བརྒལ་བས་འབྲེང་ཐག་ཆད། །སེམས་སྐྱོ་གསོལ་བ་བཏབ་ནས་བུམ་ཅན་བཟུང་། །བདེ་སྡུག་གཏོང་ལེན་གླུ་བླངས་ཆུར་མཆོངས་པས། །བྲག་རྡོག་གཅིག་སྟེང་གཉིས་ཀ་བདེ་བར་སླེབས། །ཐམས་ཅད་ཡ་མཚན་རྒྱལ་པོའི་སྙན་དུ་གསོལ། །ཡེ་ཤེས་མཁའ་འགྲོ་དངོས་འདྲ་ཀུན་གྱིས་གླེང་། །རྒྱལ་པོས་གདན་དྲངས་དེ་རུ་མ་ཎི་བསྐུལ། །དད་ཅིང་བཙོན་བཏང་སྨན་དང་ལོངས་སྤྱོད་གནང་། །གཞན་གྱིས་འབུལ་བ་མང་ཕུལ་སྤོ་ར་རུ། །འགྲོ་བར་བརྩམས་པས་ནགས་དང་གཅན་གཟན་མང་། །ཉིན་པར་མར་མེ་མེད་པར་ལམ་མི་ཆོད། །རྒྱལ་པོས་ཉིན་གསུམ་བར་དུ་སྐྱེལ་མི་བཏང་། །ཡུལ་དེའི་ཉེ་སར་སླེབས་ཚེ་རྒན་མོ་ཞིག །འཕྲད་པས་ང་ལ་དད་ཅིང་ཕྱག་སྐོར་བྱས། །ཕེབས་ལམ་འདི་ནས་ཉེ་ཟེར་རྒན་མོ་དང་། །འགྲོགས་ཏེ་མོ་རང་ཡོད་པའི་ལུང་པར་སོང་། །བོད་པའི་མི་འདུག་མ་ཎི་ཡིག་དྲུག་བསྐུལ། །རྒྱུ་འབྲས་བཤད་པས་དངུལ་ཟངས་རས་སྣམ་སོགས། །མི་འཁྱོག་པ་བྱུང་འགྲོ་ཁར་གདམ་ངག་གི །གླུ་བླངས་ལོ་གསར་བཏང་ནས་ཕྱིན་པ་དང་། །གུ་རུའི་སྒྲུབ་ཕུག་མཇལ་ཞིང་སྤོ་རར་སླེབས། །ཚོང་པ་མང་འདུས་ང་ཡིས་མ་ཎི་བསྐུལ། །ལས་འབྲས་ཆོས་བཤད་དངོས་པོ་མང་དུ་བྱུང་། །ཉིན་གཅིག་བརྒལ་སར་མཆེད་གཉིས་ཚོང་ལ་ཕྱིན། །ཉིན་གསུམ་བར་དུ་མ་སླེབས་ང་སོང་བས། །ཁྱིམ་རྣམས་ཤེལ་ཁང་མི་རྣམས་གོས་མེད་པ། །མང་འདུག་ཟིན་དུ་འོང་བས་ལྐུགས་རྫུས་བྱས། །རྡོ་རྒྱག་བརྩམས་པས་ང་རང་འཇུ་མ་ནུས། །ཤེལ་ཁང་རྡོ་བརྒྱབ་མཆེད་གཉིས་དེ་རུ་འདུག །ངེད་གསུམ་ཡོང་བས་ས་མཚམས་བར་རྗེས་དེད། །ང་ཚོའི་མི་ཟིན་ཅི་ཡིན་བྱས་པས་བྲོས། །སྤོ་རར་མི་གྲངས་འབུམ་ཚོགས་མ་ཎི་བསྐུལ། །ཆོས་བཤད་དེ་རྣམས་བློ་ཁ་ཆོས་ལ་བསྒྱུར། །འགྲོ་ཁར་འབྲལ་མི་ཕོད་པའི་མོས་གུས་བྱུང་། །ང་ཡིས་བསླབ་བྱའི་ཆོས་བཤད་སྨོན་ལམ་བཏབ། །མཆེད་ནས་འདིར་བཞུགས་ཟེར་ཡང་བླ་མ་དང་། །མཆེད་གྲོགས་དྲན་ནས་ལོག་ལྟ་མེད་པར་ཡོང་། །ལམ་བར་ཨ་ཁུ་རྒྱལ་རྣམ་དང་འཕྲད་ནས། །ཐུགས་འཁྲུག་མི་འདུག་ཟེར་ནས་མཉམ་དུ་འོང་། །མཚོ་དགོན་གླིང་གར་བླ་མ་བཞུགས་པ་མཇལ། །གནས་ཚུལ་གླུ་ཕུལ་མཉེས་ཚུལ་དཔག་མེད་མཛད། །ཆུ་ལས་འཕུར་བ་ཐུན་མོང་ཙམ་ཡིན་གསུངས། །རྡོ་གཅལ་ནང་དུ་གཅོད་ཀྱི་མེ་མཆོད་མཛད། །མཆོད་དཔོན་ང་བྱས་ཁྲོམ་ཚོགས་ཆེར་འདུས་ཏེ། །ཨ་ཎི་ལོ་ཆེན་སྐད་གྲགས་ཆེ་མ་གཏོགས། །མཇལ་ཚེ་དེ་འདྲ་མི་འདུག་ཟེར་བ་ལ། །ལྟོ་གོས་མ་ཆོག་ཡིན་ཚུལ་མཁས་པས་བཤད། །
སྦྲུལ་ལོར་མཚོ་རོ་བླ་མས་གདན་འདྲེན་ཞུས། །མངའ་རིས་པཎྜི་ཏ་ཡི་གདན་སར་ཕྱིན། །ཅོང་ཞི་རང་བྱོན་ཉི་མ་དགུ་ཤར་དང་། །སྐུ་ཚབ་སྡེ་ལྔ་སོགས་མཇལ་ཏིལ་དགོན་བརྒྱུད། །ཆུ་མིག་བརྒྱ་རྩར་ཨ་ཙར་དགོན་པར་བཞུགས། །གཅོད་དབང་གནང་ནས་གཉན་ས་བཅད་སོང་ཚེ། །ལྷོང་ཚད་བྱུང་ལ་ལམ་ལྷོང་མགུར་གླུ་བླངས། །ཚར་ལྷོང་ཆོད་ཚད་ཟིན་ནས་མཚོ་རོར་ཕྱིན། །སྐྱབས་མགོན་དྷརྨ་སེངྒེའི་ཆབ་ཤོག་ཏུ། །ཇི་ལྟར་གསུངས་བཞིན་གངས་རི་མཇལ་དུ་ཕེབས། །ཁྲུས་སྒོ་ལྷོ་དང་དགོན་ཟུར་ཕུ་རང་ནས། །ཁུ་ཆར་ཇོ་བོ་རྒྱ་ཉི་མ་སོགས་བརྒྱུད། །རྫུ་འཕྲུལ་ཕུག་ཕེབས་ངེད་ཚོ་མཚམས་ལ་བཞག །ཐོར་དུང་འབུད་རེས་ནམ་ཚོད་མ་ཟིན་ཚེ། །ཨ་མས་ཚོད་བཟུང་མི་མང་གི་ཁྲོད་དུ། །ང་ཡི་བུ་མོ་མཐའ་ཞན་མི་བྱེད་གསུངས། །སྐབས་རེ་བླ་མ་ཨ་ཁུ་ཨ་ཎེ་གཉིས། །སྐོར་བར་ཕེབས་སྐབས་གཉིད་ཚེ་སྒོ་ཕྱི་ལ། །གཡུང་དྲུང་བྲིས་པས་སྐྲག་དང་བོགས་ཐོན་བྱུང་། །བུམ་ཆེན་གཙོར་བྱས་འཚོ་བ་དཀོན་པ་ཡིས། །ཟྭ་ཚོད་གསོལ་བས་ཆབ་ཀྱང་སྔོན་པོ་བྱུང་། །སྦྱིན་བདག་ཞིག་གིས་ཇ་ཕུལ་མ་འཐུང་སྟབས། །ཁུ་བ་ཕྱིར་ཕྱུང་ཇ་རོའི་ཞལ་ལག་ཟོས། །རྒྱ་གྲོང་ཉི་མའི་ཚོང་འདུས་ལ་ཕྱིན་ཏེ། །ཞབས་དཀར་ཞལ་སློབ་སྦྱིན་པ་ནོར་བུ་མཇལ། །ཟུར་དགོན་དགུན་བཞུགས་བླ་མ་རིན་པོ་ཆེ། །མ་ཕམ་མཚོ་འགྲམ་སྐུ་རྐྱང་དབེན་ཁྲོད་ཟུང་། །ངེད་རྣམས་མཚོ་སྐོར་ཁུ་ཆར་ཚོགས་བརྒྱ་བཏང་། །པྲེ་ཏ་པུ་རི་ནས་བརྒྱུད་ཧེ་ནང་འབྱོར། །ནུབ་རི་ནགས་ཚལ་དགོན་པར་ལོ་ཤས་བཞུགས། །ཆིབས་རྩྭ་བཏུས་ནས་ཁང་པ་བརྒྱངས་ཏེ་ཕུལ། །རིག་འཛིན་འདུས་པ་ལ་སོགས་བསྙེན་པ་བསྐྱལ། །དེ་རུ་དང་པོ་བླ་མའི་ཞལ་སློབ་ནི། །རིགས་བཟང་ཕ་བུ་གསུམ་གྱིས་ཡུལ་སྡེ་ལ། །ངན་གཏད་བྱས་པའི་རྟགས་བྱུང་རྒྱལ་པོར་སྤྲད། །རྒྱལ་པོས་མི་བདེན་བདེན་ན་དམག་མང་པོ། །མཐའ་དམག་སྲུང་བྱེད་གསོ་དགོས་མི་འདུག་པས། །བླ་མར་དགོས་རྒྱུ་མཐུ་རེད་གསུངས་པས་ན། །ཡུལ་སྡེ་ཁྲོས་ཏེ་རུབ་ནས་བུ་གཅིག་བསད། །ལྷ་དབང་ཁོང་གཉིས་གནས་དབྱུང་ཧེ་ནང་སླེབས། །བླ་མའི་དྲུང་ཡོང་འགྱོད་སྡོམ་བྱེད་ཁུལ་བྱས། །དྲི་མེད་བཤགས་རྒྱུད་དུང་ཕྱུར་ཁས་བླངས་ནས། །དངོས་གྲུབ་ཕུན་ཚོགས་པདྨ་ཆོས་འཕེལ་ཟུང་། །བསགས་བཅུག་ལེགས་པར་མ་བྱུང་ཞུས་པ་དང་། །ནགས་ཚལ་བླ་མ་བསྟན་འཛིན་ནོར་བུ་དང་། །མ་འགྲིག་དེས་རྐྱེན་བླ་མས་བཀའ་བཀྱོན་གནང་། །ཁོ་ཁྲོས་ངེད་རྣམས་མིང་བྲིས་གཏད་བཅུག་པས། །མཆེད་གྲོགས་བསམ་གཏན་གྱིས་གཙོས་མང་པོ་གཤེགས། །ཐ་ན་སྒོ་ཁྱི་ཡན་སྨྱོ་ལམ་འགྲོ་ཞན། །ང་ན་ནད་དང་རྨི་ལམ་འདྲེས་མ་རུ། །ཕ་ཀིར་གཏད་འདུག་ལབ་བཞིན་ཆུ་ནང་བཏོན། །ནགས་ཚལ་དགོན་པར་མཚམས་ལ་སྡོད་སྐབས་སུ། །ཡུལ་དེའི་ཆ་ལུགས་བྱས་པའི་བུད་མེད་ཀྱིས། །འདི་རུ་མ་བཞུགས་ངེད་ཀྱི་ཡུལ་ཕེབས་ཟེར། །ཉམས་སྣང་དང་འབྲེལ་བསྟན་བཅོས་འགག་མེད་བརྡོལ། །ཤོག་བུ་མེད་པས་གྲོ་གའི་པགས་པ་ཞིག །ཡོད་ན་བསམས་མ་ཐག་ཏུ་མི་མང་པོ། །ཡོད་པའི་ཞིང་ཁམས་ཞིག་སླེབས་ཉམས་སད་འཕྲལ། །མཚམས་ཁང་ནང་དུ་གྲོ་ཤུན་མང་པོ་སྤུངས། །གཞི་བདག་ཡིན་འདྲ་ང་ཡི་ཉམས་སྣང་དུ། །ཤར་བའི་རྩ་གསུམ་མ་གཅིག་ལུང་བསྟན་སོགས། །མང་པོར་བྲིས་སྤུངས་དགེ་རྒན་ཆོས་བཟང་གིས། །མཐོང་བས་མི་ཉན་ཟེར་ཏེ་མེ་ལ་བསྲེགས། །མགོ་ལ་རྡོག་བརྫིས་བཏང་བས་དེ་རྣམས་འགགས། །ཨ་ཎི་འོད་ཟེར་མི་ཡུལ་ཆོས་མང་པོ། །ཡོད་པས་འགྲོ་དོན་འབྱུང་དཀའ་མཁའ་འགྲོའི་ཡུལ། །འགྲོ་དོན་ཆེར་ཡོང་འདྲ་ཟེར་སེམས་གསོ་བྱས། །ཧེ་གསང་ཕུག་ཕེབས་དགོན་པར་ཞིག་གསོ་བྱས། །གྲྭ་རྒྱུན་བཙུགས་ནས་རྒྱ་དགོན་རབ་གནས་གནང་། །
བྱ་ལོར་བལ་ཡུལ་ཕེབས་ནས་མཆོད་རྟེན་མཇལ། །སྐུ་དཀར་གསོལ་ཞིང་དཀར་ཆག་པར་དུ་བསྐྲུན། །དེ་ཡི་མ་ཎི་བསྐུལ་བས་ཆོས་བློ་སྐྱེས། །རྒྱ་བླ་མ་ནས་སྔོན་ཆད་མ་ཧེ་རེ། །བསད་ནས་པུསྐ་སཾ་ལ་རྒྱུ་མ་དཀྲི། །མགོ་བོ་ཚོགས་ཤ་བྱེད་པའི་སྲོལ་ངན་བསྣུབས། །གསོད་རྒྱུ་མེད་པར་ཁས་བླངས་དམ་བཅས་སོ། །སྔོན་བྱོན་གོང་མས་དགེ་བའི་བཤེས་བཟང་པོ། །སྔོན་གྱིས་ཇི་ལྟར་དགེ་བའི་ལམ་འཇུག་ལྟར། །སྔོན་གོམས་ཁུལ་གྱིས་དགེ་ལ་འབད་འབྲས་ཀྱིས། །སྔོན་རྗེས་བར་ཀུན་དགེ་མཐར་ཕྱིན་པར་ཤོག །དེ་ནས་རྟགས་བརྒྱད་ལ་བརྒྱབ་སྟེ་པད་སྐུད་ཐང་བརྒྱུད་རྗེ་མི་ལའི་སྒྲུབ་ཕུག་པོ་ཏི་ཉི་མ་རྫོང་ལ་སྐྱབས་མགོན་པདྨ་རྒྱ་མཚོ་ཟླ་ཤས་བཞུགས། ཟུར་མཚོ་གནས་ལུང་སོགས་མང་པོ་གནས་འབྲེལ་བྱས་ནས་མཇལ་ཏེ་དེ་རྣམས་ལ་ཞབས་དཀར་ཡབ་སྲས་ཀྱི་འདྲ་སྐུ་མང་དུ་མཇལ། བཅོས་མིན་གྱི་དད་པ་དབང་མེད་སྐྱེས་ནས་སྨོན་ལམ་འདི་ལྟར་བཏབ་བོ། །
ན་མོ་ཕྱོགས་དུས་རྒྱལ་བ་སྲས་བཅས་མ་ལུས་དང་། །སྨོན་ལམ་བདེན་ཚིག་གྲུབ་པའི་དྲང་སྲོང་ཚོགས། །ཁྱད་པར་སྐྱབས་མགོན་ཞབས་དཀར་ཡབ་སྲས་རྣམས། །བདག་གི་དཔང་པོ་མཛད་ཅིང་དགོངས་སུ་གསོལ། །མཁའ་ཁྱབ་རིག་པ་སྐུ་གསུམ་གང་ཁྱབ་དང་། །བླ་མ་སྐུ་གསུམ་སྙིང་ནས་སྐྱབས་སུ་མཆི། །སྟོང་གསལ་རིག་པ་ཉི་ཟླ་སྐར་ཚོགས་ལྟར། །ད་ལྟ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། །འགྲོ་ཀུན་སངས་རྒྱས་གོ་འཕང་ཐོབ་པར་བྱ། །དེ་ཕྱིར་དམ་ཆོས་ཉིང་ཁུ་བདག་གིས་སྒྲུབ། །རྒྱལ་ཀུན་བྱིན་རླབས་དུས་གསུམ་བསགས་དགེའི་མཐུས། །ཐམས་ཅད་བདེ་བ་དང་ལྡན་སྡུག་བསྔལ་བྲལ། །བདེ་དང་མི་འབྲལ་ཉེ་རིང་ཆགས་སྡང་འདས། །རྩ་གསུམ་སྲུང་མའི་ཐུགས་རྗེས་གཟིགས་ཤིང་དགོངས། །ཚེ་འདིར་བར་ཆད་ཞི་ཞིང་ཚེ་བསོད་རྒྱས། །ལས་བཞིའི་འཕྲིན་ལས་མཆོག་ཐུན་ཆར་དུ་སྙིལ། །སྐྱབས་ཡུལ་སྐུ་ལས་འོད་དང་བདུད་རྩི་བྱུང་། །འགྲོ་བའི་ལུས་སེམས་ལ་ཕོག་སྒྲིབ་ཚོགས་དང་། །ལུས་སེམས་སྡུག་བསྔལ་མུན་ལ་ཉི་ལྟར་སྦྱངས། །དྭངས་གསལ་འོད་སྐུར་གྱུར་ནས་ཡོན་ཏན་རྒྱས། །སླར་ཡང་འོད་འཕྲོས་སྣོད་བཅུད་ཉེས་སྐྱོན་སྦྱངས། །ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་རུ་གྱུར། །བྱིན་རླབས་དངོས་གྲུབ་འཕྲིན་ལས་གཡེལ་མེད་སྒྲུབས། །དུས་གསུམ་བསགས་དགེ་ཏིང་འཛིན་ནུས་མཐུར་བརྟེན། །སྣོད་བཅུད་ལྷ་དང་ཞིང་ཁམས་རི་དང་ཆུ། །རོ་བརྒྱའི་ཞལ་ཟས་ཡན་ལག་བརྒྱད་དང་ལྡན། །རྩི་ཤིང་ནགས་ཚལ་ཨ་རུ་རྣམ་རྒྱལ་དང་། །ཀླུ་བདུད་རྡོ་རྗེ་ལ་སོགས་སྨན་དུ་གྱུར། །ས་རྡོ་རིན་ཆེན་རྟ་ནོར་རྐང་བཞི་ཕྱུགས། །འདོད་ཡོན་ལྔ་ལྡན་ཀུན་བཟང་མཆོད་པའི་སྤྲིན། །ནམ་མཁའ་ས་གཞི་བར་སྣང་ཀུན་གང་ཤོག །བདག་གིས་ད་ལྟ་ནས་བཟུང་བྱང་ཆུབ་བར། །ཐབས་མཁས་བསྡུ་བ་རྣམ་བཞི་ཐོས་བསམ་སྒོམ། །འཆད་རྩོད་རྩོམ་པ་བསླབ་གསུམ་སྡེ་སྣོད་གསུམ། །རྒྱུད་སྡེ་བཞི་དྲུག་སྤྱན་དང་མངོན་པར་ཤེས། །སྣ་ཚོགས་ཚུལ་གྱིས་ལུས་ངག་ཡིད་སྒོ་ནས། །འགྲོ་ལ་ཕན་པ་དཔག་མེད་ཐོབ་གྱུར་ཅིག །སྐྱེ་བ་ཚེ་རབས་མ་ལུས་ཐམས་ཅད་ཀུན། །མཐོང་ཐོས་དྲན་རེག་དད་པའི་སྤུ་ལོང་གཡོས། །ལུས་སེམས་སྡུག་བསྔལ་ཀུན་ཞི་དགའ་བདེ་འཆར། །གར་སོང་བཀྲ་ཤིས་གར་བསྡད་བྱིན་ཆགས་ཤིང་། །གང་ཡོད་གཡང་འཁྱིལ་གང་བསམ་དོན་གྲུབ་ཤོག །ཁ་རྒྱབ་རྐང་ལག་སེམས་ཀྱི་ཡུལ་རྣམས་སུ། །ཟས་གོས་རྟ་ནོར་ཆོས་དང་འཕྲད་ཅིང་ཚིམས། །བསམ་ངན་སྦྱོར་རྩུབ་ཆོས་མིན་བསམ་པ་ཞི། །དམ་པའི་ཆོས་དྲན་ཚུལ་བཞིན་ལེགས་པར་འགྲུབ། །མཐར་ཐུག་རྣམ་མཁྱེན་བདེ་བླག་འགྲུབ་གྱུར་ཅིག །བདག་ཉིད་མྱུར་དུ་སངས་རྒྱས་འགྲོ་བའི་དོན། །རྒྱལ་བའི་ཡོན་ཏན་ཀུན་སྡོམ་ནུས་པ་རྙེད། །གྲོགས་བསྟེན་མི་དགོས་འགྲོ་ཀུན་སྒྲོལ་ནུས་ཤོག །འཁོར་འདས་ཡོངས་ཀྱི་སྟོབས་ནུས་དཔལ་ཡོན་རྫོགས། །རྒྱལ་བ་ཀུན་མཆོད་ཐུགས་ཀྱི་སྲས་སུ་དགོངས། །སེམས་ཅན་ཡོངས་ཀྱི་རེ་བ་སྐོང་ནུས་ཤོག །དབེན་པར་བསྡད་ཀྱང་མ་ཎི་ཀཿཇི་ལྟར། །རྒྱལ་ཁམས་སྐོར་ཡང་སྲིད་པའི་མིག་བཞིན་ཕན། །འཇམ་དཔལ་དཔའ་བོ་ཀུན་ཏུ་བཟང་པོ་བཞིན། །དྲི་མེད་རྣམ་དག་སྨོན་ལམ་མྱུར་འགྲུབ་ཤོག །
ཅེས་དད་ཅན་རྣམས་ལ་མ་ཎིའི་འབྲེལ་བ་བཞག །དེར་སྐྱབས་མགོན་ཞབས་དཀར་དངོས་སློབ་སྣང་མཛད་རྡོ་རྗེ་ཞེས་བྱ་བ་བཞུགས་འདུག་པས་བླ་མ་རིན་པོ་ཆེ་དེར་ཕེབས་ཞག་ཤས་བཞུགས། ཆོས་འབྲེལ་ཞུས་མཆེད་གྲོགས་གཞན་རྣམས་ལ་ཕྱི་མཇལ་བ་ལ་བཏང་། ང་རྗེས་སུ་སྟོད་ལ་ལོག་རྒྱུ་བྱས་ཤིང་ལ་ཕྱི་ལ་སླེབས་མ་ཐུབ། དིང་རི་གླང་འཁོར་ཕ་དམ་པའི་གདན་ས་མཇལ་དུ་སོང་། ཡུལ་མི་རྣམས་དད་ནས་སྐུ་གསུང་ཐུགས་རྟེན་རྣམས་ལ་ཕྱག་མཆོད་དང་ང་ལའང་ཕྱག་དབང་ཞུས་ཏེ་དད་པ་ཆེན་པོ་བྱེད་འདུག །ལ་སྟོད་རྒྱལ་གྱི་ཤྲཱི་དང་རྩིབ་རི་གྲམ་མཚོ། ལྷོ་བདེ་ཆེན་ཕུག་མཇལ་སྐབས་བྲག་ཕུག་སྟེང་ན་ཚེ་རིང་མཆེད་ལྔའི་ཞབས་རྗེས་ཤིན་ཏུ་གསལ་པོར་མཇལ། གཟིམ་ཕུག་ནང་ནས་ཚོགས་དྲུག་རང་གྲོལ་ཞེས་པའི་ཕྱག་ཐམ་ཞིག་རྙེད་པས་རྟེན་འབྲེལ་ཡང་ཤིན་ཏུ་ལེགས་པོ་བྱུང་། དེ་ནས་རིམ་པར་ཕུ་མ་བར་མཚོའི་དོ་ཞེས་པར་སྐྱབས་མགོན་ཞབས་དཀར་གྱི་སྦྱིན་བདག་ཆེ་བ་ཞིག་འདུག་པ་དེར་སླེབས། ཁྱིམ་དེའི་ནང་དུ་ཞབས་དཀར་གྱི་བཞུགས་ཁྲིའི་སྟེང་དུ་སྐྱབས་མགོན་རང་གི་འདྲ་སྐུ་བཟེངས་སྐུའི་ཉེར་སྤྱོད་བཅས་འདུག་པས་མངོན་མཇལ་ལྟ་བུའི་ཡིད་ཆེས་ཀྱི་དད་པ་ཐོབ། ཡུལ་དེའི་ཕྱོགས་ཐམས་ཅད་ལ་ཞབས་དཀར་གྱི་སྐུ་འདྲ་བྲིས་འབུར་གྱི་མཆོད་རྟེན་མན་ཐང་ཡན་ཆད་རྣམས་གང་ནས་འདུག །དེ་ནས་དཔལ་ས་སྐྱར་སོང་ཟམ་པ་གཅིག་གི་སྟེང་ནས་སེར་ཕྲེང་བྱེད་པ་ཞིག་དང་ལྷན་དུ་སླེབས། ལྷ་ཁང་ཆེན་མོ་དང་ཕུར་འཆམ་མཇལ་སྐབས་འཇའ་འོད་ཀྱི་གུར་ཕུབ། མེ་ཏོག་གི་ཆར་བབས་པ་མཐོང་བས་དག་པའི་ཞིང་ཁམས་ཤིག་ཡིན་སྙམ་མི་ཕྱེད་པའི་དད་པ་སྐྱེས། ས་སྐྱའི་རྗེ་བཙུན་མ་མཇལ་བས་ཡིད་ཤིན་ཏུ་མོས་པས་སྨོན་ལམ་འདི་ལྟར་བཏབ་བོ། །
ཡིད་སྤྲོ་དགའ་ལྟ་བུའི་བདུད་བཅོམ་ཞིང་། །འཕོ་མེད་ཀྱི་བདེ་བའི་རྒྱལ་ས་འཛིན། །དཔལ་ཁྱབ་བདག་པདྨ་རྒྱ་མཚོ་ལ། །ཡིད་གུས་གདུང་མོས་པས་གསོལ་བ་འདེབས། །ས་ཕུན་ཚོགས་བཀྲ་ཤིས་ས་སྐྱ་རུ། །གདུང་ཕུན་ཚོགས་ཀླུ་དབང་འཁོན་གྱི་རིགས། །ཆོས་ཕུན་ཚོགས་བཛྲ་ཀི་ལ་ཡཱ། །འཁོར་ཕུན་ཚོགས་སྐལ་ལྡན་འདུས་པ་ལ། །དུས་ཕུན་ཚོགས་དགེ་ལེགས་ཤིས་པའི་ཉིན། །རྗེ་བཙུན་གྱི་ཌཱཀྐི་མ་འདི་རྣམས། །སྐུ་མཛེས་འཛུམ་བཀྲག་མདངས་ལང་ཚོ་འབར། །གསུང་ཚངས་དབྱངས་འགྱུར་ཁུག་རབ་ཏུ་སྙན། །ཐུགས་བརྩེ་ཆེན་བདེ་སྟོང་དགའ་བཞིའི་གཤིས། །རྒྱན་དར་ཟབ་རིན་ཆེན་མཛེས་པར་སྤྲས། །མིག་སྔ་རུ་མཇལ་བས་ཡིད་དབང་འཕྲོག །སྤྲང་འདི་ལྟར་གྱུར་ནས་འགྲོ་བ་ཀུན། །ཐབས་མཁས་ཀྱིས་འདྲེན་པར་ཆས་གྱུར་ཅིག །སྔོན་བསོད་ནམས་ཀྱི་འབྲས་བུའི་ལས་ཤུགས་ཀྱིས། །གནས་སྐབས་སུ་འདི་ལྟར་མི་འཛའ་ཡང་། །མི་རིང་བར་དོན་འབྲས་འབྱོར་བ་ཡིས། །གདུལ་དཀའ་ཀུན་འདུལ་བའི་དཔལ་གྱུར་ཅིག །སྟོང་ཉིད་དང་སྙིང་རྗེའི་ལང་ཚོ་ངོམ། །ཟབ་རྒྱས་ཀྱི་དོ་ཧའི་སྙན་དབྱངས་སྒྲོགས། །རྣམ་ཀུན་མཆོག་ལྡན་གྱི་སྣང་བཞི་རྫོགས། །བྱང་ཕྱོགས་སོ་བདུན་དང་འཕགས་ནོར་སྤྲས། །རྟག་ཁྱབ་དང་སྐྱེ་འཇུག་ལ་དབང་གྱུར་ནས། །མ་འགྲོ་ཀུན་གློ་བུར་དྲི་མ་དག །རང་བཞིན་གཤིས་བདེ་གཤེགས་རྒྱལ་སར་འགོད། །སྲིད་འཁོར་བ་དོང་ནས་སྤྲུག་གྱུར་ཅིག །
དེ་ནས་གཙང་བཀྲ་ཤིས་ལྷུན་པོ་མཇལ་དུ་ཕྱིན། བླ་མ་རིན་པོ་ཆེ་ཀླུ་འབུམ་ཁམས་ཚན་དུ་བཞུགས། ངེད་རྣམས་གཞིས་ཀ་རྩེར་སོང་། ཐོ་རངས་གླིང་སྐོར་དུ་རིག་འཛིན་འདུས་པ་འདོན་གྱིན་སོང་བས་དགེ་བཤེས་ཤིག་གིས་སྙན་གཏད་དེ་རིག་འཛིན་འདུས་པའི་སྒྲ་དག་པ་ལ་ཨང་ཟེར། ངེད་ཀྱིས་མ་ཎི་བསྐུལ་བས་སྟེར་མཁན་མང་པོ་བྱུང་བ་རྣམས་བླ་སློབ་མཉམ་པོར་ཕུལ། པ་སངས་བུ་ཁྲིད་ཀྱིས་མགྲོན་གཉེར་བྱས། འབུལ་བ་བྱུང་ཐོག་ནས་བོང་བུ་ཞིག་ཀྱང་ཉོས། ཡང་རྒྱལ་རྩེར་ཕྱིན། ངེད་རྣམས་སེ་ར་སྒྲུབ་སྡེའི་འཆམ་མཇལ་དུ་ཕྱིན། རོང་བྱམས་ཆེན་དང་གཡག་སྡེ་བརྒྱུད་ནས་བྱེས་གཞིས་ཀར་ཆས་རྣམས་བཅོལ། དེ་ནས་བླ་མ་ལྷན་རྒྱས་ལྷ་ལྡན་དུ་སྐྱབས་མགོན་དྷརྨ་སེངྒེ་མཇལ་བར་ཕེབས་རྩིས་ཀྱིས་མར་ལམ་སྙེ་མོ་སི་རི་དཀར་གོང་འཕྲང་བརྒྱུད་ནས་ཕྱིན། ལམ་དུ་བུད་མེད་མང་པོ་འདམ་རྩྭ་བརྔ་རུ་སོང་ནས་ལོག་པ་དང་འཕྲད། དེ་རྣམས་ལ་ཁམ་བུ་སློང་བས་མང་དུ་བྱིན། ཁམ་བུ་ཟོས་པའི་རྐྱེན་གྱིས་ང་ན་བས་ཨ་ཁུ་ཨ་ཎེ་ནས་བཀའ་བཀྱོན་གནང་། བླ་མ་མཆེད་གྲོགས་རྣམས་སྔོན་ལ་བྱོན། རང་གཅིག་པུ་ལྟོ་སློང་དུ་འཁྱམས་པས་གྲོགས་མེད་པར་སྐྲག་ཅིང་ལྟོགས་ལ་སེམས་སྐྱོ་ནས་འདི་བླ་མ་དང་ཕ་མ་མཆེད་གྲོགས་ཀྱི་སྐུ་དོན་ནི་མིན། སྔོན་བསོད་ནམས་མ་བསགས་པའི་འབྲས་བུས་རང་གི་ལྟོ་དོན་དུ་འདི་ལྟར་དཀའ་ལས་ལ་ཨང་སྙམ་ནས་རྩམ་ཁུག་སྟོང་པ་ཀླད་ལ་བསྐོར་ནས་གཡུག་སྟེ་ངུ་བཞིན་སྐྱོ་གླུ་འདི་ལྟར་སྨྲས་སོ། །
སྐྱབས་རྒྱལ་བ་རྒྱ་མཚོ་མ་ལུས་པ། །དོན་གཅིག་བསྡུས་འགྲོ་བའི་བཀྲེས་ཕོངས་ཀུན། །ཆོས་ཟད་མེད་ཀྱིས་ཡོངས་སུ་ཚིམས་མཛད་པ། །མགོན་གཅིག་ཆོག་པདྨའི་མཚན་དེར་འདུད། །སྤྲང་སྔོན་ནས་མཆོད་སྦྱིན་མ་ནུས་ཤིང་། །སེར་སྣ་དང་འཇུར་གེགས་ཀྱིས་བཅིངས་འབྲས། །བླ་མ་དང་ཕ་མ་མཆེད་གྲོགས་སོགས། །དོན་མ་ཡིན་རང་ཉིད་གསོ་བའི་ཆེད། །སྤྲང་འཁྱམས་ཤིང་ངལ་བ་ཇི་བྱས་ཀྱང་། །མ་རྙེད་པར་བཀྲེས་ལྟོགས་སྐོམ་པས་གདུངས། །མགོན་རྩ་གསུམ་ནོར་ལྷ་རྒྱ་མཚོ་ཀུན། །ཆོས་བྱེད་ཀྱི་དབུལ་སེལ་ཞལ་བཞེས་པ། །དུས་ད་ལྟ་ཐུགས་དམ་དུས་ལ་བབས། །ཡིད་ཡན་ལག་བདུན་གྱི་མཆོད་སྤྲིན་འབུལ། །དགོས་འདོད་ཀུན་མི་ཟད་ཆར་དུ་སྙིལ། །མ་འཇིགས་ཀུན་སྐྱོབ་མཛད་རྒྱལ་བའི་ཡུམ། །དུས་ད་ལྟ་དབུལ་བའི་འཇིགས་པ་སོགས། །མ་འགྲོ་བའི་དབུལ་ཕོངས་རྒྱུ་དང་འབྲས། །བདག་རྒྱུད་ལ་སྨིན་ནས་སྦྱངས་ནུས་ཤིང་། །བདག་ཚོགས་གཉིས་བསགས་པའི་རྒྱུ་འབྲས་ཀུན། །མ་འགྲོ་ཀུན་ལ་སྨིན་གནས་སྐབས་སུ། །འབྱོར་བ་ལྡན་འཕགས་ནོར་གྱིས་རྒྱུད་ཕྱུག །མཐར་ཐུག་ཏུ་རྣམ་མཁྱེན་ཀུན་ཐོབ་ཤོག །
ཅེས་སྨྲས་ཤིང་སོང་བས་བློ་བཟང་ཞེས་པས་དངུལ་ཕྱེད་བརྒྱད་ཅིག་སྟེར་བས་དེ་དུས་ཤིན་ཏུ་དགའ་ནས་ལག་ཏུ་ཁྱེར་ཏེ་ཕྱིན། ད་ལྟའང་སྨོན་ལམ་འདེབས་ཀྱིན་ཡོད། ཆུ་ཤུལ་བླ་རར་ཨ་ཅེ་ལོ་ཆུང་ཞིག་གིས་ངས་སྒྲོལ་མ་བཏོན་པ་དེ་གོ་ནས་དད་དེ་དར་བ་ཁོག་ཆུང་གང་དང་རྩམ་པ་མང་དུ་སྟེར་དངུལ་ཕྱེད་བརྒྱད་དེས་ཀྱང་ཉོས། དེ་ནས་ཚ་པ་ནང་གི་ཐང་ཞིག་ལ་བླ་མའི་བཞུགས་སྒར་བཏབ་བླ་མའང་བྱོན་འདུག །དེ་ནས་ཡར་ཡོང་སྙེ་ཐང་སྒྲོལ་མ་ལྷ་ཁང་མཇལ། ཟླ་བ་དགུ་པའི་ནང་ལྷ་སར་ཕེབས། མགོན་དྷརྨ་སེངྒེ་བུམ་པ་རིར་སྐུ་མཚམས་བཞུགས་འདུག །ཚེས་ཉེར་གཉིས་ལྷ་བབས་དུས་ཆེན་ཉིན་བླ་མ་རིན་པོ་ཆེ་༸གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཇལ་དུ་ཕེབས་པས་ང་ཡང་ལྷན་དུ་སོང་། མཎྜལ་རྟེན་གསུམ་ཕུལ་ཞིང་གསོལ་འདེབས་དམིགས་བརྩེ་མ་དང་དགའ་ལྡན་ལྷ་བརྒྱ་མའི་ལྗགས་ལུང་སྩལ།
དེ་ཉིན་ལྷ་སའི་གཙུག་ལག་ཁང་སྟེང་ཤོད་བར་གསུམ་དུ་མཆོད་མཇལ་ལྷན་དུ་ཕྱིན། བླ་མ་རིན་པོ་ཆེ་ཚེ་མཆོག་གླིང་གར་བཞུགས། ང་རྫོང་རྒྱབ་ཀླུ་ཁང་དུ་གནས་ཚང་གཡར་ནས་བསྡད། མཆེད་གྲོགས་གཞན་རྣམས་ལྷོ་གནས་སྐོར་དུ་སོང་། ང་འཕན་པོར་བསོད་སྙོམས་སུ་ཕྱིན། སྒོ་ལ་ཕར་ནང་གླིང་ཕུ་རྫོང་དུ་སླེབས་ཚེ་བོང་བུ་ཆད་ནས་ཉལ་བས་རྐང་དུང་བརྒྱབ་པས་ཆག །མགོ་མཇུག་གང་ནས་འཐེན་ཀྱང་མ་ལངས་པས་གདུལ་བྱ་མཐོ་རིས་འདྲེན་པ་ལའང་དེ་ལྟ་བུའི་དཀའ་ལས་ཡོད་པའི་བརྡ་ཡིན་བསམས་བོང་བུས་གཙོས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཚད་མེད་སྐྱེས་ཏེ་འདི་སྐད་སྨྲས་སོ། །
འཁོར་བ་ཡི་གྲངས་དང་བསྐལ་པའི་ཡུན། །བྱ་དཀའ་བའི་གནས་ལ་མི་འཇིགས་ཤིང་། །སེམས་དཔའ་གདེངས་ཐོབ་པའི་དགེ་བའི་བཤེས། །སྐྱབས་པདྨ་རྒྱ་མཚོ་མཆོག་ལ་འདུད། །སྔོན་དྲིན་ཆེན་ཨ་མ་བོང་བུའི་ལུས། །ཁྱོད་གཏི་མུག་རྨོངས་དང་འཚེ་བའི་འབྲས། །ལུས་མ་ཆད་བར་དུ་ཁུར་པོ་ཁུར། །འགྲོ་མ་ནུས་རྡེག་པས་རྐང་དུང་ཆག །སྟོད་སྨད་ནས་བཀྱགས་ཀྱང་ལུས་སྟོབས་ཤོར། །འདི་ལྟ་བུའི་ལས་ལ་བསམ་བྱས་ནས། །ངའི་རྒྱུད་ཀྱི་སྙིང་རྗེ་གང་དུ་སོང་། །འདི་བསམ་བཞིན་མིག་ནས་མཆི་མ་འཁྲུག །ད་སྙིང་རྗེ་སླེབས་པས་སྙིང་རྩ་འདར། །རྗེ་ཐུགས་རྗེ་ཅན་རྣམས་ཐུགས་རྗེས་གཟིགས། །ལུས་ངལ་ཏེ་ལྡང་བར་མ་ནུས་ནས། །ཅི་བྱས་ཀྱང་འགྲོ་ནུས་དཀའ་བ་ལྟར། །གདུལ་བྱ་རྣམས་ལས་ངན་སྡིག་པས་མནར། །དགེ་བའི་ལས་ཐང་ཆད་ཐུབ་པའི་དུས། །འདྲེན་ཐུབ་པའི་ཐབས་ནི་གང་ལྟར་བྱེད། །མགོན་རྒྱལ་བ་རྣམས་ཡེ་ཤེས་སྤྱན་གྱིས་གཟིགས། །དཔལ་བྱང་སེམས་རྣམས་རྫུ་འཕྲུལ་སྟོབས་ཤུགས་བསྐྱེད། །མ་བོང་བུ་དེ་རིང་ནས་བཟུང་སྟེ། །རྒྱུ་རྨོངས་དང་གཏི་མུག་ཀུན་བྱང་ཞིང་། །འབྲས་དུད་འགྲོར་སྐྱེ་བའི་སྒོ་ཆོད་ནས། །ལུས་དལ་འབྱོར་རྟེན་ཐོབ་ཆོས་དང་མཇལ། །ཚུལ་བཞིན་དུ་ཉམས་ལེན་མཐར་ཕྱིན་རྗེས། །དག་ཞིང་དུ་ངོ་ཤེས་བཞིན་དུ་མཇལ། །འགྲོ་ཀུན་གྱི་སྡུག་བསྔལ་བདག་ལ་སྨིན། །གཞི་མེད་རྩ་བྲལ་དུ་སྦྱངས་ནུས་ཤིང་། །བདག་དགེ་རྣམས་འགྲོ་བ་ཡོངས་ལ་སྨིན། །གནས་སྐབས་བདེ་མཐར་ཐུག་སངས་རྒྱས་ཤོག །
དེ་ནས་ལྷུན་གྲུབ་རྫོང་ཞོལ་ར་མ་ནང་དུ་ཕྱིན་ནས་བོང་བུ་བཙོངས། པོ་ཏོ་བའི་གདན་ས་མཇལ། དེར་བ་རྒྱབ་བླ་མ་བཞུགས་འདུག་པ་ཡང་མཇལ་ཞིང་མགུར་མ་མང་དུ་བཏོན་པས་ཤ་ལིང་གཅིག །འབྲུ་འབོ་གང་གནང་། བླ་མ་དེས་ཐུགས་སྐྱོ་ཚུལ་དང་དད་པ་ཆེན་པོ་གནང་འདུག །གསང་ཡུམ་དེས་སྐུ་རྒྱན་ནས་བཀྲོལ་ནས་ངའི་ཌ་རུ་ལ་བརྒྱུས། ཤིན་ཏུ་དད་མོས་མཛད་དེ་གཅོད་ཀྱང་བཏོན། རྟག་སྤྱན་ཤ་བ་འབུམ་པ་མཇལ་ནས་རིམ་པར་དགའ་ལྡན་དུ་ལྔ་མཆོད་ཆེན་མོར་ཕྱིན། ཀླུ་འབུམ་ཁམས་ཚན་དུ་བླ་མ་རིན་པོ་ཆེའི་ཞབས་གྲས་ནས་ཁྲོ་ཟངས་སོགས་ཕུལ། ང་རས་རྐྱང་བྱས་ཡོད་པར་བརྟེན་ཨ་ཙརྱ་མོ་འདུག་ཟེར་ནས་མི་མང་པོ་ལྟད་མོར་ཚོགས་འདུག་པ་ལ་འདི་ལྟར་སྨྲས་སོ། །
འཕགས་ཡུལ་གྱི་སྐད་དུ་ཨ་ཙརྱ། །བོད་གངས་ཅན་སྐད་དུ་རྣལ་འབྱོར་ཞེས། །གཞི་རྣལ་མ་དོན་ཐོག་འབྱོར་བ་ཡི། །ཕ་རྗེ་བཙུན་པདྨ་རྒྱ་མཚོར་འདུད། །འབྲོག་རི་བོ་དགའ་ལྡན་དགོན་པ་རུ། །ང་སླེབས་ཚེ་ཨ་ཙར་མོ་འདུག་ཟེར། །ཁྲོམ་མང་དུ་འདུས་ཤིང་འཚོགས་ཏེ་བལྟས། །རང་ཨ་ཙར་ཡིན་མིན་དཔྱད་པ་བྱས། །དེ་དོན་ལ་ཁྱེད་རྣམས་བདེན་པ་འདྲ། །ཨ་ཙརྱ་དཀར་མོ་པདྨ་འབྱུང་། །འཇིག་རྟེན་དུ་མདོ་སྔགས་བསྟན་པ་ནི། །དཀར་འཇམ་ཡུག་གཅིག་ཏུ་བཏང་བ་མཛད། །ཨ་ཙར་མོ་དཀར་མོ་མཚོ་རྒྱལ་ཡིན། །སྤྲང་དེ་ཡི་རྗེས་འཇུག་འཛིན་ཁུལ་ལགས། །ཨ་ཙརྱ་ཁྲ་བོ་ཨ་ཏི་ཤ །རྒྱ་བོད་དུ་བསྟན་པ་དར་རྒྱས་མཛད། །བཀའ་གདམས་པ་གསར་རྙིང་དེ་ལས་བྱུང་། །ཨ་ཙར་མོ་ཁྲ་མོ་འཕགས་མ་སྒྲོལ། །སྤྲང་དེ་ཡི་བྱིན་རླབས་རྟེན་འབྲེལ་བྱུང་། །ཨ་ཙརྱ་ནག་པོ་ཕ་དམ་པ། །ཞི་བྱེད་དང་གཅོད་ཀྱི་བསྟན་པ་སྤེལ། །བདག་འཛིན་ཀུན་བཅད་ཅིང་བདག་མེད་རྟོགས། །ཨ་ཙར་མོ་ནག་མོ་མ་ལབ་སྒྲོན། །མདོག་ངན་ཡང་དེ་ཡི་བསྟན་འཛིན་ཡིན། །ང་མཐོང་ཐོས་དྲན་རེག་མ་ལུས་པ། །ཨ་ཙརྱ་གསུམ་གྱི་བྱིན་རླབས་ཞུགས། །མ་འགྲོ་ཀུན་སྒྲོལ་བའི་བྱེད་པོར་གྱུར། །བསྟན་པ་ཀུན་ཉི་ལྟར་བསལ་ནུས་ཤོག །ཅེས་སྨྲས་སོ། །
དེ་ནས་མར་ཡོང་ལྕང་གླིང་མཆོད་རྟེན་ཕྱིན་ནས་མགུར་མ་བླངས། གསང་སྔགས་སྒར་པ་བཀྲ་ཤིས་ཆོས་ལྡིང་དུ་བླ་མར་འབུལ་རྒྱུའི་ཞུགས་ཤིང་ལྕི་བ་ཉོས་གཞུང་ཀོ་བཏང་ནས་ཚེ་མཆོག་གླིང་དུ་རྩ་བའི་བླ་མ་པདྨ་རྒྱ་མཚོ་དང་སྐྱབས་མགོན་དྷརྨ་སེངྒེ་ལྷན་རྒྱས་སུ་བཞུགས་པ་ལ་ཞུགས་ཤིང་ཕུལ་ཏེ་མཇལ་ཁ་ཞུས། མཁར་རྡོ་རིན་པོ་ཆེ་དང་ཁམས་བྲག་ནག་གི་བླ་མ་ཡེ་ཤེས་རྡོ་རྗེ་གཉིས་ཀྱིས་སྦྱིན་བདག་བྱས་ཏེ་སྐྱབས་མགོན་དྷརྨ་སེངྒེའི་སྐུ་མདུན་ནས་གཅོད་དབང་བརྒྱ་ཚར་དང་སྨན་རྩིས་སྐུ་ངོ་སྦྱིན་བདག་བྱས་ནས་གཡུ་ཐོག་སྙིང་ཐིག་གི་དབང་ལུང་ཞུས། རྡོ་རྗེ་རྒྱལ་མཚན་གྱིས་དབུ་མཛད་བྱས། མཁར་རྡོ་རིན་པོ་ཆེ་པདྨ་གར་དབང་ཕ་ལའི་རྗེ་བཙུན་སོགས་ཀྱིས་གཅོད་ཚོགས་གནང་། ལྷ་སར་སྨོན་ལམ་ཚོགས་མཆོད་དང་མཆོད་མཇལ་མཛད། ཡུལ་རིང་ལྷ་ཁང་གི་སྨྱུང་གནས་པ་དང་ལྷན་དུ་གོང་ས་༸རྒྱལ་བའི་དབང་པོ་མཇལ་ཏེ་འཕགས་བསྟོད་ཀྱི་ལུང་ཞུས།
དེ་ནས་ཡར་སྟོད་ལ་ལོག་རྩིས་ཀྱིས་བ་ཐང་ནས་ང་ན་སྟེ་བྱེ་གཞིས་ལ་བཅོལ་མ་ལེན་དུ་སོང་རིན་ཆེན་སྟེང་དུ་རྐང་པ་ཤིན་ཏུ་ན་ནས་ལུས། གཞན་རྣམས་སྟོད་དུ་སོང་། བདེ་ཆེན་ཆོས་སྐྱིད་ནས་ཞབས་དཀར་གསུང་འབུམ་གཡར་ཏེ་ཀློག །དབུ་མཛད་འཇིགས་མེད་ཅེས་ལོང་བ་ཞིག་འདུག་པ་དེས་སེ་འབྲུ་སོགས་སྟེར། ཚོགས་གླུ་ཡར་ལ་བལྟས་པས་སོགས་བཏང་ངས་བློ་ལ་བཟུང་། སྙེ་མོ་སྨོན་དཀར་རྫོང་ནས་བླ་མ་རིན་པོ་ཆེ་གདན་འདྲེན་ཞུས་བཞིན་ཕེབས། ང་ཕ་རྩེ་རྩེ་པ་ལ་བཅོལ། ལྷ་ཀླུ་གཞུང་ཚོང་བུ་ཞིག་ཚོང་ལ་སོང་འདུག་པ་མདོ་བརྒྱད་སྟོང་དེའི་ལོ་གྲངས་ཀློག་བཅུག་པས་རྗེས་སུ་ངག་ལ་འགྲོ་གིན་འདུག །ཡོན་ཉིན་རེ་འབྲུ་ཟོ་བ་རེ་སྟེར། ཨ་ཎི་གཉིས་འདུག་པ་ལ་སྔོན་འགྲོའི་ཁྲིད་རྐང་ཟིན་བཅུག་ནས་ཁྲིད་བརྒྱབ། འབྲུ་བླ་མ་ལ་ཕུལ་ནས་སྐྱབས་མགོན་དྷརྨ་སེངྒེའི་རྣམ་ཐར་པར་དུ་བསྐྲུན་པའི་གཞི་བྱས། དེ་སྐབས་འབྲས་ཡུལ་སྐྱེད་ཚལ་དགེ་འདུན་རྣམས་ཀྱིས་ང་མཆོད་གནས་བྱས་པ་ལ་ཕྲག་དོག་གིས་ཆོས་རྩོད་གནང་བ་ལ་ལན་བརྒྱབ་པས་གྲོལ་ཏེ་ང་ལ་ཕྱག་འཚལ་ནས་ཤེར་སྙིང་གི་ལུང་ཞུས་སོང་། ཕ་རྩེ་རྩེ་པ་ནས་བླ་མའི་མདུན་ནས་འཕོ་ལུང་ཞུས། གཅོད་ཀྱི་སྦྱིན་སྲེག་གནང་སྐབས་ང་གཉིད་ཁུག་པས་བླ་མ་རིན་པོ་ཆེས་དགང་གཟར་བླུགས་མགོ་ལ་བཀྱོན། དེ་ཉིན་མི་མང་པོར་འདུག་པས་སྐྲག་པ་དང་ངོ་ཚ་བ་བྱུང་། སང་ཉིན་རིག་པ་དྭངས་ཤིང་ཐེ་ཚོམ་ཆུང་དུ་སོང་། ངོ་ཚ་ཨེ་བྱུང་གསུངས་དང་པོ་ངོ་ཚ་མ་བྱུང་སྟེ་རྗེས་སུ་ངོ་ཚ་བྱུང་ཞུས་པས་ཐམས་ཅད་ལ་དེ་ལྟར་གསུངས།
དེ་ནས་བླ་མ་རིན་པོ་ཆེ་དང་ལྷན་དུ་མར་ཚེ་མཆོག་གླིང་དུ་ཡོང་། ཀླུའི་གདོན་དགྲོལ་དང་གྲིབ་སེལ་རྟ་ནག་མ་ཞུས་པས་གནང་། ཐབ་ཆེན་པོ་ཞིག་གི་དཀྱིལ་དུ་བསྡད། མཐའ་སྐོར་དུ་མཆེད་གྲོགས་རྣམས་བཞུགས། དེ་ནས་འབྲས་སྤུངས་ཞོ་སྟོན་ལ་ཕྱིན། གླིང་སྐོར་ལ་རྐྱང་ཕྱག་བཏང་། དེ་ནས་ལྷ་ལུང་དུ་བཞུགས་ས་ལྟ་ལ་སོང་ཆིབས་པ་འདམ་རྩྭར་ཤོར་བས་ཞབས་གྲས་དེར་སོང་ཨ་ཅེ་ཀོང་མོ་ཞིག་དང་ང་གཉིས་ཞབས་ཕྱིར་བསྡད། བཙན་ཁང་དུ་མེ་ཕོར་གསོལ་སྐྱེམས་གཡར་དུ་བཏང་། ཨ་མ་ཞིག་གིས་གང་དགོས་གཡར། ང་སྔོན་མར་རྗེས་སུ་ངའི་རྒྱབ་ཏུ་ཁུར་པོ་ཁུར་ལག་ཏུ་གསོལ་སྐྱེམས་མེ་ཕོར་རེ་ཐོགས་ནས་སྤྲོད་དུ་སོང་ལམ་དུ་རྐང་པ་འདྲེད་བདར་ཤོར་ནས་གསོལ་སྐྱེམས་རྡོ་ལ་བརྡབས་ཏེ་བུག་པས་སྐྲག་ཅིང་དེ་ལ་བལྟས་ཏེ་ངུས་པས་བླ་མ་བཞད་དེ་སྐྲག་མི་དགོས་ངས་རིན་པ་བསྐུར་གསུངས་ནས་གནང་ཡང་ཨ་མས་མ་བླངས། འཇའ་ཚོན་ཆུ་མིག་ཏུ་གསུང་གཏོར་གནང་རྒྱུའི་ཆས་རྣམས་གཡར་ཤོག་གསུངས་གསེར་ཀོང་དུ་སོང་བས་ཁྱི་ལས་མ་ཐར་སྦྱིན་བདག་གིས་འགོར་བས་བླ་མ་དགོངས་པ་འཁྲུགས་ནས་རྡོས་རྡེག་ཏུ་ཕེབས་པས་མི་མང་དུ་འཚོགས་པས་ངོ་ཚ་བ་དང་སྐྲག་ནས་བྲོས་ཏེ་གླིང་སྲུང་ནང་དུ་ཡིབ། སྐྱབས་མགོན་དྷརྨ་སེངྒེའི་ཞལ་སློབ་ཤེལ་གྲོང་ཤག་པའི་བླ་མ་ཞིག་འདུག་པ་དེ་ལ་ཕྱག་བྲིས་གནང་ནས་ང་དང་ཚུལ་ཁྲིམས་གཉིས་ཟངས་ཡག་བྲག་དང་གངས་རི་ཐོད་དཀར་ལ་བཞུགས་གནས་ལེགས་ཉེས་ལྟར་བཏང་བས་དེར་ཕྱིན། རྒྱ་གར་རི་རྡོ་རྗེ་ཕག་མོ་གངས་རི་ལ་བཞུགས་པ་མཇལ་ནས་འཇམ་དབྱངས་མཁྱེན་བརྩེའི་དགོངས་གཏེར་ཇོ་ལུགས་སྒྲོལ་དཀར་གྱི་དབང་ཞུས། ཡར་ལམ་གསང་ཕུ་བློ་ལྡན་ཤེས་རབ་ཀྱི་བྲག་ཕུག་ཏུ་གནས་ཞག་བསྡད། ཚེ་མཆོག་གླིང་དུ་བླ་མ་མཇལ། བཞུགས་ས་སྤྲོ་མོ་འདུག་ཞུས། དྷར་སེང་རིན་པོ་ཆེས་ཤེལ་གྲོང་དུ་ཕྱག་བྲིས་གནང་ནས་བླ་མ་དང་ལྷན་དུ་གཞུང་ཀོ་བརྒྱུད་ནས་ཟངས་ཡག་བྲག་ཏུ་ཕྱིན། བླ་མ་རིན་པོ་ཆེ་སྐུ་མཚམས་གནང་ཨ་མ་མཚམས་གཡོག་བཞག །
དེ་ནས་ང་དང་བྱང་ཆུབ་ཚུལ་ཁྲིམས་གསུམ་བསོད་སྙོམས་སུ་སོང་བས་བྱེ་ལ་རྩེར་སླེབས་པ་དང་མར་བལྟས་པས་སྲིད་པ་བར་དོ་ཡིན་སྙམ་པའི་སྐྱོ་བ་སྐྱེས། ལོ་ཕུར་ཉ་མང་པོ་གསོད་པ་དང་རོ་སྤུངས་པའི་ཉ་དྲིས་ན་བ་དང་ཁ་ཟས་དང་གར་མི་འགྲོ་བར་ཤིན་ཏུ་ཡིད་སྐྱོ་བས་ཨུ་ཚུགས་ཀྱིས་སོང་། རིམ་པར་སྐྱིད་གཤོང་ལྕེ་ཞོལ་རྒྱ་གླིང་སོགས་ལ་སོང་། དེའི་ཕུ་ལ་ཨ་ཎིའི་དགོན་པ་ཆུང་ཆུང་ཞིག་ལ་སོང་ཚོགས་སྨུག་རྩི་མེད་པ་ཞིག་བཏང་། ཁུར་པོ་ཁུར་བས་ཐང་ཆད་ནས་ཟངས་ཡང་བྲག་ཏུ་ཡོང་། བླ་མའི་མདུན་དུ་བྱང་ཆུབ་གླིང་ནས་ཕུལ་བའི་ཁམ་བུ་གསར་པ་མང་པོ་འདུག་ཁམ་བུ་ཨེ་ཟོས་གསུངས་ངས་ཁམ་བུ་ཟ་རྒྱུ་ལྟ་ཅི་མིག་གིས་མ་མཐོང་ཞུས་པས་ཆོས་པ་རི་ལ་བསྒོམས་ན་ཟན་གོང་གྱེན་དུ་འགྲིལ་ཟེར་བ་ཡིན་གསུངས། དེ་ནས་སྦུད་སྡེ་སྒོམ་ཆེན་ཡུལ་རི་དགོན་དེའི་ཕུ་ལ་མགོན་པོ་ཞིག་ཀྱང་མཇལ། གཤོང་གཞིས་ཀ་ལ་སོང་། ང་ཤག་བྱང་ལྕམ་གྱི་མཆོད་གནས་བྱས། ཐོན་པ་གཞིས་ཀ་ཟེར་བ་ལ་འབྲས་སྤུངས་དགེ་སློང་བློ་བཟང་ནོར་བུ་མཇལ་ནས་གསར་མའི་སེང་གདོང་མའི་དབང་ཞུས། དེ་ནས་སྟག་ག་གཞིས་ཀར་སླེབས། ང་དེར་བསྡད་མཆེད་གྲོགས་གཉིས་ནས་གཞིས་ཀ་ལ་བོང་བུ་གཡར་ཏེ་ཟངས་ཡག་བྲག་ལ་སྐྱེལ་དུ་བཏང་། ང་གཅིག་པུ་བསོད་སྙོམས་དང་གནས་མཇལ་སོང་། བསམ་གླིང་རི་ཁྲོད་དུ་བྲག་ཕུག་མང་པོ་འདུག་པ་མཇལ་ནས་ཞག་ཤས་ཉམས་ལེན་བྱས་ཏེ་བསྡད། ཁམ་བུ་སྨིན་པ་མང་པོ་ཟོས། མཆེད་གྲོགས་གཉིས་ཆོས་ལུང་དགོན་པ་མཇལ་དུ་སོང་། དེ་ནས་ཟངས་ཡག་བྲག་ཏུ་ལོག །ཡང་ང་ལྷ་སར་མར་ཉོ་རུ་བཏང་། སྐྱབས་མགོན་དྷརྨ་སེངྒེ་འབྲུག་པ་ཨ་སྦུད་ནང་དུ་བཞུགས་པ་སྤོས་དང་ཚ་ལུ་མ་ཕུལ་ཏེ་མཇལ། མར་མི་ཞིག་གཏོང་དགོས་བསམས་པས་མ་དགོས་པ་ལེགས་འདི་གར་ཞབས་དཀར་རིན་པོ་ཆེའི་སྤྲུལ་སྐུ་ཕེབས་འདུག་པས་བླ་མ་རིན་པོ་ཆེར་ཞུ་དགོས་མར་གོང་ཆུང་དུ་འགྲོ་བས་གནས་སྐབས་མ་ཉོ་གསུངས། མར་བཞག་ནས་ཆུ་བན་དང་བླ་མ་ལ་འབུལ་རྒྱུ་ཨ་རག་ཤེལ་དམ་གང་ཉོས། ས་རུབ་ཙམ་ལ་ཨ་ཅེ་མང་པོ་དང་མཉམ་དུ་གཞུང་ཀོ་བརྒྱུད་ཡོང་སྐབས་ཀོ་ལོག་ཐེབས་པས་ང་ཀོ་བ་ནས་མཆོངས་ཏེ་ཤིང་སྡོང་ཞིག་ལ་འབྱར་ཏེ་བསྡད་པས་མ་སྐྱོན། ཨ་ཅེ་དེ་རྣམས་ཀྱིས་དར་འབག་ཞྭ་མགོ་མཁྱེན་ཟེར་བ་མ་གཏོགས་དཀོན་མཆོག་མཁྱེན་ཟེར་མཁན་མི་འདུག་པས་རང་གི་སྐྱབས་འགྲོ་ཤེས་པ་ལ་ཡིད་ཆེས་རྙེད། ཕ་རི་ལྗང་ཤར་སར་སྡོད་མི་ཐམས་ཅད་འདུས་ཏེ་མེ་བཏང་ཨ་རག་བཏུང་། ཤེལ་གྲོང་ཨོ་རྩེ་བར་བསྐྱལ། ཇ་ཞིག་བསྐོལ་ཁོང་ཚོ་མར་སོང་ང་ཡར་ཡོང་ནས་ཟངས་ཡག་བྲག་ཏུ་སླེབས། ཨ་མ་མཐོང་བ་དང་ངུས། རྒྱུ་མཚན་ཞུས་པས་བླ་མ་རིན་པོ་ཆེས་ལྷོང་ཚད་ཡིན་གསུངས། དྷརྨ་སེངྒེ་རིན་པོ་ཆེས་གསུངས་པའི་ལྗགས་ལན་རྣམས་ཕུལ། བླ་མ་རིན་པོ་ཆེ་ཞབས་དཀར་སྤྲུལ་སྐུ་མཇལ་དུ་ཕེབས། ང་ཤར་གཟིམ་དུ་བསྡད། ཨ་མ་དང་ཚུལ་ཁྲིམས་སོགས་དགོན་པ་ནུབ་ཏུ་བསྡད། ཞབས་སྤྲུལ་རིན་པོ་ཆེ་ལྷ་ས་ནས་ཆུ་ཕ་རི་ལྗང་བརྒྱུད་དུ་ཕེབས་པ་དང་ཨ་མ་སོགས་མཇལ་དུ་ཕྱིན། ང་གཅིག་པུར་བསྡད། བླ་མ་རིན་པོ་ཆེ་ཡང་གཙང་གནས་སུ་ཕེབས་རྒྱུ་བྱས་ཀྱང་ཞག་གསུམ་བཞི་ནས་ཨ་ཁུ་ཨ་ཎེ་གཙང་དུ་ཞབས་ཕྱིར་དང་། བླ་མ་རིན་པོ་ཆེ་དཔོན་གཡོག་ཚུར་ཟངས་ཡག་བྲག་ཏུ་ཕེབས། དེ་སྐབས་ངས་བླ་མ་རིན་པོ་ཆེ་ལ་ལུས་ངག་གི་ཞབས་ཏོག །ལྷ་ས་སོགས་ཐག་རིང་ཐུང་ཉིན་མཚན་གང་དུ་འགྲོ་ཡང་འཇིགས་སྐྲག་དང་འཚེར་སྣང་མེད་པར་ཁུར་པོ་ཁོ་ན་ལ་བརྟེན་ནས་བླ་མའི་གསོལ་ཞིབ་འབྲུ་ཁལ་ལྔའི་ལྗིད་ཀྱི་སྟེང་དུ་ང་རང་མ་བུ་གཉིས་ཀྱི་འཚོ་བ་ཁུར་ནས་འགྲོ་སྐབས་གཙང་འགྲམ་ལམ་ཁ་ཞིག་ཏུ་རྐང་པ་ཡ་གཅིག་བྱེ་རྡིབ་ཤོར་ཏེ་གོམ་གང་ཕྱིར་འགྲོས་བརྒྱབ་པ་དང་། དེ་འོག་ནས་ཆུ་ཁམ་ནག་ཅིག་དོན་སོང་བས་སྐྲག་ཅིང་དེང་སང་བསམ་བློ་བཏང་ཡང་ཤིན་ཏུ་སྐྲག་པར་འདུག །དེ་ལྟར་དཀའ་བ་སྤྱད་པས་མི་ཀུན་གྱིས་ང་ལ་བླ་མ་སྔགས་འཆང་གི་བོང་བུ་ཟེར། ཞབས་དཀར་མཆོག་སྤྲུལ་རིན་པོ་ཆེ་གཙང་ནས་མར་ཆིབས་བསྐྱུར་གནང་ནས་ཟངས་ཡག་བྲག་ཏུ་ཟླ་ཤས་བཞུགས། གངས་ཐོད་སོགས་མཇལ་ནས་ང་ཆུ་སྐོར་སོགས་ལ་རྩམ་པ་འཐག་རྒྱུ་དང་ཡར་མར་བཏང་། སྙེ་ཕུ་རྒྱལ་ཁང་སོགས་ནས་ཆིབས་རྩྭ་འབུལ་བྱེད་ཟན་ཁང་ཉོས། ལུག་ཤ་ཁོག་ལེགས་མང་པོ་ཉོས། ང་དང་བྱང་ཆུབ་ཚུལ་ཁྲིམས་གསུམ་གྱིས་མར་དྲངས། ཚེ་གླིང་རིན་པོ་ཆེ་དང་བླ་མ་ཞང་གི་སྤྲུལ་སྐུ་སོགས་ཕྱོགས་མཐའ་དག་ནས་མང་པོ་འདུས་ཏེ་རྟ་ཕག་ཡིད་བཞིན་ནོར་བུ་དང་ཞབས་དཀར་གྱི་ཆོས་བཀའ་གླེགས་བམ་ཡོངས་རྫོགས་ཀྱི་དབང་ལུང་ཞུས་པའི་མིང་རིག་འཛིན་ཆོས་ཉིད་བཟང་མོར་གནང་། དེ་ནས་ཞབས་སྤྲུལ་རིན་པོ་ཆེ་ལྷ་ལྡན་དུ་ཕེབས། དེ་ནས་མི་རིང་བར་ཨ་ལ་དབོན་པོས་བླ་མ་རིན་པོ་ཆེ་གདན་འདྲེན་ཞུས་བཞིན་ཕེབས། ང་དང་ཚུལ་ཁྲིམས་ཆུང་བ་གཉིས་ཞབས་ཕྱིར་ཕྱིན། ཟླ་བ་བཅུ་གཉིས་པའི་གནམ་གང་ཉིན་ཡར་ལམ་རྣམ་རྒྱལ་སྒང་ཚེ་རིང་ཚང་ལ་ཕེབས་ཞལ་ལག་ཕུལ་བའི་ནང་དུ་ཕག་ཤ་ཡོད་འདྲ་བས་དེའི་རྐྱེན་གྱིས་ཚེས་གཅིག་ལ་སྐུ་ཤིན་ཏུ་བསྙུངས་པས་ཞོལ་ཤར་དུ་བཞུགས་ཆིབས་བསྒྱུར་མཇལ། སྐུ་དྭངས་སྐྱེད་མ་བྱུང་བས་འབང་རྒྱས་ཤར་གླིང་ཁར་ཕེབས་ཏེ་བཞུགས། སྐྱབས་རྗེ་དྷརྨ་སེངྒེའི་གསང་ཆབ་བཞེས་པས་ཅུང་ཟད་དྭངས། ཡང་སྙུང་གཞི་ཆེར་སོང་བས་ཞབས་སྤྲུལ་རིན་པོ་ཆེ་གདན་འདྲེན་ཞུས། ཆིབས་རྟ་སྟག་རིས་ཅན་གཙོས་འཁོར་གསུམ་ཡོངས་དག་ལན་གསུམ་ཁམས་བོད་ཀྱི་བླ་མ་ཀུན་ལ་ཕུལ་བས་རྟ་སྐད་རྒྱག་འཕྲོས་ཁྲོམ་ལ་ཚོངས་གསུངས་པ་ལྟར་བྱས། ཨ་མདོ་བླ་མ་ཨེམ་རྗེ་ཞིག་ལྷ་ས་ཐལ་སྤུངས་སྒང་དུ་འདུག་དེར་གཟིགས་རྟགས་འབུལ་བར་ང་ཕྱིན། ནམ་ཚོད་མ་ཟིན་པར་སྔ་ནས་ཁྱི་རུབ་བརྒྱབ་ནས་ཐར་བས་ཀུན་ཁྱད་མཚར་བྱེད་འདུག །ཨེམ་རྗེས་ཞིང་གཤེགས་མི་ཡོང་ངམ་ཟེར། འོན་ཀྱང་བླ་མ་ཁྱད་འཕགས་སོང་བས་བསུན་བཟློག་ཅིག་འབུལ་དགོས་གསུངས། དེ་འབུལ་དགོས་ཚུལ་ཞུས་པས་ཁྱེད་རང་གཅིག་པུ་ཕུལ་གསུངས་པས་ང་རང་གཅིག་པུས་ཕུལ། ཐུགས་འཆོལ་བའི་ཚུལ་གྱིས་ང་ལ་ཆང་དེ་ཞིམ་པ་ལ་ཁྱོད་ཀྱང་འཐུངས་དང་གསུངས། ཡང་ལྟོས་དང་བུད་མེད་འཇའ་འཁྱིལ་བ་དེ་འདྲ་མང་བ་ལ་གསུངས། དེ་ནས་ཟླ་གཉིས་པའི་ཚེས་བཅུ་བདུན་ཞོགས་པ་ང་ལ་སྦྲ་ནག་ཞོལ་ཨ་མ་ནས་གདན་གཡར་བ་དེ་སྐྱོལ་ཤོག་གསུངས་ནས་ང་བཏང་། ང་ཕར་འགྲོ་དུས་ལམ་ཐམས་ཅད་འཇའ་ཡིས་གང་། འབང་རྒྱས་ཤར་གླིང་ག་ལའང་འཇའ་འོད་ཕྱོགས་གང་ནས་ཟུག་འདུག །དེར་སླེབས་དུས་རྩ་བའི་བླ་མ་པདྨ་རྒྱ་མཚོ་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་ཏེ་ནང་གསལ་ཕྲ་བའི་ཡེ་ཤེས་ཐིམ་ལ་མ་རྨུགས་པ་ཁྱད་ཆོས་དྲུག་དང་ལྡན་པའི་ཀློང་དུ་མྱ་ངན་ལས་འདའ་བར་གྱུར་ཏོ། །
དེ་ནས་ཀུན་མྱ་ངན་གྱིས་མནར་བས་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་བཏབ་བོ། །ཀྱེ་མ་ཀྱི་ཧུད་མགོན་པོ་ཐུགས་རྗེ་ཅན། །བསྟན་པའི་སྒྲོན་གཅིག་པདྨ་ཀཱ་རའི་གདུང་། །མ་ལུས་འགྲོ་བ་རྒྱ་མཚོའི་སྐྱབས་གཅིག་པུ། །བསྟན་འགྲོའི་ཉི་མ་ནུབ་རིའི་རྩེ་མོར་བཞུད། །མི་རེའི་དཔྲལ་བར་ཙཀྵུ་རེ་རེ་ཕྱུང་། །ལོང་བའི་སྣ་ཁྲིད་མིག་ལྡན་གང་དུ་འཚོལ། །མི་རེའི་མགོ་ནས་རྟ་བདུན་རེ་རེ་ནུབ། །མུན་དང་གྲང་བའི་རེག་བྱ་གང་གིས་སེལ། །དེ་བས་ཁྱེད་ཀྱི་ཐུགས་རྗེའི་ཡེ་ཤེས་ལ། །གཤེགས་དང་བཞུགས་དང་འཕོ་དང་འགྱུར་མེད་ཀྱང་། །ཀུན་ལ་སྣང་བའི་གཟུགས་སྐུའི་བུམ་པ་ཆག །རིག་པ་རང་ཚོད་ཟིན་རྣམས་མགོ་ཐོན་ཡང་། །ལམ་ཞུགས་གསར་བུ་དྭ་ཕྲུག་ཐང་དུ་བོར། །ཁྱེད་ཀྱི་འགྲོ་དོན་ཀུན་ལ་ཕྱོགས་མེད་ཀྱང་། །ངེད་ཚོའི་འདྲེན་པ་ཞི་བདེའི་ཞིང་དུ་གཤེགས། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་རྗེས་དགོངས་ནས། །དག་པའི་ཞིང་མཆོག་གང་དུ་བཞུགས་གྱུར་ཀྱང་། །གདུང་བའི་ང་རོའི་འོ་དོད་གསན་ཞིང་དགོངས། །ཐུགས་རྗེ་གློག་ལྟར་མྱུར་བའི་ཤུགས་བསྐྱེད་ལ། །སྤྲུལ་པའི་ཟླ་བ་གཞོན་ནུ་ཤར་རིའི་ཕྲག །རྡོ་རྗེའི་དམ་བཅའ་མི་དོར་གསར་དུ་ཚེས། །མཁས་བཙུན་བཟང་པོའི་རྣམ་ཐར་ལེགས་སྐྱབས་ནས། །ཐུགས་ཡིད་དབྱེར་མེད་རྗེས་སུ་བཟུང་དུ་གསོལ། །ཆོས་ཉིད་ཀ་དག་ཆོས་ཅན་བདེན་པའི་སྟོབས། །ལྷག་བསམ་རྣམ་དག་ཆོས་སྲུང་འཕྲིན་ལས་ཀྱིས། །ཇི་ལྟར་འདོད་དོན་སྨོན་པ་གང་ཡིན་པ། །ཇི་བཞིན་མྱུར་དུ་འགྲུབ་པར་མཛད་དུ་གསོལ། །ཞེས་ཕུར་ཚུགས་སུ་གསོལ་བ་བཏབ་པས་བླ་མ་དང་འབྲལ་བ་མེད་པའི་ཉམས་བྱུང་།
དེ་ནས་སྐུ་གདུང་ལ་ལོངས་སྐུའི་ཆས་གསོལ་ནས་ཐམས་ཅད་ཀྱིས་གདུང་མཇལ་ཞུས། དབུ་མཛད་བྱས་ནས་ཞི་ཁྲོ་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཞལ་ཕྱེས་ནས་གདུང་མཆོད་ཞུས། བདུན་དང་པོར་གཙུག་ལག་ཁང་ཡོད་ཚད་ལ་གསེར་ཀོང་བརྗེས། ཚེས་ཉེར་ལྔ་ཉིན་སྐུ་གདུང་ཕ་བོང་ཁར་གདན་དྲངས། སྐྱབས་མགོན་དྷརྨ་སེངྒེའི་སྐུ་མདུན་དེར་ང་མཆོད་བསྔོ་འབུལ་དུ་སོང་། ཚེ་མཆོག་གླིང་དུ་སྐྱབས་མགོན་དྷརྨ་སེངྒེ་སྐུ་སྙུང་གཞི་ཕྲན་བུ་བཞེས་འདུག་ཟེར་སྐུ་མདུན་པ་རྣམས་ལ་སྐྱབས་མགོན་དྷརྨ་སེངྒེ་ནས་ཨ་ཎི་ལོ་ཆེན་འདྲ་བའི་བུད་མེད་མང་པོས་ཕེབས་དགོས་ཟེར་འདུག་གསུངས་པས་རྐྱེན་བྱས་དེ་སྐབས་ང་རང་མཇལ་ཁར་ཕྱིན་པས་སྐུ་མདུན་པ་རྣམས་ནས་མཇལ་ཁ་བཏང་མ་བྱུང་། ཟླ་བ་གཉིས་པ་རྗེས་མའི་ཚེས་བཅུ་བདུན་ཉིན་སྐྱབས་རྗེ་དྷརྨ་སེངྒེ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པར་གྱུར་ཏོ། །སླར་ཡང་མྱ་ངན་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་བཏབ་བོ། །
ཀྱེ་མ་ཀྱི་ཧུད་བསླུ་མེད་དཀོན་མཆོག་གསུམ། །གཅིག་བསྡུས་ཁྱབ་བདག་དྷརྨ་ཆེ། །སྐྱེ་འཆི་མེད་པའི་སྐྱེ་འཇུག་དབང་བསྒྱུར་ཡང་། །གཟུགས་སྐུ་བསྡུས་ཚུལ་སྟོན་འདིས་སྙིང་ཁོང་སྟོང་། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་རྗེས་དགོངས་ནས། །སྤྲུལ་པའི་རྟ་བདུན་དམ་པའི་ངང་ཚུལ་དགུས། །བརྒྱན་པ་ཤར་རིའི་རྩེ་ནས་མྱུར་ཐོན་ཏེ། །ཞིང་འདིར་སྔར་བཞིན་རྗེས་བཟུང་ཞབས་པད་བརྟན། །འཕྲིན་ལས་འགྲོ་དོན་འཁོར་མཚོ་དོང་ནས་སྤྲུག །སྨོན་པའི་དོན་ཀུན་བདེ་བླག་མྱུར་འགྲུབ་ཤོག །ཅེས་སྨྲས་སོ། །
ཞིང་གཤེགས་ཁར་ང་ཡི་ཌ་དྲིལ་རྐང་གླིང་བཅས་མ་རྒྱུད་བསྟན་པ་འཛིན་པའི་རྟེན་འབྲེལ་དུ་ཨ་ཎི་ལོ་ཆེན་ལ་སྤྲོད་དགོས་ཞེས་ཞལ་ཆེམས་གནང་ཡང་རྐང་གླིང་ལས་ཌ་དྲིལ་སྤྲད་མ་བྱུང་། མར་ཡོང་གངས་ཐོད་དུ་རྡོ་རྗེ་ཕག་མོ་མཇལ་ང་ཉར་རོགས་ཞུས་པས་མ་ཉར་བས་སེམས་ཕམ་ཆེར་བྱུང་། ཤུག་གསེབ་ཏུ་བསྡད་ཆོག་པ་ཞུས་ཀྱང་དགེ་ལུགས་པའི་དགོན་པ་ཡིན་པས་མ་ལེགས་གསུངས། དེང་སང་དེ་དུས་ལ་བསམས་ཏེ་ཉམ་ཆུང་རང་ལ་འཁོར་མཁན་ལ་སྙིང་རྗེ་རང་དཔེ་སྦྱར་ཏེ་བྱེད་ཁུལ་ཡིན། དེ་ནས་ཟངས་ཡག་བྲག་ཏུ་ཡོང་། རྩ་བའི་བླ་མའི་སྐུའི་རྗེས་འཇུག་ཁང་རྩེགས་མཆོད་རྟེན་གདུང་འབུམ་ལ་ས་དང་གདུང་རུས་བསྲེས་ནས་རྡོ་རྗེ་སེམས་དཔའི་སྐུ་འབུམ་གཅིག་ང་རང་གཅིག་པུས་བཞེངས་ཚར་བ་དང་འཇའ་མང་པོ་ཟུག་པ་ཤེལ་གྲོང་ཀུན་གྱིས་མིག་མཐོང་བྱུང་། ཟངས་ཡག་བྲག་ཏུ་གཏེར་སྟོན་རང་རིག་རྡོ་རྗེ་ཕེབས་པ་དང་མཇལ། སྐུ་ཚིགས་ཞེ་དགུ་ཡང་ཕུལ། དེ་ནས་ང་ལོ་ངོ་གསུམ་ལ་རྟ་ཕག་བསྙེན་མཚམས་དམ་པོར་བསྡད། ཁམས་བླ་སངས་རྒྱས་བསྟན་འཛིན་རིན་པོ་ཆེ་སྔོན་ནས་ཞལ་འཚོ་བཞིན་སྐྱབས་མགོན་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་རིན་པོ་ཆེ་ཟངས་ཡག་བྲག་ལ་ཕེབས་ཚེ་བླ་མ་ཡང་ཏིའི་བཀའ་དབང་ངེས་པར་ཞུས་ཞེས་ཕྱག་བྲིས་ཕེབས་པར་ཡི་གེ་ཀློག་མ་ཤེས་པས་རྗེས་རྫོགས་ཆེན་རིན་པོ་ཆེ་ཕེབས་སྐབས་བླ་མ་ཡང་རིའི་བཀའ་དབང་གནང་རོགས་ཞུས་པས་ཡང་རི་མ་རེད་ཡང་ཏི་རེད། ད་རེས་ཕྱག་དཔེ་མེད་པས་གནས་སྐོར་འཁོར་ནས་ལྷ་སར་སླེབས་སྐབས་བཀའ་དབང་གནང་ཆོག་གསུངས། རྗེས་སུ་གཅོད་ཀྱི་བསྙེན་མཚམས་ཤིག་ཀྱང་བསྡད་ནས་གྲོལ་དུས་གཅོད་ཀྱི་སྦྱིན་སྲེག་བྱེད་སྐབས་དཀྱིལ་འཁོར་སྟེང་ནས་བྲག་རྡོ་ཤིན་ཏུ་ཆེ་བ་ཞིག་ཟག་པས་དཀྱིལ་འཁོར་ཀུན་བཀབ་ཀྱང་ང་རང་ལ་སྐྱོན་མ་བྱུང་། དེ་ནས་ལྷ་སར་ཕྱིན། སྟག་ལུང་མ་རིན་པོ་ཆེ་མཇལ། རྡོ་ཟག་པའི་ལོ་རྒྱུས་ཞུས་པས་དེ་ལྷོང་ཚད་ཡིན་པས་ཤིན་ཏུ་ལེགས་གསུངས། རྟ་ཕག་སྦྱིན་སྲེག་ཏུ་མཆེད་གྲོགས་བླ་མ་ངག་དབང་ལགས་ཕེབས་ཞུས་ཀྱང་ལྕགས་པོ་རིར་སྐྱབས་མགོན་དྷརྨ་སེངྒེའི་སྐུ་མཆོད་ལ་ཕེབས་དགོས་གསུངས་ནས་མ་ཕེབས། སྐྱབས་མགོན་དྷརྨཱ་སེངྒེ་ཞིང་གཤེགས་སྐབས་ཐུགས་ལྗགས་སྤྱན་གསུམ་ལས་གྲུབ་པའི་སེང་གདོང་མའི་སྐུ་ཞིག་ཡོད་པ་དེར་ཞལ་གསེར་འབུལ་བར་ཕྱིན་པས་བླ་སྨན་པ་རྣམས་ནས་གསེར་སྤུས་མ་ལེགས་ཟེར་ཏེ་འབུལ་མ་བཅུག །དེ་ནས་ང་སྐུ་མཆོད་དང་སྦྱིན་སྲེག་ལ་ཕེབས་མི་མ་བྱུང་སྟབས་སེམས་སྐྱོ་ནས་བསྡད་ཡོད་པས་སྟག་ལུང་མ་སྤྲུལ་རིན་པོ་ཆེ་ནས་ང་དང་ཞབས་དྲུང་རིན་པོ་ཆེ་རག་ཤག་རྗེ་བཙུན་གསུམ་གྱིས་ཡོང་ངམ་གསུངས་ནས་ཕེབས། མཆེད་གྲོགས་གཞན་ཕན་སོགས་ཀྱིས་ཚོགས་ལས་རིན་ཆེན་ཕྲེང་བ་བཏང་ནས་སྐུ་མཆོད་ཕུལ། རྫོགས་ཆེན་རིན་པོ་ཆེ་ལྕགས་པོ་རིར་བཞུགས་འདུག་པའི་སྐུ་མདུན་དུ་གཡུ་ཐོག་སྙིང་ཐིག་གི་དབང་ཞུས། དེ་དུས་གང་ཤར་རིན་པོ་ཆེ་ཆུང་ཆུང་མ་སྤྲུལ་རིན་པོ་ཆེའི་སྐུ་མདུན་དུ་གསོལ་ཅོག་ལ་འཁྱུད་དེ་ཕེབས་པ་ཞིག་འདུག །ཡར་བྱོན་གནས་ཆུང་དུ་དཀྱིལ་འཁོར་དང་ཕྱག་དཔེ་གཡར། རག་ཤག་ལྡིང་ཆ་ལ་བླ་མ་ཡང་ཏིའི་དབང་ཞུས། ཇོ་བོའི་སྐུ་མདུན་ནས་ཁམས་སེམས་བསྐྱེད་འབོག་ཆོག་གི་སྡོམ་པ་ཞུས་པས་སྔར་དང་མི་འདྲ་བའི་གཞན་ཕན་བློ་སྦྱོང་བོགས་ཐོན་པ་བྱུང་། དེ་ནས་མར་ཡོང་ཟངས་ཡག་བྲག་ཏུ་བསྡད། ཡང་ཤུག་གསེབ་དང་གངས་རི་ཐོད་དཀར་མཇལ་དུ་ཕྱིན། གངས་ཐོད་དུ་དཔལ་སྤྲུལ་རྡོ་རྗེ་འཆང་གི་དངོས་སློབ་བླ་མ་སངས་རྒྱས་བསྟན་འཛིན་སྐུ་མདུན་ནས་ངས་སྤྱོད་འཇུག་དང་དངུལ་ཊཱིཀྐ་སྡོམ་གསུམ་རབ་དབྱེ་བཟང་སྤྱོད་བཤེས་སྤྲིངས་ཤིང་རྟ་རྣམ་གཉིས་བླ་མ་ཡང་ཏིའི་བཀའ་ཁྲིད་ལེགས་པར་ཞུས། གཞན་དག་ལ་ཚར་བརྒྱ་ཐམ་པ་འཆད་རྒྱུའི་ཁས་ལེན་བྱས། སེམས་བསྐྱེད་འབོག་ཆོག་གི་སྡོམ་པ་ཞུས། བཏང་རག་འབུལ་སྐབས་ངེད་མ་བུ་རྣམས་ལ་རྩམ་པ་མང་པོ་མེད་པས་བྱང་ཆུབ་སྒྲོལ་མ་སྙེ་ཕུ་ལ་རྩམ་མར་གཡར་དུ་ཕྱིན་ནས་ཚོགས་བརྒྱ་བརྒྱ་མཆོད་ཕུལ། བླ་མ་སངས་བསྟན་རིན་པོ་ཆེ་ནས་ཁྱེད་རང་རབ་བྱུང་སྒྲུབས་གསུངས་ནས་ལུང་བསྟན་མཛད།
དེ་ནས་ང་རང་འཁོར་བཅས་དགུན་ཟངས་ཡག་བྲག་ལ་བསྡད། དབྱར་ཁའི་རིང་ཤུག་གསེབ་དང་གངས་རི་ཐོད་དཀར་དེའི་གཡས་གཡོན་བྲག་ཕུག་ཤར་གཟིམ་ཕུག་ལྟེ་བ་གཟིམ་ཕུག་མེ་ལོང་གཟིམ་ཕུག་སོགས་ལ་བསྡད་ནས་ལྷ་འདྲེ་མི་གསུམ་ཀུན་ལ་སྤྱོད་འཇུག་ཚར་བརྒྱ་ཐམ་པ་ལོང་ངེས་བཤད་ཁྲིད་བྱས། ཁྱད་པར་ལྟེ་བ་གཟིམ་ཕུག་ཏུ་ཡི་དམ་གྱི་བཀའ་ཁྲིད་ཞུས་ཏེ་བསྙེན་སྒྲུབ་གཞན་དོན་ཁོ་ནར་དམིགས་ཤིང་བསམ་གཏན་རྣམ་སྣང་གི་ཆོས་བདུན་དང་ལྡན་པའི་ངང་ནས་རྟོག་མེད་མཉམ་པ་ཆེན་པོར་བཟླས་ཤིང་བསྡད་ཡོད་སྐབས་སྒྲ་ཆེན་པོ་ཞིག་གྲག་བྱུང་བ་དང་མཉམ་དུ་གཟིམ་ཕུག་ནང་དུ་ཁྱི་ཞིག་ཧར་ཚུབས་སེ་བྲོས་བྱུང་། ཁྱི་དེ་ང་ཡི་པང་དུ་འབྱར་ཞིང་ཤིན་ཏུ་སྐྲག་པའི་རྣམ་འགྱུར་བྱེད་འདུག་པ་དང་དེའི་རྒྱབ་ཏུ་གཅན་གཟན་གཟིག་ཆེན་པོ་ཞིག་ཁ་གདངས་མིག་བགྲད་མཆེ་བ་གཙིགས་སྤུ་གྲྭ་གཟིངས་རྔ་མ་འཕྱར་ཞིང་རྔམ་སྟབས་ཀྱིས་ཁྱི་དེ་དེད་བྱུང་། གཟིམ་ཕུག་ནང་དུ་སླེབས་པ་དང་དུས་མཉམ་དུ་ང་རང་སྙིང་རྗེ་ཤས་མི་བཟོད་པ་ཞིག་སྐྱེས་བྱུང་། སྒྱུ་མ་ལྟ་བུ་འཇིགས་པ་མེད་པའི་ཏིང་ངེ་འཛིན་གྱིས་ལོག་རྟོག་འཁྲུལ་སྣང་ཞི་བ་བྱམས་པའི་ལྟ་སྟངས་ཀྱིས་ངག་ནས་དྷ་ལི་སྡོད་སྡོད་ཨི་བྱས་པས་གཟིག་དེ་ངར་སེམས་ཞི་སྤུ་གྲྭ་དང་རྔ་མ་ཕབ་གུས་པའི་ཚུལ་གྱིས་གཡོན་ཕྱོགས་སུ་ཉལ་ནས་བསྡད། ཁྱི་ནི་བདག་པོ་དང་འཕྲད་པ་ལྟར་སྐྱབས་ཞུ་བའི་ཚུལ་གྱིས་བསྡད། ང་ཡེ་བབས་ཀྱི་རིག་པ་རང་གདངས་མ་འགགས་པའི་ངང་ལ་ཀློང་ཆེན་པོར་འབྱམས་ཀླས། སྟོང་ཉིད་སྙིང་རྗེ་དབྱེར་མེད་དཔེར་ན་དྭངས་པའི་རྒྱ་མཚོར་གཟའ་སྐར་བཀྲ་བ་ལྟར་གཞི་མ་གཡོས་པར་རྩལ་འགག་མེད་སྙིང་རྗེ་ཆེན་པོས་ཁྱི་གཟིག་གཉིས་ལ་འདི་སྐད་ཅེས་སྨྲས་སོ། །
སྐྱབས་སྣང་སྲིད་ཟིལ་གནོན་ཐོད་ཕྲེང་རྩལ། །མ་འཕགས་མ་འཇིགས་སྐྱོབ་ལབ་ཀྱི་སྒྲོན། །དཔལ་ཐེག་རྩེའི་སྒྲོན་གཅིག་ཀློང་ཆེན་པ། །དོན་དབྱེར་མེད་པདྨ་རྒྱ་མཚོར་འདུད། །སྔོན་ཨ་མ་དྲིན་ཆེན་ཁྱི་དང་གཟིག །རྒྱུད་བདེ་གཤེགས་སྙིང་པོ་ཡེ་གནས་ཀྱང་། །སེམས་མ་རིག་དབང་གིས་འཁོར་བར་འཁྱམས། །གཏི་མུག་གི་ལས་ཀྱིས་དུད་འགྲོར་སྐྱེས། །ཞེ་སྡང་གི་དབང་གིས་གསོད་ལ་རྔམ། །འདོད་ཆགས་ཀྱི་དབང་གིས་ཟ་རུ་འདོད། །ཁྱོད་གསོད་དུ་རེ་ཞིང་ཤོར་དུ་དོགས། །རེ་དོགས་ཀྱི་སྡུག་བསྔལ་དཔག་མེད་མྱོང་། །དེ་མི་དགེའི་སེམས་ཀྱི་བྱེད་འབྲས་ཡིན། །ཁྱོད་སྡུག་བསྔལ་མ་འདོད་སྡིག་པ་སྤོངས། །བདེ་བ་དེ་འདོད་ན་དགེ་བ་སྒྲུབ། །ཁྱེད་གཉིས་ཀྱང་སྔོན་གྱི་མ་བུ་ཡིན། །ངོ་མ་ཤེས་གཅིག་གིས་གཅིག་གསོད་འདོད། །སེམས་འཇིགས་སྐྲག་ཞེ་སྡང་འཁྲུལ་སྣང་ཡིན། །འཁྲུལ་མཁན་ལ་བལྟས་པས་གཞི་རྩ་བྲལ། །དོན་རིག་པ་སྐུ་གསུམ་གྱི་གནས་ལུགས་ལ། །དཔལ་ཀུན་ཏུ་བཟང་དང་ཆོས་བྱེད་བདག །ཁྱེད་ཐིག་ལེ་ཅན་དང་ཀུ་ཀུ་རྣམས། །གཞི་བདེ་གཤེགས་སྙིང་པོར་བཟང་ངན་མེད། །སྔོན་དགའ་རབ་རྗེ་དང་ཐང་སྟོང་པས། །དུད་འགྲོ་ལ་བསྒོམ་བཏབ་གྲོལ་བ་ལྟར། །སྤྲང་དམ་པ་དེ་རྣམས་རྗེས་འཇུག་ཡིན། །སེམས་ཅན་ཀུན་སངས་རྒྱས་ཀྱི་རྒྱུ་ཡིན་ཕྱིར། །སྣོད་མ་གྱུར་པའི་སེམས་ཅན་གཅིག་ཀྱང་མེད། །དོན་དེ་བས་ཁྱོད་གཉིས་གུས་པས་ཉོན། །ང་སྐྱེ་མེད་ཀ་དག་གི་རང་རྩལ་ལས། །འགགས་མེད་སྙིང་རྗེ་ཡི་སྒྱུ་འཕྲུལ་བསྒྱུར། །གནས་མེད་རང་གྲོལ་གྱིས་བྱིན་རླབས་བྱེད། །བྱང་ཆུབ་ཏུ་སྤྱོད་པའི་ཁྲིད་གཅིག་འདེབས། །ཐེག་མཆོག་ཨ་ཏི་ཡི་ཡེ་བསྒོམ་སྟོན། །སྨན་ཟ་ཧོར་དུ་སྐྱེས་པའི་ཨ་ཙར་མོ། །ཡུལ་གངས་ཤུག་ཏུ་གནས་པའི་གཅན་གཟན་གཉིས། །དུས་མ་བཏབ་ཀྱང་མཉམ་དུ་འཕྲད་པ་དེ། །ལས་སྨོན་ལམ་འདུལ་བྱ་འདུལ་བྱེད་ཀྱིས། །དཔེ་ཤྭ་མོ་རློན་པས་སྤང་རྡོལ་བཞིན། །གནས་ལྟེ་ཕུག་འདིར་མངོན་སུམ་སྨིན་པ་ཡིན། །གཤིས་རིག་པ་རང་གྲོལ་གྱི་སྨོན་ལམ་འདི། །གང་ཐོས་ཚད་སེམས་ཅན་མ་ལུས་པ། །སྐྱེ་བ་གསུམ་ཚུན་དུ་སངས་རྒྱས་པ། །མགོན་ཐོག་མའི་མགོན་པོའི་བདེན་ཚིག་ཡིན། །འཁྲུལ་མེད་ཀྱི་རིག་པ་རང་གསལ་ནས། །ལྷག་བསམ་དྲི་མེད་ཀྱི་སྨོན་ལམ་འདིས། །ཁྱེད་གཉིས་སོགས་སེམས་ཅན་མ་ལུས་པ། །ཁྱད་ཆོས་དྲུག་ལྡན་དུ་མྱུར་གྲོལ་ཤོག །ཅེས་སྨྲས་པས་གཟིག་མིག་མཆི་མ་འཁྲུག་གེ་བ་གུལ་གུལ་བྱེད་ཅིང་ངར་སེམས་ཞི། དེ་གཉིས་ཀྱི་རྒྱུད་ལ་བྱང་ཆུབ་ཀྱི་ས་བོན་ཐེབས་པར་སེམས་སོ། །
དེ་ནས་ང་རབ་བྱུང་སྒྲུབ་གསུངས་པ་དྲན་ནས་ལྷ་སར་ཕྱིན། མ་སྤྲུལ་རིན་པོ་ཆེ་མཇལ་ནས་རབ་བྱུང་སྒྲུབ་གསུང་ཚུལ་ཞུས་པས། ཇོག་པོ་སྤྲུལ་སྐུར་ཞུས་གསུངས་པས་དེར་ཕྱིན་ནས་ལོ་རྒྱུས་ཞུས་པས་ཁྱེད་རང་རི་ཁྲོད་པ་ཡིན་སྟབས་མ་སྒྲུབ་ཀྱང་ཆོག །དེ་དགོས་ཆའང་མང་པོ་བྱ་རྒྱུའང་མང་པོ་ཡིན་པས་གང་བྱུང་དེས་ཆོག་གནང་ན་གསུངས་ནས་ལེགས་བཤད་གསེར་ཐུར་ཞེས་པའི་དཔེ་ཆ་པོད་ཆེ་བ་གཅིག་དང་ཇ་སྦག་གཅིག་གནང་བྱུང་། མ་སྤྲུལ་རིན་པོ་ཆེར་ཞུས་པས། འོ་དེ་ལྟར་ལོས་ཡིན་གསུངས། ཡང་གོང་ས་༸རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཇལ་བར་ཕྱིན་པས་རྩེ་ཕོ་བྲང་དུ་ཁྲལ་སྡེའི་དྲུང་ཡིག་ལགས་ཀྱིས་བོས་ནས་གསོལ་ཇ་བཞེས་འབྲས་གནང་། རས་རྐྱང་གྱོན་ནས་འགྲོ་མ་ཆོག་པས་མཆེད་བྱང་ཆུབ་ནས་ཕྱིང་པའི་ཕྱུ་པ་གཅིག་ལ་ཞོ་གསུམ་སྤྲད་ནས་ཉོས། དེ་མ་གུས་པར་འགྲོ་ཡོང་སྙམ་ནས་གཟན་ཞིག་གཡར་བས་འབུ་རས་གཟན་ཞིག་བྱུང་། དེ་གྱོན་ཏེ་སོང་བས་ལམ་དུ་སྐུ་དྲག་ཅིག་གིས་བཤུས་སོང་། གཟན་མེད་པར་མཇལ་ཁར་ཕྱིན། མཇལ་ཚར་ནས་ཕྱིར་ཐོན་པ་དང་ཕྱིང་པའི་ཕྱུ་པ་གྱོན་པ་དེ་ཡར་ཤོག་གསུང་གི་འདུག་ཟེར། ངེད་རྣམས་ཤིན་ཏུ་སྐྲག་ཀྱང་ང་ཡར་བཅར་བས་བཞུགས་གདན་ཞིག་དང་ཅོག་ཙེ་ཆུང་ངུ་ཞིག་བཀྱོན་འདུག །ཅོག་ཙེའི་སྟེང་དུ་ཁ་ཟས་སྡེར་ཁ་བསྒྲིགས། ང་ལ་དེར་སྡོད་གསུངས་གསོལ་ཇ་གནང་། དམ་རྫས་ཕབ་རྒྱུན་ཡིན་གསུངས་ནས་དར་གོས་ཀྱི་ཐུམ་སྣ་ཚོགས་སློ་མ་ཆེ་བ་ཞིག་གནང་། སྣོད་ཡར་ཕུལ་བས་མཉམ་དུ་གནང་མར་ཡོང་དུས་ཨ་ཎི་ཐུབ་བསྟན་ཆོས་སྒྲོན་མགོ་འདྲེན་འཚོལ་དུ་སོང་བ་ཡིན་ཟེར།
དེ་ནས་ལྷ་སར་མ་སྤྲུལ་རིན་པོ་ཆེའི་སྐུ་མདུན་དུ་ཀློང་ཆེན་སྙིང་ཐིག་ཡོངས་རྫོགས་དང་སྟག་ལུང་བཀའ་རྒྱུད་ཆོས་སྐོར་ཞུས། ཉིན་གཅིག་གཙུག་ལག་ཁང་དུ་ཇོ་མཇལ་ཕྱིན་པས་མ་རིན་པོ་ཆེ་ཇོ་བོའི་སྐུ་མདུན་དུ་ཆོས་གོས་བཞེས། ཕྱག་ནང་ལྷུང་བཟེད་བསྣམས་ནས་བཞུགས་འདུག །ང་སླེབས་པ་དང་ལྷུང་བཟེད་དེ་སྐོར་གནང་མཛད་པས་ཟན་རིལ་གཅིག་ཕྱིར་ཐོན་པ་དེ་ང་ལ་གནང་ནས་ལྟོས་གསུངས། ཁ་གཤག་སྟེ་བལྟས་པས་སྐྲ་བཅད་མ་བྱེད་སྔར་དང་འདྲ་བ་ལ་རབ་ཏུ་བྱུང་ན་བཟང་ཟེར་བ་ཞིག་འདུག་དེ་ནས་མ་རིན་པོ་ཆེས་གནངས་ཉིན་རག་ཤག་གཟིམ་ཁང་དུ་ཤོག་གསུངས་བཅར་བས་ལྡིང་ཆར་མཁན་རིན་པོ་ཆེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ངག་དབང་བསྟན་པའི་ཉི་མའི་མདུན་དུ་ང་དང་བྱང་སྒྲོན་གཉིས་རབ་ཏུ་བྱུང་ནས་བརྗེ་བ་གསུམ་གྱི་སྐབས་ངག་དབང་གྲགས་པ་རྣམ་རྒྱལ་དུ་མིང་བཏགས། གྲྭ་ཆས་མེད་པས་རག་ཤག་རྗེ་བཙུན་གཉིས་ནས་གཅིག་གིས་གཟན་ཤམ་སྟོད་འགག་གཅིག་གིས་ཤམ་མཇུག་ཆོས་གོས་ཆབ་བླུག་བཅས་ཆ་ཚང་གནང་། ངེད་གཉིས་རབ་བྱུང་གྲུབ་ནས་མཆོད་མཇལ་ལ་ཕྱིན་པས་གཉིས་ཀར་སྐྲ་ཡོད་སྟབས་ཀྱིས་གྲྭ་ཆས་གྱོན་པའི་ཨ་ཅེ་གཉིས་འདུག་ཟེར་ནས་མི་ཀུན་ཡ་མཚན་ཏེ་ལྟད་མོ་ལྟ་འདུག །ང་རབ་བྱུང་གྲུབ་པ་དང་སྣང་བ་ལ་གང་ཤར་བྱེད་དགོས་པར་ཤར། བྱང་ཆུབ་སྒྲོན་མར་ཆང་བཙོས་བྱས་པས་བཙོས་འཕྲལ་ངས་སྔ་དྲོ་ཕབ་བརྒྱབ་པས་དགོང་མོ་ཆང་ལངས་འདུག །དེ་ནས་ང་ཉིན་མཚན་ཁོར་ཡུག་ཏུ་མི་ཕལ་པས་མི་གོ་བའི་སྐད་གྲགས་པས་མ་སྤྲུལ་རིན་པོ་ཆེས་ཡི་གེར་ཕབ་ནས་སཾ་སྐྲྀ་ཏའི་སྐད་རེད་གསུངས། དེ་ནང་མ་འོངས་འབྱུང་འགྱུར་གྱི་ལུང་བསྟན་སོགས་ཡོད་པ་འདྲ། དེ་ནས་མར་ཤུག་གསེབ་ཏུ་འགྲོ་དགོས་པའི་སྣང་བ་ཤར། ཡོང་དུས་ཀོ་བ་མེད་པར་གཙང་པོའི་གཞུང་དུ་ཆུ་སྟེང་ཡོང་ནས་འདི་སྐད་སྨྲ་བཞིན་སོང་ངོ་། །
ན་མོ་གུ་རུ་པདྨ་ས་ར་ཡེ། །ཨརྱ་ལོ་ཀེ་ཤྭ་ར་ཏེ་ཝ་ཧོ། །ཏཱ་རེ་ཌཱཀྐི་ས་ར་ཛ་ཡ་བྷྱ། །ངའི་སྣང་བ་གང་ཤར་ངོ་བོས་སྟོང་། །སྟོང་པའི་རང་རྩལ་གོ་མ་འགགས། །གཉིས་མེད་སྒྱུ་མའི་ཆོ་འཕྲུལ་ལ། །ཨ་འཐས་བག་ཆགས་རང་སར་གྲོལ། །བདེན་མེད་རང་བྱུང་རིག་རྩལ་ལ། །གང་ལྟར་ཤར་བ་དེ་ལྟར་བྱུང་། །དགག་སྒྲུབ་རེ་དོགས་འཁྲུལ་གྲོལ་ཞིག །ཐོག་མེད་དྲི་བཞོན་བར་སྣང་སྒྲོད། །ཐོལ་བྱུང་ནཱ་དའི་གླུ་དབྱངས་སྒྲོགས། །ཟག་མེད་ཏིང་འཛིན་བཅུད་ལ་རོལ། །བར་མེད་འོད་གསལ་རྣལ་དུ་གཟིམས། །ཤུགས་འབྱུང་བརྟུལ་ཞུགས་སྤྱོད་པ་འདི། །མཁར་ཆེན་བཟའ་ཡི་ཕྱག་སྲོལ་དང་། །ལབ་ཀྱི་སྒྲོལ་མའི་གདུང་སོབ་ཡིན། །ཆོས་བརྒྱད་ཀྱི་སྤྱན་སྔར་མ་མཛེས་ཀྱང་། །དབྱིངས་ནས་རྒྱལ་བ་སྲས་བཅས་དགྱེས། །ཉམས་རྟོགས་ཀློང་རྡོལ་ཁོང་ལུད་ཕྱིར། །སྦ་དང་གསང་བ་རང་སར་གྲོལ། །ལྷ་འདྲེ་མི་གསུམ་གང་དགྱེས་མཛོད། །སོ་སྐྱེའི་སྣང་ངོར་སྤྲང་མོ་སྨྱོ། །ཆོས་བརྒྱད་ལ་རེ་དོགས་མ་བྱས་ཕྱིར། །སྤྲང་མོའི་སྣང་ངོར་འཇིག་རྟེན་སྨྱོ། །རང་བྱུང་གཞན་དབང་ཡེངས་འཁྲུལ་ཕྱིར། །སྨྱོ་འབྲས་སུས་ཐོབ་རྒྱུན་དུ་ལྟ། །འགྱུར་ལྡོག་གང་ཡོད་དྲང་སྲོང་ཤེས། །ཧ་ཧ་གཤིས་ལུགས་ངོ་རེ་མཚར། །ཧེ་ཧེ་སྐུ་གསུམ་རང་ལ་རྙེད། །ཧོ་ཧོ་རང་གནས་སྒྲིབ་ཀུན་སྡུག །ཧི་ཧི་འདུལ་དཀར་དཔའ་མི་ཞུམ། །འགྲོ་ཀུན་འདི་ལྟར་མྱུར་གྲོལ་ཤོག །
ཅེས་སྐད་ཅིག་གིས་གྲོགས་པོ་ན་ཁར་སླེབས་དུས་སྤང་ཁ་ཞིག་ལ་གདིང་བ་བཏིང་ནས་ཕྱག་ཅིག་འཚལ་དགོས་བསམས་པ་ལ་སྐད་ཅིག་གི་ཤུག་གསེབ་ཏུ་སླེབས་འདུག །མར་བལྟས་པས་གདིང་བ་གྲྭ་ཆས་རྣམས་གྲོགས་པོ་ན་ཁར་སྤུང་ངེ་ལུས་འདུག །ཡུམ་ནས་ཨ་ཎི་སངས་རྒྱས་ལེན་པར་བཏང་། སྐུ་གཉེཪ་ཤག་ལ་བསྡད་ནས་གཏོར་མ་གཏོང་སྐབས་ངའི་སྣང་བ་ལ་ཞྭ་མོ་དེ་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་ལུས་སོང་བསམས་པས་དེ་མ་ཐག་ང་ཇོ་བོའི་སྐུ་པང་དུ་སླེབས། སྐལ་ལྡན་ཆོས་སྒྲོན་ནས་ང་འདུ་ཁང་ནང་དུ་ཟག་འདུག་ལྡེ་མིག་ཁྱེར་ཤོག་ཅེས་ལྷར་གཉེར་འབོད་པར་བཏང་ཤུལ་གཙུག་ལག་ཁང་གི་ཕྱི་རོལ་དུ་ཡང་སླེབས་འདུག་ཟེར། མངོན་ཤེས་དང་ཟང་ཐལ་དུ་འགྲོ་བ་ལ་ཐོགས་པ་མེད་ཅེས་ཨ་མ་དང་མཆེད་གྲོགས་རྣམས་ནས་གླེང་འདུག །
ང་གངས་ཐོད་དུ་ཕྱིན། ཁམས་བླ་སངས་རྒྱས་བསྟན་འཛིན་མཇལ་བས་རབ་བྱུང་གྲུབ་བམ་གསུངས་གྲུབ་ལགས་ཞུས་པས་སྐྲ་མི་བཞར་བ་ཅི་ཡིན་གསུངས། ལོ་རྒྱུས་རྣམས་ཞུས། དེ་ནས་བླ་མ་སངས་རྒྱས་བསྟན་འཛིན་རྡོ་རྗེ་བྲག་ཏུ་བསྟན་འཛིན་རིན་པོ་ཆེས་བསམ་ཡས་སུ་གདན་འདྲེན་ཞུས་པས་སྐྱོ་བའི་སྣང་བས་ངུས་སོ། །ང་གངས་ཐོད་ཀུན་མཁྱེན་གཟིམ་ཕུག་ཏུ་བསྡད། ཡོན་ཏན་མཛོད་སྐྱོར་སྦྱངས་ཚར་བརྒྱད་དགུ་ཙམ་བྱས་ནས་ཟླ་ཤས་མཚམས་ལ་བསྡད། དེ་སྐབས་ཁམས་ཁྱུང་པོ་སྤྲུལ་སྐུ་དང་དེའི་སྐུ་ཆུང་བཅོ་བརྒྱད་སྤྲུལ་སྐུ་གཉིས་ཀ་སྐུ་ན་ཆུང་ཆུང་དུ་འདུག །དཔོན་གཡོག་རྣམས་གངས་ཐོད་དུ་ཟླ་ཤས་བཞུགས་ང་དང་འཕྲད་དགོས་གསུངས་ནས་མ་གསན་པར་མཇལ། ཉིན་གཅིག་ཨ་མས་གཏོང་སྒོ་བཤམས་ནས་ཚོགས་བཏང་ངས་ཀྱང་མགུར་མང་པོ་བླངས་ཏེ་འདི་ལྟར་སྨྲས་སོ། །
ན་མོ་གུ་རུ་པདྨ་ས་ར་ཡེ། །གནས་ཚོགས་ཁང་ཀུན་བཟང་ཕོ་བྲང་ནས། །མགོན་ཚོགས་རྗེ་ཁྱབ་བདག་འཁོར་ལོའི་མགོན། །འཁོར་ཚོགས་པ་རྣལ་འབྱོར་ཕོ་མོས་བསྐོར། །རྒྱུད་ཚོགས་བྱིན་རླབས་ཕྱིར་གུས་པས་འདུད། །ཕྱི་ཡུལ་སྣང་ཞིང་གི་ཚོགས་སྣོད་དུ། །ནང་སྲིད་པ་ཡེ་གྲོལ་ཚོགས་མཆོད་བཤམས། །གསལ་སྟོང་པ་གཉིས་མེད་ཚོགས་འཁོར་བསྐོར། །བཟུང་འཛིན་པ་རང་གྲོལ་གླུ་བྲོ་རྩེ། །ཕྱི་གདན་གསུམ་རྡོ་རྗེའི་ཚོགས་སྣོད་དུ། །ནང་འབྱུང་ཕུང་དབང་ཡུལ་གྱི་ཚོགས་མཆོད་བཤམས། །གཤིས་དག་པ་རབ་འབྱམས་ཀྱི་ཚོགས་འཁོར་སྐོར། །ཡེངས་མེད་འཁྲུལ་བྲལ་གྱི་གླུ་བྲོ་རྩེ། །ཕྱི་ཟབ་ཡངས་རྩ་ཡི་ཚོགས་སྣོད་དུ། །ནང་ཡེ་རླུང་བྱང་སེམས་ཀྱི་ཚོགས་མཆོད་བཤམས། །རྩལ་བདེ་སྟོང་དགའ་བཞིའི་ཚོགས་འཁོར་སྐོར། །སྲེད་ཆགས་ཞེན་རང་གྲོལ་གླུ་བྲོ་རྩེ། །ཕྱི་སྒྲོན་དྲུག་སྣང་བཞིའི་ཚོགས་སྣོད་དུ། །ནང་ཀ་དག་གཏིང་གསལ་གྱི་ཚོགས་མཆོད་བཤམས། །དོན་གྲོལ་བ་བཞི་ལྡན་གྱི་ཚོགས་འཁོར་སྐོར། །གནད་རང་བྱུང་ཆོས་གསུམ་གྱི་གླུ་བྲོ་རྩེ། །ཕྱི་རིན་པོ་ཆེ་ཡི་ཚོགས་སྣོད་དུ། །ནང་བཟའ་བཅའ་བཏུང་བའི་ཚོགས་མཆོད་བཤམས། །གནད་ཚིམས་པ་དྲུག་གི་ཚོགས་འཁོར་སྐོར། །དོན་དག་རྫོགས་སྨིན་པའི་གླུ་བྲོ་རྩེ། །སྤྱིར་ཨོ་རྒྱན་པདྨའི་ལམ་སྲོལ་དང་། །སྒོས་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་བཟང་ལུགས། །ཡང་སྒོས་ཚོགས་དྲུག་རང་གྲོལ་གྱི་ཕྱག་ལེན་འདིས། །མ་འགྲོ་ཚོགས་ཀུན་གྲོལ་བའི་རྒྱུར་གྱུར་ཅིག །ཅེས་སྨྲས་ཤིང་ཐམས་ཅད་ཉམས་འུར་ནས་མང་པོ་འཁྲབ། སྤྲུལ་སྐུ་རྣམ་གཉིས་གཙོས་ཚང་མས་ང་ཚོ་ཁམས་ནས་ཐོན་པ་ནས་བཟུང་དེ་རིང་ལས་དགའ་བ་དང་སྐྱིད་པ་མ་བྱུང་གསུངས། དེ་ནས་མི་རིང་བར་མཚན་བརྒྱད་ལྷ་ཁང་དུ་ཟླ་ཤས་བསྡད་ནས་སྐོར་བ་བསགས། འུ་ཤང་ལྷ་ཁང་མཇལ་ཞིང་ཟངས་ཡག་བྲག་ཏུ་སོང་ངོ་། །
སྨྲས་པ། ཡང་ཡང་བྱ་བ་ལས་ཀྱི་འཁོར་ལོ་ཡང་། །དུང་དུང་བསམ་པ་བྱང་སེམས་རྩེ་གཅིག་དུང་། །ལྷོད་ལྷོད་སྤོང་བ་བསམ་གཏན་འཁོར་ལོར་ལྷོད། །ལྷང་ལྷང་མོས་གུས་གདུང་གླུ་རྣམ་ཀུན་ལྷང་། །རྙོག་མ་མེད་པའི་ཆོས་བསམ་མི་ལྷོང་བས། །ཡེངས་པ་མེད་པར་སྤྱོད་ལམ་དུས་ཀུན་ཏུ། །དྲི་མ་མེད་པའི་སྨོན་ལམ་མཚམས་སྦྱར་ནས། །འབད་པ་མེད་པར་དོན་གཉིས་འབྱུང་བའི་ཚུལ། །རྟགས་བརྒྱད་ལ་བརྒྱབ་པད་སྐུད་ཐང་བརྒྱུད་དེ། །པོ་ཏི་ཉི་མ་རྫོང་དུ་བླ་མ་བཞུགས། །ཟུར་མཚོ་གནས་ལུང་སོགས་ལ་གནས་འབྲེལ་བྱས། །ཞབས་དཀར་སྐུ་མཇལ་དད་ནས་སྨོན་ལམ་བཏབ། །དད་ཅན་རྣམས་ལ་མ་ཎིའི་འབྲེལ་བ་བཞག །ཞབས་དཀར་དངོས་སློབ་སྣང་མཛད་རྡོ་རྗེའི་མདུན། །བླ་མ་ཕེབས་ནས་ཆོས་ཀྱི་འབྲེལ་བ་ཞུས། །མཆེད་གྲོགས་གཞན་རྣམས་ལ་ཕྱི་མཇལ་དུ་སོང་། །ང་སྟོད་ལོག་རྒྱུ་བྱས་ཤིང་དིང་རིར་ཕྱིན། །དམ་པའི་གདན་ས་མཇལ་ཞིང་ཡུལ་མིས་དད། །རྒྱལ་གྱི་ཤྲཱི་རྩིབ་རི་བདེ་ཆེན་ཕུག །གྲ་མཚོ་མཇལ་ཞིང་ཕུག་སྟེང་ཚེ་རིང་མའི། །ཞབས་རྗེས་ཤིན་ཏུ་གསལ་པོ་མཇལ་བ་དང་། །ནང་དུ་ཚོགས་དྲུག་རང་གྲོལ་ཐམ་ག་རྙེད། །ཞབས་དཀར་སྦྱིན་བདག་ཕུ་མ་བར་མཚོར་སླེབས། །བཞུགས་ཁྲི་འདྲ་སྐུ་ཉེར་སྤྱོད་རྟེན་གསུམ་མཇལ། །དངོས་མཇལ་ལྟར་དུ་ཡིད་ཆེས་དད་པ་ཐོབ། །ས་སྐྱར་མར་ཡོང་ཟམ་པ་གཅིག་གི་སྟེང་། །སེར་ཕྲེང་བྱེད་དང་དུས་མཉམ་འཕྲད་དེ་སླེབས། །ལྷ་ཁང་ཆེན་མོར་ཕུར་འཆམ་མཇལ་དུ་སོང་། །འཇའ་འོད་གུར་ཕུབ་མེ་ཏོག་ཆར་པ་བབས། །དག་པའི་ཞིང་ཁམས་ཡིན་སྙམ་དད་པ་སྐྱེས། །རྗེ་བཙུན་མ་ཞིག་མཇལ་བས་ཡིད་མོས་ནས། །དེ་ལྟར་སྐྱེ་བའི་སྨོན་ལམ་མགུར་གླུ་བླངས། །བཀྲ་ཤིས་ལྷུན་པོར་ཕྱིན་ནས་ཀླུ་འབུམ་བཞུགས། །ངེད་རྣམས་གཞིས་ཀ་རྩེར་སོང་གླིང་སྐོར་སྐབས། །རིག་འདུས་སྒྲ་ཡིས་དགེ་བཤེས་ཐུགས་ཡིད་འཕྲོག །མ་ཎི་བསྐུལ་བས་མང་སྟེར་མཉམ་དུ་ཕུལ། །པ་སངས་བུ་ཁྲིད་ང་ལ་བོང་བུ་ཉོས། །རྒྱལ་རྩེར་བླ་མ་དཔལ་འཁོར་ཆོས་སྡེར་བཞུགས། །ངེད་རྣམས་སེ་ར་སྒྲུབ་སྡེར་འཆམ་མཇལ་ཕྱིན། །བྱམས་ཆེན་གཡག་སྡེ་ནས་བརྒྱུད་བྱེས་གཞིས་ཀར། །ཆས་རྣམས་བཅོལ་ནས་ལྷ་སར་ཕེབས་རྩིས་ཀྱིས། །སྙེ་མོར་སི་རི་དཀར་གོང་འཕྲང་བརྒྱུད་ཕྱིན། །བུད་མེད་མང་པོ་ལམ་འཕྲད་ཁམ་བུ་སློང་། །མང་ཟོས་ན་བས་ཨ་ཁུ་ཨ་ཎེ་ནས། །བཀའ་བཀྱོན་གནང་ཞིང་གཞན་རྣམས་སྔོན་དུ་སོང་། །གཅིག་པུར་ལྟོ་སློང་གྲོགས་མེད་སྐྲག་ཅིང་ལྟོགས། །སྐྱོ་ནས་བླ་མ་མཆེད་གྲོགས་དོན་ནི་མིན། །རང་གི་ལྟོ་དོན་བསམས་ནས་ངུ་བཞིན་པས། །ཁུག་སྟོང་ཀླད་སྐོར་གཡུག་ཅིང་མགུར་གླུ་དབྱངས། །བློ་བཟང་ཟེར་བས་ཕྱེད་བརྒྱད་དངུལ་སྟེར་བས། །ཤིན་ཏུ་ཡིད་དགའ་ལག་ཏུ་ཁྱེར་ཏེ་ཕྱིན། །ད་ལྟ་འང་ནི་སྨོན་ལམ་འདེབས་ཀྱིན་ཡོད། །ཆུ་ཤུལ་བ་རར་ཨ་ཅེ་ལོ་ཆུང་ཞིག །སྒྲོལ་མ་བཏོན་པ་གོ་ནས་ཡིད་དད་དེ། །དར་བ་ཁོག་ཆུང་གང་དང་རྩམ་པ་སྟེར། །བླ་མ་ཚ་པ་ནང་བྱོན་ཐང་ཞིག་ཏུ། །བཞུགས་སྒར་བཏབ་འཕྲད་ཡར་ཡོང་སྙེ་ཐང་དུ། །སྒྲོལ་མ་མཇལ་ཞིང་ལྷ་སར་རིམ་གྱིས་ཕེབས། །སྐྱབས་མགོན་དྷར་སེང་བུམ་པ་རིར་བཞུགས་འདུག །དགུ་པའི་ཉེར་གཉིས་ལྷ་བབས་དུས་ཆེན་ལ། །གོང་ས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ། །མཇལ་ཁར་ཕེབས་པས་ང་ཡང་ལྷན་དུ་སོང་། །མཎྜལ་རྟེན་ཕུལ་དགའ་ལྡན་ལྷ་བརྒྱ་དང་། །འབྲེལ་བའི་དམིགས་བརྩེ་མ་ཡི་ལྗགས་ལུང་སྩལ། །ལྷ་སའི་གཙུག་ལག་ཁང་དུ་མཆོད་མཇལ་བྱས། །བླ་མ་ཚེ་མཆོག་གླིང་གི་གླིང་གར་བཞུགས། །རྫོང་རྒྱབ་ཀླུ་ཁང་ནང་དུ་ང་གནས་གཡར། །མཆེད་གྲོགས་གཞན་རྣམས་ལྷོ་གནས་སྐོར་དུ་སོང་། །ང་ནི་འཕན་པོར་བསོད་སྙོམས་སོང་ལམ་དུ། །སྒོ་ལ་ཕར་ནང་གླིང་བུ་རྫོང་སླེབས་ཚེ། །བོང་བུ་ཆད་ཉལ་རྐང་དུང་བརྒྱབ་པས་ཆག །མ་ལངས་སྙིང་རྗེ་སྐྱེས་ནས་མགུར་གླུ་བླངས། །ལྷུན་ཞོལ་ར་མ་ནང་ཕྱིན་བོང་བུ་བཙོངས། །པོ་ཏོའི་གདན་སར་བ་རྒྱབ་བླ་མ་མཇལ། །མགུར་བླངས་ཤ་དང་འབྲུ་གནང་དད་པ་བྱས། །གསང་ཡུམ་སྐུ་རྒྱན་བཀྲོལ་ནས་ཌ་རུར་བཏགས། །ཤིན་ཏུ་མོས་པས་ལུས་སྦྱིན་གཅོད་ཀྱང་བཏོན། །ཤ་བ་འབུམ་མཇལ་དགའ་ལྡན་ལྔ་མཆོད་ཕྱིན། །བླ་མའི་ཞབས་ཕྱིས་ཀླུ་འབུམ་ཁྲོ་ཟངས་ཕུལ། །ངའི་གོས་རས་རྐྱང་མཐོང་བས་ཨ་ཙར་མོ། །འདུག་ཟེར་མི་མང་འཚོགས་ལ་ཡིན་ཚུལ་བཤད། །ལྕང་གླིང་མཆོད་རྟེན་ལ་ཕྱིན་མགུར་མ་བླངས། །བཀྲ་ཤིས་ཆོས་ལྡིང་ཞུགས་ཤིང་ལྕི་བ་ཉོས། །གཞུང་ཀོ་བཏང་ནས་ཚེ་མཆོག་གླིང་དུ་སླེབས། །ལྕི་བ་ཕུལ་ནས་ལྷན་རྒྱས་མཇལ་ཁ་ཞུས། །སེ་ར་མཁར་རྡོ་པདྨ་གར་དབང་དང་། །བྲག་ནག་བླ་མ་ཡེ་ཤེས་རྡོ་རྗེ་གཉིས། །སྦྱིན་བདག་བྱས་ནས་གཅོད་དབང་བརྒྱ་ཚར་ཞུས། །སྨན་རྩིས་སྐུ་ངོས་གཡུ་ཐོག་སྙིང་ཐིག་ཞུས། །རྡོ་རྗེ་རྒྱལ་མཚན་གཅོད་ཀྱི་དབུ་མཛད་བྱས། །མཁར་རྡོ་ཕ་ལའི་རྗེ་བཙུན་མ་ལ་སོགས། །འཚོགས་ནས་ཚོགས་ལས་རིན་ཆེན་ཕྲེང་བ་བཏང་། །ལྷ་སར་སྨོན་ལམ་ཚོགས་མཆོད་མཆོད་མཇལ་བྱས། །ཡུལ་རིང་ལྷ་ཁང་སྨྱུང་གནས་པ་རྣམས་དང་། །ལྷན་དུ་༸གོང་ས་རྒྱལ་བའི་དབང་པོ་མཇལ། །འཕགས་བསྟོད་ལུང་ཞུས་སྟོད་ལ་ལོག་རྩིས་ཀྱིས། །བ་ཐང་སླེབས་ཚེ་ན་སྟེ་བྱེ་གཞིས་སུ། །བཅོལ་མ་ལེན་སོང་རིན་ཆེན་སྟེང་དུ་སླེབས། །རྐང་པ་ན་ལུས་གཞན་རྣམས་སྟོད་དུ་སོང་། །ང་རང་དེར་བཅོལ་བདེ་ཆེན་ཆོས་སྐྱིད་ནས། །སྐྱབས་མགོན་ཞབས་དཀར་གསུང་འབུམ་གཡར་ཏེ་ཀློག །དབུ་མཛད་ལོང་བ་འཇིགས་མེད་ཅེས་པ་ནས། །སེ་འབྲུ་སོགས་སྟེར་ཡར་ལ་བལྟས་པས་སོགས། །ཚོགས་ཀྱི་གླུ་བླངས་ངས་ཀྱང་བློ་ལ་བཟུང་། །སྨོན་ཀར་རྫོང་ནས་བླ་མ་གདན་འདྲེན་ཞུས། །ཕ་རྩེ་རྩེ་པར་ལྷ་ཀླུའི་གཞུང་ཚོང་བུའི། །སྦྱིན་བདག་ཞུས་ཏེ་བརྒྱད་སྟོང་ལོ་གྲངས་ཀློག །རྗེས་སུ་བློར་ཟིན་ཉི་མ་རེ་རེའི་ཡོན། །འབྲུ་ཟོ་རེ་སྟེར་བླ་མ་ལ་ཕུལ་ཞིང་། །སྐྱབས་མགོན་དར་སེང་གསུང་རྣམ་སྐྲུན་གཞི་བྱས། །ཨ་ཎི་གཉིས་ལ་སྔོན་འགྲོའི་རྐང་གྲངས་ཁྲིད། །འབྲས་ཡུལ་སྐྱེད་ཚལ་དགེ་འདུན་པ་རྣམས་ཀྱིས། །ང་ལ་ཆོས་རྩོད་བྱས་ལ་ལན་བཏབ་པས། །དད་ནས་ཕྱག་འཚལ་ཤེར་སྙིང་ལུང་ཡང་ཕུལ། །ཕ་རྩེས་བླ་མའི་མདུན་ནས་འཕོ་ལུང་ཞུས། །གཅོད་བསྲེག་གནང་སྐབས་ང་གཉིད་ཁུག་པ་ལ། །དགང་བླུགས་མགོ་ལ་བརྒྱབ་གནང་མི་མང་བས། །སྐྲག་ཅིང་འཇིགས་ལ་ངོ་ཚ་བར་གྱུར་ཀྱང་། །ཕྱིར་ནངས་ཐེ་ཚོམ་ཆུང་ཞིང་རིག་པ་དྭངས། །ངོ་ཚ་ཨེ་བྱུང་གསུངས་པས་དང་པོ་ནི། །ངོ་མ་ཚ་ཡང་རྗེས་སུ་ཚ་བྱུང་ཞུས། །ཀུན་ལ་དེ་གསུངས་ཚེ་མཆོག་གླིང་དུ་ཡོང་། །ཀླུ་ཡི་གདོན་དགྲོལ་གྲིབ་སེལ་རྟ་ནག་ཞུས། །ཐབ་ཆེན་དཀྱིལ་བསྡད་མཐའ་སྐོར་མཆེད་རྣམས་བཞུགས། །འབྲས་སྤུངས་ཞོ་སྟོན་ཕྱིན་ནས་རྐྱང་ཕྱག་བཏང་། །ལྷ་ལུང་བླ་མ་བཞུགས་ས་བལྟར་སྙམ་པས། །ཆིབས་པ་ཤོར་རྗེས་ཞབས་གྲས་གཞན་རྣམས་སོང་། །ང་སྔོན་བཙན་ཁང་ནང་དུ་མེ་ཕོར་དང་། །གསོལ་སྐྱེམས་གཡར་བཏང་གང་དགོས་གཡར་བྱས་ནས། །རྗེས་སུ་སྐྱེལ་སྐབས་རྒྱབ་ཏུ་ཁུར་པོ་ཁུར། །ལག་གཉིས་མེ་སྐྱེམས་ཁྱེར་ཡོང་འདྲེད་བདར་ཤོར། །གསོལ་སྐྱེམས་བུག་པས་སྐྲག་ཅིང་དེར་བལྟས་ངུས། །བླ་མ་བཞད་དེ་རིན་བསྐུར་ཡང་མ་བླངས། །འཇའ་ཚོན་ཆུ་མིག་བཞུགས་སྐབས་གསུང་གཏོར་ཆས། །གཡོར་གསུངས་གསེར་ཀོང་དུ་སོང་ཁྱིས་མ་ཐར། །སྦྱིན་བདག་གཡར་དཀའ་གཡར་བས་འགོར་བ་ལ། །བླ་མས་རྡོ་དེད་བཏང་བས་མི་མང་ཁྲོད། །ངོ་ཚ་གླིང་སྲུང་ནང་དུ་བྲོས་ཏེ་ཡིབ། །སྐྱབས་མགོན་དྷར་སེང་ཞལ་སློབ་ཤེལ་གྲོང་ཤག །བླ་མ་ཞིག་འདུག་དེ་ལ་ཕྱག་བྲིས་བཏང་། །ཚུལ་ཁྲིམས་ངེད་གཉིས་ཟངས་བྲག་གངས་ཐོད་དུ། །བཞུགས་གནས་ལྟར་བཏང་རྒྱ་གར་རིའི་ཕག་མོ། །གངས་ཐོད་བཞུགས་མཇལ་མཁྱེན་བརྩེའི་དགོངས་པའི་གཏེར། །ཇོ་ལུགས་སྒྲོལ་མ་དཀར་མོའི་ཚེ་དབང་ཞུས། །གསང་ཕུ་རྔོག་ལོའི་ཕུག་ཏུ་གནས་ཞག་བསྡད། །ཚེ་མཆོག་གླིང་དུ་བླ་མའི་མདུན་དུ་ཕྱིན། །བཞུགས་གནས་ལེགས་ཞུས་སྐྱབས་མགོན་དྷར་སེང་མདུན། །ཕྱག་བྲིས་གནང་ཁྱེར་བླ་མ་དང་ལྷན་དུ། །གཞུང་ཀོ་ནས་བརྒྱུད་ཟངས་ཡག་བྲག་ཏུ་ཕྱིན། །བླ་མ་མཚམས་བཞུགས་ཨ་མ་ཞབས་གྲས་བསྡད། །ང་དང་བྱང་ཆུབ་ཚུལ་ཁྲིམས་བསོད་སྙོམས་སོང་། །བྱེ་ལ་རྩེར་སླེབས་མར་བལྟས་སྐྱོ་བ་སྐྱེས། །སྲིད་པ་བར་དོ་ཡིན་སྣང་ཡིད་ལ་ཤར། །ལོ་ཕུར་ཉ་རོ་མང་པོའི་དྲི་ངད་ཀྱིས། །ཞེན་ལོག་ན་ཞིང་ཡིད་སྐྱོ་མྱུར་དུ་སོང་། །སྐྱིད་གཤོང་ལྕེ་ཞོལ་རྒྱ་གྲོང་གླིང་སོགས་ཕྱིན། །ཕུ་ལ་ཨ་ཎིའི་དགོན་ཆུང་ཞིག་གི་ནང་། །སྨུག་རྩི་མེད་པའི་ཚོགས་བཏང་ཁུར་པོ་ཁུར། །ཐང་ཆད་སོང་བས་ཟངས་ཡག་བྲག་ཏུ་སླེབས། །བླ་མའི་མདུན་དུ་བྱང་གླིང་གིས་ཕུལ་བའི། །ཁམ་བུ་གསར་པ་མང་འདུག་ཨེ་ཟོས་གསུངས། །ཟ་རྒྱུ་ལྟ་ཅི་མིག་གིས་མ་མཐོང་ཞུས། །ཆོས་པ་རིར་བསྒོམ་ཟན་གོང་གྱེན་འགྲིལ་གསུངས། །སྦུད་བསྒོམ་ཡུལ་རི་དགོན་ཕུར་མགོན་པོ་མཇལ། །གཤོང་གཞིས་སོང་ནས་ཤག་ལྕམ་མཆོད་གནས་བྱས། །ཐོན་གཞིས་འབྲས་དགེ་བློ་བཟང་ནོར་བུ་མཇལ། །གསར་མའི་སེང་གདོང་དབང་ཞུས་སྟག་གཞིས་སླེབས། །ང་བསྡད་མཆེད་གཉིས་གཞིས་ཀར་བོང་བུ་གཡར། །བསོད་སྙོམས་ཟངས་ཡག་བྲག་སྐྱེལ་ང་གཅིག་པུ། །བསོད་སྙོམས་གནས་མཇལ་སོང་ནས་བསམ་གླིང་སླེབས། །བྲག་ཕུག་ནང་བསྡད་ཞག་ཤས་ཉམས་ལེན་བྱས། །ཁམ་བུ་མང་ཟོས་མཆེད་གཉིས་ཆོས་ལུང་བཏང་། །ཟངས་ཡག་བྲག་ལོག་ལྷ་སར་མར་ཉོ་བཏང་། །སྐྱབས་མགོན་དྷར་སེང་འབྲུག་པ་ཨ་སྦུད་ནང་། །བཞུགས་པ་མཇལ་ནས་སྤོས་དང་ཚ་ལུམ་ཕུལ། །ཞབས་དཀར་རིན་པོ་ཆེ་ཡི་སྤྲུལ་པའི་སྐུ། །ཕེབས་འདུག་བླ་མར་ཞུས་གསུངས་བཀའ་འཕྲིན་བཏང་། །མར་གོང་ཆུང་དུ་འགྲོ་བས་མ་ཉོ་གསུངས། །མར་བཞག་ཆུ་བན་དང་ནི་ཨ་རག་ཉོས། །ས་རུབ་ཙམ་ལ་བུད་མེད་མང་པོ་དང་། །ལྷན་དུ་གཞུང་ཀོར་སོང་བས་ཀོ་ལོག་ཐེབས། །ཀོ་བ་ནས་མཆོངས་ཤིང་སྡོང་འབྱར་མ་སྐྱོན། །དེ་རྣམས་དར་འབག་ཞྭ་མགོ་ལས་མ་དྲན། །རང་གིས་དཀོན་མཆོག་ལྷག་པར་ཡིད་ཆེས་རྙེད། །ཕ་རི་ལྗང་ཤར་མེ་བཏང་ཨ་རག་བཏུང་། །ཤེལ་གྲོང་ཨོ་རྩེར་ཇ་བསྐོལ་སོ་སོར་གྱེས། །ཡར་སླེབས་ཨ་མ་མཐོང་ངུས་རྒྱུ་མཚན་ཞུས། །ལྷོང་ཚད་ཡིན་གསུངས་དྷར་སེང་ལྗགས་ལན་ཕུལ། །བླ་མ་ཞབས་དཀར་སྤྲུལ་སྐུ་མཇལ་དུ་ཕེབས། །ང་ཤར་ཨ་མ་ཚུལ་ཁྲིམས་ནུབ་ཏུ་བསྡད། །ཞབས་སྤྲུལ་ལྗང་ཕེབས་ཨ་མ་མཇལ་དུ་ཕྱིན། །ང་རང་གཅིག་པུར་བསྡད་ནས་བླ་མ་མཆོག །གཙང་གནས་ཕེབས་རྒྱུ་བྱས་ཀྱང་ཞབས་ཕྱིར་བཏང་། །བླ་མ་དཔོན་གཡོག་ཟངས་ཡག་བྲག་ཏུ་ལོག །ང་ཡིས་ལུས་ངག་ཞབས་ཏོག་ལྷ་ལྡན་སོགས། །ཉེ་རིང་གར་ཡང་ཉིན་མཚན་ལྟོས་མེད་པར། །འཇིགས་སྐྲག་འཚེར་སྣང་མེད་པར་ཁུར་པོ་ནི། །འབྲུ་ཁལ་ལྔའི་སྟེག་རང་གཉིས་ཁུར་པོ་ཁུར། །གཙང་འགྲམ་བྱེ་མ་རྡིབ་ནས་ཆུ་དོན་ཡང་། །མ་སྐྱོན་སེམས་ལ་དངངས་སྐྲག་ཆེན་པོ་བྱུང་། །མི་ཀུན་བླ་མ་སྔགས་འཆང་བོང་བུ་ཟེར། །ཞབས་སྤྲུལ་ཟངས་ཡག་བྲག་ཕེབས་ཟླ་ཤས་བཞུགས། །ཆུ་སྐོར་འཐག་ལ་ང་སོང་སྙེ་ཕུ་རུ། །ཆིབས་རྩྭ་གཟན་ཁང་ལུག་ཤ་ཁོག་མང་ཉོས། །བྱང་ཆུབ་ཚུལ་ཁྲིམས་ངེད་གསུམ་ཡར་མར་སོང་། །བླ་མ་ཞང་སྤྲུལ་ལ་སོགས་འདུས་པ་ལ། །རྟ་ཕག་གི་གཙོས་ཞབས་དཀར་ཆོས་བཀའ་གནང་། །མིང་དུ་རིག༵་འཛིན༵་ཆོས༵་ཉིད༵་བཟང༵་མོ༵་བཏགས། །
དེ་ནས་ཞབས་དཀར་སྤྲུལ་སྐུ་ལྷ་སར་ཕེབས། །ཨ་ལ་དབོན་པོས་གདན་དྲངས་བླ་མའང་ཕེབས། །ང་དང་ཚུལ་ཁྲིམས་ཆུང་བ་ཞབས་ཕྱིར་ཕྱིན། །ས་གླང་ཟླ་བ་བཅུ་གཉིས་གནམ་གང་ཉིན། །ཡར་ལམ་རྣམ་སྒང་ཚེ་རིང་སར་ཕེབས་ཚེ། །ཞལ་ལག་ཕག་ཤ་འདྲེས་འདྲ་དེས་བསྙུངས་ཏེ། །ལྷ་ཞོལ་ཤར་བཞུགས་གཞུང་གི་ཆིབས་བསྒྱུར་མཇལ། །སྐུ་ཁམས་མ་དྭངས་འབང་རྒྱས་ཤར་གླིང་ཕེབས། །སྐྱབས་རྗེ་དྷར་སེང་གསང་ཆབ་བཞེས་ཅུང་དྭངས། །སྙུང་གཞི་ཆེར་སོང་ཞབས་སྤྲུལ་གདན་འདྲེན་ཞུས། །ཆིབས་རྟ་སྟག་རིས་ཅན་ཕུལ་རྟ་སྐད་བརྒྱབ། །དེས་གཙོས་ཁམས་བོད་བླ་མ་མང་དག་ལ། །འཁོར་གསུམ་ཡོངས་དག་འབུལ་བ་ལན་གསུམ་ཕུལ། །དེ་འཕྲོས་ལྷ་སར་ཁྲོམ་དུ་ཚོང་བྱས་ཤིང་། །ཨ་མདོའི་ཨེམ་རྗེ་བླ་མ་ལྷ་ས་ཡི། །ཐལ་སྤུངས་སྒང་འདུག་གཟིགས་རྟགས་འབུལ་དུ་ཕྱིན། །ནམ་ཕྱེད་ཙམ་སོང་ཁྱི་རུབ་བརྒྱབ་ན་ཡང་། །མ་སྐྱོན་ཀུན་གྱིས་ངོ་མཚར་བྱེད་ཀྱིན་འདུག །ཨེམ་རྗེས་ཞིང་གཤེགས་མི་ཡོང་ངམ་འོན་ཀྱང་། །བླ་མ་ཁྱད་པར་འཕགས་པ་སོང་སྟབས་ཀྱིས། །བསུན་བཟློག་འབུལ་དགོས་གསུངས་པས་དེ་ལྟར་ཞུས། །ཁྱེད་རང་གཅིག་པུས་ཕུལ་གསུངས་གུས་ནས་ཕུལ། །ཐུགས་འཆོལ་ཚུལ་གྱིས་ཆང་འདི་ཞིམ་པ་ལ། །ཁྱོད་ཀྱང་འཐུངས་དང་བུད་མེད་འཇའ་འཁྱིལ་བ། །དེ་འདྲ་མང་བ་ལྟོས་དང་ཡང་ཡང་གསུངས། །ཟླ་བ་གཉིས་པའི་བཅུ་བདུན་ཞོགས་པ་ལ། །སྦྲ་ཞོལ་ཨ་མའི་གདན་གཡར་སྐྱོལ་གསུངས་བཏང་། །ཕར་ལམ་འཇའ་འོད་ཀྱིས་གང་འབང་རྒྱས་གླིང་། །ཕྱོགས་མཚམས་སྟེང་འོག་ཀུན་ནས་འཇའ་འོད་ཟུག །དེར་སླེབས་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་བསྡུས། །མྱ་ངན་གྱིས་གདུང་ཤུགས་དྲག་གསོལ་བ་བཏབ། །འབྲལ་མེད་ཉམས་ཤར་སྐུ་གདུང་ལོངས་སྐུའི་ཆས། །གདུང་མཇལ་ཞུས་ཤིང་དབུ་མཛད་ང་བྱས་ནས། །ཞི་ཁྲོ་ངན་སོང་སྦྱོང་བའི་གདུང་མཆོད་ཞུས། །བདུན་ཕྲག་དང་པོར་གསེར་ཀོང་གང་ཡོད་བརྗེས། །ཉེར་ལྔར་སྐུ་གདུང་ཕ་བོང་ཁར་སྤྱན་དྲངས། །སྐྱབས་མགོན་དྷར་སེང་མདུན་དུ་འབུལ་སྐྱེལ་དུ། །ང་སོང་མཇལ་རྗེས་སྙུང་གཞི་བཞེས་འདུག་ཟེར། །སྐུ་མདུན་པ་ལ་ཨ་ཎི་ལོ་ཆེན་འདྲའི། །བུད་མེད་མང་པོས་ཕེབས་དགོས་གསུངས་རྐྱེན་གྱིས། །རྗེས་སུ་མཇལ་ཚེ་ང་རང་མཇལ་ཁ་བཀག །ཟླ་བ་གཉིས་པ་རྗེས་མའི་བཅུ་བདུན་ཉིན། །དེ་ཡང་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་བསྡུས། །སླར་ཡང་མྱ་ངན་གདུང་སྟེ་གསོལ་བ་བཏབ། །གཤེགས་ཁར་ཌ་དྲིལ་རྐང་གླིང་དང་བཅས་པ། །མ་རྒྱུད་བསྟན་པ་འཛིན་པའི་རྟེན་འབྲེལ་དུ། །ཨ་ཎི་ལོ་ཆེན་སྤྲོད་དགོས་གསུངས་ན་ཡང་། །ཌ་དྲིལ་མ་སྤྲད་རྐང་གླིང་རྐྱང་པ་སྟེར། །མར་ཡོང་གངས་ཐོད་རྡོ་རྗེ་ཕག་མོ་མཇལ། །ཞབས་གྲས་ཉར་ཞུས་མ་ཉར་ཤུག་གསེབ་ཏུ། །བསྡད་ཆོག་པ་ཞུས་དགེ་ལུགས་དགོན་ཡིན་སྟབས། །མ་ལེགས་ཞེས་གསུངས་སེམས་ཕམ་དེ་ཕྱིན་ཆད། །རང་ལས་དམན་ཀུན་སྙིང་རྗེ་བྱེད་ཁུལ་ཡིན། །བླ་མའི་སྐུ་མཆོད་ཁང་རྩེགས་མཆོད་རྟེན་ནང་། །གདུང་རུས་ས་བསྲེས་རྡོར་སེམས་འབུམ་སྐུ་ཞིག །ང་རང་གཅིག་པུས་བཞེངས་རྗེས་འཇའ་མང་པོ། །ཟུག་པ་ཤེལ་གྲོང་ཀུན་གྱིས་མིག་མཐོང་བྱུང་། །གཏེར་སྟོན་རང་རིག་རྡོ་རྗེ་ཕེབས་པ་མཇལ། །སྐུ་ཚིགས་ཞེ་དགུ་ཕུལ་རྗེས་ལོ་གསུམ་དུ། །རྟ་ཕག་ཡིད་བཞིན་ནོར་བུའི་བསྙེན་མཚམས་བསྡད། །སྔོན་མཇལ་ཁམས་བླ་སངས་བསྟན་རིན་པོ་ཆེས། །སྐྱབས་མགོན་རྫོགས་སྤྲུལ་ལྔ་པ་དེར་ཕེབས་ཚེ། །བླ་མ་ཡང་ཏིའི་བཀའ་དབང་ཞུས་ཞེས་ཕེབས། །ཡིག་ཀློག་མ་ཤེས་ཡང་རིའི་དབང་ཞུས་པས། །མ་རེད་ཡང་ཏི་ཡིན་ཡང་ཕྱག་དཔེ་མེད། །གནས་སྐོར་འཁོར་སྐབས་ལྷ་སར་གནང་ཞེས་གསུངས། །གཅོད་ཀྱི་བསྙེན་མཚམས་གྲོལ་ཏེ་སྦྱིན་སྲེག་སྐབས། །བྲག་རྡོ་ཆེ་ཞིག་དཀྱིལ་འཁོར་ཀུན་བཀབ་ཀྱང་། །མ་སྐྱོན་ལྷ་སར་ཕྱིན་ནས་མ་སྤྲུལ་མཇལ། །དེ་ཞུས་ལྷོང་ཚད་ཡིན་པས་ལེགས་ཞེས་གསུངས། །སྦྱིན་སྲེག་སྐུ་མཆོད་བླ་མ་ངག་དབང་ལགས། །ཕེབས་ཞུས་མ་ཕེབས་དྷར་སེང་སྐུ་མཆོད་ཕྱིན། །སྐྱབས་མགོན་དྷར་སེང་ཐུགས་ལྗགས་སྤྱན་གསུམ་ལས། །གྲུབ་པའི་བདུད་འདུལ་སེང་གདོང་མའི་སྐུ་ལ། །ཞལ་གསེར་འབུལ་ཕྱིན་གསེར་ཞན་ཟེར་མ་ཕུལ། །སྐུ་མཆོད་སྦྱིན་སྲེག་ཕེབས་མི་མ་བྱུང་སྟབས། །སྐྱོ་ཞིང་བསྡད་པས་མ་སྤྲུལ་རིན་པོ་ཆེས། །ང་དང་ཞབས་དྲུང་རག་ཤག་རྗེ་བཙུན་གསུམ། །ཡོང་ངམ་གསུང་ཕེབས་བླ་མ་གཞན་ཕན་གྱིས། །ཚོགས་ལས་རིན་ཆེན་ཕྲེང་བའི་སྐུ་མཆོད་ཕུལ། །རྫོགས་སྤྲུལ་ལྔ་པ་དེར་བཞུགས་པའི་མདུན་ནས། །སྨན་རྒྱལ་གཡུ་ཐོག་སྙིང་ཐིག་གི་དབང་ཞུས། །གང་ཤར་ཆུང་ཆུང་གསོལ་ཅོག་ལ་འཁྱུད་འདུག །ཡར་ཕེབས་རག་ཤག་ལྡིང་ཆར་གནས་ཆུང་ནས། །ཕྱག་དཔེ་གཡར་ནས་རྫོགས་སྤྲུལ་ལྔ་པའི་དྲུང་། །མ་སྤྲུལ་ལྷན་དུ་བླ་མ་ཡང་ཏིག་ཞུས། །དེ་ནས་མར་ཡོང་ཟངས་ཡག་བྲག་ཏུ་སླེབས། །ཤུག་གསེབ་གངས་རི་ཐོད་དཀར་མཇལ་དུ་ཕྱིན། །དཔལ་སྤྲུལ་དངོས་སློབ་སངས་རྒྱས་བསྟན་འཛིན་མདུན། །སྤྱོད་འཇུག་དངུལ་ཊཱིཀྐ་སྡོམ་གསུམ་རབ་དབྱེ་དང། །བཟང་སྤྱོད་བཤེས་སྤྲིངས་ཤིང་རྟ་རྣམ་པ་གཉིས། །བླ་མ་ཡང་ཏི་བཅས་ཀྱི་བཀའ་ཁྲིད་ཞུས། །གཞན་ལ་ཚར་བརྒྱ་འཆད་རྒྱུའི་ཁས་ལེན་བྱས། སེམས་བསྐྱེད་འབོག་ཆོག་གནང་ཞིང་བཏང་རག་སྐབས། །རྩམ་པ་མང་མེད་བྱང་ཆུབ་སྒྲོལ་མ་ནས། །སྙེ་ཕུར་རྩམ་མར་གཡར་ནས་ཚོགས་བརྒྱ་ཕུལ། །བླ་མས་ང་ལ་རབ་བྱུང་སྒྲུབས་ཤིག་གསུངས། །དགུན་ཐོག་ཟངས་ཡག་བྲག་བསྡད་དབྱར་ཁའི་རིང་། །ཤུག་གསེབ་གངས་ཐོད་གཡས་གཡོན་བྲག་ཕུག་དང་། །ཤར་གཟིམ་མེ་ལོང་ཕུག་དང་ལྟེ་གཟིམ་ཕུག །ཡི་དམ་ཁྲིད་ཞུས་བསྙེན་སྒྲུབ་གཞན་དོན་དམིགས། །ལྷ་འདྲེ་མི་ལ་སྤྱོད་འཇུག་ཚར་བརྒྱ་ཁྲིད། །ལྟེ་བ་གཟིམ་ཕུག་ཆོས་བདུན་ལྡན་པ་ཡིས། །རྟོག་མེད་མཉམ་པ་ཆེན་པོར་གནས་པའི་སྐབས། །སྒྲ་གྲགས་ཁྱི་ཞིག་སྐྲག་བྲོས་པང་དུ་འབྱར། །དེ་རྒྱབ་གཟིག་ཅིག་ཁྲོས་ཏེ་ངར་ནས་བྱུང་། །གཟིམ་ཕུག་ནང་དུ་སླེབས་པ་དང་མཉམ་དུ། །བྱམས་པའི་ལྟ་སྟངས་སྙིང་རྗེ་ཤུགས་དྲག་པོས། །མི་འཇིགས་སྒྱུ་མ་ལྟ་བུའི་ཏིང་འཛིན་ངང་། །དྷ་ལི་སྡོད་སྡོད་བྱས་པས་ངར་སེམས་ཞི། །གཉིས་ཀ་གཡས་གཡོན་སྐྱབས་ཞུའི་ཚུལ་གྱིས་ཉལ། །ཡེ་བབས་ཀློང་ཆེན་རིག་གདངས་མགུར་གླུ་བླངས། །ལུས་གུལ་མིག་ནས་མཆི་མ་འཁྲུག་སྟེ་སོང་། །རྒྱུད་ལ་བྱང་ཆུབ་ས་བོན་ཐེབས་སམ་སྙམ། །རབ་བྱུང་སྒྲུབས་གསུངས་དྲན་ནས་ལྷ་སར་ཕྱིན། །ཇོ་བོའི་མདུན་དུ་བྱང་ཆུབ་སེམས་སྡོམ་ཞུས། །གཞན་ཕན་བློ་སྟོབས་བོགས་སྐྱེད་ཆེ་བར་བྱུང་། །མ་སྤྲུལ་མདུན་དུ་རབ་བྱུང་སྒྲུབ་དགོས་ཞུས། །ཇོག་པོ་སྤྲུལ་སྐུར་ཞུས་གསུངས་དེར་ཞུས་པས། །ཁྱེད་རང་རི་ཁྲོད་ཡིན་སྟབས་མ་བསྒྲུབས་ཀྱང་། །ཆོག་ལ་དགོས་ཆ་བྱ་རྒྱུ་མང་པོ་ཡིན། །གང་བྱུང་དེས་ཆོག་གནང་ན་ལེགས་གསུངས་ནས། །ལེགས་བཤད་གསེར་ཐུར་པོད་དང་ཇ་སྦག་གནང་། །མ་སྤྲུལ་མདུན་ཞུས་ལོས་ཡིན་གསུངས་ཏེ་དགྱེས། །༸གོང་ས་༸རྒྱལ་བའི་དབང་པོ་མཇལ་དུ་ཕྱིན། །ཕོ་བྲང་རྩེ་རུ་ཁྲལ་སྡེའི་དྲུང་ཡིག་གིས། །བོས་ནས་གདན་བཏིང་གསོལ་ཇ་བཞེས་འབྲས་གནང་། །རས་རྐྱང་གྱོན་མ་ཆོག་པས་བྱང་ཆུབ་ནས། །ཕྱིང་པའི་ཕྱུ་པ་ཞོ་གསུམ་སྤྲད་དེ་ཉོས། །མ་གུས་སྙམ་ནས་འབུ་རས་གཟན་གཡར་ཏེ། །གྱོན་པས་ལམ་དུ་སྐུ་དྲག་ཅིག་གིས་བཤུས། །གཟན་མེད་མཇལ་ཁ་ཞུས་ནས་ཕྱིར་ཐོན་པས། །ཕྱིང་པའི་གྱོན་པ་གྱོན་མཁན་ཡར་ཤོག་གསུངས། །ངེད་རྣམས་སྐྲག་ཀྱང་ཡར་བཅར་གདན་སྟེང་ནས། །ཅོག་ཙེའི་སྟེང་དུ་ཁ་ཟས་སྡེར་ཁ་བསྒྲིགས། །དེར་སྡོད་གསུངས་ནས་གསོལ་ཇ་དམ་རྫས་ཕབ། །རས་ཐུམ་སྣ་ཚོགས་སློ་མ་ཆེ་གང་གནང་། །སྣོད་ཡར་ཕུལ་བས་མཉམ་གནང་མར་ཡོང་བས། །ཐུབ་བསྟན་ཆོས་སྒྲོན་མགོ་འདྲེན་འཚོལ་སོང་ཟེར། །མ་སྤྲུལ་སྐུ་མདུན་ཀློང་སྙིང་ཡོངས་རྫོགས་དང་། །སྟག་ལུང་བཀའ་རྒྱུད་ཆོས་སྐོར་མང་ཞིག་ཞུས། །ཉིན་གཅིག་ཇོ་མཇལ་ཕྱིན་ཚེ་མ་སྤྲུལ་མཆོག །ཆོས་གོས་ལྷུང་བཟེད་བསྣམས་སྐོར་ཟན་རིལ་ཐོན། །ལྟོས་གསུངས་སྐྲ་བཅད་མ་བྱེད་རབ་བྱུང་སྒྲུབ། །བཟང་བབས་གནངས་ཉིན་རག་གཟིམ་ཤོག་གསུངས་ནས། །མཁན་ཆེན་ངག་དབང་བསྟན་པའི་ཉི་མའི་དྲུང་། །བྱང་ཆུབ་སྒྲོན་མ་ངེད་གཉིས་རབ་བྱུང་ནས། །བསམ་པ་ལུས་དང་མིང་དེ་བརྗེ་བ་གསུམ། །སྐབས་སུ་ངག་དབང་གྲགས་པ་རྣམ་རྒྱལ་གནང་། །རག་ཤག་རྗེ་བཙུན་གཅིག་གིས་སྟོད་འགག་གཟན། །ཤམ་ཐབས་གཅིག་གིས་ཆོས་གོས་སེར་པོ་དང་། །ཤམ་མཇུག་ཆབ་བླུག་བཅས་ཏེ་ཚང་བར་གནང་། །ངེད་གཉིས་མཆོད་མཇལ་ཕྱིན་པས་སྐྲ་ཡོད་སྟབས། །གྲྭ་ཆས་སྤྲས་པའི་ཨ་ཅེ་གཉིས་འདུག་ཟེར། །ལྟད་མོ་བལྟས་ཤིང་ཚོགས་འདུས་དེ་འཕྲལ་དུ། །སྣང་བ་གང་ཤར་བྱེད་དགོས་སྙམ་པར་ཤར། །མཆེད་ལ་ཆང་བཙོས་བྱས་ནས་ཕབ་བརྒྱབ་པས། །དེ་ཉིན་ཆང་ལངས་ཉིན་མཚན་ཁོར་ཡུག་ཏུ། །ཕལ་གྱིས་མི་གོ་སྔགས་སྐད་མང་པོ་སྨྲས། །མ་སྤྲུལ་མཆོག་ནས་བྲིས་ཏེ་སཾསྐྲྀཏའི། །སྐད་རེད་གསུངས་ནས་ལུང་བསྟན་མང་ཡོད་འདྲ། །ཤུག་གསེབ་འགྲོ་སྙམ་ཀོ་བ་མེད་པ་ལ། །གཙང་པོར་ཐོལ་བྱུང་མགུར་གླུ་བླངས་ཏེ་སོང་། །ཐོགས་པ་མེད་པར་གྲོག་པོ་ན་ཁར་སླེབས། །སྤང་ཁར་གདིང་བ་བཏིང་ནས་ཕྱག་འཚལ་དགོས། །སྙམ་པས་སྐད་ཅིག་ཐོགས་མེད་ཤུག་གསེབ་སླེབས། །སྐུ་གཉེར་ཤག་བསྡད་ང་ཡི་སྣང་བ་ལ། །ཞྭ་མོ་ཇོ་བོའི་མདུན་དུ་ལུས་སྙམ་པས། །ཇོ་བོའི་སྐུ་པང་ནང་སླེབས་སྐལ་ཆོས་ནས། །འདུ་ཁང་ནང་དུ་ཟད་ཅེས་འབོད་པ་བཏང་། །ལྷ་གཉེར་ལྡེ་མིག་ཁྱེར་བས་ཡང་ཕྱིར་སླེབས། །མངོན་ཤེས་ཟང་ཐལ་འགྲོ་ཡོད་མཆེད་ཀྱིས་ཟེར། །གངས་ཐོད་ཁམས་བླ་སངས་རྒྱས་བསྟན་འཛིན་མཇལ། །རབ་བྱུང་གྲུབ་བམ་གསུངས་པས་གྲུབ་ལགས་དང་། །སྐྲ་བཞག་ཅི་ཡིན་གསུངས་པས་ལོ་རྒྱུས་ཞུས། །སངས་རྒྱས་བསྟན་འཛིན་བསྟན་འཛིན་གྲགས་པ་ནས། །བསམ་ཡས་གདན་དྲངས་ཡིད་ཕམ་སྐྱོ་ཞིང་ངུས། །གངས་ཐོད་ཀུན་མཁྱེན་གཟིམ་ཕུག་ཟླ་ཤས་བསྡད། །ཡོན་མཛོད་སྐྱོར་སྦྱངས་ཚར་བརྒྱད་དགུ་ཙམ་བྱས། །ཁམས་ནས་ཁྱུང་སྤྲུལ་སྐུ་ཆུང་བཅོ་བརྒྱད་གཉིས། །ཕེབས་ནས་ཟླ་ཤས་བཞུགས་པས་འཕྲད་དགོས་ཟེར། །མཇལ་ཞིང་ཨ་མས་གཏོང་སྒོ་ཚོགས་འཁོར་བཤམས། །ང་ཡིས་མགུར་བླངས་ཉམས་འུར་ཐམས་ཅད་འཁྲབ། །ཚང་མས་ང་ཚོ་ཁམས་ནས་ཐོན་ནས་བཟུང་། །དེ་རིང་ལས་གཞན་དགའ་སྐྱིད་མ་བྱུང་ཟེར། །མཚན་བརྒྱད་ལྷ་ཁང་ཟླ་ཤས་སྐོར་བ་བསགས། །འུ་ཤང་མཇལ་ཞིང་ཟངས་ཡག་བྲག་ཏུ་སོང་། །མཚོན་བྱ་དོན་གྱི་བླ་མ་རིག་པའི་གཤིས། །མཚོན་བྱེད་དཔེ་ཡི་བླ་མ་འཁོར་ལོའི་མགོན། །མཚོན་དོན་དབྱིངས་རིག་བླ་མ་གནས་ལུགས་རྫོགས། །མཚོན་འབྲས་སྐུ་གསུམ་བླ་མ་མངོན་གྱུར་ཤོག །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།
དེ་ནས་ཟངས་ཡག་བྲག་ཏུ་སྨྱུང་གནས་དཀར་པོ་ཆ་བརྒྱད་བསྡད། ཚེས་བཅོ་ལྔ་ལྷག་པ་ལ་ངག་བཅད་ཚར་གཉིས་བྱས། འབུ་བྱེ་མ་མྱུ་གུ་སེན་བར་གྱི་ཆུ་བཏུང་དུ་ཡོང་། ལྷ་རི་རྩེ་ལྔ་གཡས་སྐོར་དུ་ཁྲིད། ཨ་མ་ནས་སྤྱན་རས་གཟིགས་ལྟོགས་སུ་མ་བཅུག་ཉེས་པ་ཡོང་གསུངས་ནས་ཇ་ཞིམ་པ་ཞིག་བླུད། སྟོན་བར་མཚམས་བསྡད། ཞག་དེའུ་འཁྲུལ་ཞིག་རིན་པོ་ཆེ་ཕེབས། གདུང་རྟེན་ཡོད་སར་མུན་ཁང་ཞིག་བཞེངས་དང་ང་ཁྲིད་གནང་ལ། སླེབས་ཡོང་གསུངས་ནས་མུན་ཁང་བརྒྱབ་པས་རྨི་ལམ་དུ་ཨ་ཅེ་ཞིག་སྐྲ་བཤིག་ནས་ངུས་པ་རྨིས་པས་ཕྱི་ཉིན་ཉི་ཤར་ཙམ་ལ་མུན་ཁང་ཞིག་འདུག་པས་བླ་མ་གདན་འདྲེན་མ་ཞུས། ཨ་མ་བཞག་ནས་རང་སློབ་ཨ་ཎི་ཁ་ཤས་བཅས་ལྷོ་ཁར་བསོད་སྙོམས་ལ་ཕྱིན། མར་ལམ་རྡོ་རྗེ་བྲག་ཏུ་བསྡད་ནས་མཆོད་མཇལ་ཞུས། བྱང་ཆུབ་སྒྲོལ་མའི་ཞང་པོ་བྱང་ཆུབ་ཟེར་བ་ཞིག་ཡོད་པ་དེ་འཕྲད་ལ་སོང་བས་ཞང་པོས་ང་རང་ཤོག་ཟེར་བས་ལྕེ་ཞོལ་དུ་ཨ་ཎི་གསུམ་བཅས་སོང་། རྡོ་ཕུད་ཆོས་འཁོར་ཞེས་པའི་དགོན་པ་མཇལ་དུ་སོང་། དེར་ཁམས་པའི་བླ་མ་འོད་ཟེར་དང་འཇིགས་དར་བཅས་མང་པོས་རབ་གནས་མཛད་ཅིང་བཞུགས་འདུག །དགོན་གྱི་རྟེན་གཙོ་སློབ་དཔོན་ཙནྡྲ་གོ་མིའི་ཐུགས་དམ་རྟེན་སྒྲོལ་མ་གསུང་བྱོན་མའི་མདུན་དུ་སྒྲོལ་ཆོག་ཚར་གཅིག་བཏོན་ནས་མར་ཡོང་སྐབས་རྒྱལ་པོ་ཤུགས་ལྡན་སྐུ་རྟེན་ཐོག་འབེབས་བརྒྱབ་ནས་འབྲུ་ཁང་གི་ལྡེ་མིག་ཁྱེར་ཤོག་ཟེར་ནས་སྒོ་ཕྱེས་འབྲུ་རུའི་ཁལ་བཅུ་ཐམ་པ་ང་ལ་སྟེར་ནས་འདིར་བདུན་གཅིག་བཞུགས། སྒྲོལ་ཆོག་གསུང་དགོས་ཟེར་ཡང་ང་ད་རེས་ཤིན་ཏུ་བྲེལ་བས་མཆེད་གྲོགས་རྣམས་སོང་ཚར། བླ་མ་གཏེར་སྟོན་སྨུག་ནས་བསྡད་ཡོད་བྱས་ཉིན་གཅིག་སྒྲོལ་ཆོག་བཏོན་ནས་ཕྱི་དྲོ་ཙམ་རྣལ་ཕུ་ལ་སོང་ནས་མཚན་ལ་ཡོང་བས་པདྨ་གནས་མཆོག་ཟེར་བའི་ལ་རྩེ་ཞིག་ཏུ་ཟླ་བ་ཐལ་ནས་ལུས།
དེ་ནས་བྲག་མདའ་མཚོ་རྒྱལ་བླ་མཚོ་མཇལ། ཚར་གསེབ་ཏུ་སླེབས་པས་བླ་མ་ཚུལ་ཁྲིམས་རྩ་གསུམ་སྐུ་བཞེངས་ནས་མཁའ་འགྲོའི་སྐུ་སྨད་བཞེངས་སྐབས་སླེབས་པས་རྟེན་འབྲེལ་བཟང་ཟེར་ནས་མཉེས་མཛད། བྲག་ཡང་རྫོང་དང་རྔ་སྒྲ་ལ་སོང་དེར་བླ་མ་པད་བཀྲ་བཞུགས་འདུག །རྫོང་སྐུ་འབུམ་ལ་རྒྱང་མཇལ་བྱས་སྨོན་ལམ་བཏབ། དེ་ནས་བསོད་སྙོམས་བྱེད་ཀྱིན་སོང་རིམ་པར་བསམ་ཡས་མཆིམས་ཕུ་ལ་བླ་མ་རབ་གསལ་ཞེས་ཞགས་པའི་ལྕམ་གཤེགས་པའི་རྗེས་འཇུག་བྱེད་ཀྱིན་འདུག །ང་ལ་བསམ་ཡས་ཟངས་རི་སོགས་ལ་མཁོ་བྱེད་ཚོགས་རྩམ་མཆོད་འབུལ་ཡོ་བྱད་དང་ཟངས་རི་མཁན་པོ་ལ་ཕན་གྲོགས་དགོས་པའི་ཕྱག་བྲིས་གནང་ནས་ཟངས་རི་མཁར་དམར་དུ་ཕྱིན། ལོ་སྔ་མར་སྟག་ལུང་མ་སྤྲུལ་རིན་པོ་ཆེས་སྤྱི་པའི་ཞབས་རིམ་ཆང་བུ་བརྒྱ་རྩ་འབུམ་ཐེར་བབས་པས་གཏོང་མ་ཤེས་བཞུགས་འདུག་པ་ཁམས་བླ་ཀློང་ཆེན་འོད་ཟེར་རྡོ་རྗེ་དང་ཉེ་གནས་ངོ་མཚར་གཉིས་དེར་ཞབས་བསྙུངས་ནས་བཞུགས་འདུག་པ་གདན་དྲངས་ནས་ངེད་རྣམས་ནས་བཏང་། དྷར་སེང་བྲག་ཕུག་ཏུ་མཚམས་ལ་བསྡད། མཆེད་གྲོགས་གཞན་རྣམས་བསོད་སྙོམས་སུ་བཏང་ང་གཅིག་པུར་བསྡད་པས་སྣང་ཉམས་འུར་ཏེ་ཉིན་པར་མཚམས་བསྡད་མཚན་མོ་ཞིང་དཀྱིལ་དུ་གཅོད་འཆམ་བྱས་དུར་ཁྲོད་དུ་གཉན་ས་བཅད། ཁྱི་ཞིག་ཡོད་པ་དེ་ང་དང་མཉམ་དུ་འཁྲབ་འདུག །ཉམས་འུར་སྐབས་འདི་ལྟར་སྨྲས་སོ། །
ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཟབ་དོན་གཅོད་ཡུལ་བརྒྱུད་པ། །མ་ལུས་གཅིག་ཏུ་བསྡུས་པའི། །གཅོད་མཁན་རིགས་བརྒྱའི་ཁྱབ་བདག །པདྨའི་མཚན་དེར་འདུད་དོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ སྤྲོས་བྲལ་ཀ་དག་ངོ་བོ། །ཡུམ་ཆེན་ཤེས་རབ་ཕར་ཕྱིན། །ཀློང་ཆེན་བྲོ་རར་བྱོན་དང་། །དངོས་མཚན་བདག་འཛིན་མགོ་ལ། །སྐྱེ་མེད་ཞབས་བྲོ་བརྡུངས་ནས། །གཞི་མེད་རྩ་བྲལ་འཁྲབ་བོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ རང་བཞིན་འོད་གསལ་ལྷུན་གྲུབ། །རྒྱལ་ཡུམ་ཕག་མོ་མཚོ་རྒྱལ། །སྒྲོན་དྲུག་བྲོ་རར་བྱོན་དང་། །ཕྱང་ཆད་སྟོང་ལྟའི་མགོ་ལ། །འགགས་མེད་ཞབས་བྲོ་བརྡུངས་ནས། །སྣང་བཞིའི་རོལ་གར་འཁྲབ་བོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ གཉིས་མེད་ཟུང་འཇུག་རང་གྲོལ། །མ་ཅིག་ལབ་ཀྱི་སྒྲོལ་མ། །སྣ་ཚོགས་བྲོ་རར་བྱོན་དང་། །ཆགས་ཞེན་ཨ་འཐས་མགོ་ལ། །གནས་མེད་ཞབས་བྲོ་བརྡུངས་ནས། །གྲོལ་བཞིའི་རོལ་རྩེད་འཁྲབ་བོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ སྣང་བ་གཏད་མེད་གུ་ཡང་། །ཤེས་རིག་ཟང་ཐལ་སྤྲང་མོས། །གང་ཤར་དག་པའི་བྲོ་རར། །ཆོས་བརྒྱད་ཕྱོགས་འཛིན་མགོ་ལ། །གདོང་ལྡོག་ཞབས་བྲོ་བརྡུངས་ནས། །རོ་གཅིག་སྒྱུ་མར་འཁྲབ་བོ། །ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ གཅོད་བྱ་བདག་ཏུ་འཛིན་པ། །གཅོད་བྱེད་བདག་མེད་སྙེམས་བྲལ། །གཅོད་ཡུལ་ཕྱི་ནང་བདུད་བཞི། །གཅོད་འབྲས་འཁོར་གསུམ་དག་གོ །ཧཱུྃ་ཧཱུྃ་ཧཱུྃ་ཕཊ༔ ཅེས་སྨྲས་སོ། །
ཉིན་ཅིག་ང་གཙང་པོའི་དཀྱིལ་དུ་སྔོན་མ་གཅིག་གི་བཞུགས་གནས་རྟེན་འབྲེལ་བརྟག་པའི་བྲག་ཆེན་པོ་ཞིག་ཡོད་པ་དེའི་རྩེ་མོར་འགྲོ་བསམས་པ་ཙམ་གྱིས་དེར་སླེབས། ཕན་ཚུན་ཐམས་ཅད་གཙང་པོས་བཅད་འདུག་པས་ང་ཅི་འདྲ་བྱས་ནས་སླེབས་པ་ཡིན་སྙམ་པས་ཡང་མཚམས་ཁང་དུ་སླེབས་འདུག །ཡང་ཟངས་རི་བཙན་ཁང་ནང་བུད་མེད་འགྲོ་མི་ཆོག་པ་ཞིག་ཡོད་པ་དེར་ཡར་འགྲོ་བ་མ་དྲན་ཡང་མགོན་ཁང་དུ་སླེབས། སྐུ་གཉེར་སྤག་ཟེར་བ་ཞིག་ཡོད་པ་དེས་བུད་མེད་འགྲོ་མི་ཉན་ཟེར་མར་ལམ་གབ་ཀྱིན་ཡོང་། ཡང་ཟངས་མདོག་དཔལ་རིར་སླེ་ལུང་སྤྲུལ་སྐུའི་སྐུ་མདུན་དུ་སླེབས་འདུག་ཟེར། ཡང་གང་ཡིན་ཆ་མ་འཚལ་བ་ཤུག་གསེབ་ལྟ་བུ་བྱེ་མ་དང་ཤུག་པ་འདྲེས་པའི་དགོན་པ་ཞིག་ཏུ་སླེབས། ང་དང་ཨ་ཎི་བྱང་ཆུབ་མཉམ་དུ་ལུང་པ་དེ་ནས་ཡིན་པའི་ཨ་ཅེ་ལྷ་ཆས་རྒྱབ་ཏུ་ཁུར་བ་ཞིག་ལྷ་ཕེབས་ནས་ཁྱེད་རང་འདིར་བཞུགས་ལ་འགྲོ་དོན་གནོངས་དང་འཛམ་གླིང་སུམ་གཉིས་དབང་དུ་འདུས་པའི་འཕྲིན་ལས་ཞུ་ཟེར། ངས་ཁྱེད་རང་ལ་ནུས་པ་ཡོད་ན་དགོན་པ་ཞིག་པོར་འགྲོ་བ་འདི་སྐྱོངས་དང་ང་ལ་མི་དགོས་སྨྲས། དད་མོས་རབ་ལ་བྱིན་རླབས་རབ་འབྲིང་ལ་འབྲིང་ཐ་མ་ལ་ཐ་མ་འཇུག་ཚུལ་ལུང་བསྟན། གཅོད་ཀྱི་ཆོས་ཚན་ཡིན་སྙམ་པའི་པར་ཤིང་འཁྲུག་པ་མང་པོ་འདུག་སར་སླེབས་པ་དྲན། ཉིན་གཅིག་ཉམས་སྣང་ལ་ཟངས་རི་མཁར་དམར་གྱི་གཙུག་ལག་ཁང་གི་མཐའ་སྐོར་དུ་མ་ཎི་ཞིག་བཞེངས་དགོས་སྙམ་པ་ཤར་དུས་ཟངས་རི་བཙན་རྒོད་སྐུ་ཕེབས་ནས་མཚལ་དང་སྤང་སོགས་མང་པོ་སྟེར། ཨ་མ་ཟངས་ཡག་བྲག་ནས་ཨ་ཁུ་ཨ་ཎེ་བསུ་ལ་བཏང་བས་ཨ་མ་ཟངས་ཡག་བྲག་ནས་ཡོང་དུས་གྲོང་སྟོད་ཁང་གསར་ལམ་དུ་ཆིབས་རྟ་དཀར་པོ་གཅིག་བཏང་འདུག་པས་རྟ་དེས་མ་ཎིའི་འཛུགས་རྟེན་གྱི་གཞི་བྱས། དེའི་ཁར་ཤེས་རབ་སྒྲོལ་མ་ལ་ཕ་མས་ཆོས་རྒྱགས་སྤྲད་པ་གསེར་གྱི་གའུ་གཅིག་དང་གསེར་གྱི་སྡེབ་ར་གློ་ཕྲེང་བཅས་ཕུལ་བས་གཞི་བྱས་ཏེ་ལྷ་སར་སྐལ་ལྡན་ཆོས་སྒྲོན་སློང་མོ་རྒྱག་པར་བཏང་ནས་བཞེངས་རྒྱུ་ཐག་བཅད། དེ་ནས་ཤག་བྱང་ལྕམ་ཟླ་བ་སྒྲོལ་མ་བསྙུངས་ནས་ང་ཡོང་དགོས་ཀྱི་ལན་དང་བསུ་བ་ཡོང་བས་ཨ་མ་སོགས་ཐམས་ཅད་ཕྱིན། ཟངས་མོ་རི་དག་ཨོ་རྒྱན་ཕུག་སོགས་མཇལ། ཨོ་རྒྱན་ཕུག་ཏུ་ཚོགས་འཁོར་གཏོང་དུས་རྡོ་ལེབ་ནག་པོ་ཞིག་ནས་ཚེ་ཆུ་བདུད་རྩི་མང་པོ་བབས། སྔོན་རྡོ་ཕུད་ཆོས་འཁོར་ནས་ཞལ་འཚོ་བའི་ཁམས་བླ་ཀློང་ཆེན་འོད་ཟེར་རྡོ་རྗེ་དང་ཉེ་གནས་ངོ་མཚར་གཉིས་གདན་དྲངས་ཞབས་བརྟན་གནང་སྙུང་གཞི་དྭངས། བླ་མ་དེའི་མདུན་ནས་པདྨ་བཀའ་ཐང་གི་ལུང་ཞུས་ནས་བརྒྱ་ཚར་ཀློག་རྒྱུའི་ཁས་ལེན་བྱས། དེ་ནས་མཉམ་དུ་ལབ་ལ་ཕྱིན་མ་ཎིའི་སྒྲུབ་པ་བཙུགས། ང་དང་ཤེས་སྒྲོལ་ཨ་མ་བཅས་ལབ་ལ་བསྡད། གཞན་རྣམས་བླ་མའི་ཕེབས་སྐྱེལ་དུ་བདག་པོ་གནམ་རྫོང་བར་བཏང་། ང་དང་ཤེས་སྒྲོལ་སོགས་དགོངས་བླ་བླ་མེད་ཅེས་པ་ཨ་ཎིའི་དགོན་པ་ཞབས་དཀར་ཆོས་ལུགས་བྱེད་པ་ཞིག་འདུག་པ་དེར་ཕྱིན། ཨ་ཎི་བགྲེས་མོ་ཞིག་ལ་ཞབས་དཀར་གསུངས། འཇམ་དབྱངས་སྤྲུལ་པའི་གླེགས་བམ། བཀའ་གདམས་སྤྲུལ་པའི་གླེགས་བམ། ངོ་མཚར་སྤྲུལ་པའི་གླེགས་བམ་གསུམ་གཡར་ནས་མྱུར་དུ་པར་དུ་བཀོད་ནས་འབུལ་རྒྱུ་བྱས་ཀྱང་ཨ་ཎི་སྐུ་གཤེགས་སོང་ཟེར་བས་དཔེ་ཆ་མ་འཕྲོད་པས་ཁ་བསླུ་ལྟ་བུར་བྱུང་སོང་། ཁམས་བླ་ཀློང་ཆེན་འོད་ཟེར་རྡོ་རྗེ་ལ་ང་སྨྱོ་བ་ལྟ་བུ་དེ་ལ་མཆེད་གྲོགས་རྣམས་ཀྱིས་ཐུགས་བརྟག་ཞུས་པ་ལ་ཁ་ཊཱཾ་ཞིག་བརྡུང་འཆང་ན་ཕན་ཚུལ་གསུངས་པས་ཤག་བྱང་ནས་ཁ་ཊཱཾ་བརྡུང་རྒྱུ་ཁས་ལེན་བྱས། དེ་ནས་ཟངས་རི་ལ་སོང་། གཏེར་སྒོ་མི་རྐུན་བྲག་ཕུག་ལ་བླ་མ་ཀློང་འོད་མདུན་ནས་ཁྲིད་ཞུས་ཏེ་ཟླ་དྲུག་ཐོད་རྒལ་བསྒོམས་ཏེ་བསྡད། དེ་ཚེ་མ་ཎིའི་ལས་གྲྭ་སྒྲིག །ཨ་ཕ་ཟངས་རིར་ལྟོ་སྐྱེལ་ལ་ཡོང་ལམ་དུ་ང་ལ་མོ་རང་ཨ་མའི་རོ་ཡིན་འདྲ་རི་ཕུག་ཡོད་ཚད་ལ་འདུག །ངེད་ཕ་མ་གཉིས་ལྟོ་སྐྱེལ་དཀའ་བ་ལ་ཞེས་སྨྲ་བཞིན་ཡོང་བས་ངའི་སར་སླེབས་པ་དང་ངས་པཱ་ལགས་ཁག་ཡོད་འགྲོ། ངའི་ཨ་མའི་རོ་འཁྱེར་དགོས་བྱུང་ཙང་བྱས་པས་ཕ་ནས་བུ་མོ་འདི་རང་བཞིན་མིན་འདྲ། ངས་ལམ་དུ་གང་ལབ་པ་ཤེས་འདུག་ཟེར་ནས་དད་པ་ལྟ་བུ་ཡག་ངེ བྱེད་འདུག །དེ་ནས་ཁ་ཊཱཾ་བཟོས་ནས་ང་ལ་སྟེར་བས་ཨ་ཁུ་ཨ་ཎེ་བྱང་སྟག་ལུང་དུ་མ་སྤྲུལ་རིན་པོ་ཆེའི་མདུན་དུ་བཏང་ནས་མ་ཎི་འཛུགས་སྐལ་ཡོད་མེད་དང་ཁམས་བླ་མ་ཀློང་ཆེན་འོད་ཟེར་རྡོ་རྗེ་ནས་ཁ་ཊཱཾ་འཆང་དགོས་གསུངས་པ་ལ་རབ་གནས་དང་ཕན་ཡོན་སོགས་གསུངས་གནང་། ཞུ་ཡིག་ཤག་བྱང་སྐུ་ངོ་ལ་འབྲི་རོགས་ཞུས་པས་ཡིག་གཟུགས་མ་གཏོགས་ཁྱོད་རང་མཁས་འདུག་ཟེར་བས་འདི་ལྟར་བྲིས་ཏེ་ཕུལ་ལོ། །
འདི་ཕྱིའི་གཏན་སྐྱབས་དཔལ་ལྡན་འཁོར་ལོའི་མགོན། །བཀའ་རྒྱུད་གསེར་རིའི་ཕྲེང་བས་མཛེས་པའི་དབུས། །གཙོར་གྱུར་ཐེག་མཆོག་འཇིགས་མེད་དཔའ་བོ་ཆེའི། །ཞབས་པད་གསེར་ཁྲི་གདོང་ལྔས་བཏེགས་པའི་དྲུང་། །གུས་ཤིང་གདུང་བའི་ལྷ་ཕྱག་གྲངས་མེད་དང་། །སོར་བཅུ་ཚངས་རྩེར་བཏུད་དེ་ཞུ་བའི་སྙིང་། །དེང་གི་བཀྲ་ཤིས་དགེ་བའི་དུས་ཀྱི་ཆར། །འཁོར་འདས་ཚོགས་གཉིས་གཅིག་བསྡུས་རྡོ་རྗེ་གསུམ། །རང་ཁམས་མི་གཡོ་བརྟན་པར་བཞུགས་པའི་ངོས། །བསྟན་འགྲོར་ཕན་པའི་མཛད་བཟང་ལྷ་ལམ་མཐར། །བརྒལ་བར་ཕན་བདེ་སྩོལ་བའི་བཀའ་དྲིན་ནི། །སྟོང་གསུམ་རིན་ཆེན་བྱུར་བུར་གཏམ་ཕུལ་ཡང་། །ཟུར་ཙམ་མི་འཁོར་བློ་ཡི་ཡུལ་ལས་འདས། །དགོངས་པར་མངའ་བའི་སྤྲང་མོ་འདིར་གནས་ཀྱང་། །ཟངས་རིར་གཏད་མེད་འཚབ་འཚུབ་ཐོལ་སྤྱོད་ལ། །སྨྱོ་རུ་བཏགས་ནས་འདི་ཕྱོགས་ཁམས་བླ་མ། །ཀློང་ཆེན་འོད་ཟེར་རྡོ་རྗེ་ཞེས་པ་ལ། །མཆེད་རྣམས་བརྟག་ལུང་ཞུས་པའི་ལུང་དོན་དུ། །ཁ་ཊཱཾ་འཆང་ན་ཕན་གསུངས་དེ་དོན་བཞིན། །བཟོས་ནས་ཕུལ་བས་དེ་དོན་ཕན་ཡོན་དང་། །རབ་གནས་དགོས་ཆེད་མ་ཤེས་བཀའ་སློབ་ཞུས། །མ་ཎིའི་འཁོར་ལོ་བཙུགས་ན་གྲུབ་མིན་དང་། །འགྲུབ་ཚེ་འགྲོ་དོན་འབྱུང་མིན་རང་ཉིད་ལ། །སྐལ་བ་ཡོད་མེད་གཟིགས་དཔྱད་བཀའ་སྩོལ་མཁྱེན། །སླད་ཆར་མཁས་གྲུབ་རྒྱ་མཚོའི་ཚངས་རྩེ་རུ། །ཞབས་པད་རྟག་བརྟན་མཛད་འཕྲིན་ཡོངས་རྒྱས་ནས། །སྐྱེ་དང་ཚེ་རབས་ཀུན་ཏུ་མི་འབྲལ་བར། །རིགས་ཀྱི་བདག་པོར་རྟག་བཞུགས་གསོལ་བ་འདེབས། །གུས་མོ་ངག་དབང་གྲགས་པ་རྣམ་རྒྱལ་གྱིས། །ཟངས་རིའི་གཏེར་སྒོ་མི་ཀུན་བྲག་ཕུག་ནས། །ལྷ་རྫས་རྟེན་བཅས་ཟླ་ཚེས་དགེ་བའི་ཉིན། །བཅུ་ཕྲག་སོར་མོ་ཡན་ལག་མཆོག་བཏུད་ཕུལ། །ཞེས་པ་ཕུལ་བའི་ལན་དུ་འདི་ལྟར་བཀའ་སྩལ་ཏོ། །
བདེ་སྟོང་ཡེ་ཤེས་རང་གཟུགས་ཤེས་རབ་དཔྱིད། །དྲི་མེད་ཕན་དང་བདེ་བའི་སྒྱུ་འཕྲུལ་བསྒྱུར། །སྲོག་སྩོལ་དྷུ་ཏིར་ཐིམ་པའི་གར་མཁན་མ། །ཨ་ཎི་ལོ་ཆེན་ཀིརྟི་བི་ཛའི་དྲུང་། །ཆེན་འབུལ་ཐོལ་བྱུང་བརྟུལ་ཞུགས་ཆོས་ཀྱི་སྲོལ། །འཇིག་རྟེན་ཆོས་བརྒྱད་གཡང་ལུག་མ་བཀླུབས་བར། །བསྟན་འགྲོར་གང་ཕན་ཟངས་རིར་དགྱེས་བཞུགས་ཀྱིས། །ལྷུན་གྲུབ་བཅད་རྒྱར་གནས་བཞིན་ཆབ་ཤོག་དང་། །རྟེན་བཅས་འབྱོར་བས་ཡིད་ཀྱི་ཤིང་རྟ་འདྲོང་། །འདིར་གནས་ཁྲི་མིང་འཛིན་ཁུལ་ཆལ་ཆོལ་དུ། །ཕན་སྤྱོད་ལྷུར་ལེན་སྣང་སེམས་དབང་བྱེད་བཞིན། །བཀའ་རྒྱུད་ཀྱིས་མཚོན་བསྟན་པའི་གསོས་སྨན་དུ། །གང་ནུས་བྱེད་པའི་ཁུལ་གྱིས་སྔར་བཞིན་གནས། །ཇི་ཕེབས་ཁམས་བླ་ཀློང་འོད་ལུང་བསྟན་ལྟར། །ཁ་ཊཱཾ་འཆང་བ་སྔགས་ཀྱི་ལམ་སྲོལ་ལེགས། །སྔོན་ཚེ་བལ་ཡུལ་ཡང་ལེ་ཤོད་ཉིད་དུ། །ཨོ་རྒྱན་གུ་རུ་པདྨ་ཐོད་ཕྲེང་གིས། །མི་དང་མི་མིན་ནག་ཕྱོགས་བཏུལ་བའི་ཚེ། །མཚོན་དུ་འདི་འཆང་བསྒྲལ་བའི་འཕྲིན་ལས་གྲུབ། །ཕོ་མོ་གཉིས་ལས་འདི་ནི་ཕོ་ཊཱཾ་ལགས། །མ་འོངས་མཚན་དང་མཐུན་པར་མངོན་འཚང་རྒྱ། །དེ་རྗེས་སངས་རྒྱས་གཉིས་པས་མཆིམས་ཕུ་ནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ནག་ཕྱོགས་ཀྱིས། །བར་ཆད་འཚེ་བས་མི་ཚུགས་བསྲུང་བའི་གུར། །ཁ་ཊཱཾ་ནང་དུ་བསྐུངས་ནས་བསམ་ཡས་ཕེབས། །གང་གིས་མི་འཇིགས་སྤོབས་པའི་བཙན་ས་ཟིན། །སྦྱོར་བའི་ལས་འགྲུབ་གཞོན་ནུ་བུམ་སྐུར་བརྙེས། །རྩེ་གསུམ་སྟོང་མཚན་སྨོན་མེད་རྣམ་ཐར་གསུམ། །མི་མགོ་སྐམ་རློན་རྙིད་པས་རྟོག་གསུམ་གྲོལ། །འདོད་འབྱུང་བུམ་པ་ལྷ་ཚོགས་ཀུན་བླ་རྡོ། །དར་འཕན་ཌ་དྲིལ་ཐབས་ཤེས་ཟུང་དུ་འཇུག །ཨ་ལུང་དགུ་ནི་ཐེག་པ་རིམ་དགུའི་བརྡ། །སྦ་ལྕགས་དཀར་པོ་ཟབ་ཡག་དྷུ་ཏི་མཚོན། །མཆན་བཅུག་བརླ་ནས་འཁྲིལ་བ་ཡབ་ཡུམ་ཚུལ། །འཆང་བས་ཕན་ཡོན་དཔག་མེད་དམ་ཚིག་ལྡན། །གསང་སྔགས་ཀུན་གྱི་གསང་བའི་བླ་རྡོ་ལ། །རིག་འཛིན་མཁའ་འགྲོ་ཀུན་འདུ་ཡི་རང་དད། །རབ་གནས་གྲུབ་ཟིན་སྐུ་ལུས་འབྲལ་མེད་འཆང་། །མ་ཎིའི་འཁོར་ལོ་ལས་དང་སྐལ་བ་ཡོད། །འབད་མེད་ལྷུན་གྲུབ་འགྲོ་དོན་དཔག་མེད་འབྱུང་། །སླད་ཆར་སྟག་ལུང་བདེ་གཤེགས་གདན་ས་ཉིད། །མ་སྤང་མཇལ་དུ་ཕེབས་དང་དེའི་བར་དུ། །འབྲལ་མེད་བསྲུང་གུར་སྐྱབས་འཇུག་རྒྱུན་བསྲིང་བྱེད། །ཆོས་ཀྱི་འཁོར་ལོའི་ཟེའུ་འབྲུར་བཞུགས་པར་ཞུ། །བྱིན་མདུད་ལྷ་རྫས་རྟེན་མཚོན་དང་བཅས་ཏེ། །མ་སྤྲུལ་མིང་གིས་སྟག་ལུང་བླ་བྲང་ནས། །དགེ་ལེགས་ཤིས་པའི་ཡར་ཚེས་བཟང་པོར་ཕུལ། །དུས་གསུམ་ཀུན་ཏུ་དགེ་བའི་བཀྲ་ཤིས་ཤོག །ཅེས་པ་སྩལ་འབྱོར་བྱུང་བས་ཡིད་ལ་དགའ་བཞི་བདེ་སྟོང་གི་ཉམས་ཁྱད་པར་ཅན་སྐྱེས་སོ། །
དེ་ནས་ཟླ་དྲུག་མཚམས་གྲོལ་ནས་མི་རྐུན་བྲག་ནས་གཏེར་ཆུང་དུ་ངས་ཁ་ཊཱཾ་ཐོགས་གཞན་རྣམས་ཐང་སྐུ་དང་མཆོད་རྫས་སོགས་ཐོགས་ནས་སེར་ཕྲེང་བྱས། དེར་སླེབས་པ་དང་གཏང་རག་བཏང་། མ་ཎིའི་འཁོར་ལོ་བཞེངས་སྐབས་བཟོ་རིགས་རྣམས་ཨེ་ཤག་བྱང་ནས་གཏོང་རོགས་བྱས་པས་སླེབས། འཇམ་དབྱངས་མཁྱེན་བརྩེའི་ཞལ་སློབ་བླ་མ་འཇམ་དབྱངས་རིན་པོ་ཆེ་ནས་རོགས་རམ་མཛད། ལས་བཀོད་པ་སྐྱབས་མགོན་དྷར་སེང་མདུན་དུ་མཆེད་གྲོགས་ཡིན་པའི་ཟངས་རི་མཁན་པོ་དང་། ཧ་ལམ་བཙན་རྒོད་རང་སྐུ་ཕེབས་པར་བཞུགས་གནང་། གཞན་ཡང་ཟངས་རི་རྫོང་སོགས་ལྷ་མི་ཐམས་ཅད་ཀྱིས་རོགས་རམ་ཕུན་སུམ་ཚོགས་པ་བྱུང་། ཟངས་རི་མཐིལ་དུ་སྤྲོ་ཁང་མ་ཎི་བཟོ་ལས་རྣམས་ལེགས་པར་གྲུབ་ཟིན་ནས། ཟངས་རི་ཡུལ་གྱི་མི་རྣམས་ཀུན་འདུས་ནས་ཐམས་ཅད་གཟབ་སྤྲོས་བྱས་རྒྱན་བཏགས། ཨ་ཅེ་གཉིས་ཁྲུང་ཞུ་མ་བྱས། མཁར་དམར་སྟེང་བར་དགེ་འདུན་པ་རྣམས་ཀྱིས་རྔ་རོལ་དུང་རྒྱ་གླིང་སོགས་ཀྱིས་བསུ་བ་སེར་ཕྲེང་རྒྱས་པར་བྱས། སྐུ་ངོ་རྫོང་ནས་ན་བཟའ་སེར་པོ་བཞེས་ཏེ་སྤོས་སྣ་བྱས། བླ་མ་འཇམ་དབྱངས་རིན་པོ་ཆེས་གདུགས་སེར་པོ་ཞིག་ཕུབ། ལྕམ་ཟླ་བ་སྒྲོལ་མའང་གཟབ་སྤྲོས་བརྒྱན། ང་ཡང་ཕྱིང་པའི་གྱོན་པ་ཞིག་གྱོན་ནས་མ་ཎི་དབྱངས་འདྲེན་བྱས། ཡུལ་མི་རྣམས་ཀྱིས་མ་ཎི་རེ་རེ་ཐོགས་ནས་གདན་འདྲེན་ཞུས། མ་ཎི་རེ་རེ་བཞིན་ལེགས་པར་བཙུགས་ནས་དར་དཀར་རེ་བསྒྲོན། ཆང་ཤིན་ཏུ་མང་བས་ཐམས་ཅད་མ་བཟི་བ་མེད་པ་དང་དེ་ལོ་ཆར་ཤིན་ཏུ་དཀོན་པས་མ་ཎི་བཙུགས་མ་ཐག་ཆར་ཆེ་བར་བབས་པ་ཀུན་གྱིས་མཐོང་ཞིང་འཇའ་ཟུག་པ་སོགས་བཀྲ་ཤིས་པའི་ལྟས་བཟང་པོ་མང་པོ་བྱུང་། རབ་གནས་ལ་བླ་མ་པད་བཀྲ་གདན་འདྲེན་ཞུས་པས་བསྙུངས་ནས་ང་ལས་འཇིགས་དར་ལྷག་ཡོད་གསུངས་ཤིང་ཕེབས་ནས་འཇམ་དབྱངས་རིན་པོ་ཆེ་དང་ངེད་གསུམ་གྱིས་རབ་གནས་ལེགས་པར་གྲུབ། ཐུགས་དབང་བསྐུར་བས་དབང་ཡོན་དར་དངུལ་སོགས་མང་དུ་བྱུང་བས་བླ་མ་གཉིས་ཀྱིས་མ་བཞེས་པས་ངས་མཁར་དམར་དགེ་འདུན་པ་རྣམས་ལ་བསྙེན་བཀུར་བྱས། རྩ་བའི་བླ་མ་གཉིས་ཀྱི་སྐུ་མཆོད་གཏོང་ཐེབས་བཞག་པ་རྣམས་གྲུབ་རྗེས་དགེ་རྩ་རྣམས་འཁོར་གསུམ་དམིགས་པ་མེད་པར་བསྔོས་ཏེ་སྨོན་ལམ་འདི་ལྟར་བཏབ་བོ། །
ན་མོ་པྲ་ཎི་དྷ་ན་ར་ཛ་ཡེ། །ཕྱོགས་དུས་རྒྱལ་བ་སྲས་བཅས་བདེན་དཔང་མཛོད། །འདི་བཞེངས་དགེ་བས་མཚོན་ཏེ་དུས་གསུམ་གྱི། །དགེ་རྩ་ཅི་མཆིས་མཐའ་ཡས་འགྲོ་ལ་བསྔོ། །སྦྱིན་པའི་བདག་པོས་ཐོག་དྲངས་སེམས་ཅན་ཀུན། །འཕགས་པ་སྤྱན་རས་གཟིགས་དབང་ཞལ་མཐོང་ནས། །གསུང་མཆོག་ཡི་གེ་དྲུག་མའི་སྒྲ་ཐོས་ཤིང་། །སྟོང་ཉིད་སྙིང་རྗེ་བྱང་ཆུབ་སེམས་ལྡན་ཞིང་། །གྲུ་འཛིན་རི་བོ་ཏ་ལར་ཆབས་ཅིག་གྲོལ། །སངས་རྒྱས་བསྟན་དར་བླ་མའི་ཐུགས་དགོངས་རྫོགས། །བསྟན་འཛིན་ཞབས་བརྟན་གདུལ་བྱ་འཕྲིན་ལས་རྒྱས། །ཚོགས་རྫོགས་སྒྲིབ་བྱང་ཆོས་མཐུན་བསམ་དོན་འགྲུབ། །མ་ལུས་ཆབ་ཅིག་སངས་རྒྱས་ཐོབ་པར་ཤོག །ཅེས་སྨྲས་སོ། །
དེ་ནས་གཏང་རག་གི་ཚོགས་རྒྱ་ཆེན་པོ་བྱས། གཅོད་ཚོགས་གཏོང་སྐབས་གནས་མདོ་གཅོད་པ་ཟེར་བ་ཉམས་ལེན་ཞི་བྱེད་གཅོད་ལ་མངའ་བརྙེས་པ་ཞིག་འདུག་པ་དེ་དང་ཚོགས་བརྒྱ་མཉམ་པོར་བཏང་། བླ་མ་དེའི་མདུན་ནས་གཅོད་ཀྱི་སྐོར་ཉམས་སུ་ལེན་ལུགས་དམར་ཁྲིད་སྨིན་དབང་ལུང་བཅས་ཞུས། ང་ལ་ཐུགས་ཤིན་ཏུ་མཉེས་པར་གནང་ཞིང་ཁྱེད་ཡེ་ཤེས་ཀྱི་མཁའ་འགྲོ་མ་མ་ཅིག་ལབ་ཀྱི་སྒྲོལ་མ་འཁྲུལ་མེད་རེད། ང་ལའང་རྟེན་འབྲེལ་ལེགས་པོ་རྨི་ལྟས་དང་མཐོང་སྣང་མི་འདྲ་བ་སྣ་ཚོགས་བྱུང་གསུངས། ཕྱག་སྤྱི་བོར་ཐལ་མོ་སྦྱར་ཏེ་ཆོས་འབྲེལ་དང་གདམ་ངག་ཅིག་ཅི་ནས་ཀྱང་སྩལ་དུ་གསོལ། ཞེས་ནན་ཏན་གྱིས་གསུངས་པར་བརྟེན་དེར་ཚོགས་ཀུན་གྱིས་མ་ཅིག་གི་སྤྲུལ་པར་གྲགས་སོ། །ཡུམ་ཤེས་རབ་ཕར་ཕྱིན་མངོན་སུམ་ཤེས་རབ་མི་མོའི་གཟུགས་སུ་ཤར་བ་མ་ཅིག་ལབ་ཀྱི་སྒྲོན་མ་བདག་ལམ་ཞུགས་པ་ཙམ་ལ་སྤྲུལ་པར་སྒྲོ་བཏགས་ན་ངོ་ཚ་བ་ལས་མེད་ཀྱང་ཆོས་བདག་མེད་ལ་གང་ཟག་སྙིང་རུས་སུ་ཆེ་བ་ཡིན་པས་མྱུར་དུ་སངས་རྒྱས་ཐོབ་པ་ཞིག་བྱེད་པར་དམ་བཅས་ཤིང་ཁོང་གི་ངོ་མ་ལྡོག་པར་ཆོས་འབྲེལ་གྱི་གླུ་འདི་ལྟར་ཕུལ་ལོ། །
རྗེ་དམིགས་མེད་བརྩེ་བའི་གཏེར་ཆེན་རྡོལ། །རྟོག་ཚོགས་ཀུན་ཡེ་གྲོལ་ཀ་ནས་དག །མཐའ་གང་དུ་མི་གནས་འཁོར་ལོའི་མགོན། །སྐྱབས་པདྨ་རྒྱ་མཚོ་མཆོག་དེར་འདུད། །སྙན་གསོན་དང་གནས་མདོ་གཅོད་པ་ལགས། །ཕ་བཀའ་དྲིན་འཁོར་མེད་བླ་མ་རྗེས། །ཟབ་རྒུ་ཡི་རྒྱུད་ལུང་མན་ངག་ཀུན། །བདག་སྐལ་བཟང་གི་བདུད་རྩི་ཐོབ་མོད་ཀྱང་། །བློ་བརྗེད་ངས་ཀྱིས་རྒྱུད་ལ་ཆགས་པ་དཀོན། །འོན་ཀྱང་ནི་གསུང་ངོ་མི་ལྡོག་ཕྱིར། །གང་ཤེས་ཀྱི་མཆོད་སྤྲིན་མཎྜལ་འབུལ། །ཆོས་ཀུན་གྱི་ཐོག་མར་དགེ་བ་རྣམས། །ཐབས་ཡང་དག་གིས་ཟིན་པར་བྱེད་པ་ལ། །མ་འགྲོ་ཀུན་སངས་རྒྱས་ཐོབ་ཕྱིར་དུ། །སེམས་བསྐྱེད་ཅིང་བསྐྱེད་མཁན་ངོ་བོས་སྟོང་། །གཤིས་སྟོང་མཚན་སྨོན་མེད་རྣམ་ཐར་གསུམ། །བདག་མེད་གཉིས་ལྟ་སྤྱོད་ཟུང་འཇུག་དག །དཔལ་ཀླུ་ཐོག་རྗེས་འཇུག་གི་ཕྱག་སྲོལ་ཡིན། །མཐའ་གཉེན་པོ་བྲལ་ལ་ཐལ་འགྱུར་ཟེར། །ཆོས་ཟབ་དོན་དབུ་མ་ཆེན་པོར་གྲགས། །རང་བདེ་དོར་གཞན་ཕན་དང་ལེན་པ། །རྗེ་ཚོགས་དྲུག་རང་གྲོལ་གྱི་ཐུགས་དམ་ལགས། །ང་ཆེ་བཙན་མཁས་རློམ་གྱི་དོ་ཟླ་མེད། །བདག་རྟོགས་ཀྱི་སྙོམ་བྱེད་ངོ་བཟུང་བས། །བདག་མེད་ཀྱི་མ་བཅོས་རང་གྲོལ་མཐོང་། །བདུད་རང་གཤིས་སུ་གཅོད་ཅིང་རོ་སྙོམས་ནས། །འཁོར་འདས་ཆོས་འཇིགས་མེད་དཔའ་གདེང་དེ། །མ་ལབ་ཀྱི་སྒྲོལ་མའི་ཕྱག་སྲོལ་ཡིན། །རེ་དོགས་ཀྱི་ལྷ་འདྲེའི་མཚན་འཛིན་ཞིག །ཟབ་མོའི་དོན་བདུད་ཀྱི་གཅོད་ཡུལ་གྲགས། །གཏད་མེད་ཀྱི་བདེ་སྡུག་རོ་སྙོམས་པ། །རྗེ་པདྨ་རྒྱ་མཚོའི་ཐུགས་དམ་ལགས། །སྐྱིད་འདོད་ཆོས་གང་གིས་དོ་ཟླ་མེད། །ལས་རླུང་གིས་མ་དག་སེམས་སྣ་ཁྲིད། །ལས་རྩ་ཐུགས་རླུང་གིས་གནད་བཅུན་པས། །འགྲོ་ཆ་དང་རིག་ཆ་ཡེ་ཤེས་དག །རྩ་ཨ་བ་དྷུ་ཏིའི་མདུད་པ་གྲོལ། །རྗེ་མར་མི་དྭགས་གསུམ་གྱི་ཕྱག་སྲོལ་ཡིན། །སྣང་སྟོང་གི་ཕྱག་རྒྱས་ཀུན་ཐེབས་པ། །བཀའ་བརྒྱུད་ཀྱི་ཕྱག་རྒྱ་ཆེན་པོར་གྲགས། །སྐྱེ་འཇུག་དང་རླུང་སེམས་དབང་བསྒྱུར་བ། །རྗེ་བསྟན་པའི་ཉི་མའི་ཐུགས་དམ་ལགས། །གྲུབ་ཚུལ་གྱི་ཆོས་བརྒྱད་དོ་ཟླ་མེད། །འཁོར་འདས་ཀྱི་ཆོས་ཀུན་གཤིས་ལ་རྫོགས། །གཤིས་བློ་འདས་ཀ་དག་ལྷུན་གྱིས་གྲུབ། །ཡེ་གྲོལ་གྱི་གཅེར་མཐོང་ཟང་ཐལ་ལ། །རང་བྱུང་ཆོས་གསུམ་གྱི་གཞུང་ཚུགས་པ། །དཔལ་ཀུན་མཁྱེན་ཡབ་སྲས་ཀྱི་ཕྱག་སྲོལ་ཡིན། །བྱར་མེད་ཀྱི་མ་བཅོས་འོད་གསལ་ལ། །བཀའ་རྫོགས་པ་ཆེན་པོ་ཞེས་སུ་གྲགས། །འབད་རྩོལ་གྱིས་མ་གོས་ཡོངས་གྲོལ་བ། །རྗེ་རྫོགས་སྤྲུལ་ལྔ་པའི་ཐུགས་དམ་ལགས། །དམིགས་བཅས་ཀྱི་བློས་བྱས་དོ་ཟླ་མེད། །གཞི་ཀུན་སློང་བྱང་ཆུབ་སེམས་ཀྱིས་བཟུང་། །ལམ་སྤང་སྒྱུར་གྲོལ་བ་རྒྱུད་ལ་སྦྱར། །འབྲས་དམིགས་མེད་བློ་འདས་རེ་དོགས་བྲལ། །རྐྱེན་གང་ཤར་རང་གྲོལ་རྒྱུན་མི་ཆད། །རྗེ་གོང་མས་བསླབས་པའི་ཕྱག་སྲོལ་ཡིན། །རང་རྒྱུད་གྲོལ་གཞན་རྒྱུད་སྨིན་པ་ལ། །དམ་པའི་ཆོས་ཡང་དག་ཅེས་སུ་གྲགས། །འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པ། །སྦྲང་མ་ཎི་ལོ་ཆེན་གྱི་ཐུགས་དམ་ལགས། །ཕྱོགས་འཛིན་གྱི་གྲུབ་མཐས་དོ་ཟླ་མེད། །སེམས་ལུང་མ་བསྟན་པའི་ཀུན་གཞི་དང་། །དེ་རང་ངོ་ཤེས་པའི་ཆོས་སྐུ་གཉིས། །མ་ནོར་མཚམས་ཁྱད་ཆོས་དྲུག་གིས་འབྱེད། །སེམས་རྐྱེན་ཁར་ཤོར་བའི་རྙོག་མ་དང་། །གཤིས་རིག་པ་རྟོག་མེད་དྭངས་གསལ་གཉིས། །མ་ནོར་མཚམས་རྟོགས་རྗེས་འབྲང་མིན་འབྱེད། །རྣམ་རྟོག་བག་ཞ་བའི་ཞི་གནས་དང་། །ཡེངས་བསྒོམ་འདས་གསལ་བའི་ལྷག་མཐོང་གཉིས། །མ་ནོར་མཚམས་གཉེན་པོ་ཡོད་མེད་འབྱེད། །རྣམ་ཤེས་ཀྱི་སྣ་ཚོགས་དྲན་བསམ་དང་། །ཡེ་ཤེས་ཀྱི་ཤར་གྲོལ་དུས་མཉམ་གཉིས། །མ་ནོར་མཚམས་བག་ཆགས་ཡོད་མེད་འབྱེད། །མ་འགྲོ་ཀུན་རྣམ་མཁྱེན་མྱུར་འགོད་ཕྱིར། །དུས་གསུམ་གྱི་དགེ་རྩ་བསྔོ་བ་དང་། །བསྔོ་བ་ཡི་འཁོར་གསུམ་མཚན་འཛིན་དག །དེ་ཕྱི་པ་དང་ཐེག་དམན་གྱི་འཕགས་ཆོས་ཡིན། །ཁའི་བཤད་ཡམ་འབུམ་གྱིས་དོ་ཟླ་མིན། །རྗེ་འདྲེན་མཆོག་གནས་མདོ་གཅོད་པ་ཡིས། །སྤྲང་བོང་བ་གསེར་གཟིགས་ཀྱི་དག་སྣང་གིས། །བསྐུལ་བའི་ངོར་རང་རྒྱུད་ལ་མེད་ན་ཡང་། །སྨྲ་བའི་ཚིག་ཡང་དག་གི་ལེགས་བཤད་ཡིན། །ཉམས་བླངས་ན་འབྲས་བུ་བསླུ་བ་མེད། །སྤྲང་མ་ཎི་ལོ་ཆེན་གྱིས་ཕུལ་བའི་དགེས། །ཀུན་འདི་དོན་རྟོགས་ནས་གྲོལ་གྱུར་ཅིག །
ཅེས་སྨྲས་ཤིང་གདན་ས་མཐིལ་ལ་ཕྱིན། ཟངས་རིའི་རྫས་ལྷག་མ་རྣམས་དེར་མ་ཎི་གོག་པོ་རྣམས་བཟོས། ཐིག་རྩ་ཕུག་ཏུ་ང་མཚམས་བསྡད། ཨ་མ་སོགས་དགོན་པར་བཞག །མདའ་རུ་ཕག་མོའི་འདྲ་སྐུའི་མདུན་དུ་དགུན་ཁ་བསྡད་སྤྱོད་འཇུག་ཅིག་བཤད། དེ་ནས་ཡོངས་སྒྲུབ་གནས་གཏེར་སྒོ་ལ་ཕྱིན་ཆོས་རྗེ་ལ་མེ་ཏོག་གི་ཞྭ་མོ་གཡོགས། བཙན་རྒོད་ཞུགས་ནས་མི་ཐར་ས་མེད་པ་ཞིག་ཏུ་ང་ཁྲིད། གཏེར་དཀྱིལ། གཏེར་ཆུང་། ཨོ་རྒྱན་ཕུག་འཁྲུང་ཚལ། ཀླུ་སྡིངས་སོགས་ལ་གནས་འབྲེལ་བདུན་གསུམ་བཞི་རེ་བསྡད་པས་བོགས་ཆེར་བྱུང་། ཨ་མ་འཁྲུང་ཚལ་དུ་བཞག །ང་གཏེར་ཆུང་མི་རྐུན་བྲག་ཕུག་ཏུ་སྡོད་སྐབས་ལྕམ་ཟླ་བ་སྒྲོལ་མ་གཉིས་ཙ་རིར་ཕེབས་རྒྱུའི་ཁ་ཆད་ཡོད་པས་ཤག་བྱང་ནས་ནམ་ཕེབས་ཞེས་བང་མི་བཏང་བྱུང་བས་ཨ་མ་མེད་པས་ཐག་མ་ཆོད་སྟབས་ཡིག་ལན་དུ་ཕར་རི་ཚུར་རི་མར་རི་དར་དཀར་ཕུལ། ཞེས་པ་ཞིག་བཏང་བས་ལྕམ་སྐུ་ཞབས་ནས་ཧ་མ་གོ་བས་ཅི་ཡིན་འདྲི་བར་ཕེབས་བྱུང་བས་ཞབས་དཀར་གྱིས་གསུངས་ཤིང་རྟ་རྣམ་བདུན་སོགས་ཆོས་བཀའ་ཁ་ཤས་ཁྲིད། ལྕམ་དང་མཉམ་དུ་ཁྲ་འབྲུག་ལ་སོང་ཟླ་ཤས་བསྡད། གུ་རུ་ལྷ་ཁང་ལ་སྐོར་བ་འབུམ་བསགས། དེ་ནས་འགྲོ་རན། རྟ་ཞོན་ཚར་ནས་ལྕམ་གྱིས་ད་གར་འགྲོ་གསུངས་བྱུང་། ང་གར་འགྲོ་མེད་པས་བསམ་བློ་ཞིག་བཏང་བས་ལྷོ་གནས་འགྲོ་རྒྱུ་དྲན་ནས་ལྕམ་དང་ལྷན་དུ་ལྷོ་གནས་རྒྱས་པར་སོང་། ཚེ་རིང་ལྗོངས་དཔལ་རི་རོང་ཁང་སྟོན་པ་སྤྱན་གཡས་སོགས་མང་དུ་མཇལ། ཡར་ལྷ་ཤམ་པོར་རྡོར་སེམས་མངོན་དགའི་ཞིང་སྦྱོང་གི་བསྙེན་མཚམས་བསྡད། ཆུ་མ་འཕྲོད་པས་ཨ་མ་བསྙུངས་ནས་མཚམས་མྱུར་པོར་གྲོལ། ཨ་མ་ང་དང་སངས་རྒྱས་གཉིས་ཀྱིས་རྒྱབ་ཏུ་རེས་མོས་བྱས་ཁུར་ནས་དར་རྒྱས་ཆོས་གླིང་དུ་ཕྱིན། ཞག་ཤས་བསྡད་སྨན་པ་བསྟེན། ངེད་དཔོན་གཡོག་བརྒྱད། ལྕམ་དཔོན་གཡོག་བཞི་བཅས་རྩད་པོ་བྲག་མདའ་གླིང་ག་ཞིག་ཏུ་བསྡད། རྩད་པོ་བྲག་ཏུ་ཨ་མདོའི་བླ་མ་སྔོན་མཆེད་གྲོགས་ཡིན་པ་ཞིག་བཞུགས་འདུག་པས་དེར་འགྲོ་བསམས་ཀྱང་བླ་མས་གྲྭ་པ་དང་ཨ་ཎི་ཞིག་བཏང་། ཁོང་སྐུ་མཚམས་ཡིན་རེ་ཞིག་དེར་བཞུགས། ཁོང་གིས་སྦྱིན་བདག་ལ་མངག་དགོས་གསུངས་ཀྱང་ཨ་མ་སྙུང་གཞི་མ་དྭངས་པས་ཁུར་ནས་ཁྲ་འབྲུག་ཏུ་སོང་། དེ་ན་བླ་མ་སྟག་ཚང་སྤྲུལ་སྐུ་ཞེས་པས་ལྡེབས་བྲིས་བསྐྱོན་འདུག་པ་ལ་སྨན་དང་རིམ་གྲོ་ཞུས་པས་ཅུང་དྭངས་བྱ་ས་ལྷ་ཁང་དུ་སོང་།
དེར་རྒན་ཆོས་ཉིད་རང་གྲོལ་བྱང་ཆུབ་སེམས་མཆོག་གསུངས་ནས་ཕྱག་འབུམ་བསགས་ཏེ་བཞུགས་འདུག །དེས་སྨན་དང་རིམ་གྲོ་སོགས་གནང་། ཞག་ཤས་བསྡད་ཨ་མ་ཡང་སྙུང་གཞི་དྭངས། ངེད་རྣམས་ཨོག་དཀར་བྲག་མཇལ་དུ་འགྲོ་བསམས་པས་ཨོག་དཀར་བྲག་གི་བླ་མ་རྫོགས་ཆེན་ཡོན་ཏན་དཔལ་བཟང་ཟངས་རི་མཁར་དམར་དུ་ཕེབས་པ་ཐོས་ནས་ཟངས་རིར་མཇལ་དུ་ཕྱིན། བླ་མ་ཟངས་རིར་སྤྲོ་ཁང་དུ་བཞུགས་འདུག །ཤག་བྱང་ལྕམ་སྐུ་ཞབས་ནས་མཇལ་ཆོག་པ་ཞུས་པས་ཨ་མ་ལགས་ཤ་དང་ཆང་བསྣམས་ནས་ཕེབས་གསུངས། བཅར་དུས་བླ་མ་ནི་ཆབ་ལུམས་སྐྱོན་གྱིན་ཡོད་གསུངས་ནས་མཇལ་ཁ་མ་བྱུང་། ཟངས་རི་རྫོང་གི་གཟིམ་ཆུང་ཤམྦྷ་ལ་མཇལ། ཐར་མདོ་ཉིན་མཚན་མེད་པར་བཀླགས་ནས་ཞག་བདུན་གཅིག་བསྡད། བླ་མ་མཇལ་ཁ་ཞུ་བར་ཕྱིན་པས་བླ་མ་སྙུང་གཞི་བཞེས་ནས་འགྲུལ་ཁ་སྐྱོན་འདུག་ཟེར་ནས་མཇལ་ཁ་མ་བྱུང་བས་རང་གི་བླ་མ་དྲན་ནས་སེམས་སྐྱོ་བ་ཚད་མེད་བྱུང་བས་མང་པོ་ངུས། རང་གི་བླ་མ་ནི་ཞིང་གཤེགས་བླ་མ་གཞན་ནི་མི་མཇལ་བསམ་པ་བློ་ལ་ཤར་ཨེ་ཆུང་གླང་ལུང་དུ་བླ་མ་འཇམ་དབྱངས་རིན་པོ་ཆེ་ནས་ཀོང་སྤྲུལ་རིན་པོ་ཆེའི་གསུང་རྫོགས་ཆེན་ཁྲིད་ཡིག་དྲི་མེད་ཞལ་ལུང་གི་ཁྲིད་ཞུས། ཕར་རྩ་རླུང་སྐོར་ཕུལ། ལྷ་རྒྱ་རིས་སྦྱིན་བདག་བྱས། རྒྱ་རིའི་རྗེ་བཙུན་མ་མང་པོ་དང་བཅས་སྨན་སྒྲུབ་གནང་།
དེ་ནས་བདེ་ཆེན་བསམ་གླིང་མཇལ། དེར་བསྡད་རྒྱུ་བྱས་ཀྱང་ཨ་མའི་ཐུགས་ལ་མ་བབས། དེ་ནས་ཡར་བསམ་ཡས་སུ་སོང་། བསམ་ཡས་མཁན་ཆོས་ཨ་ཕོ་སྟག་ཟེར་བ་སྙུང་བ་དང་ཐུག་པས་ང་རང་ཞབས་བརྟན་བྱེད་པ་ལ་ཤོག་ཟེར་ནས་ཆང་བུ་བརྒྱ་རྩ་སོགས་བཏང་། དེའི་ནུབ་མོ་ཧས་པོ་རི་ཡི་རྩེར་བསྡད་ནས་གཅོད་བཏང་ལྷ་འདྲེའི་འཚུབ་ལྷོངས་ཤིན་ཏུ་ཆེ་བ་བྱུང་། སང་ཉིན་མར་མཁན་ཆོས་སར་ཕྱིན་ཐོས་གྲོལ་ཀློག །ངོ་སྤྲོད་རྒྱས་པ་བྱས་ཚར་བ་དང་གློ་བུར་དུ་གནོད་སྦྱིན་ཙིའུ་དམར་ཐོག་འབེབས་བརྒྱབ་ནས་ང་ལ་གུ་རུའི་སྐུ་ཚབ་ཉེར་ལྔའི་གྲས་ཡིན་པ་གཅིག་བཞུགས་ཁང་རང་འགྲིགས་དང་། ལྷ་འདྲེ་མི་གསུམ་གྱིས་གནོད་འཚེ་མི་ཆོག་པའི་བཀའ་རྟེན་གོས་སེར་པོའི་རྒྱབ་ཤན་བྱས་པ་ཆེ་བ་ཞིག་དང་། བོད་དངུལ་ཊཾ་དཀར་རྡེལ་ཚད་ལྷ་གོས་སྲིད་ན་རིང་བ་བཅས་གནང་ནས་ཕྱག་འཚལ། ལུས་རྟེན་འདི་ཡི་རྗེས་འཇུག་ཁྱེད་ཀྱིས་གནང་རོགས་གསུངས་ཏེ་སྐུ་ཡལ། དེ་ནས་མཁན་ཆོས་ཞིང་ལ་གཤེགས་ཐུགས་དམ་ཞག་གསུམ་བར་བཞུགས། ངས་རྗེས་འཇུག་མི་ཡོང་བཀའ་འགྱུར་བླ་མ་གདན་འདྲེན་ན་ལེགས་སྨྲས་པས་ཁོང་ཚོས་མཆིམས་ཕུའི་བཀའ་འགྱུར་བླ་མ་གདན་དྲངས་ནས་སྐུ་གདུང་ཤེལ་བྲག་ལ་བཏང་། བསམ་ཡས་དབུག་ཁང་ནང་དུ་ཞག་གསུམ་གཉན་ཁྲོད་ལ་སྡོད་སྐབས་འཚུབ་ལྷོངས་ཤིན་ཏུ་ཆེ་བར་བྱུང་། དེ་ནས་མཆིམས་ཕུ་དང་གཡའ་མ་ལུང་མཇལ་ནས་ཚེ་ཆོག་དང་ཚོགས་བརྒྱ་བཏང་། སྔོན་གྱི་རྒྱལ་བློན་བྱང་ཆུབ་སེམས་དཔའ་རྣམས་ཡིད་ལ་ཤར་ཏེ་གདུང་དབྱངས་མགུར་འདི་སྨྲས་སོ། །
ན་མོ་གུ་རུ་པདྨ་ཀ་ར་བྷོ་དྷི་སཏྭ་བྲ་ཧྨ་པུཥྤ་ཡེ། །ཆོས་ཉིད་རང་བྱུང་རིག་པའི་ཡེ་ཤེས་སྐུ། །ཟབ་རྒྱས་མ་འགགས་ནཱ་དའི་ཚངས་དབྱངས་གསུང་། །ཀ་དག་ལྷུན་གྲུབ་སྣང་བཞི་བརྩེ་ཆེན་ཐུགས། །སྐྱབས་མགོན་མཁན་སློབ་ཆོས་རྒྱལ་མཆོག་ལ་འདུད། །འགྲོ་བ་ཀུན་དང་ཁྱད་པར་བོད་ཡུལ་དུ། །རྨོངས་སེལ་བསྟན་པའི་སྒྲོན་མེ་སྤར་མཛད་ཅིང་། །མཁྱེན་བརྩེ་ནུས་པ་གདུལ་དཀའ་འདུལ་བ་པོ། །བཀའ་དྲིན་ཅན་ཁྱེད་གསུམ་ལས་ལོགས་སུ་ཅི། །འཇམ་དབྱངས་དར་ཐོད་དཀྲིས་པ་ཁྲི་སྲོང་རྗེ། །དད་མོས་གུས་པའི་ཆུ་གཏེར་རྒྱ་མཚོའི་འཇིང་། །ཚོགས་གཉིས་དཔལ་གྱིས་བསྐྲུན་པའི་མདོ་སྔགས་ཀྱི། །ཤིང་རྟ་ཆེན་པོ་མཁན་སློབ་བཅུད་དུ་སྨིན། །མིག་མི་འཛུམ་པར་ངུར་སྨྲིག་གར་བཀླུབས་པ། །གནས་བརྟན་མཁན་ཆེན་དཔལ་ལྡན་ཞི་བ་མཚོ། །སོ་ཐར་འདུལ་བའི་རི་བོང་འཛིན་པ་ཆེས། །ལོག་སྤྱོད་ཉེས་པའི་ཚ་གདུང་སེལ་བར་བྱས། །སྣང་བ་མཐའ་ཡས་སྔགས་ཀྱི་ཆས་རོལ་བ། །རིགས་སྔགས་འཆང་ཆེན་སློབ་དཔོན་པདྨ་འབྱུང་། །ཐེག་ཆེན་སྔགས་དང་རྫོགས་ཆེན་རྟ་བདུན་ཆེས། །དམན་དང་ལོག་རྟོག་མུན་སྨག་ཡོངས་སུ་བཅོམ། །བོད་ཡུལ་དེང་དུས་དབང་ཆེན་ས་སྐྱོང་ཀུན། །དྲང་པོའི་ཁྲིམས་ཀྱི་ཐིག་ཤིང་འཁྱོག་པའི་ཚེ། །ཆོས་རྒྱལ་ཁྱོད་དྲན་སྙིང་ནས་མཆི་མ་དཀུ། །རྒྱུད་སྲོང་བཀའ་བཙན་ཐུགས་སྒམ་བློ་ཁ་བསྒྱུར། །མདོ་དང་འདུལ་བ་འཇིག་རྟེན་ཆོས་སུ་གོལ། །དགེ་འདུན་བསོགས་བསྲུངས་སྤེལ་ལ་ཧབ་ཐོབ་ཚེ། །མཁན་པོ་ཁྱེད་དྲན་ཙིཏྟའི་རྩ་རྣམས་འདར། །ཕྱི་མའི་དོན་སེམས་ངེས་འབྱུང་རྒྱུད་ལ་སྦྱོར། །སྦྱོར་སྒྲོལ་ཁ་ཁྱེར་བྱང་སེམས་ལག་ལེན་ཡལ། །ངན་སེམས་རྒྱུད་བརླམས་ཕན་བདེ་བློས་དོར་ཚེ། །སློབ་དཔོན་ཁྱེད་དྲན་སྙིང་འདི་གས་ལ་ཐུག །མཁྱེན་བརྩེ་ནུས་པའི་མེ་རོ་སློང་དུ་གསོལ། །འཕྲུལ་དང་གཡོ་སྒྱུས་འཆལ་སྤྱོད་ལྷུར་བླངས་ནས། །སྲེད་དང་ཞེན་ཆགས་སྲོག་ལྟར་བཙའ་བའི་ཚེ། །ཨ་མ་མཚོ་རྒྱལ་དྲན་པས་བཟོད་གླགས་མེད། །བདེ་སྟོང་སྔགས་སྣོད་ལྡན་པར་ཐུགས་རྗེས་བཟུང་། །ཐམས་ཅད་འཆི་ཞིང་ནམ་འཆི་ཆ་མི་གཏོགས། །འཆི་ཚེ་ཆོས་མིན་དགོས་མེད་ཀུན་ཤེས་ཀྱང་། །ཚེ་འདིའི་དབང་ཤོར་ཕྱི་མ་ཡལ་བར་དོར། །འཆི་ཁར་འགྱོད་པའི་དུས་ཤིག་ནམ་ཡོང་ཨང་། །དེ་ཚེ་སྒྲ་ཡིས་འཇིགས་ཤིང་ཟེར་གྱིས་སྡང་། །སྐུ་ཡི་སྣང་བས་སྐྲག་སྟེ་འཁྲུལ་བའི་དུས། །ཐུགས་རྗེས་གཟིགས་ཤིག་མཁན་སློབ་ཆོས་རྒྱལ་གསུམ། །ཁྱོད་མིན་རེ་ས་གང་ལའང་མི་འདུག་པས། །མྱུར་དུ་བྱིན་གྱིས་རློབས་ཤིག་སྐྱབས་ཀྱི་མཆོག །གངས་ཅན་བདུད་དང་ལྷ་འདྲེས་བདག་བཟུང་ཚེ། །མཁྱེན་བརྩེ་ནུས་པའི་བདག་ཉིད་ཁྱེད་གསུམ་གྱིས། །མེ་ཏོག་ཕོག་པའི་ལྷ་སྐལ་དུ་མཛད་ཅིང་། །ཆོས་ཀྱི་བསྟན་པ་ཞེས་པའི་གཞི་བཙུགས་ནས། །དེ་ལས་ས་དགེ་བཀའ་རྒྱུད་བཀའ་གདམས་སོགས། །ཤིང་རྟ་རྣམ་པ་བརྒྱད་ཀུན་རིམ་པར་མཆེད། །དེས་ན་ནང་པ་ཤཱཀྱའི་བསྟན་པ་ལ། །ཞུགས་ཚད་སྐྱབས་མགོན་ཁྱོད་ལས་དམིགས་སུ་མེད། །དུས་ངན་དམུ་རྒོད་འགྲོ་བ་འདུལ་དཀའ་ཡང་། ཁྱོད་ཀྱི་ཐུགས་རྗེ་དུས་ཀྱི་བྱིན་ཟ་ལྟར། །མི་དགེའི་ལས་འབྲས་རྩྭ་སྐྱའི་ཚོགས་མ་ལུས། །མྱུར་དུ་སྲེགས་ཤིག་མགོན་པོ་ནུས་པ་ཅན། །སྔོན་གྱི་ཐུགས་བསྐྱེད་དམ་བཅའ་ཇི་བཞིན་དུ། གདུང་ཤུགས་དྲག་པོས་ཐུགས་དམ་རྒྱུད་བསྐུལ་ན། །བྱིན་གྱིས་རློབས་ཤིག་ཐུགས་རྗེའི་དྲག་རྩལ་ཕྱུང་། །བར་ཆད་ཀུན་སེལ་བསམ་དོན་ལྷུན་གྱིས་གྲུབ། །མཐར་ཐུག་ཁྱེད་དང་དབྱེར་མེད་མཛད་དུ་གསོལ། །ཅེས་སྨྲས་སོ། །
མཚན་མོ་རྒོད་དཀར་ལ་བརྒྱབ་སྟེ་ཡོང་སྐབས་ང་སྣང་ཉམས་འུར་ཏེ་མཁན་ཆོས་ཀྱི་ཞབས་འཇུག་འགྲིགས་མི་འདུག་ཟེར་ལ་བལྡེགས་ནས་མར་ཤོར་བས་ཁོང་རྣམས་ཀྱིས་ང་འཇུས་ནས་མ་བཏང་། དེ་ནས་ལྷ་སར་ཡོང་དུས་ཚེ་མཆོག་གླིང་སོགས་མཇལ་བས་བླ་མ་དང་མཆེད་གྲོགས་རྣམས་དྲན་ནས་མང་པོ་ངུས། ལྷ་སར་རྡོ་བྲག་སྤྲུལ་སྐུ་རྣམ་རྒྱལ་ཞེས་པ་བླ་བྲང་སྟེང་དུ་ཞབས་རིམ་གནང་ནས་བཞུགས་འདུག །སྙན་རྒྱུད་ཕུར་པའི་དབང་གནང་གྲུབ་པ་ཞུས་པས་ད་རེས་ཕྱག་དཔེ་སོགས་མེད་རྗེས་སུ་རྡོ་རྗེ་བྲག་ཏུ་ཕེབས་སྐབས་གནང་ཆོག་གསུངས་པས་ཁྱེད་རྡོ་རྗེ་བྲག་ཏུ་ཕེབས་རྒྱུ་ཨེ་ཡོང་ན་རྡོ་རྗེ་བྲག་ལ་ཆོས་ཀྱི་སྐལ་བ་མེད་ཟེར་བ་རེད་ཞུས་པས་ལྕམ་སོགས་ཤིན་ཏུ་སྐྲག་བྱུང་ཟེར། དེ་ནས་ཞག་ཤས་ནས་བླ་མ་ཞིང་དུ་གཤེགས་སོང་ཟེར། དེ་ནས་ཟངས་ཡག་བྲག་ཏུ་སོང་། ཟླ་བ་དྲུག་མཚམས་ལ་སྡོད་སྐབས་ཞག་བདུན་གསུམ་ཤི་ནས་འདས་ལོག་བྱས་ནས་གསོས། །
༈ ན་མོ་པདྨ་ཀ་ར་ཡེ། གནས་ཆེན་སྤྱི་དང་ཁྱད་པར་དུ་བོད་ཀྱི་རི་བོ་རྩེ་ལྔའི་གཤམ་གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་གནས་ཟངས་ཡག་བྲག་ཏུ་ཇོ་བོ་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་བྱས་ཤིང་མ་སེམས་ཅན་ཡོངས་ལ་བདག་ལས་གཞན་གཅེས་ཀྱི་སྙིང་རྗེ་ཚད་མེད་སྐྱེས། ཡིད་རང་དབང་མེད་པར་འཁུལ་ཏེ་འདྲེན་མཆོག་རྩ་བའི་བླ་མ་མཁྱེན་ནོ། །སེམས་ཅན་ཆོས་མེད་རྣམས་ཀྱི་སྡུག་བསྔལ་ལ་གཟིགས་དང་ལས་ངན་ཨ་ཙ་མ་རྣམས་སྙིང་རྗེའོ། །འོ་བླ་མ་མཁྱེན། འོ་བླ་མ་མཁྱེན། འོ་བླ་མ་མཁྱེན་ནོ། །ཞེས་གྲངས་མང་འོ་དོད་སྐད་ཆེན་པོས་བོས་པ་དང་དད་མོས་ཀྱི་རྒྱུད་འཁུལ་ཞིང་ཉིན་མཚན་མེད་པར་མིག་མཆི་མ་ལས་མ་གཡོས་པ་དང་མགུར་དབྱངས་དང་ཕྱག་རྒྱ་གར་སྟབས་ཤིག་ཤིག་ཡར་བླ་མ་ལ་དད་མོས་དུང་ངེ་། མར་སེམས་ཅན་ལ་སྙིང་རྗེ་དུང་ངེ་། འཁོར་སློབ་དང་མཆེད་གྲོགས་རྣམས་ལ་བརྩེ་བ་དུང་ངེ་། ཡི་གེ་དྲུག་མའི་དབྱངས་ཆུང་སིལ་ལེར་གནས། དེའི་ཚེ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཀྱིས་བྲག་ངོས་ནས་ཆུ་ཐོན་ཞིང་མཆེད་གྲོགས་དང་འཁོར་སློབ་རྣམས་ཀྱི་གསོལ་ཆུ་ཡོང་ངེས་ཤིག་བྱུང་། དེར་འཚོགས་དང་འཁོར་སློབ་རྣམས་ཀྱིས་ངའི་མིང་ལ་བྲག་ངོས་ནས་སྒྲུབ་ཆུ་ཐོན་པས་ཆུ་དོན་སྐུ་ཞབས་སུ་མིང་བཏགས། མཆེད་གྲོགས་དང་ཡུལ་མི་རྣམས་ཀྱིས་ཆུ་དོན་སྐུ་ཞབས་མའི་ཁ་ནས་སྒྲ་སྐད་སྣ་ཚོགས་འདོན་པ་དང་། གར་སྟབས་སོགས་མི་དང་མི་མཐུན་པ་ཞིག་འདུག་འདི་སྨྱོ་བ་ཡིན་ནམ་གང་ཡིན་ཧ་མི་གོ་ཁྱེད་ནས་ཐུགས་བརྟན་པོ་གནང་མ་གཏོགས་སྨྱོ་ཡང་སྲིད་ཟེར། ངས་སྨྱོ་བ་ཡིན་ལུགས་ཀྱི་གླུ་འདི་སྨྲས་སོ། །
ཕ་དུས་གསུམ་སངས་རྒྱས་འགྲོ་བའི་མགོན། །རྗེ་པདྨའི་མཚན་ཅན་ཞབས་ལ་འདུད། །ཁྱེད་ཀུན་གྱིས་བུ་མོ་སྨྱོ་འོ་ཟེར། །ང་བུ་མོས་སྨྱོ་ཚུལ་གླུ་ཞིག་ལེན། །ཕུ་ཡ་ཀིའི་བསམ་ཡས་མཆིམས་ཕུ་ནས། །སྐྱབས་མཚོ་འཁྲུངས་པདྨ་ཀ་ར་སྨྱོ། །དེ་སྨྱོ་ནས་ཡོ་ག་རྣམ་གསུམ་གྱིས། །སྐུ་འགྱུར་མེད་ཚེ་དབང་རིག་འཛིན་བརྙེས། །མདའ་མ་ཀིའི་ཟངས་ཡག་བྲག་དམར་དུ། །ང་བུ་མོ་ཆུ་ཐོན་སྐུ་ཞབས་སྨྱོ། །དེ་སྨྱོ་ནས་ཐུགས་རྗེ་ཆེན་པོ་སྒྲུབ། །ལུས་འབྱུང་བཞི་ཚེ་རིང་ཐོབ་ཀྱང་སྲིད། །ཕུ་ཡ་ཀིའི་གངས་རི་ཐོད་དཀར་དུ། །རྗེ་རྒྱལ་བ་ཀློང་ཆེན་རབ་འབྱམས་སྨྱོ། །དེ་སྨྱོ་ནས་དོ་ཧས་ས་སྟེང་ཁྱབ། །ཆོས་བཤད་སྒྲུབ་ཨ་ཏིའི་བསྟན་པ་དར། །མདའ་མ་ཀིའི་རི་བོ་རྩེ་ལྔའི་གཤམ། །ང་བུ་མོ་མ་ཎི་ལོ་ཆེན་སྨྱོ། །དེ་སྨྱོ་ནས་དགོངས་པ་འགྱུར་མེད་རྟོགས། །ཆོས་བསྟན་པའི་མེ་རོ་སློང་ཡང་སྲིད། །ལུས་ཚོགས་བརྒྱད་ཕུང་པོའི་གྲོང་ཁྱེར་ནས། །ཁོང་དྲན་མཆོག་རིག་པའི་རྒྱལ་པོ་སྨྱོ། །དེ་སྨྱོ་ནས་མ་རིག་སྒྲིབ་བྲལ་རྟོགས། །གདེངས་བཞི་ཡི་གྲོལ་ཚད་ཐོབ་ཀྱང་སྲིད། །ང་སྣང་བ་འར་མ་འུར་མ་ནས། །ཕྱི་སྤྱོད་པ་ཆལ་མ་ཆོལ་མར་སྨྱོ། །དེ་སྨྱོ་ནས་བླང་དོར་ཀུན་ལས་འདས། །ད་འབྲས་བུ་ལ་རེ་དོགས་མེད་པ་ཡིན། །ཕ་བླ་མ་མཉེས་པའི་ཞབས་ཏོག་ཤོག །མ་འགྲོ་དྲུག་མཉེས་པའི་དེད་དཔོན་ཤོག །
ཅེས་དེ་ལྟར་གླུ་བླངས་ཤིང་སྨྱོ་བརྫུ་བྱས། ལ་ལས་རང་བྱུང་གི་གྲུབ་ཐོབ་མོ་ཞིག་འདུག་ཟེར། ལ་ལས་སྨྱོ་མ་འདྲ་ཐུགས་བརྟག་ཞུ་ཟེར། ལ་ལས་ཅི་ཟེར་ལ་ལས་ཅི་མི་ཟེར། རྩ་བླ་སྟག་ལུང་མ་སྤྲུལ་རིན་པོ་ཆེ་ལ་ཨ་མ་དང་ཆོས་གྲོགས་ཀུན་གྱིས་བརྟག་ལུང་ཞུས་པས། མོ་རང་གང་གནང་བ་དེ་གནང་ཆུག་དང་ཀུན་དང་མི་འདྲ་བ་ཞིག་འོང་གསུངས་འདུག་གོ །སྔོན་ཞབས་དཀར་སྤྲུལ་སྐུ་བསྟན་པའི་རྒྱལ་མཚན་གྱི་མདུན་ནས་རྟ་ཕག་ཡིད་བཞིན་ནོར་བུའི་བཀའ་དབང་ལུང་ཁྲིད་ཞུས་ནས་ཡི་དམ་བྱས། གྲུབ་པ་བརྙེས་པར་སྒྲུབས་གསུངས་དོན་ལྟར་མཚམས་བྱེད་སྐབས་ཐོགས་བཅས་ཐོགས་མེད་དུ་འགྱུར་བ་དང་ཐོགས་མེད་ལ་ཐོགས་བཅས་སོགས་མཐོང་སྣང་མི་འདྲ་བ་དང་སྣང་བ་གར་གཏད་ལ་ཐོགས་མེད་ཀྱིས་སླེབས་པ་འགྲོ་དྲུག་གི་སྐད་སྣ་ཚོགས་པ་འདོན་པ། ཁམས་གསུམ་ལག་མཐིལ་དུ་བལྟས་པ་ལྟར་མཐོང་བ་ལུས་ཡང་བ་བག་དྲོ་བ་སེམས་བདེ་བ་ཁ་གླུ་དང་མ་བྲལ་ལག་གར་སྟབས་དང་མ་བྲལ་སེམས་ཏིང་འཛིན་དང་མ་བྲལ་བ། རིག་པ་ཟང་ཐལ་མཐའ་དབུས་མེད་པ་དང་མ་བྲལ་བ་ཞིག་བྱུང་། ཉིན་གཅིག་མཚུར་ཕུར་ཀརྨ་པ་མཁའ་ཁྱབ་རྡོ་རྗེ་མཇལ་དུ་འགྲོ་སྙམ་པ་ཙམ་གྱིས་སྐད་ཅིག་གིས་ཕྱིན་འདུག །གཟིམ་དཔོན་སོགས་ཀྱིས་ཀྱང་མ་མཐོང་བར་སྐུ་མདུན་དུ་སླེབས། ཁོང་ནས་མི་མཁྱེན་པའི་ཚུལ་གྱིས་ཁྱེད་ཡུལ་གང་མིང་སུ་གནས་གང་ཡིན་བླ་མ་སུ་བསྟེན་གསུངས་བཀའ་མོལ་ཞིབ་པར་གནང་འདུག་པ་ལ་ངས་འདི་ལྟར་ཞུས།
ང་ཡུལ་ངེས་མེད་རྒྱལ་བའི་ཞིང་ནས་ཡིན། །མིང་ངེས་མེད་རིག་པའི་བུ་མོ་ཡིན། །གནས་ངེས་མེད་ཆོས་སྐུའི་ཕོ་བྲང་ཡིན། །རྗེ་བསྟན་པའི་རྒྱལ་མཚན་མན་ཆད་ནས། །སྤྲང་ཡ་ཕོ་ཡུགས་ས་ཡན་ཆད་ཀྱི། །རང་རྒྱུད་ལ་ཕན་ཚད་བཤེས་གཉེན་བསྟེན། །ངའི་ལྟ་བ་དང་བསྒོམ་པ་སྤྱོད་པ་གསུམ། །འབྲས་བུ་རྣམས་ཆོས་ཉིད་ཡུལ་ལ་ཤོར། །ཐོགས་བཅས་རྣམས་ཐོགས་མེད་ཉིད་དུ་ཤོར། །རྣམ་རྟོག་རྣམས་མི་རྟོག་ངང་དུ་ཤོར། །ཀུན་གཞི་དང་རྣམ་ཤེས་སེམས་བྱུང་ཀུན། །ཆོས་སྐུ་དང་ཡེ་ཤེས་རིག་པར་ཤོར། །ད་ཅི་བྱེད་མཁའ་ཁྱབ་རྡོ་རྗེ་མཁྱེན། །ཞུས་པས། ཧེ་ཧེ་ཁྱོད་སྔར་རྗེ་བཙུན་མི་ལ་ཡབ་སྲས་ཀྱི་ཤོར་རྒྱུ་དེ་ཤོར་འདུག་གསུངས་ཐུགས་ཤིན་ཏུ་མཉེས་པ་ཞིག་བྱུང་། ཕྱག་རྒྱ་ཆེན་པོ་ཆུ་བོ་གངྒཱ་མ། ཕྱག་ཆེན་རྒྱ་གཞུང་དང་གཅིག་ཤེས་ཀུན་གྲོལ་གྱི་སྨིན་དབང་ནཱ་རོ་ཆོས་དྲུག་རྡོ་རྗེའི་ཚིགས་རྐང་སོགས་ཞུས། ཉམས་རྒྱས་བདེ་གསལ་མི་རྟོག་རྒྱུན་མི་ཆད་པ་རྒྱུད་ལ་སྐྱེས། ཆོས་གྲོགས་རྣམས་ནས་ང་མ་མཐོང་བས་མཚམས་ཁང་ནང་རང་ཡོད་བསམས་པ་ལས་ཤེས་མི་འདུག
དེ་ནས་བསྙེན་སྒྲུབ་ལ་འབད་རྩ་རླུང་འཁྲུལ་འཁོར་ཐུན་བཞི་སོགས་མ་ཆག་པར་གནས། ཆོས་གྲོགས་རྣམས་ནས་འདི་འཇིག་རྟེན་དང་མི་མཐུན་པར་རང་བཞིན་བཞག་ན་མི་ཡོང་འདུག་ཟེར། ཀུན་གྱིས་ང་ལ་ཞབས་ཕྱི་དང་མཐུན་རྐྱེན་སོགས་བསྒྲུབས། ཉིན་གཅིག་སྲོག་རྩོལ་དབུ་མར་ཚུད་ཅིང་ཉམས་འུར་བས་ལུས་འཕར་བ་དང་མཆོང་བ་རྒྱུགས་པ་རྐང་པ་གར་འགྲོས་ལག་པས་སྟངས་སྟབས་ཁ་ནས་སྒྲ་སྐད་སྣ་ཚོགས་འདོན་ཞིང་ཕྱི་ནང་བར་མེད་ཟང་ཐལ་དུ་རྒྱུགས་པ་སོགས་རྣམ་འགྱུར་མི་འདྲ་བས་རྐྱེན་བྱས་ལུས་ས་རྡོའི་ཁུར་པོ་ཆད་པ་ལྟར་མཚམས་ཁང་དུ་འགྱེལ། ལུས་དྲོད་ཡལ། དབུགས་རྒྱུ་འཕྲོ་ཆད་སེམས་རྟོག་མེད་དུ་ཧྲིག་གེར་ལུས། ཨ་མ་དང་ཆོས་གྲོགས་རྣམས་ཀྱིས་འདས་པར་ཐག་ཆོད་ཅིང་གདུང་མཆོད་དང་པུར་ཁང་སོགས་བཀའ་མོལ་གནང་། སྨྲེ་ངག་དང་འོ་དོད་འདོན། ཨ་མ་ནས་གདོང་མདོག་ཉམས་མི་འདུག་བརྟག་པ་གྱིས་དང་གསུངས། ཆོས་གྲོགས་རྣམས་ནས་སྙིང་གའི་ཐད་དུ་བྱིའུའི་དྲོད་ཙམ་འདུག་ཟེར། ལ་ལས་དམ་ཚིག་གི་འཕྲུལ་འདྲ་བཤགས་པ་གྱིས་དང་ཟེར། ལ་ལས་ལམ་སྟོན་འདྲ་མཛད་ན་མ་གཏོགས་འདས་པ་འདྲ་ཟེར། གང་ལྟར་ཡང་བཤགས་པ་དང་སྐུ་རིམ་གྲངས་མང་ཆོས་གྲོགས་རྣམས་ནས་ཚོགས་སྒྲུབ་བྱས། ངའི་སྣང་བ་ལ་ལུས་འགུལ་སྐྱོད་མེད་ནའང་རིག་པ་ཡེ་ཤེས་ཀྱི་འཕེལ་ཆ་དགུ་འགྱུར་གྱིས་གསལ་བ་ཞིག་བྱུང་། ཆོས་གྲོགས་རྣམས་ཀྱི་བཀའ་མོལ་དང་ཡུལ་མི་གཞན་གྱི་སྐད་རྣམས་ལྷང་ངེར་ཐོས་འདུག །དེ་མཚམས་ཤིག་ན་མཚན་བཟང་གིས་སྤྲས་པའི་བུ་མོ་སྨིན་ལེགས་གཡུ་རལ་སྤྱན་གཅིག་དང་ལྡན་པ་ཞིག་གིས་བུ་མོ་ཟངས་མདོག་དཔལ་རིར་འགྲོ་འདོད་དམ་གསུངས། འདོད་ལགས་ཞུས་པས་འོ་ན་འདོང་གསུངས། ངའི་ལག་ནས་བཟུང་བྱུང་བ་དང་མཉམ་དུ་རྐང་ཞབས་ས་ལ་མ་ཐུག་ཙམ་གྱིས་ཡུལ་ངོ་མི་ཤེས་པ་འགའ་བགྲོད་ཅིང་ལ་ཁ་ཞིག་ལ་ཕྱིན་འདུག །འདི་གང་རེད་ཞུས་པས་གྷནྡྷོ་ལ་རེད་ཟེར། དེ་ནས་ཐང་ཆེན་པོ་དང་ཆུ་ཆེན་པོ་ཞིག་བརྒལ་ནས་སོང་། ཕར་ཁ་ལ་ཕྱིན་པ་དང་མཉམ་དུ་ཡུལ་ངོ་མི་ཤེས་པ་ཞིག་ཏུ་ནགས་ཚལ་དང་རྩི་ཤིང་ནམ་མཁར་ཟིང་ངེ་ཡོད་པའི་ལ་ཁར་ཕྱིན་པས་ཕར་ལྟོས་དང་གསུངས། ཕར་བལྟས་པས་དམར་ཧར་རེ་ཡུལ་གྲུ་ཆེན་པོ་ལྟ་ན་སྡུག་པ་ཡིད་དུ་འོང་བ་དྲག་པོའི་ཚ་ཟེར་དང་ལྡན་པ་ཞིག་འདུག །བུ་མོ་དེ་ན་རེ།
ཕར་ལྟོས་དང་ལས་ཅན་ཌཱཀྐི་མ། །གླིང་འདི་ནི་གླིང་མཆོག་རྔ་ཡབ་གླིང་། །རྗེ་དུས་གསུམ་སངས་རྒྱས་བྱིན་རླབས་གནས། །སྔོན་མ་ཊཱཾ་རུ་ཊའི་ཙིཏྟ་བབས། །རྗེ་རྡོ་རྗེ་ཕག་མོའི་བྱིན་རླབས་མཐུས། །བཀའ་གསང་ཆེན་རྨད་བྱུང་བསྟན་པ་དར། །གླིང་འདི་འདྲ་མཐོང་ཐོས་དྲན་པ་ཙམ། །དེ་བྱང་ཆུབ་ཐོབ་པར་འཕགས་པས་གསུངས། །ཁྱེད་མངོན་སུམ་སླེབས་པ་སྨོས་ཅི་དགོས། །ཁྱེད་དད་པའི་མིག་གིས་ལྟ་ཤེས་ན། །ཡང་དག་པའི་ཞིང་ཁམས་འབྲས་བུ་མྱོང་། །གུས་པ་ཡི་ཡིད་ཀྱིས་ཕྱག་འཚོལ་ཞིག །ཅེས་གསུངས། ང་ནི་རང་དབང་མེད་པར་དད་པ་སྐྱེས་ནས་ཕྱག་གྲངས་མང་བཙལ། གུས་པས་ཐལ་མོ་སྤྱི་བོར་སྦྱར་ཞིང་ཞིབ་པར་མཇལ་བས་རིན་པོ་ཆེ་ལས་གྲུབ་པའི་ཕོ་བྲང་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྩེ་མོ་ནམ་མཁར་ཚངས་པའི་ལྷ་གནས་དང་མཉམ། ཤར་ཤེལ། ལྷོ་བཻཌཱུརྱ། ནུབ་པདྨ་རཱ་ག །བྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ་སོ་སོའི་རང་མདོག་དང་ལྡན་པ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་ཐམས་ཅད་རིན་པོ་ཆེ་ལས་གྲུབ་པ་ཕྱི་ནང་ཟང་ཐལ་ལེར་གསལ་བ་ཤམ་བུ་མདའ་ཡབ་པུ་ཤུ་རྒྱལ་མཚན་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ། ཕྱོགས་བཞི་སྒོ་བཞིར་རྟ་བབས་ཆོས་འཁོར་རི་དྭགས་ཀ་བ་ཀ་གདུང་། བར་ཁྱམས་ཐམས་ཅད་རིན་པོ་ཆེ་ལས་གྲུབ་ཅིང་ཁྱམས་དང་གྲུ་ཆད་གློ་འབུར་རིགས་བཞི་ལ་ཞི་རྒྱས་དབང་དྲག་ཁ་དོག་སོ་སོར་གསལ་བ། བར་ཁྱམས་དང་གློ་འབུར་རིགས་བཞི་གྲུ་ཆད་ཐམས་ཅད་དུ་བར་མཚམས་མེད་པར་དཔའ་བོ་དང་མཁའ་འགྲོས་མཆོད་པའི་སྤྲིན་འབུལ་བ། འདོད་སྣམ་དུ་མཆོད་ལྷ་རྣམས་ཀྱིས་གཟུགས་སྒྲ་དྲི་རོ་སོགས་འདོད་ཡོན་གྱི་མཆོད་པ་དཔག་མེད་ཀུན་བཟང་མཆོད་སྤྲིན་འཛད་མེད་དུ་འབུལ་བ། ཕྱོགས་བཞིའི་སྒོ་བཞིར་རྒྱལ་པོ་ཆེན་པོ་བཞི། ལྷ་སྲིན་སྡེ་བརྒྱད་བདུད་དང་མུ་སྟེགས་འདུལ་ཞིང་ཕོ་ཉར་འགྱེད་པ། བར་མཚམས་སུ་དཔག་བསམ་གྱི་ཤིང་མེ་ཏོག་སྣ་ཚོགས། བདུད་རྩིའི་མཚོ་རྣམས་དྲི་ཞིམ་ལ་རོ་མངར་བ། ཕྱོགས་མཚམས་སུ་དུར་ཁྲོད་ཆེན་པོ་བརྒྱད། མེ་ཆུ་མཆོད་རྟེན་དུར་བྱ་དུར་སྦྱང་དུར་ཤིང་བརྒྱད་དུ་སྤྲུལ་སྐུ་རིག་འཛིན་ཆེན་པོ་རྣམ་བརྒྱད་བཞུགས།
དེའི་ཕྱི་རོལ་ཡུལ་གྲུ་བརྒྱད་ལ་མི་དང་གཟུགས་འདྲ་ལ་མགོ་གཉིས་པ་གསུམ་པ་དགུ་པ་སོགས་སྣ་ཚོགས་འདུག །སེངྒེ་དང་སྲོག་ཆགས་སྣ་ཚོགས་འགྲོ་བ་དེར་གྲོང་ཁྱེར་བརྒྱད་དུ་གུ་རུ་མཚན་བརྒྱད་ཀྱི་སྤྲུལ་པ་སོ་སོའི་གཟུགས་དང་མཐུན་པར་སྤྲུལ་ཞིང་འགྲོ་དོན་མཛད་པ་མི་གསོན་པོར་ཟ་བ་གསོད་པ། རྡུང་རྡེག་ཁྲིམས་གཅོད་པ་འདྲ་མིན་སྣ་ཚོགས་མཛད་ཀྱིན་འདུག །ཡུལ་ཕྲན་སོ་སོ་ལ་སྲིན་པོ་རང་གི་ལས་སྣང་དང་མཐུན་པར་སྤྲུལ་པའི་འགྲོ་དོན་རྒྱ་ཆེན་པོ་གནང་འདུག །དེ་ནས་ཕོ་བྲང་ཆེན་པོ་ཟངས་མདོག་དཔལ་གྱི་རི་བོ་ལ་སྐེད་པ་ཡན་ཆད་སྟེང་ཆོས་སྐུའི་ཕོ་བྲང་། བར་ལོངས་སྐུའི་ཕོ་བྲང་། འོག་སྤྲུལ་སྐུའི་ཕོ་བྲང་། སྟེང་ཆོས་སྐུའི་ཕོ་བྲང་ན། རྩ་གསུམ་ཆོས་སྐུའི་ཆོས་སྐུ། ཆོས་སྐུའི་ལོངས་སྐུ། ཆོས་སྐུའི་སྤྲུལ་སྐུ། བར་ལོངས་སྐུའི་ཕོ་བྲང་ན། རྩ་གསུམ་ལོངས་སྐུའི་ཆོས་སྐུ། ལོངས་སྐུའི་ལོངས་སྐུ། ལོངས་སྐུའི་སྤྲུལ་སྐུ། འོག་སྤྲུལ་སྐུའི་ཕོ་བྲང་ན། རྩ་གསུམ་སྤྲུལ་སྐུའི་ཆོས་སྐུ། སྤྲུལ་སྐུའི་ལོངས་སྐུ། སྤྲུལ་སྐུའི་སྤྲུལ་སྐུ་སྟེ་ཕྱི་ལྟར་ན་ཐེག་པ་དགུ་མཚོན། ནང་ལྟར་ན་སྐུ་གསུམ་ཞིང་། གསང་བ་ལྟར་ན་གསང་ཆེན་རྨད་དུ་བྱུང་བའི་ཕོ་བྲང་ཆེན་པོ་དེ་མཇལ་ནས་རང་བབས་སུ་གནས། དེ་ནས་ད་འདོང་གསུངས། ཡར་སོང་བ་དང་མཉམ་དུ་མི་མང་པོ་ཟིང་ངེ་ལྟ་འདུག །སྐད་ཅིག་གིས་རྒྱ་སྒོ་ཆེན་པོ་ཞིག་གི་རྩ་བར་ཕྱིན་འདུག་པས་རིན་པོ་ཆེ་ལས་གྲུབ་པའི་སྒོ་ཆེན་གཟི་བརྗིད་དང་ལྡན་པ་སྒོ་རྩར་པདྨ་རཱ་གའི་གཏུན་རྡོ་ཆེན་པོ་ཞིག་འདུག་པ་དེ་ང་རང་གྲོགས་བུ་མོ་དེས་ཕྱག་རྟགས་མཛད་ཅིང་སྒོ་རྡུང་བ་དང་མཉམ་དུ་བུད་མེད་དམར་མོ་སྨ་ར་སྨིན་མ་དང་ལྡན་པ་ཞིག་རྔམ་སྟབས་དང་བཅས་བྱུང་། གང་ཡིན་ཟེར་བ་དང་གྲོགས་བུ་མོ་དེ་ན་རེ།
འདི་ནི་བོད་ཁམས་ཆོས་ལྡན་ཞིང་ནས་ཡོང་། །མཁའ་འགྲོ་མཐིང་འོད་འབར་མའི་ཐུགས་ཀྱི་འཕྲུལ། །རིགས་འདུས་མ་ཧཱ་གུ་རུ་མཇལ་དུ་འོང་། །ལས་དང་བག་ཆགས་སྒྲིབ་པས་འཕྱང་མོ་ཉུག །གེགས་མེད་ལམ་གྲོགས་ཁྱེད་ནས་སྩལ་དུ་གསོལ། །ཞེས་ཞུས་གནང་སོང་། ངས་ཀྱང་ལགས་ཐུགས་རྗེ་ཆེ་ཞུས། དེ་ན་རེ། ང་ནི་ཟ་བྱེད་ལས་ཀྱི་མཁའ་འགྲོ་སྟེ། །ནང་གི་དཔོན་མོ་དག་ལ་མ་ཞུས་ན། །མྱུར་བར་འཁྲིད་པ་བདག་ལ་འཕྱང་མོ་ཉུག །བུ་མོ་དེ་རུ་ཅུང་ཞིག་སྒུག་གནང་འཚལ། །གསུངས་ཤིང་ཡར་བྱོན་པ་དང་གྲོགས་བུ་མོའང་ནང་དུ་ཐལ། ང་ཅུང་ཞིག་དེར་སྒུག་པ་དང་མཉམ་དུ་མཚར་སྡུག་ཡིད་འོང་བུ་མོ་ཁྲུས་བུམ་ཐོགས་པ་ལྔ་བྱུང་ཞིང་ང་ལ་ཁྲུས་གནང་ནས་ད་འདོང་གསུངས། ང་ཡང་ནང་དུ་ཕྱིན་པ་དང་མཉམ་དུ་ལུས་བདེ་སིང་ངེར་གྱུར་ཏོ། །
དེ་ནས་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཕོ་བྲང་གི་སྒོ་རྩར་ཕྱིན་པ་དང་བུད་མེད་ཉམས་དང་ལྡན་པ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པ་དབུ་རལ་པས་སྐུ་སྟོད་ཁེབས་པ། སྒེག་མཛེས་ཁྲོ་ཉམས་ཅན་ཞིག་སྒོ་ནང་དུ་གཟིགས་པ་དང་། ང་རྩོལ་མེད་ཀྱི་ཏིང་ངེ་འཛིན་རྒྱུད་ལ་སྐྱེས། ཉམས་འུར་བ་དང་ས་བཅུ་པའི་ཏིང་འཛིན་ཟིལ་གྱིས་ནོན། སྤོབས་པའི་གཏེར་བརྒྱད་ལ་དབང་བ་ཞིག་བྱུང་། ཕྱག་འཚལ་བ་དང་མཆོད་ཅིང་སོགས་ཡན་ལག་བདུན་པ་ཕུལ། ནང་དུ་ཤོག་གསུངས་ཁྲིད་པ་དང་ཤེལ་གྱི་སྐས་རིང་ཐེམ་པ་བཅུ་དྲུག་ཡོད་པ་ཞིག་བརྒལ་ནས་ཐོག་ཁར་ཕྱིན་པ་དང་མཉམ་དུ་ཕྱི་ནང་ཟང་ཐལ་ལེར་གསལ་བའི་ཕོ་བྲང་ནང་དུ་སླེབས་འདུག །དར་དཀར་པོ་གསེར་གྱི་ངང་རིས་ཅན་གྱི་སྒོ་ཡོལ་ཞིག་ཕྱེ་བྱུང་བ་དང་མཉམ་དུ་དྲི་ཞིམ་སྤོས་ཀྱི་ངད་པ་ཐུལ་ལེ། རིན་པོ་ཆེ་ཟུར་བརྒྱད་ལྷ་གོས་རིན་ཐང་མེད་པས་བཀབ་པའི་མ་ཆགས་པདྨའི་ཁྲི་སྟེང་དུ་རིགས་འདུས་མ་ཧཱ་གུ་རུ་ཞལ་དཀར་དམར་མདངས་ལྡན་ཞི་ཞིང་ཁྲོ་བ་དུང་ལ་ཕོ་ཚོས་བྱུགས་པ་ལྟར། དབུ་པད་ཞྭ་རྒོད་ལྡེམ་ཉི་ཟླས་བརྒྱན་པ། ཕྱག་རྡོ་རྗེ་བྷནྡྷ་ཚེ་བུམ་བསྣམས་པ། སྐུ་ཟབ་བེར་ཆོས་གོས་རྣམ་གསུམ་གསོལ་བ། ཞབས་རྒྱལ་པོ་རོལ་པའི་སྟབས་སུ་བཞུགས་པ། གཟི་བརྗིད་ཉི་མ་འབུམ་ལས་གསལ་བ་ལྟ་བས་ཆོག་མི་ཤེས་པ། གཡས་གཡོན་བར་མཚམས་མེད་པ་རྒྱ་བོད་རིག་འཛིན་དང་པཎ་གྲུབ། རྗེ་འབངས་ཉེར་ལྔ་སོགས་མཁས་གྲུབ་རྣམས་གཏེར་གྱི་གང་བུ་ཁ་ཕྱེ་བ་བཞིན་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་བྱེ་བྲག་མ་འདྲེས་པ་སོ་སོར་བཀྲ་ལམ་མེར་གསལ། གཙོ་བོ་ནས་བདག་ལ་སྤྱན་ཟིམ་བུས་གཟིགས་ཤིང་ལུས་བ་སྤུ་གཡོ་མིག་མཆི་མ་འཁྲུགས། མོས་གུས་བཟོད་གླགས་མེད་པས་ཕྱག་འགྱེལ་སྦུབས་སུ་འཚལ། གསོལ་འདེབས་དང་སྨོན་ལམ་གང་ཤེས་ཤེས་བྱས། ཐལ་མོ་སྦྱར་བ་དང་མཉམ་དུ་གཙོ་བོ་རིགས་འདུས་མ་ཧཱ་གུ་རུ་ཆེན་པོ་ནས།
ཚུར་གསོན་དང་མཐིང་འོད་འབར་མའི་འཕྲུལ། །གནས་མཆོག་གྱུར་ཟངས་མདོག་དཔལ་རིའི་ཞིང་། །འདི་ལས་ཅན་ཕོ་མོ་མ་གཏོགས་པ། །མི་ཕལ་པ་ཀུན་གྱི་སྤྱོད་ཡུལ་མིན། །ང་མ་ཧཱ་གུ་རུའི་ཞིང་མཆོག་ཡིན། །འདིར་བཞུགས་པའི་རིག་འཛིན་མཁས་གྲུབ་རྣམས། །ས་ཆེན་པོར་བཞུགས་པ་མ་གཏོགས་མེད། །ཞིང་རྣམ་དག་འདི་འདྲ་མཇལ་བ་ཀུན། །ཕྱིར་མི་ལྡོག་པའི་སངས་རྒྱས་མི་ཐོབ་རེ། །དོན་དེ་ཕྱིར་དད་མོས་དགའ་སྤྲོ་གྱིས། །ད་ཡུན་རིང་མ་འགོར་བོད་དུ་སོང་། །ལས་རྒྱུ་འབྲས་སྟོན་པའི་དེད་དཔོན་གྱིས། །ཆོས་ཐེག་ཆེན་སྟོན་པའི་སློབ་དཔོན་གྱིས། །མ་མཁའ་འགྲོ་ཡོངས་ཀྱི་གཙུག་རྒྱན་གྱིས། །ང་གུ་རུའི་བསྟན་པའི་སྲོག་ཤིང་གྱིས། །རྗེ་གོང་མའི་བསྟན་པའི་མེ་རོ་སློང་། །ཁྱོད་ཞལ་མཇལ་གསུང་ཐོས་མ་ལུས་པ། །དེ་བྱང་ཆུབ་ཐོབ་པ་པདྨའི་ལུང་། །བོད་དབུ་ནག་བྱ་བྱེད་མང་བས་ཕུང་། །ལྷོ་དུག་མཚོ་འཁོལ་མ་བྱང་ལ་བབས། །བྱང་དྷར་སེང་དཀར་མོ་ནགས་ལ་བྲོས། །ཁོ་སྡེར་བཞི་མ་ཉམས་རང་གནས་ཟིན། །དབུས་བསྟན་པའི་རྒྱལ་མཚན་རླུང་གིས་བཅག །ཤར་ལུང་ནག་ཆུ་བོ་ནུབ་ལ་འདྲེན། །ནུབ་སེངྒེ་དཀར་མོ་ལྷོ་ལ་བྲོས། །ཤར་ལུང་ནག་ཆུ་བོ་སེར་བས་བརྡུངས། །ཁོང་དྷར་སེང་བསྟན་པའི་རྒྱལ་མཚན་ཕྱར། །བོད་སྤྲིན་བར་ཉི་མ་འབྱུང་ཡང་སྲིད། །དེར་ང་འདུན་ང་དང་དབྱེར་མེད་འགྱུར། །ཁོ་བདུད་སྤྲུལ་ང་བསྟན་རྨ་འབྱིན་རྐྱེན། །ཤར་སྨད་ཕྱོགས་མདོ་དེ་མེ་ཡིས་ཁེངས། །ང་པདྨའི་ཐུགས་རྗེ་གློག་ལས་མྱུར། །ཤར་འབྲི་རྒན་ག་མས་རྫ་སྤང་ཟིན། །ལྷོ་སྨན་མཆོག་བདུད་རྩི་འཕེལ་ཁ་རྒྱས། །ནུབ་བྲ་བོ་འབྲས་ཀྱི་ཕུང་པོར་འགྱུར། །བྱང་ཁྱུང་ཆེན་རྒྱལ་པོ་རྭ་ཡ་བུད། །དབུས་ཉ་གང་ཟླ་བ་ཇི་བཞིན་གནས། །ཁོ་བསམ་པ་མཐའ་ཡས་ཉམས་པ་གསོས། །ད་བུ་མོ་དད་མོས་མ་ཆུང་མཛོད། །ཡིད་དྭངས་པས་དབང་བཞི་ཡང་ཡང་ལོངས། །ཁྱོད་གྲུབ་གཉིས་དཔལ་ལ་སྤྱོད་པར་ཤོག །མ་མཐིང་འོད་འབར་མའི་རྒྱལ་ཚབ་མཛོད། །ཁྱེད་འགྲོ་དྲུག་འདྲེན་པའི་བླ་མ་ཡིན། །འདིར་བཞུགས་པའི་རིག་འཛིན་ཕོ་མོ་རྣམས། །མ་འདི་ལ་དགོངས་རྒྱུད་བྱིན་རླབས་ཕོབས། །
ཞེས་གསུངས་པ་དང་མཉམ་དུ་དེར་བཞུགས་པའི་གྲུབ་ཆེན་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དཀར་དམར་སེར་མཐིང་སོགས་སྣ་ཚོགས་པ་འཕྲོས། གཙོ་བོའི་ཐུགས་ཀར་ཐིམ། གཙོ་བོ་ནས་བཛྲ་གུ་རུའི་དབྱངས་འདྲེན་པ་དང་མཉམ་དུ་དེར་བཞུགས་པ་ཀུན་གྱིས་འཛབ་དབྱངས་འུར་དིར་བསྒྲགས་པ་དང་མ་ཧཱ་གུ་རུའི་ཕྱག་བདག་གི་སྤྱི་བོར་བཞག་ཅིང་ལུས་ལ་སྐུ། ངག་ལ་གསུང་། ཡིད་ལ་ཐུགས་ཀྱི་བྱིན་གྱིས་རློབས་ཤིག་གསུངས་སྨོན་ལམ་མང་པོ་གནང་བྱུང་བ་དང་མཉམ་དུ་ང་ལུས་སྦྲིད་ཐམ་ཐམ། ཤ་འགུལ་བ་འཕར་འདར་ལིང་ལིང་གིས་དབང་བཞི་བླངས། ངས་ངུ་མ་དབྱངས་ཀྱིས་གསོལ་འདེབས་དང་སྨོན་ལམ་བྱས།
རྒྱལ་ཀུན་འདུས་པའི་སྤྱི་གཟུགས། །མཚོ་སྐྱེས་མ་ཧཱ་གུ་རུ། །ལས་ཅན་ཚོགས་པའི་ཕོ་བྲང་། །ཞིང་མཆོག་ཟངས་མདོག་དཔལ་རིར། །ཐེག་དགུའི་བགྲོ་གླེང་མཛད་པའི། །རྒྱ་བོད་རིག་འཛིན་གྲུབ་ཐོབ། །བདེ་དགའི་དཔལ་ལ་སྤྱོད་པའི། །མ་ཚོགས་མཁའ་འགྲོ་རྒྱ་མཚོ། །སྡུག་ལྡན་བོད་ཡུལ་ཁེར་འཁྱམ། །སྤྲང་མོ་མ་ཎི་ལོ་ཆེན། །ཀྱི་ཧུད་རྣམ་སྨིན་ངན་པའི། །ལས་བྱས་སྨིན་པ་འདྲ་འོ། །འདིར་བཞུགས་སྐྱེས་ཆེན་རྣམ་པ། །བུ་མོའི་སྡུག་བསྔལ་གཟིགས་སམ། །ཁམས་གསུམ་རིགས་དྲུག་ཀུན་གྱི། །སྡུག་བསྔལ་བདག་ལ་སྨིན་ཤོག །ཅེས་དབང་མེད་དུ་ངུ་དབྱངས་ཐལ་བ་དང་མཉམ་དུ་སྔོན་ཞལ་མཇལ་གནང་མཁན་དེ་བཞེངས་ནས་བདག་ལ་དབུ་ཐོད་གནང་ནས།
གསོན་དང་ལས་ཅན་བུ་མོ། །ང་ནི་མཐིང་འོད་འབར་མ། །ང་དང་ཁྱེད་གཉིས་དབྱེར་མེད། །ཆུ་དང་ཟླ་གཟུགས་ཇི་བཞིན། །ཁྱེད་ནས་སྡུག་བསྔལ་མ་གནང་། །པདྨའི་ཐུགས་རྗེའི་མཐུ་ཡིས། །འགྲོ་དོན་དཔག་མེད་འབྱུང་ངོ་། །གསུངས་ཤིང་ཚེ་མདའ་མགོ་ཐོག་ཏུ་བཞག །དེར་བཞུགས་ལ་ཕྱག་དབང་དང་སྨོན་ལམ་ཞུས། འབྲལ་མི་ཕོད་བཞིན་གུ་རུའི་ཞབས་སྤྱི་བོར་བླངས། མ་མཐིང་འོད་འབར་མས་སྐྱེལ་མ་རྒྱ་སྒོའི་རྩ་བར་མཛད། དབུ་ཐོད་གནང་སྨོན་ལམ་མ་འོངས་ལུང་བསྟན་བཅས་གནང་བྱུང་བ་དང་མཉམ་དུ་བུ་མོ་སྤྱན་གཅིག་མ་སླེབས་བྱུང་། ངས་སྨོན་ལམ་གང་ཤེས་ཞུས་ནས་སྔར་བཞིན་རང་ཡུལ་ལ་འོང་ངོ་། །
ཡང་འདས་ལོག་གི་སྣང་བ་ལ་སྐད་ཅིག་གིས་ལྷ་ཡུལ་དུ་ཕྱིན། ཚངས་པ་བརྒྱ་བྱིན་སོགས་མཐོང་། ལྷའི་བུ་དང་བུ་མོ་སོགས་བརྩེ་ཞིང་གླུ་གར་རྩེ་འཇོ་སོགས་ཀྱི་བདེ་དགའ་ལ་གཡེང་བ་སོགས་ལྷའི་སྤྱོད་པ་བྱེད་འདུག །དེ་ནས་ལྷ་མིན་འཐབ་རྩོད་ཕྲག་དོག །དུད་འགྲོ་བཀོལ་སྤྱོད་བླུན་རྨོངས། ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ལུས་སེམས་སྟེང་དུ་མངོན་སུམ་མྱོང་སྣང་བྱུང་། དེ་ནས་ཨ་མ་དང་ཆོས་གྲོགས་སོགས་ཀྱིས་ཕུང་པོ་ལ་སྐབས་རེ་སྤོས་དྲི། མཚམས་སུ་རོ་དྲི། མཚམས་སུ་སྨན་དྲི་བཟང་པོ། སྐབས་སུ་བཤང་གཅི། སྐབས་སུ་དྲི་མ་མེད་པ་སོགས་འདྲ་མིན་སྣ་ཚོགས་འདུག་ཟེར། དེ་ནས་ཐང་ཆེན་པོ་ཞིག་བརྒལ་ནས་ལ་ཆེན་པོའི་རྩེ་མོར་ཕྱིན་ནས་བལྟས་པས་དམྱལ་བའི་ཡུལ་ཁམས་འཇིགས་སུ་རུང་བ་མཐོང་བ་དང་སེམས་སྐྱོ་ལྷང་ངེ་བྱུང་། དེར་ཕྱིན་ནས་ཆོས་རྒྱལ་ལ་ཞུས་ཏེ་དམྱལ་བ་རྣམས་ཐར་པ་ཐོབ་ན་ཨང་སྙམ་པ་དང་དེར་སླེབས། ལས་ངན་གྱི་སྡུག་བསྔལ་མང་དུ་མྱོང་བར་གནས་པའི་ལྕགས་བསྲེག་གི་ས་གཞིའི་སྟེང་དུ་ཡང་བསད་དེ་ཡང་སོས་པ། ཐིག་ནག་པོ་བརྒྱད་དང་བཅུ་དྲུག་སོ་གཉིས་སོགས་བརྒྱབ་ནས་སོག་ལེས་འདྲ་ཞིང་ཡང་ཡང་འབྱར་བ། གཏུན་ཆེན་པོའི་ནང་དུ་བརྡུང་བ། ལྕགས་ཁང་དུ་མེས་བསྲེག་པ། ཁྲོ་ཆུར་བཙོ་བ། ལྕགས་བསྲེག་གིས་དབུག་པ། ཕྱི་ནས་ལྕགས་བསྲེག་གིས་དཀྲི་བ། མེ་དང་ལུས་གཉིས་མེད་དུ་བསྲེག་པ། མེ་མུར་འོབ། ཐལ་ཚན་ཆུ་བོ། རོ་མྱགས་ཀྱི་འདམ། རལ་གྲིའི་ནགས་ཚལ། ཤལ་མ་ལིའི་སྡོང་པོ། ཡང་གངས་རི་དང་ཆབ་རོམ་གྱི་ཁྲོད། མུན་ནག་བུ་ཡུག་འཚུབ་སར་ཆུ་བུར་གྱིས་ལུས་གང་། དེ་ཉིད་རྨར་སོང་ནས་རྡོལ་བ། སྐད་ངན་ཨ་ཆུ་འདོན་པ། སྐད་ཆག་ནས་ཀྱི་ཧུད་ཟེར་བ། སྐད་མི་ཐོན་པར་སོ་ཐམ་སོ་སྒྲ་ཏོ་གཏོག་པ། ལུས་ཚལ་པ་བཞིར་གས་པ་ཨུཏྤལ་ལྟར་སྔོ་བ། པདྨ་ལྟར་དམར་པོ་བརྒྱད་ཚལ་དུ་གས་པ། དུམ་བུ་བཅུ་དྲུག་དང་སོ་གཉིས་སོགས་འཐོར་ཞིང་རྨ་ནང་དུ་འབུ་སྲིན་གྱིས་ཟ་བ། གཞན་ཡང་ལྕེ་རལ་གྲིས་གཅོད་པ། ཕུར་པ་འདེབས་པ། མདའ་ཡི་འབེན་བྱ་བ། ལྕེ་ཐོག་ཏུ་ཞིང་རྨོས་ནས་དུག་དང་བ་ཚྭ་ཁྲོ་ཆུ་སོགས་ཀྱིས་ས་བོན་འདེབས་པ། ལྕགས་བསྲེག་གི་སེར་བས་བརྡུང་བ། དུག་སྦྲུལ་གྱིས་དཀྲི་ཞིང་ཟ་བ། མུན་པར་སྙིང་ཚལ་པར་བཤགས་པ། བྱ་ཡིས་མིག་འབྲུ་བ། ཁྱི་ཡིས་ཟ་བ། མཚན་མར་ཁྲོ་ཆུ་བླུག་པ། རལ་གྲི་མེ་འབར་བས་གཅོད་པ། སྐུ་གསུང་ཐུགས་རྟེན་གྱི་འོག་ཏུ་མནན་པ། ལྕགས་བསྲེག་གི་འཁོར་ལོས་ཀླད་པ་གཏོར་བ་སོགས་སྡུག་བསྔལ་ཚད་མེད་པ་མྱོང་སར་སླེབས། སྙིང་རྗེ་བཟོད་གླགས་མེད་པར་སྐྱེས། མིག་ནས་མཆི་མ་འཁྲུགས་ཤིང་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་བཏབ་བོ། །
ཀྱེ་མ་ཀྱི་ཧུད་བསླུ་མེད་དཀོན་མཆོག་གསུམ། །མགོན་པོ་ཐུགས་རྗེ་ཅན་དང་ནུས་པ་ཅན། །གཅིག་བསྡུས་ཁྱབ་བདག་པདྨ་ས་ག་ར། །ཐུགས་དམ་མ་གཡེལ་འཕྲིན་ལས་དུས་ལ་བབས། །སྔོན་ཚེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། །བདུད་བློན་ཤནྟིའི་རྐྱེན་བྱས་འདིར་ཕེབས་ནས། །དམྱལ་ཁམས་དོང་ནས་ཇི་ལྟར་སྤྲུགས་པ་ལྟར། །བདག་གི་གྲོགས་མཛད་འདི་རྣམས་དྲོང་དུ་གསོལ། །སྔོན་གྱི་ཨ་མ་ཡིན་པས་སྙིང་རྗེ་འང་། །ལས་ཀྱི་འབྲས་བུ་བསླུ་བ་མེད་པར་བརྟེན། །སེམས་ཅན་ལས་ལ་སྤྱོད་པར་རྒྱལ་བས་གསུངས། །ལས་ངན་བྱང་ཞིང་སྡུག་བསྔལ་གྲོལ་བའི་ཐབས། །མདོ་སྔགས་ལམ་བཟང་ནང་ནས་བསྟན་པ་ལྟར། །བདེན་པའི་བདེན་ཚིག་ད་ལྟ་དུས་ལ་བབས། །ཁྱད་པར་འོད་གསལ་རྫོགས་པ་ཆེན་པོ་ལས། །རང་རིག་ཡེ་ཤེས་ཚད་ལ་ཕེབས་པའི་ཚེ། །མཚམས་མེད་བསགས་ཀྱང་ལས་ལ་མི་ལྟོས་པར། །དགོངས་པ་གཏད་པ་ཙམ་གྱིས་གྲོལ་བ་འོང་། །ཇི་ཕྱིར་ལམ་གྱི་འོད་གསལ་ནུས་པ་ཡིས། །ལས་ཀྱི་བག་ཆགས་ལྷག་མེད་བཅོམ་གསུངས་ན། །ཁྱེད་རྣམས་སྣང་བཞི་མཐར་སོན་ཁོ་ནའི་ཕྱིར། །ཐུགས་རྗེའི་དྲག་རྩལ་དུས་ལས་མ་ཡོལ་བར། །བཏང་སྙོམས་ཕྱིར་འགྱངས་མ་བཞག་བཅོམ་ལྡན་འདས། །བདེན་གཉིས་བདེན་འབྲས་སྟོན་ཅིག་ཐོད་ཕྲེང་རྩལ། །ཞལ་བཞེས་དུས་ལ་བབ་བོ་མཁར་ཆེན་བཟའ། །ནམ་ཞིག་ལས་ཟད་ངན་སོང་ནས་ཐར་ཚེ། །འཕགས་པའི་ཐུགས་རྗེའི་དགོས་པ་ཅི་ཞིག་བྱ། །བཙན་ཐབས་མྱུར་དུ་དྲོངས་ཤིག་ཐུགས་རྗེ་ཅན། །སྐད་ཅིག་མིག་འཕྲུལ་ལྟ་བུར་བསྒྲལ་དུ་གསོལ། །ཅེས་ངུ་མ་དབྱངས་ཀྱིས་གསོལ་བ་བཏབ་པས་བུད་མེད་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་རིགས་བདག་སྤྱན་རས་གཟིགས་ཀྱིས་དབུ་བརྒྱན་པ་ཞིག་བྱུང་ནས་འདི་ལྟར་གསུངས་སོ། །
ཞལ་ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཚུར་གསོན་དང་ཌཱཀྐི་སྙིང་རྗེ་ཅན། །ཁྱོད་སྔོན་ནས་སྨོན་འཇུག་ས་བོན་དེ། །བསགས་སྦྱང་གིས་བརླན་དང་དྲོད་བསྐྱེད་མཐུས། །དུས་ད་ལྟ་འགྲོ་དོན་གྱི་མྱུ་གུ་སྨིན། །ཐབས་ཐུགས་རྗེའི་འབྲས་བཟང་གཡུར་དུ་ཟ། །རྒྱལ་ཀུན་གྱི་ཐུགས་རྗེའི་རྔ་བོ་ཆེ། །མོས་གུས་ཀྱི་དབྱུག་གུས་མ་བསྐུལ་ན། །བྱིན་རླབས་ཀྱི་སྐད་གསང་གྲགས་ཐབས་དབེན། །དཔེ་རྟ་བདུན་ཇི་ལྟར་དྲོད་ལྡན་ཡང་། །མེ་ཤེལ་གྱི་མཚམས་སྦྱོར་མ་བྱས་པར། །ལྕི་ཤིང་དང་སྤྲ་བ་ཇི་ལྟར་བསྲེག །དོན་དེ་བས་མོས་གུས་ལྕགས་ཀྱུ་དེས། །སྟོང་ཉིད་དང་སྙིང་རྗེའི་རང་གཟུགས་ཀྱིས། །སྒྲོན་དྲུག་གི་རང་རྩལ་སྒྱུ་མའི་འཕྲུལ། །འཕགས་པ་མཆོག་ཡུམ་དངོས་སུ་འོང་། །སྐུ་མཚན་དཔེའི་ལང་ཚོ་མཐོང་ཙམ་གྱིས། །ལུས་སྲོག་གཅོད་མ་བྱིན་མི་ཚངས་སྤྱོད། །འབྲས་ཡང་ཤི་ཡང་སོས་སོག་ལེས་འདྲ། །རོ་མྱགས་འདམ་ཤལ་མ་ལིའི་སྡུག་བསྔལ་བཅོམ། །ཞལ་དཀར་པོས་སྒྲིབ་གཉིས་བག་ཆགས་དག །ཕྱག་བཞི་ཡི་ཚད་མེད་རྣམ་བཞི་རྫོགས། །དང་པོ་གཉིས་ཐལ་སྦྱར་རྒྱལ་ཀུན་བསྐུལ། །གཡས་ཤེལ་ཕྲེང་འགྲོ་བ་འདྲེན་གྲངས་འཛིན། །གཡོན་པད་དཀར་རྣམ་དག་བྱང་ཆུབ་སྨིན། །ཞབས་སྐྱིལ་ཀྲུང་འཁོར་འདས་མཉམ་པར་རྡལ། །དར་རྒྱན་ལྔས་དུག་ལྔ་ལྷག་མེད་བཅོམ། །རིན་ཆེན་རྒྱན་བརྒྱད་ཀྱིས་ཚོགས་བརྒྱད་གྲོལ། །རི་དྭགས་ཀྱི་པགས་པས་ལྷག་བསམ་སྐྱེ། །རིགས་བདག་གིས་བདེ་ཆེན་ཞིང་དུ་བསྐྱལ། །ཁྱོད་གསལ་དག་བརྟན་པར་རྒྱུན་བསྒོམས་པས། །དུས་ད་ལྟ་དམྱལ་བར་ཕྱིན་ན་ཡང་། །གཟུགས་སྣང་སྟོང་ལྷ་སྐུར་དག་པ་དེ། །ཆོས་མདོ་སྔགས་ནུས་པའི་བདེན་འབྲས་ཡིན། །ཞེས་གསུངས་ནས་རང་གིས་དེ་ལྟར་ཤུགས་དྲག་བསྒོམས་པས་ཡང་སོས་ཐིག་ནག་བསྡུས་འཇོམ་གྱི་སྡུག་བསྔལ་རྣམས་ཆུང་དུ་སོང་ནས་དེར་སྐྱེས་པའི་སེམས་ཅན་རྣམས་ཐལ་མོ་སྦྱར་ཏེ་འདུག་གོ །ཡང་མཁའ་འགྲོ་མ་དེས་འདི་ལྟར་གསུངས་སོ། །
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ དམ་པའི་ཆོས་བརྒྱད་ཁྲི་བཞི་སྟོང་གི །དོན་གཅིག་བསྡུས་སྙིང་པོ་ཡི་གེ་དྲུག །འདི་མཐོང་ཐོས་དྲན་རེག་མ་ལུས་པ། །ངག་རྫུན་ཕྲ་ཚིག་རྩུབ་ངག་འཁྱལ་དག །འབྲས་སྨྲ་ལྕེ་གཏུབ་དང་ཕུར་པ་འདེབས། །མདས་བཙག་དང་ཞིང་རྨོའི་སྡུག་བསྔལ་བཅོམ། །ཨོཾ་བརྗོད་པས་ང་རྒྱལ་རྣམ་པར་དག །འཕོ་ལྟུང་ཀུན་སྦྱངས་ཤིང་རྣམ་གཡེང་གྲོལ། །མཉམ་པ་ཉིད་རྫོགས་ནས་དཔལ་ལྡན་ཞིང་། །རིན་ཆེན་རིགས་སྤྱན་གཟིགས་སུ་སྨིན། །ལྷ་ཁམས་ཀུན་འཁོར་བ་དོང་ནས་སྤྲུག །མ་བརྗོད་པས་ཕྲག་དོག་རྣམ་པར་དག །འཐབ་རྩོད་ཀུན་སྦྱངས་ཤིང་ལེ་ལོ་གྲོལ། །བྱ་བ་གྲུབ་རྫོགས་ནས་ལས་རབ་ཞིང་། །ལས་ཀྱི་རིགས་སྤྱན་རས་གཟིགས་སུ་སྨིན། །ལྷ་མིན་ཁམས་འཁོར་བ་དོང་ནས་སྤྲུག །ཎི་བརྗོད་པས་འདོད་ཆགས་རྣམ་པར་དག །བྲེལ་ཕོངས་ཀུན་ཞི་ཞིང་གཡོ་སྒྱུ་གྲོལ། །སོ་སོར་རྟོགས་རྫོགས་ནས་བདེ་ཅན་ཞིང་། །པདྨའི་རིགས་སྤྱན་རས་གཟིགས་སུ་སྨིན། །མི་ཡི་ཁམས་འཁོར་བ་དོང་ནས་སྤྲུག །པད་བརྗོད་པས་གཏི་མུག་རྣམ་པར་དག །གླེན་ལྐུགས་ཀུན་སྦྱངས་ཤིང་གཏི་མུག་གྲོལ། །ཆོས་ཀྱི་དབྱིངས་རྫོགས་ནས་སྟུག་པོ་བཀོད། །སངས་རྒྱས་རིགས་སྤྱན་རས་གཟིགས་སུ་སྨིན། །དུད་འགྲོའི་ཁམས་འཁོར་བ་དོང་ནས་སྤྲུག །མེ་བརྗོད་པས་སེར་སྣ་རྣམ་པར་དག །བཀྲེས་སྐོམ་ཀུན་སྦྱངས་ཤིང་འཇུར་གེགས་གྲོལ། །བྱང་ཆུབ་སེམས་རྫོགས་ནས་གྲུ་འཛིན་ཞིང་། །རིགས་དྲུག་པའི་སྤྱན་རས་གཟིགས་སུ་སྨིན། །ཡི་དྭགས་ཁམས་འཁོར་བ་དོང་ནས་སྤྲུག །ཧཱུཾ་བརྗོད་པས་ཞེ་སྡང་རྣམ་པར་དག །ཚ་གྲང་ཀུན་སྦྱངས་ཤིང་ཞེ་སྡང་གྲོལ། །མེ་ལོང་དོན་རྫོགས་ནས་མངོན་དགའི་ཞིང་། །རྡོ་རྗེའི་རིགས་སྤྱན་རས་གཟིགས་སུ་སྨིན། །དམྱལ་བའི་ཁམས་འཁོར་བ་དོང་ནས་སྤྲུག །ཧྲཱི༔ བརྗོད་བདག་འཛིན་རྣམ་པར་དག །མ་རིག་ཀུན་སྦྱངས་ཤིང་གཉིས་སྣང་གྲོལ། །ཀ་དག་དོན་རྫོགས་ནས་འོག་མིན་ཞིང་། །རིགས་ཀུན་འདུས་རྡོ་རྗེ་འཆང་དུ་སྨིན། །མ་སེམས་ཅན་འཁོར་བ་དོང་ནས་སྤྲུག །ཁྱོད་མཚན་ཉིད་བཞི་ལྡན་རྒྱུན་བཟླས་པས། །དུས་ད་ལྟ་དམྱལ་བར་ཕྱིན་ན་ཡང་། །སྒྲ་གྲགས་སྟོང་སྔགས་སུ་དག་པ་དེ། །ཆོས་མདོ་སྔགས་ནུས་པའི་བདེན་འབྲས་ཡིན། །ཞེས་གསུངས་པས་རང་གིས་དེ་ལྟར་བཟླས་ཤིང་དབྱངས་སུ་ལེན་པས་ལྕེ་གཏུབས་པ། ཕུར་པ་འདེབས་པ། མདའ་འབེན་བྱ་བ། ཞིང་རྨོ་བ་སོགས་ཀྱི་སྡུག་བསྔལ་རྣམས་ཆུང་དུ་སོང་ནས་དེར་སྐྱེས་རྣམས་ཀྱིས་སྐྱབས་སུ་མཆིའོ་ཟེར་ཞིང་འདུག་གོ །ཡང་མཁའ་འགྲོ་མ་དེས་འདི་སྐད་ཅེས་གསུངས་སོ། །
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཆོས་བསྐྱེད་རྫོགས་ཀུན་འདུས་བྱང་ཆུབ་སེམས། །རང་བདེ་འདོད་ལ་ཆགས་པས་འཁོར་བར་འཁྱམས། །གཞན་ཕན་འདོད་ཀྱིས་ཐུབ་པ་རྫོགས་སངས་རྒྱས། །ཀུན་ཕ་མར་མ་གྱུར་པའི་སེམས་ཅན་མེད། །དྲིན་དྲན་ནས་དྲིན་གཟོ་བྱམས་སྙིང་རྗེ། །ལྷག་བསམ་གྱིས་སེམས་ཅན་སངས་རྒྱས་ཕྱིར། །རང་ཁུར་ལེན་འབྲས་བུར་དམ་བཅས་ནས། །ཚད་མེད་པའི་སྨོན་སེམས་ཀྱིས་རྒྱུད་བསྐུལ་ཏེ། །དེའི་ཆེད་དུ་ཇི་ལྟ་ཇི་སྙེད་ཆོས། །ཕྱིན་དྲུག་དང་བསྡུ་དངོས་བཞིས་བསྡུས་པའི། །སྔོན་སངས་རྒྱས་བྱང་སེམས་ཀྱིས་མཛད་པ་ལྟར། །འགྲོ་དོན་དུ་རང་གིས་དེ་ལྟར་སྒྲུབ། །བདག་བདེ་དང་དགེ་བ་འགྲོ་ལ་བཏང་། །གཞན་སྡུག་བསྔལ་དང་སྡིག་པ་རང་ཐོག་ལེན། །རྫི་བོ་ལྟར་དཔེ་མེད་བྱང་སེམས་བསྐྱེད། །དོན་སྐྱེ་བྱ་སྐྱེ་བྱེད་སྐྱེས་ཡུལ་འདས། །ཕྱི་སྣང་བར་བདག་ཅེས་མི་དམིགས་པ། །ཆོས་ཀུན་གྱི་གནས་ལུགས་བདག་མེད་པ། །དེར་སེམས་མཁན་བློ་ཡི་ཡུལ་ལས་འདས། །གང་ཟག་གི་བདག་མེད་རྣམ་པ་གཉིས། །གཤིས་སྤྲོས་པའི་མཐའ་འདས་སྟོང་པ་ཉིད། །ལམ་མཚན་མའི་རྣམ་པར་རྟོག་པ་མེད། །འབྲས་རེ་དོགས་སྨོན་པའི་དྲི་མ་མེད། །ཀུན་རང་གཤིས་རྣམ་ཐར་སུམ་ལྡན་དེ། །ངོ་ཡིད་དཔྱོད་དང་བྲལ་བར་རང་ཐོག་སྤྲད། །དོན་ཀུན་ཟླུམ་ཉག་ཅིག་བློ་ཐག་བཅད། །གདེངས་ཡེ་ནས་རང་གྲོལ་བཙན་ས་བཟུང་། །ཁྱོད་རང་གཤིས་གཉུག་མར་ཡོངས་གྲོལ་བས། །དུས་ད་ལྟ་དམྱལ་བར་ཕྱིན་ན་ཡང་། །སྡུག་བསྔལ་གཤིས་རང་གྲོལ་ལྷང་ངེ་བ། །བཀའ་རྫོགས་པ་ཆེན་པོའི་ནུས་པ་ཡིན། །ཞེས་གསུངས་ནས་རང་གིས་དེ་ཐོག་ཏུ་ཡེངས་བསྒོམ་བྲལ་བར་སྣང་བཞི་ཡེ་རྫོགས་སུ་བཟླས་པས་དམྱལ་ཁམས་ལྷག་མ་ཀུན་བདེ་ལྷང་ངེར་ཐེབ་གཅིག་གནས་ནས་བློ་བག་ཕེབས་པ་དང་བླ་མ་ཌཱཀྐིའི་བཀའ་དྲིན་དྲན་པ་དང་དམྱལ་ཁམས་པ་རྣམས་ལ་འདི་ལྟར་སྨྲས་སོ། །
ན་མོ་གུ་རུ་ཌཱཀྐི་ལོ་ཀེ་ཤྭ་ར་ཡ། །ཚུར་ཉོན་དང་ཨ་མ་དམྱལ་བ་པ། །ཡིད་གཏོད་དང་ན་རག་དྲིན་ཆེན་འགྲོ། །སྔོན་སངས་རྒྱས་གྲངས་མེད་བྱོན་བྱས་ནས། །སྙིང་རྗེ་ཡིས་འགྲོ་དོན་མཛད་མོད་ཀྱང་། །བློ་མི་ཁོམ་དབང་སོང་མ་དད་ན། །མིག་ལོང་བ་ལ་ཉི་མས་མི་གསལ་ལྟར། །ད་བར་དུ་འདུལ་སྐལ་མ་གྱུར་པས། །ད་ཁྱེད་རྣམས་སྡུག་བསྔལ་གྲོལ་འདོད་ན། །སྐྱོབས་ངེས་པ་སངས་རྒྱས་ཆོས་དགེ་འདུན། །དོན་གཅིག་བསྡུས་མོས་ཡུལ་བླ་མ་ལ། །ཡིད་མོས་གདུང་དྲག་པོས་གསོལ་བ་ཐོབ། །སྔོན་བྱས་ཀྱི་སྡིག་ལ་འགྱོད་པ་བསྐྱེད། །ད་ཕྱིན་ཆད་མི་བྱེད་ཞེ་དམ་བཅའ། །འགྲོ་གཞན་གྱི་སྡུག་བསྔལ་རང་ཐོག་ལོན། །དམྱལ་སྲུང་རྣམས་སྤྱན་རས་གཟིགས་སུ་བསྒོམ། །དམྱལ་གནས་རྣམས་གྲུ་འཛིན་ཞིང་དུ་མོས། །རྒྱོབ་སོད་དང་སྨྲེ་སྔགས་ཡིག་དྲུག་སྒྲ། །སྡུག་བསྔལ་གྱི་རང་གཤིས་ངོ་བོས་སྟོང་། །རང་རྩལ་དུ་མ་འགགས་པར་ལྷུན་གྱིས་གྲུབ། །སྟོང་གདངས་ལས་ཤར་ཞིང་སྟོང་ངོར་གྲོལ། །དེ་ཤར་གྲོལ་དུས་མཉམ་སྔ་ཕྱི་མེད། །ཨོཾ་ལུས་རྣམས་སྟོང་གསལ་སྤྱན་རས་གཟིགས། །མ་དབུ་མ་མཚན་ཉིད་བཞི་ལྡན་ནང་། །ཎི་སེམས་ཉིད་འོད་ལྔའི་ཐིག་ལེ་སྒོམས། །པད་བུམ་ཅན་རླུང་གི་ནུས་པ་ཡིས། །མེ་སྤྱི་བོར་སྣང་མཐའི་ཐུགས་ཀ་རུ། །ཧཱུཾ་ཐོགས་མེད་སྔར་ཞིང་དབྱེར་མེད་བསྲེས། །ཧྲཱི༔ ལྔ་ཚར་ཧིག་དང་ཕཊཿཀྱིས་སྟིམས། །དེ་སྡིག་ཅན་བཙན་ཐབས་འདྲེན་པའི་ཐབས། །ལམ་ཟབ་མོ་འཕོ་བ་ཞེས་བྱ་ཡིན། །དུས་དེ་རིང་དམྱལ་ཁམས་འགྲོ་ལ་འདེབས། །ཕ་བླ་མ་དང་ཌཱཀྐིའི་བཀའ་དྲིན་གྱིས། །གནས་ངན་སོང་ཐར་ནས་སངས་རྒྱས་ཤོག །ཅེས་བརྗོད་ནས་གསོལ་སྨོན་ཤུགས་དྲག་བྱས་པས་མང་ཞིག་ཚེ་འཕོས་སོང་ངོ་། །
དེ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཇལ་དགོས་ཡིད་ལ་དྲན་པ་ཙམ་གྱིས་རང་གི་དུང་ཁང་ནས་འོད་ཟེར་ཞིག་འཕྲོས་པའི་སྣེ་ལ་སྒོ་མེད་ལྕགས་མཁར་བཅུ་དྲུག་འཇིགས་སུ་རུང་བའི་དབུས་སུ་དྲག་པོའི་གཞལ་ཡས་ཁང་མི་མགོ་སྐམ་རློན་གྱི་རྩིག་པ་ལ་གནམ་ལྕགས་ཁྲོ་ཞུན་གྱི་གཟེར་བཏབ། ལྷ་བརྒྱད་ཀྱི་ཀ་བ། ཀླུ་བརྒྱད་ཀྱི་གདུང་མ། གཟའ་བརྒྱད་ཀྱི་དྲལ་ལྕམ། རྒྱུ་སྐར་གྱི་དྲྭ་ཕྱེད། ཞིང་ལྤགས་ཀྱི་ཐོག །ནང་རོལ་དང་ཙིཏྟའི་ཕོད། རྡོ་རྗེའི་རྭ་ཐེམ། གནམ་ལྕགས་ཀྱི་སྒོ། ཐོད་པ་སྐམ་རློན་རྙིད་པའི་ཕྲེང་བ། མི་ལྤགས་ཀྱི་གདུགས་འཕན། རྟ་བབས་གདུགས་ཏོག །མེ་རླུང་ཁྲག་མཚོ་རབ་ཏུ་འཁྲུགས་པའི་ཀློང་དེར། ཉི་ཟླ་པདྨ་བམ་རོའི་སྟེང་དུ་དཔལ་ཆེན་ཆོས་ཀྱི་རྒྱལ་པོ་སྐུ་མདོག་སྨུག་ནག་ཞལ་གདངས་ལྗགས་འགྲིལ་མཆེ་གཙིགས་ཤངས་གཉེར་སྨ་ར་དང་ཁ་སྤུ་ལ་མེ་འཁྱོག་པོར་འབར་བ་བསུས་ཁྱིམ་ཆེ་བ། སྐེ་ཕྲ་བ། མིག་ཤེལ་མིག །ཨ་ར་ལིའི་སྒྲ་སྒྲོག་པ། ཕྱག་ན་ཁྲམ་ཤིང་དང་མེ་ལོང་འཛིན་པ། དུར་ཁྲོད་དཔལ་ཆས་ཀྱིས་སྤྲས་པ་འཇིགས་པའི་གར་དགུའི་རྔམ་ཞིང་གཟི་བྱིན་བཟོད་པར་དཀའ་བའི་འཁོར་དུ་ཨ་བ་གླང་མགོ་ཁྲམ་ཤིང་ཐོགས་པ། གདུག་པ་སྦྲུལ་མགོ་རྒྱ་མ་འཛིན་པ། རྔམ་བརྗིད་སེང་མགོ་མེ་ལོང་འཛིན་པ། རཀྴ་ཕག་མགོ་ཡིག་ཆུང་འཛིན་པ། ཀྲྀ་ཏ་བྱ་མགོ་རལ་གྲི་འཛིན་པ་ལྔ་ལ་ཀེ་སེང་ཕྲ་མེན་དབང་ཕྱུག་དཔག་ཏུ་མེད་པས་སྐོར་ཞིང་། གཡས་སུ་ལྷ་དཀར་པོ་ཞི་བའི་ཉམས་དར་དཀར་དང་རྡེའུ་དཀར་པོ་འདྲེན་པ། གཡོན་དུ་འདྲེ་ནག་པོ་ཁྲོས་ཤིང་ཙིག་སྒྲ་སྒྲོག་པ་ཞགས་པ་དང་རྡེའུ་ནག་པོ་འདྲེན་པ། དེར་ལས་དབང་གིས་བསྡུས་པའི་སྐྱེ་འགྲོ་དཔག་ཏུ་མེད་པ་འཚུབ་ཉིལ་གྱིས་དགེ་སྡིག་གི་སྟངས་གཅོད་བྱེད་བཞིན་འདུག་སར་སླེབས། བུད་མེད་དེ་སྙིང་གར་ཐིམ། རིགས་བདག་དེ་སྤྱི་བོར་ཆུར་ཞུ་བའི་སྣང་བ་དང་། རང་གིས་ཆོས་ཀྱི་རྒྱལ་པོ་མཇལ་ཞིང་ཕྱག་འཚལ་བས་དེ་རྣམས་ཀྱང་འགུལ་སྐྱོད་ལིང་ལིང་དུ་འདུག །ངག་ནས་སྐྱབས་སུ་མཆིའོ་སྨྲས་པས་དེ་རྣམས་ཀྱང་གསུང་འདུག །རང་གིས་མོས་གུས་བྱས་པས་དེ་རྣམས་ཀྱང་མིག་ཟིམ་མེ་ཐལ་སྦྱར་འདུག །འདི་རྣམས་ཀྱང་ང་ཡི་རིག་མདངས་ཡིན་སྙམ་པས་གཙོ་བོའི་ཞལ་ནས་འདི་སྐད་གསུངས་སོ། །
ན་མོ་མ་ཧཱ་གུ་རུ་ཀྲོ་ཏ་ར་ཛ་ཡེ། །ཚུར་གསོན་དང་སྨན་ཆུང་ཆོས་བྱེད་མ། །ཁྱོད་ཚེ་ཡི་དུས་ལ་མ་བབས་ཀྱང་། །གློ་བུར་དུ་འདིར་ཡོང་དགོས་པ་གང་། །གསོན་གྲང་ང་ཁམས་ལ་འདུག་པའི་དུས། །རང་དགེ་བ་སྒྲུབ་དང་གཞན་ལ་བསྐུལ། །རྗེས་ཡི་རང་བསྒོམ་པའི་ཚོགས་བསགས་དང་། །སྟོབས་བཞི་ཡིས་སྒྲིབ་སྦྱངས་ཇི་ལྟར་བྱས། །རང་སྡིག་པ་མི་བྱེད་གཞན་ལ་བཀག །དེར་མི་སྤྲོ་བའི་འགྱོད་སྡོམ་ཇི་འདྲ་བྱས། །འདིར་མི་འཇིགས་པའི་དཔའ་གདེང་གང་ལྟར་རྙེད། །རང་དྲང་ཞིང་ཆོས་ལྟར་ལེགས་སྤྱད་ན། །ངས་གནོད་པ་མི་བྱེད་འཇིགས་མི་དགོས། །རང་འཁྱོག་ཅིང་སྡིག་ལ་སྤྱད་བྱས་ན། །མགོན་སྤྱན་རས་གཟིགས་ཀྱིས་སྐྱོབ་མི་ཐུབ། །མེ་ལོང་དང་ཡིག་ཆུང་རྒྱ་མ་གསུམ། །གང་བྱས་པའི་ལས་རྣམས་མངོན་སུམ་གསལ། །དགེ་བ་ཅན་མཐོ་རིས་ཐར་ལམ་སྟོན། །སྡིག་པ་ཅན་ངན་སོང་དུ་ཆད་པས་མནར། །ལེགས་ཉེས་སྟངས་གཅོད་ཀྱི་རྐོས་རྗེ་ཡིན། །དོན་དེ་བས་ང་ལ་དྲང་གཏམ་སྨོས། །གསུངས་པ་དང་སེམས་ལ་དཔའ་ཚུད་དེ་རང་མི་འཇིགས་པའི་སྤོབས་པ་ཐོབ་ཀྱང་དེར་གནས་རྣམས་ལ་སྙིང་རྗེ་བཟོད་གླགས་མེད་པར་སྐྱེས་ནས་ངུ་མ་དབྱངས་ཀྱིས་འདི་སྐད་ཅེས་ཞུས་སོ། །
རྗེ་རྒྱལ་བ་ཀུན་འདུས་པདྨའི་མཚན། །ལས་རྒྱུ་འབྲས་བསླུ་མེད་བདེན་སྟོན་ཕྱིར། །གཤིན་པོ་ཡི་རྗེ་བོ་ཆོས་ཀྱི་རྒྱལ། །དོན་དུང་ཁང་ཁྲོ་བོའི་མདངས་ལ་འདུད། །གདོད་མ་ཡི་གཞི་དབྱིངས་ཀ་དག་ཀྱང་། །གཞི་སྣང་མདངས་རླུང་གི་རྩལ་གཡོས་པས། །རིག་མ་རིག་ཆ་ལས་འཁོར་འདས་བཏགས། །ང་རིག་པ་སྐྱེ་མེད་འཆི་བྲལ་ལ། །དུས་བབ་དང་མ་བབ་སྒྲོ་བཏགས་ཤིང་། །གནས་ལུགས་གཤིས་བློ་འདས་ཕྱོགས་བྲལ་ལ། །ཤི་བ་དང་གསོན་པོའི་བར་ལག་འགྱེལ། །ཕུང་པོ་ནི་ཟངས་ཡག་བྲག་ལ་ཡོད། །ཨ་མ་དང་མཆེད་རྣམས་རྩ་བར་བཞག །རྣམ་ཤེས་ལ་ཡེ་ཤེས་ཀྱི་རྒྱས་ཐེབས་པས། །མདངས་མ་འགགས་ཐུགས་རྗེའི་འཕྲུལ་རྩལ་སྒྱུར། །མ་དམྱལ་གནས་རྣམས་ཐར་ལམ་འདྲེན་དུ་འོང་། །ཁྱེད་དྲག་པོ་རྡུང་རྡེག་གི་སྒྲིབ་སྦྱང་དང་། །སྦྲང་མདོ་སྔགས་ནས་བཤད་པའི་སྒྲིབ་སྦྱོང་གཉིས། །གཞན་ཕན་སྤྱོད་ཡིན་པ་འདྲ་འདྲ་ལ། །ཐབས་ཐུགས་རྗེ་མཐུ་སྟོབས་དཔུང་སྒྲིལ་ཏེ། །མ་འདི་ཀུན་ཐར་བ་ཞིག་ཐུགས་རྗེས་གཟིགས། །སྨན་ཆུང་ནས་དགེ་བའི་བསམ་བློ་སྐྱེས། །ཐབས་བླ་མ་དགེ་བའི་བཤེས་ཀྱིས་བསླབས། །དྲན་ཤེས་དང་བག་ཡོད་ལྷུར་བླངས་པས། །དགེ་སྡིག་གཉིས་གོ་ལོག་བྱེད་མ་མྱོང་། །བདེ་སྡུག་ལ་འཇིགས་སྐྲག་རེ་དོག་ཤིག །བདེ་སྡུག་གི་གཏོང་ལེན་གོམས་བྱས་པས། །དམྱལ་བ་ཡི་སྡུག་བསྔལ་ཀུན་སྡོམ་ནས། །ངའི་སྟེང་དུ་སྨིན་ཡང་ཡ་མི་ང་། །འགྲོ་རེ་རེའི་སྡུག་བསྔལ་ལ་བསམས་ནས། །བུ་མོ་ཡི་སྙིང་འདི་གས་ལ་ཐུག །བདེན་འདུག་གམ་ལས་ཀྱི་མེ་ལོང་གཟིགས། །ཐུགས་མ་ཆེས་ན་ཡིག་ཆུང་རྒྱ་མར་གསལ། །སངས་རྒྱས་ཀུན་བླ་མ་དམྱལ་བ་ལ། །ངེས་འབྱུང་གི་བཀའ་ཆོས་ཞུ་རུ་འོང་། །ཁོང་ཁྲོ་ཡི་ཉེས་དམིགས་ལྟ་རུ་ཡོང་། །གཤིས་མེ་ལོང་ཡེ་ཤེས་རྩལ་སྦྱངས་ཡོང་། །རྒྱལ་བ་ཀུན་སྙིང་རྗེའི་རང་གཟུགས་ལ། །སྙན་གསན་གྱི་ཐུགས་རྒྱུད་བསྐུལ་དུ་འོང་། །དཔོན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ལ། །ཁྱེད་མ་ཡུམ་ཀུན་ཕན་ཐབས་ཞུར་འོང་། །འཁོར་ལས་མཁན་དྲག་རྩལ་ནུས་སྟོབས་ཀྱིས། །མ་ཐར་ཐབས་ཀྱི་དཔུང་གྲོགས་སྦྲན་དུ་འོང་། །ལྷ་འདྲེ་གཉིས་དགེ་སྡིག་གཟུགས་ལ། །བདེན་འབྲས་རྣམས་བདེན་འཛིན་བཤིག་ཏུ་འོང་། །མགོན་རྫོགས་སངས་རྒྱས་ཀྱི་བདེན་ཚིག་ལས། །ཡི་གེ་བརྒྱས་ན་རག་དོང་ནས་སྤྲུགས། །མ་ཎི་ཡིས་ངན་སོང་མིང་མེད་སྟོང་། །བཀའ་རྡོ་རྗེ་གཅོད་པའི་སག་བརྡར་གྱིས། །དམྱལ་བའི་ལས་ཕྱེ་མར་བརྡར་དུ་ཡོང་། །དོན་དེ་རྣམས་ཡོང་བ་ཞིག་ཐུགས་རྗེས་གཟིགས། །ཞེས་ཞུས་པས་ལས་མཁན་རྣམས་ཀྱིས་མེ་ལོང་ཡིག་ཆུང་རྒྱ་མ་རྣམས་བསྟན་ཞིང་བལྟས་པས་ཡིད་ཆེས། ཐམས་ཅད་ཀྱིས་ཐར་ལམ་དུ་སོང་ཟེར་ཡང་མ་ཐམས་ཅད་ལུས་ང་གཅིག་པུ་ཐར་ལམ་ལ་སོང་ན་ང་ཁྲེལ་མེད་ཡིན་པས་ཐམས་ཅད་ཐར་པ་ཐོབ་པ་ཞིག་མཁྱེན་མཁྱེན་ཞུས་པས། གཙོ་བོའི་ཞལ་ནས་འདི་སྐད་གསུངས་སོ། །
ན་མོ་ཡ་མནྟ་ཀ་ཡེ། སྙན་གསོན་དང་ལས་ཅན་རིགས་ལྡན་མ། །ཕན་ལྡན་གྱི་བྱང་ཆུབ་སེམས་མ་ཆེ། །གདེངས་རང་སར་གྲོལ་བའི་རྣལ་འབྱོར་མ། །སེམས་ཀུན་སློང་དགེ་བའི་དགེ་སློང་མ། །མ་རིག་པ་རིག་པའི་རིག་འཛིན་མ། །ཆོས་ཉིད་མཁར་འགྲོ་བའི་མཁའ་འགྲོ་མ། །ཀུན་བཟང་མོར་སྦྱོར་བའི་ཀུན་བཟང་མ། །ཁྱེད་གསུང་ལ་རྗེས་སུ་ཡི་རང་ཡང་། །སྔོན་འཕགས་པ་སྤྱན་རས་གཟིགས་དབང་དེས། །འཁོར་བ་དོང་ལན་གསུམ་སྤྲུགས་ནའང་། །སླར་བྱེ་མའི་རྐྱལ་པ་ཐུར་ཕྱེས་ལྟར། །ལས་འཛད་དུ་མེད་པ་འདི་ལྟར་ལགས། །མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དེས། །བདུད་བློན་པོ་ཤནྟིའི་ཆེད་འདིར་ཕེབས། །ཞི་ཁྲོ་ཡི་དཀྱིལ་འཁོར་ཞལ་ཕྱེ་ནས། །ན་རག་དོང་ལན་གཅིག་སྤྲུགས་བྱས་ཀྱང་། །ལས་ཟད་དུ་མེད་པ་འདི་ལྟར་སྨིན། །འོན་ཀྱང་ནི་འགྲོ་མང་གི་མཐའ་དང་། །བསྐལ་པའི་ཡུན་བྱ་དཀའི་སྤྱོད་པ་གསུམ། །དེ་མི་འཇིགས་པར་དཔའ་ལ་སེམས་དཔའ་ཟེར། །དོན་དེ་བས་སྔོན་གྱི་ཕྱག་སྲོལ་བཞིན། །ལྷ་སྤྱན་རས་གཟིགས་གདན་གསུམ་དཀྱིལ་འཁོར་ལ། །ཡི་གེ་བརྒྱ་དྲུག་ཏུ་བསྡུས་བྱས་ཏེ། །བཀའ་རྡོར་གཅོད་ཤེར་ཕྱིན་དགོངས་པ་ཡིས། །འགྲོ་དམྱལ་བ་འདི་ལས་ཐར་ཐབས་མཛོད། །དམྱལ་བའི་ཁམས་རང་སྣང་མ་ཤེས་ན། །ལྕགས་བསྲེག་གི་ས་གཞི་མི་ཚོགས་རྣམས། །ངས་མ་བྱས་ཆགས་སྡང་སྡིག་སེམས་གྲུབ། །མ་གྲོལ་བའི་ཞེ་སྡང་སེམས་རེ་རེས། །དམྱལ་བ་ཡི་སྡུག་བསྔལ་རེ་རེ་གྲུབ། །གྲོལ་ཆ་ཡི་དག་པའི་སྣང་ངོ་ལ། །དམྱལ་བའི་ཁམས་མངོན་པར་དགའ་བ་ཡིན། །ངེད་རྣམས་ཀྱང་རང་སྣང་ཞི་ཁྲོ་ཡིན། །སྡུག་བསྔལ་ཡང་རང་ཤར་རང་གྲོལ་ཡིན། །ཁྱེད་གྲང་ང་ཁམས་ལ་ཕེབས་པའི་དུས། །ལས་དགེ་སྡིག་གི་འབྲས་བུས་བསླུས་མི་འདུག །ངས་མངོན་སུམ་མཐོང་ཞེས་འཕྲིན་དུ་སྨོས། །འདིའི་སྡུག་བསྔལ་དང་ཚེ་ཚད་ཤེས་འདོད་ན། །མདོ་དྲན་པ་ཉེར་བཞག་ལྟ་རྟོག་མཛོད། །ལས་འབྲས་བུ་སྨིན་ཚུལ་བསླབ་དགོངས་ན། །ལས་རྣམ་འབྱེད་དང་རྣམ་འཐག་ནང་ལྟར་མཛོད། །བླ་མ་རྣམས་རང་ངོ་ཤེས་དགོས་གསུངས། །དཔོན་པོ་རྣམས་བཀའ་ཁྲིམས་དྲང་དགོས་གསུངས། །གྲྭ་པ་རྣམས་ཚུལ་ཁྲིམས་དག་དགོས་གསུངས། །སྔགས་པ་རྣམས་བསྐྱེད་རྫོགས་འབྱོང་དགོས་གསུངས། །ཨ་ཎི་རྣམས་འཆལ་སྤྱོད་མ་བྱེད་གསུངས། །གྲུབ་ཐོབ་རྣམས་རྐྱེན་ཁར་མ་ཤོར་གསུངས། །རྟོག་ལྡན་རྣམས་རྟོག་རྗེས་མ་འབྲེངས་གསུངས། །རྣལ་འབྱོར་རྣམས་གཉིས་སྣང་མ་དེད་གསུངས། །གཅོད་པ་རྣམས་ལྷ་འདྲེར་མ་འཛིན་གསུངས། །མཁས་པ་རྣམས་ཚིག་གིས་མ་ཁེངས་གསུངས། །ཅིག་ཅར་རྣམས་དམན་མགོ་མ་འཁོར་གསུངས། །རིམ་སྐྱེས་རྣམས་གོ་ཡུལ་གྱིས་མ་ཚིམས་གསུངས། །སྐྱེ་བོ་རྣམས་སྡིག་ལ་མ་རྔམ་གསུངས། །བུད་མེད་རྣམས་འཕྲུལ་མགོ་མ་སྐོར་གསུངས། །སྦྱིན་བདག་རྣམས་བྱས་ཡུས་མ་ཆེ་གསུངས། །ཆོས་བྱེད་རྣམས་དཀོར་ལ་མ་རྔམ་གསུངས། །བསྟན་འཛིན་རྣམས་ཆོས་བརྒྱད་མ་བསྲེ་གསུངས། །ནང་པ་ཡི་ཁྱད་ཆོས་དམ་པ་གསུམ། །ལམ་སྔོན་འགྲོ་དང་དངོས་གཞི་དོན་བསྡུས་པ། །སྐུ་གསུམ་གྱི་སྙིང་པོ་སྒྲོལ་བསྟོད་དང་། །འཕོ་བ་ཡི་འབྲེལ་བ་ཀུན་ལ་ཞོག །གང་འབྲེལ་ཚད་དོན་ལྡན་མཐར་སངས་རྒྱས། །ཐུགས་བཞེད་ཀུན་མཐར་ཕྱིན་དགེ་ལེགས་ཤོག །ཅེས་གསུངས་ནས་རང་གི་ལུས་སྤྱན་རས་གཟིགས་གདན་གསུམ་ཚང་བ་རྒྱལ་བ་ཞི་ཁྲོའི་དཀྱིལ་འཁོར། ངག་རིགས་སྔགས་ཡི་གེ་བརྒྱ་པ་དོན་བསྡུས་གསུང་ཡི་གེ་དྲུག་པ། སེམས་རྡོ་རྗེ་གཅོད་པ་ཤེས་རབ་ཕར་ཕྱིན་འདུ་ཤེས་བཞི་འདས་ལ་མཉམ་པར་བཞག་སྟེ་འདི་ལྟར་སྨྲས་སོ། །
ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི༔ ཨོཾ་རང་ལུས་འཕགས་པ་སྤྱན་རས་གཟིགས། །ལྷ་གདན་གསུམ་ཞི་ཁྲོའི་ཡེ་སྐུ་གསལ། །མ་རིགས་སྔགས་ཡི་གེ་བརྒྱ་པའི་དོན། །ཀུན་འདུས་པ་གྲགས་སྟོང་ཡི་གེ་དྲུག །ཎི་ཤེར་ཕྱིན་འདུ་ཤེས་བཞི་ལས་འདས། །བཀའ་རྡོ་རྗེ་གཅོད་པས་དམྱལ་ཁམས་གྲོལ། །པད་རང་གཤིས་མ་བཅོས་སྙིང་རྗེའི་མདངས། །དོན་རྡོ་རྗེ་གསུམ་གྱིས་སྒོ་གསུམ་གྲོལ། །མེ་བླ་མའི་ཐུགས་དང་འགྲོ་བའི་སེམས། །གཤིས་དབྱེར་མེད་སྟོང་གསལ་སྐུ་གསུམ་རྫོགས། །ཧཱུྃ་སྨོན་འཇུག་དོན་དམ་བྱང་སེམས་དང་། །འཁོར་གསུམ་པོ་མི་དམིགས་ཡོངས་གྲོལ་ཤོག །ཧྲཱིཿཀ་དག་ལྷུན་གྲུབ་རང་སར་གྲོལ། །གནས་ལུགས་གཤིས་རྫོགས་པ་ཆེན་པོར་ཨཱཿ ཞེས་སྨྲས་པས་དམྱལ་ཁམས་རྣམས་མང་དུ་ཚེ་འཕོས་ཏེ་གྲོལ་ནས་སྔར་གྱི་ཕུང་པོ་རྣམ་ཤེས་ཞུགས་ནས་སྔར་བཞིན་སོས་ཏེ་གནས་སོ།།
ཡང་དེ་སྐབས་སློབ་མ་ལ་ཕན་པའི་ཁ་ཏ་འདི་ལྟར་སྨྲས་སོ། །ཨ་ཧོ་རིགས་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་དངོས། །འདུལ་བྱའི་སྣང་ངོར་གང་ལ་གང་འདུལ་གྱིས། །སྣ་ཚོགས་སྐུར་སྟོན་ངོ་བོ་འདུས་པའི་སྐུ། །བཀའ་དྲིན་གསུམ་ལྡན་བླ་མའི་ཞབས་ལ་འདུད། །སྙིང་གི་གྲོགས་ལ་སྙིང་གཏམ་ཡི་གེ་འབུལ། །སྙིང་ནས་དགྱེས་པར་གཟིགས་དང་མཆེད་གྲོགས་ལགས། །རྙེད་པར་དཀའ་བའི་མི་ལུས་རིན་ཆེན་ཐོབ། །མཇལ་བར་དཀའ་བའི་སངས་རྒྱས་བསྟན་དང་མཇལ། །ནམ་ཞིག་གཏན་གྱི་འདུན་མ་མ་འཆུག་པར། །ད་རེས་འབད་པ་ཐོན་ཅིག་སྙིང་གཏམ་ཡིན། །དལ་འབྱོར་ཐོབ་ཀྱང་ནམ་འཆི་ཆ་མེད་ཅིང་། །ཁྱད་པར་སྙིགས་དུས་ཚེ་ལ་ངེས་པ་མེད། །སྙིང་ནས་འཆི་ཆོས་སྒོམས་མཛོད་མཆེད་གྲོགས་ལགས། །ཚེ་འདིའི་བདེ་སྡུག་གནས་སྐབས་ཡུད་ཙམ་ཡིན། །འཕྲལ་བདེ་ཙམ་ལ་སྡིག་པའི་ལས་བསགས་ན། །ཐར་པའི་ལམ་དང་བྲལ་བས་རྒྱུ་འབྲས་ལ། །ཡིད་ཆེས་བླང་དོར་མཛོད་ཅིག་སྙིང་གཏམ་ཡིན། །དཀོན་མཆོག་གསུམ་པོ་གཏན་གྱི་སྐྱབས་སུ་བཟུང་། །དོན་གྱི་དམ་པ་གཞན་ཕན་སེམས་བསྐྱེད་སྦྱོངས། །སྡིག་སྒྲིབ་སྦྱོང་བྱེད་སྟོབས་བཞིའི་གནད་ལྡན་པའི། །རྡོར་སེམས་བསྒོམ་བཟླས་བརྩོན་དང་སྙིང་གཏམ་ཡིན། །ཚོགས་བསགས་བསོད་ནམས་ཞིང་མཆོག་སྒོམས་གྱིས་ལ། །མཎྜལ་ཡན་ལག་བདུན་པ་ཀུ་ས་ལིའི། །ལུས་སྦྱིན་བསྔོ་ཞིང་བླ་མའི་རྣལ་འབྱོར་ལ། །འབད་ན་ལམ་སྣ་ཟིན་ནོ་སྙིང་གཏམ་ཡིན། །འདི་ནི་ཐུན་མོང་ཐུན་མིན་གསལ་འདེབས་ལགས། །སྣོད་བཅུད་ཞེན་པ་བསྐྱེད་རིམ་ཟབ་མོས་སྦྱོངས། །བུམ་ཆེན་རླུང་གིས་གཏུམ་མོའི་བདེ་དྲོད་སྤོར། །དུས་རྣམས་ཀུན་ཏུ་རང་སེམས་ངོ་བོར་ལྟོས། །སངས་རྒྱས་གཞན་ནས་མ་ཚོལ་སྙིང་གཏམ་ཡིན། །བཟང་ངན་སེམས་ཅན་ཀུན་ལ་དག་སྣང་སྦྱོངས། །ལུས་ངག་ཡིད་ཀྱིས་དགེ་ལ་བརྩོན་པར་མཛོད། །བསམ་པ་རྣམ་པར་དག་པས་གཞི་བཟུང་སྟེ། །སྤང་བླང་ལག་ལེན་མཛོད་དང་སྙིང་གཏམ་ཡིན། །སྙིང་པོའི་དོན་གྱིས་བསྟན་པའི་དམ་ཆོས་ལ། །སྙིང་ནས་མོས་པའི་སྤྲང་བཙུན་མ་ཎི་བས། །སྙིང་ནས་རང་ལ་ལྟོས་པའི་ཚོས་གྲོགས་ལ། །སྙིང་གཏམ་སྐྱེས་སུ་ཕུལ་བ་དགེ་གྱུར་ཅིག །ང་ཡིས་མ་རྟོགས་རྨོངས་པའི་རྨོངས་ཚིག་ལ། །སྙན་ངག་སྡེབ་སྦྱོར་གང་ཡང་མི་ཤེས་པས། །མཁས་པས་གཟིགས་ན་ཐུགས་ཞེ་ཁྲེལ་བའི་རྒྱུ། །ཁྱེད་རྣམས་ཐུགས་ལ་བསྟིམས་ན་འདི་ཕྱིར་ཕན། །ཞེས་རྨོངས་པའི་ཁ་ཏ་མེ་ཏོག་ཕྲེང་བ་འདི་ས་བྱི་ལོའི་ཟླ་བ་བཅུ་པའི་ཚེས་བཅུ་བདུན་ཉིན་ཟངས་ཡག་ནམ་མཁའ་རྫོང་ནས་སྤྲིངས་པ་དགེ་ཞེས་སྨྲས།
ཡང་དེ་སྐབས་ཉམས་ཀྱི་སྣང་བར་སྟེང་འོག་ཕྱོགས་མཚམས་ཐམས་ཅད་སྟག་གིས་གང་ནས་སྐྲག་སྟེ་གང་དུ་གབ་བསམ་པ་དང་། རང་ལུས་ཧཱུྃ་མཐིང་ག་ཞིག་ཏུ་གྱུར་ནས་འཕུར་སྣང་ཤར། ས་ག་ཟླ་བའི་ཚེས་གཅིག་ནས་སྨྱུང་གནས་བཏང་། དེ་ནས་ལྷ་ས་ལྷས་སྡིངས་སུ་འཁྲུལ་ཞིག་རིན་པོ་ཆེས་མུན་མཚམས་གྲ་སྒྲིག་ཡོད་གསུངས་ནས་དེར་སོང་། མུན་མཚམས་ཞག་ཉེར་གཅིག་སྡོད་དུས་ཕྱི་ནང་མེད་པར་གསལ་ཞིང་བློ་ལ་ཤར་བ་ཙམ་གྱིས་དེར་སླེབས། ཇོ་བོ་མཇལ་བར་ཕྱིན་པ་སོགས་རྡོ་རིང་ཉི་ཟླ་ཕྱག་མཛོད་ཀྱིས་མཐོང་། སྤོ་བོ་གླིང་གར་འཁྲུལ་ཞིག་རིན་པོ་ཆེ་གཡང་སྒྲུབ་ལ་གདན་དྲངས། ཡང་ཏིའི་སྐོར་རྣམས་ཆ་ཚང་ཞུ་སྐབས་ང་བཀའ་ཆོས་གནང་དུས་མ་གཏོགས་ཁང་པར་བཅུག །བླ་མས་སྐྲ་ཐོར་ཅོག་བཅིངས་ནས་གཅེར་བུར་བར་སྐོར་སོང་གསུངས་ཀྱང་མཆེད་གྲོགས་རྣམས་ཀྱིས་མ་བཏང་། གླིང་སྐོར་དུ་སོང་ཨ་ཎི་ངག་དབང་བཅས་ཀྱིས་ཉ་ཆུང་མང་པོ་ཤི་ལ་ཁད་འདུག་པ་རྣམས་ཚེ་ཐར་བཏང་སྟེ་ཉིན་གང་ཉ་ཆུང་བསལ། མར་ཟངས་ཡག་བྲག་ཏུ་ཡོང་ནས་ཟླ་བ་དྲུག་ཏུ་མུན་མཚམས་བསྡད། སེམས་ལ་བདེ་གསལ་མི་རྟོག་པའི་ཉམས་དང་འཆར་སྒོ་ཤིན་ཏུ་གསལ་བའི་མདངས་གསལ་ཉམས་ཁོང་རྣམས་ལ་ཕོག་པས་ཨ་ཎི་ངག་དབང་ནས་ཉི་མ་ཤར་འདུག་ཟེར། ཆུ་ལེན་དུ་ཕྱིན། ཚུར་སླེབས་དུས་ས་རུབ་པ་སོགས་ངོ་མཚར་བྱུང་། མཚམས་གྲོལ་བ་དང་ལྷ་ས་ནས་འཁྲུལ་ཞིག་རིན་པོ་ཆེ་ཟུར་ཁང་རུ་བར་འདྲེད་རྡབ་ཀྱིས་ཕྱག་རྡབ་ཆག་ཤོར་འདུག་ཟེར། ང་འབོད་མི་བཏང་བང་མི་སླེབས་པས་ལྷ་སར་ཕྱིན། རོགས་ཨ་ཎི་སངས་རྒྱས་སྒྲོལ་མ། སྙིང་རྗེ་སྒྲོལ་མ། བྱང་ཆུབ་སྒྲོལ་མ་བཅས་ཀྱིས་གཅོད་ཚོགས་བརྒྱ་ཚར་བཏང་། རྒྱ་གར་བྷ་བུ་ནས་ཕྱག་བཅོས་བྱེད་རོགས་བྱས་པས་འབྱར་བཞག་མ་གསོས་པར་རོལ་མོ་ཆེ་བ་ཞིག་མང་པོ་དཀྲོལ་མཛད་པས་ང་ཕྱག་ཐུ་ཡོང་བསམས་ནས་མང་དུ་ངུས་པས་ངས་རྩེད་མོ་བྱས་པ་ཡིན། ཁྱེད་ཡེ་ཤེས་མཁའ་འགྲོ་ཡིན་པས་ཐུགས་མ་ཕམ་གསུངས། ངས་མ་ཤེས་ཀྱང་གྲུབ་རྟགས་ཡིན་པ་འདྲ། ང་བྲག་ལྷ་ཀླུ་ཕུག་ཏུ་སྡོད་སྐབས་རྫ་སྤྲུལ་རིན་པོ་ཆེ་དཔོན་གཡོག་མང་པོ་ཕེབས། འཁྲུལ་ཞིག་རིན་པོ་ཆེ་བཅས་ལྷན་རྒྱས་ནས་ཡུམ་བཀའ་བདེ་ཆེན་རྒྱལ་མོའི་གསོལ་ཚོགས་གནང་སྐབས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སྐུ་གཤེགས་པར་གསན་པས་འཁྲུལ་ཞིག་རིན་པོ་ཆེ་མང་དུ་བཤུམས་པས་གཞན་རྣམས་ཀྱིས་ཞུ་མ་ནུས་ཀྱང་ང་ཡིས་དེ་ལྟར་མ་ཤུམས་རྟེན་འབྲེལ་ལོག་པ་ཞུས་པས་དེ་བདེན། རྒྱ་མཚོ་སྐམ་ཀྱང་ནོར་བུ་ཡོད་གསུངས། འཁྲུལ་ཞིག་རིན་པོ་ཆེ་ཨོ་ཏི་ཤག་ཏུ་བཞུགས། ང་སྒང་དུ་ཤག་ཆེ་བར་ཆག་སྒམ་གྱི་སྒྲོམ་བཟོས་ནས་བསྡད།
དེ་ནས་གནས་ཆུང་སྒྲ་དབྱངས་གླིང་དུ་ཞེ་ཆེན་རབ་འབྱམས་སྤྲུལ་སྐུ་རིན་པོ་ཆེའི་མདུན་དུ་རིན་ཆེན་གཏེར་མཛོད་ཞུ་རུ་སོང་། ཟླ་བ་གསུམ་ཙམ་སྤྲོ་ཁང་དུ་བཞུགས། འཁྲུལ་ཞིག་རིན་པོ་ཆེའི་མདུན་ནས་རིག་འཛིན་སྲོག་སྒྲུབ་གཏུམ་མོའི་མེ་དབང་ཞུས། ཐིག་ས་སྒང་ལ་ང་གཉན་ཁྲོད་ལ་བཏང་ཁྱི་མང་པོས་རུབ། མཐའ་གཏད་སྐབས་གཡུ་ལོ་བཀོད་པའི་དུར་ཁྲོད་དུ་ཁྲིད་ནས་སྐེ་ལ་ཐག་པ་བཏགས། གཡང་ལ་ལྷུང་ལ་ཁད་བྱས་ནས་སྤེན་མ་ཞིག་ལ་བཏགས་ནས་བཞག་བྱུང་བས། ང་ཆུང་སྐབས་བླ་མ་འདི་མ་མཇལ་བས་འཚེངས། སྐྱབས་མགོན་པདྨ་རྒྱ་མཚོ་ནས་ཁྲིད་ཁྲེགས་ཆོད་ཐོད་རྒལ་བར་ཐོབ། ད་ང་ཤི་ན་ཨ་མ་ནི་ཅི་དྲག་བསམ་པ་བྱུང་། ཚ་གུ་རིན་པོ་ཆེ་བོས་ཏེ་གཏོང་གྲོགས་བྱས་པས་བཏང་། འཁྲུལ་ཞིག་རིན་པོ་ཆེའི་ཞབས་གྲས་རྣམས་ཆུ་རས་བསྐྱོན་ནས་བཞུགས་འདུག །ཡང་གཙང་པའི་རྗེ་བཙུན་མ་མི་ཕམ་རིན་པོ་ཆེའི་ཡང་སྲིད་ཡིན་ཟེར་བ་ཞིག་འདུག་པ་དེས། བླ་མ་དེས་ཕར་སོང་ན་ཚུར་ཤོག་ཟེར། ཚུར་ཡོང་ན་ཕར་སོང་ཟེར་བ་དེ་འདྲ་ཟེར། དེ་ནས་ཆུ་ཐོག་ཏུ་བྲོས་འགྲོ་བསམས་ནས་སོང་བས་གཟིམ་དཔོན་གྱིས་མ་ཕེབས་ཟེར་ནས་བཀག །ཤ་སོགས་སྟེར། ཡར་སོང་ན་འཁྲུལ་ཞིག་རིན་པོ་ཆེས་བཀའ་བཀྱོན་གནང་སྙམ་ནས་དོགས། དེ་མཚམས་ཞེ་ཆེན་རིན་པོ་ཆེས་ཆོས་མཚམས་བཞག་ནས་སྨིན་གྲོལ་གླིང་དུ་སྒྲིག་ཞུགས་ལ་ཕེབས། འཁྲུལ་ཞིག་རིན་པོ་ཆེ་ཟུར་ཁང་དུ་བཞུགས། ང་ཟངས་ཡག་བྲག་ཏུ་ཡོང་། ཞེ་ཆེན་རིན་པོ་ཆེ་ཚུར་ལམ་ཟངས་ཡག་བྲག་ཏུ་ཕེབས་ནས་ཡར་གནས་ཆུང་དུ་གཏེར་མཛོད་འཕྲོ་ཞུ་བར་ཕྱིན། རུང་ཁང་ཤག་ཏུ་བསྡད་ཆོས་འཕྲོ་རྣམས་ཞུས། ང་ཨ་མ་བསུ་ལ་དགོངས་པ་ཞུས་ནས་ཕྱིན་པས་ཉིན་གཅིག་ལུང་ཆད། ཨ་མ་དང་ལྷན་དུ་ཤག་དང་པོར་བསྡད། དེ་ནས་ང་ལྷ་ལུང་བྲག་ཕུག་ཏུ་ཟླ་བ་རེ་གཉིས་ཙམ་བསྡད། ཞེ་ཆེན་རིན་པོ་ཆེ་ཕེབས་ཁར་དེར་ཕེབས་ཕྱག་ནས་གནང་། ང་ཕེབས་སྐྱེལ་དུ་འཇའ་ཚོན་ཆུ་མིག་བར་ཕྱིན་ལན་གཏོར་འབུམ་བཏང་།
ཡང་སྐབས་ཤིག་རིགས་བརྒྱ་དུར་ཁྲོད་དུ་གཉན་ས་གཅོད་དུ་ཕྱིན་པས་སེ་རའི་གྲྭ་ཆུང་གསུམ་གྱིས་ང་ལ་འཇིགས་སྐྲག་བསྐུལ་དུ་ཡོང་བས་ངས་རྐང་གླིང་ཞིག་བུས་པས་ཁོང་རྣམས་འགྲོ་མ་ཐུབ་པས་སང་ཉིན་དགེ་རྒན་རྣམས་ཡོང་། ཕྱག་འཚལ་བཟོད་གསོལ་བྱས་པས་གྲོལ། ཡང་ཚ་གུ་གླིང་གར་ཕྱིན་ནས་ར་མོ་ཤག་གསོལ་བས་ར་ཤག་དེ་ལ་མི་ཕལ་གྱིས་ཟངས་ཡག་བྲག་གི་ཤཱཀྱ་ཐུབ་པ་ཟེར། དེར་མུན་མཚམས་བདུན་གསུམ་བསྡད། ཕྲུ་གུ་རྣམས་ལ་འཁོར་བའི་ཕུན་ཚོགས་དུག་སྦྲུལ་ཚང་ལྟ་བུ་སོགས་ཀྱི་ཁྲིད་བཏབ། གནས་ཆུང་སྐུ་རྟེན་ཏཱ་བླ་མ་ཤཱཀྱ་ཡར་འཕེལ་སྐུ་གཤེགས། སྙེ་མོ་བཀྲས་གཤོངས་ནས་འཁྲུལ་ཞིག་རིན་པོ་ཆེ་གདན་དྲངས་དེར་ཚ་གུ་ཐུབ་བསྟན་རིན་པོ་ཆེ་མཉམ་པོར་ཕེབས། མཚུར་ཕུའི་མདོར་སླེབས་པ་དང་ང་ན་ནས་མཆོད་མཇལ་སོགས་འགྲོ་མ་ཐུབ། འཁྲུལ་ཞིག་སྙེ་མོར་མཇལ། དེ་ནས་ཕེབས། ང་སྙིང་དྲུང་རི་ཁྲོད་དུ་སོང་གསུངས་ཀྱང་འགྲོ་མ་ཐུབ་པས་ཨ་ཎི་གསུམ་བཞག །ཞབས་དཀར་རྣམ་ཐར་དཔར་གསར་བཀྲས་གཤོང་གི་སྐུ་ངོ་རྣམས་ལ་ལུང་བཏང་། སྲོག་གཅོད་སྤངས། ཡོང་ལམ་དུ་རུ་བ་རྣམས་ནས་ཕྱུར་བ་སོགས་སྟེར། སྦུད་སྡེ་ཀླུ་ཁང་དུ་གཞུང་ཀོ་བརྒྱུད་གན་པ་གདོང་པོར་ཕྱིན། མཁན་པོའི་མདུན་དུ་བླ་མ་མཁའ་རེག་གྲུབ་དབང་རིན་པོ་ཆེ་བཅས་ཞབས་བརྟན་ཞུས། འཁྲུལ་ཞིག་རིན་པོ་ཆེ་མཁའ་རེག་ནས་དེར་ཕེབས། ཆོས་ལུང་བླ་མ་འཇིགས་མེད་དར་རྒྱས་ནས་གདན་དྲངས་པས་ལྷན་དུ་སོང་། བླ་མ་ཐོག་ཏུ་དབུ་གུར་ཕུབ་ནས་བཞུགས། ང་དང་ཨ་ཅག་བྱང་སྒྲོལ་དཔལ་སྒྲོལ་མཉམ་དུ་བསྡད། ཚུར་སྒིས་གཏེར་ཁྲོས་མའི་དབང་དང་ཕར་རིག་འཛིན་སྲོག་སྒྲུབ་ཀྱི་བཀའ་དབང་མེ་དབང་བཅས་གནང་།
དེ་ནས་ཞོལ་ཁང་གཤིས་རབ་གླིང་དུ་བསོད་སྙོམས་ལ་ཕྱིན། འབྲུ་ཁལ་གསུམ་ཕུལ་གོང་དཀར་དུ་སླེབས། འོད་སྦུག་ཏུ་ཨ་མ་ཞིག་ལ་སྒྲོལ་ཆོག་གི་སྐུ་རིམ་གནང་། འཁྲུལ་ཞིག་རིན་པོ་ཆེ་བདེ་ཆེན་ཆོས་འཁོར་དུ་ཕེབས། ང་ཟངས་ཡག་བྲག་ཏུ་ལོག་ནས་ལྷ་བབ་དུས་ཆེན་དང་བསྟུན་སྨྱུང་གནས་བརྒྱ་རྩ་དབུ་བཙུགས། ཟངས་རི་མཁན་པོ་ཕེབས་དེར་ཤོག་གསུངས། སྟག་ལུང་མ་རིན་པོ་ཆེ་ལ་ཤུག་གསེབ་ཏུ་འབུམ་སྒྲིག་པའི་སྐལ་བ་ཡོད་མེད་བརྟག་ལུང་ཞུས་པས་ཡོང་གསུངས། དེར་སྐབས་དབྱིན་ཇི་ཕྱི་གླིང་དམག་གི་ཟིང་ལངས། འབུམ་ཀློག་ལ་ཤུག་གསེབ་ཏུ་ཡོང་བས་པཱ་ལགས་དང་བཅས་བླ་མ་སེམས་ཉིད་རྟོགས་ལྡན་རིན་པོ་ཆེ་སྔོན་ཟངས་ཡག་བྲག་ཏུ་བསོད་སྙོམས་ཕེབས་ཚེ་ང་མཚམས་ཁོངས་སུ་མ་མཇལ་ཀྱང་འདིར་ཚ་གུ་རིན་པོ་ཆེ་བཅས་མཇལ། རྒན་ཆོས་བཟང་ཟངས་རི་མཁན་པོ་བཅས་ནས་འབུམ་ཆ་སྒྲིག་ཐུབ། སེམས་ཉིད་རིན་པོ་ཆེའི་མདུན་ནས་ཡོན་ཏན་མཛོད་ཀྱི་ཁྲིད་ཞུས། དགུན་ཁར་མཚམས་བསྡད། ཕྱི་དམག་ལ་འཇིགས་ཏེ་ཟངས་ཡག་བྲག་ནས་སྐུ་ཆས་རྣམས་ཡར་བླངས། རྒྱ་ཟས་མ་ཆེན་ལྷག་པ་བདེ་ཆེན་བརྒྱུད་གཡུ་ཐོག་ནས་བླ་བྲང་རྙིང་པར་སྐུ་གཉེར་གྱི་ཕོགས་ལོ་རེར་འབྲུ་ཁལ་བརྒྱ་རེ་ཐོབ་པ་བླངས་ནས་རྗེས་སུ་བེ་སེར་དགོན་པར་ཕུལ། ཁང་པར་བཞུགས་ཆོག་པ་བྱས། གུ་རུ་གཙོ་འཁོར་གསུམ་གསར་བཞེངས་དང་འབྲེལ་སྔོན་ཤུག་གསེབ་འདུ་ཁང་བ་ཚང་བྱས་འདུག །བྱམས་པའི་སྐུ་རྒྱབ་ནས་ཁང་པ་གས། ཇོ་བོ་རིན་པོ་ཆེ་ཐིགས་པས་བརྡུངས་པ་སོགས་ཉམས་ཆག་ཅི་ཆེར་འདུག་པ་རྣམས་ཉམས་གསོ་ལེགས་པར་བྱས་ནས་སྙིང་ཐིག་ཕུར་པའི་མཚམས་ལ་བསྡད། སེམས་ཉིད་རིན་པོ་ཆེའི་མདུན་ནས་ཀློང་ཆེན་སྙིང་ཐིག་དབང་ལུང་ཡོངས་རྫོགས་ཞུས་ནས་བསྙེན་མཚམས་ལ་ལོ་གསུམ་བྱས།
ཡང་བྱང་ཆུབ་སྒྲོལ་མ་བཅས་ཟངས་ཡག་བྲག་ཏུ་སོང་ནས་ཡར་ལྷ་ལྡན་དུ་ཕྱིན། སྐལ་ལྡན་ཆོས་སྒྲོན་ལ་ཡང་ཏིའི་ཁྲིད་བཏབ། ཚུར་ལམ་བསོད་སྙོམས་བྱས་པས་རྟ་གདོང་གཞིས་ནས་འབྲུ་ཁལ་གཅིག་ཕུལ། བཤད་སྒྲ་རུ་བ་ནས་ཁལ་སྣ་ལོ་ལ་བཞོན་ནས་ཡོང་བས་གཡུགས་ཏེ་བརྡབས། གངས་རི་ལ་སོང་མཆོད་མཇལ་ཞུས་ཤུག་གསེབ་ཏུ་ཡོང་། མར་མེའི་སྣོད་རྣམས་བཀང་སྟེ་མཚན་དུ་སོང་བས་ཟངས་ཡག་བྲག་ཏུ་ཉི་ཤར་ཙམ་སླེབས། དགུན་ཁར་མ་ཎིའི་མཚམས་། སྐུ་མཆོད་སྐབས་མ་ཎི་རིལ་བུ་ཁུར་ཏེ་ཤུག་གསེབ་ཏུ་ཡོང་མ་ཎིའི་སྒྲུབ་པ་བཙུགས། སྐུ་གཉེར་ཤག་ཏུ་བསྡད་སྤྱན་རས་གཟིགས་ཀྱི་སྐུ་ཉམས་གསོ་བྱས་ནས་སེམས་ཉིད་རིན་པོ་ཆེ་གདན་འདྲེན་ཞུས། ཚ་གུ་ཐུབ་བསྟན་རིན་པོ་ཆེས་མཆོད་དཔོན་བྱས་ནས་འཆམ་གནང་། ཨ་མ་དྲུང་རྡོག་གིས་སྤ་ཕྲུག་ཕུལ་བར་བརྟེན་ཇོ་བོ་རིན་པོ་ཆེའི་དབུ་རྒྱན་ལ་ར་རབ་བརྟན་ཤག་གི་ཆོས་མཛད། འོ་བ་ཀུ་ལ་གསུམ་ནས་རྐྱེན་བླངས་ཏེ་བེ་སེར་ནས་འདིར་སྡོད་མི་ཆོག་པའི་རྩོད་པ་བྱུང་། ཡུག་བྲག་དཀར་དུ་ཕེབས་རྒྱུ་བྱས་ནས་ལྟ་མི་མངགས། གནས་ཆུང་མཆོག་སྤྲུལ་རིན་པོ་ཆེ་ཚ་གུ་གླིང་གར་ཕེབས་ནས་སྙིང་ཐིག་ཡོངས་རྫོགས་གནང་གྲོགས་ཞུས། བླ་མ་སེམས་ཉིད་རིན་པོ་ཆེ་ཡང་ཕེབས་རྒྱུ་ཐག་གཅོད་སྐབས་ཚལ་སྣ་སྡེ་པས་འདུམ་བྱས། བེ་སེར་དགོན་ནས་མ་ཕེབས་ཟེར་ནས་བཞུགས་རྒྱུ་བྱས་སོ། །
སྨྲས་པ། མཁས་པའི་སྙིང་པོ་ཐབས་མཁས་རྒྱུད་འདུལ་མཁས། །གྲུབ་པའི་སྡོམ་འཆིང་ཡོངས་གྲུབ་ལྷུན་གྱིས་གྲུབ། །བཟང་པོའི་ཡོན་ཏན་ཀུན་བཟང་མངོན་དུ་བཟང་། །མ་བྱས་ཡེ་རྫོགས་ལྕུག་མ་མཆོག་གི་མ། །མངོན་གྱུར་འགྲོ་དོན་དོན་མཛད་ཐབས་ཟབ་མོ། །རྒྱུད་ལ་ཇི་སྟོན་སྟོན་བཞིན་ཉམས་ལེན་ཚུལ། །གང་ནུས་སོ་སྐྱེ་སྐྱེ་བོའི་བློས་མ་སླད། །ཐོལ་བྱུང་བརྟུལ་ཞུགས་ཞུགས་ལྟར་སྦས་པའི་ཚུལ། །ཟངས་ཡག་བྲག་ཏུ་སྨྱུང་གནས་ཆ་བརྒྱད་བསྡད། །བཅོ་ལྔ་ལྷག་པར་ངག་བཅད་ཚར་གཉིས་བྱས། །བྱེ་མ་མྱུ་གུས་ཕྱག་སེན་བར་ཆུ་བཏུང་། །ལྷ་རི་གཡས་སྐོར་ཁྲིད་པས་ཨ་མ་ནས། །འཕགས་མཆོག་ལྟོགས་མ་བཅུག་ཟེར་ཞིམ་ཇ་བླུད། །སྟོན་བར་མཚམས་བསྡད་ཞག་དེའུ་འཁྲུལ་ཞིག་ཕེབས། །གདུང་རྟེན་ཡོད་སར་མུན་ཁང་ཞིག་བཞེངས་དང་། །ཁྲིད་གནང་སླེབས་ཡོང་གསུང་ཕེབས་མུན་ཁང་བརྒྱབ། །རྨི་ལམ་ཨ་ཅེ་སྐྲ་བཤིག་ངུས་པ་རྨིས། །མུན་ཁང་ཞིག་ཅིང་བླ་མ་གདན་མ་དྲངས། །ཨ་མ་དེར་བཞག་ལྷོ་ཁར་བསོད་སྙོམས་ཕྱིན། །རྡོ་རྗེ་བྲག་ཏུ་ཕྱིན་ནས་མཆོད་མཇལ་ཞུས། །བྱང་སྒྲོལ་ཞང་པོ་འཕྲད་སོང་ལྕེ་ཞོལ་དུ། །ང་དང་ཨ་ཎི་གསུམ་བཅས་གདན་ཞུས་བྱས། །རྡོ་ཕུད་ཆོས་འཁོར་དགོན་པ་མཇལ་དུ་སོང་། །ཁམས་བླ་འོད་ཟེར་འཇིགས་དར་དང་བཅས་པ། །རབ་གནས་མཛད་མཇལ་རྟེན་གཙོ་སློབ་དཔོན་ཆེ། །ཙནྡྲ་གོ་མིའི་ཐུགས་དམ་རྟེན་སྒྲོལ་མ། །གསུང་བྱོན་མའི་མདུན་སྒྲོལ་ཆོག་ཚར་གཅིག་བཏོན། །ཤུགས་ལྡན་ཐོག་འབེབས་བརྒྱབ་སྟེ་འབྲུ་ཁང་གི །ལྡེ་མིག་བླངས་ནས་འབྲུ་རུའི་ཁལ་བཅུ་སྟེར། །ཞག་བདུན་བཞུགས་ནས་སྒྲོལ་ཆོག་གསུང་ཟེར་ཀྱང་། །མ་ཁོམ་ཕྱི་དྲོ་ཙམ་དུ་རྣལ་ཕུར་སོང་། །མཚན་སོང་པདྨ་གནས་མཆོག་ཟླ་བའང་ཐལ། །བྲག་མདའ་ཡེ་ཤེས་མཚོ་རྒྱལ་བླ་མཚོ་མཇལ། །ཚར་གསེབ་བླ་མ་ཚུལ་ཁྲིམས་ཞེས་བྱ་བས། །རྩ་གསུམ་སྐུ་ཡི་མཁའ་འགྲོའི་སྨད་བཞེངས་སྐབས། །སླེབས་པས་རྟེན་འབྲེལ་བཟང་ཟེར་བྲག་ཡང་རྫོངས། །རྔ་སྒྲ་ལ་སོང་བླ་མ་པད་བཀྲ་མཇལ། །རྫོངས་སྐུ་འབུམ་ལ་རྒྱང་མཇལ་སྨོན་ལམ་བཏབ། །བསོད་སྙོམས་བྱེད་ཀྱིན་སོང་བས་མཆིམས་ཕུར་སླེབས། །བླ་མ་རབ་གསལ་ཞགས་པའི་ལྕམ་གཤེགས་པའི། །རྗེས་འཇུག་གནང་འདུག་ང་ལ་བསམ་ཡས་དང་། །ཟངས་རིར་མཁོ་བྱེད་ཚོགས་རྩམ་ཡོ་བྱད་དང་། །ཟངས་རི་མཁན་པོར་ཕན་གྲོགས་ཕྱག་བྲིས་གནང་། །ཟངས་རི་མཁར་དམར་དུ་སོང་མ་སྤྲུལ་གྱིས། །སྤྱི་པའི་ཞབས་རིམ་ཆང་བུ་བརྒྱ་རྩ་འབུམ། །བབས་པ་མ་ཤེས་འདུག་པས་ང་དང་ནི། །ཁམས་བླ་ཀློང་འོད་ངོ་མཚར་བཅས་ནས་བཏང་། །དྷར་སེང་བྲག་ཕུག་གཅིག་པུར་མཚམས་བསྡད་ནས། །མཆེད་གྲོགས་གཞན་རྣམས་བསོད་སྙོམས་བྱེད་དུ་བཏང་། །སྣང་བའི་ཉམས་འུར་ཉིན་པར་ཞིང་དཀྱིལ་འཆམ། །མཚན་མོ་དུར་ཁྲོད་སོང་ནས་གཉན་ས་བཅད། །ཁྱི་ཞིག་ཡོད་པས་ང་དང་མཉམ་དུ་འཁྲབ། །བྲོ་རྡུང་གླུ་བླངས་གཙང་པོ་གཞུང་ཆུའི་དཀྱིལ། །མ་ཅིག་རྟེན་འབྲེལ་བརྟག་པའི་བྲག་རྩེར་སླེབས། །འཇིགས་ཀྱང་ཐོག་མེད་མཚམས་ཁང་ནང་དུ་འདུག །ཟངས་རི་བཙན་ཁང་བུད་མེད་མི་འགྲོ་སར། །སླེབས་པས་སྐུ་གཉེར་སྤག་བརྒྱད་ཟེར་བ་དེས། །མི་ཉན་ཟེར་བས་མར་ལམ་གབ་ཀྱིན་ཡོང་། །དཔལ་རིར་སླེ་ལུང་སྤྲུལ་སྐུའི་མདུན་དུའང་སླེབས། །གང་ཡིན་ཆ་མ་འཚལ་བ་ཤུག་གསེབ་འདྲའི། །དགོན་པ་ཞིག་སླེབས་ང་དང་བྱང་ཆུབ་གཉིས། །མཉམ་དུ་སོང་བས་ལུང་པ་དེ་ཡིན་འདྲའི། ཨ་ཅེ་ལྷ་ཆས་རྒྱབ་ཏུ་ཁུར་བ་ཞིག །ལྷ་ཕེབས་ལུང་བསྟན་ཁྱེད་རང་འདིར་བཞུགས་དང་། །འཛམ་གླིང་སུམ་གཉིས་དབང་འདུས་འཕྲིན་ལས་ཞུ། །དད་མོས་རབ་འབྲིང་ཐ་གསུམ་གང་ལྟར་དུ། །བྱིན་རླབས་འཇུག་ཟེར་ང་ཡིས་ཁྱེད་རང་ལ། །ནུས་པ་ཡོད་ན་ང་ལ་མི་དགོས་ཏེ། །དགོན་པ་གོག་པོ་གསོས་སྨྲས་གཅོད་ཡིན་སྙམ། །པར་ཤིང་འཁྲུག་པ་མང་སར་སླེབས་པ་དྲན། །ཉམས་ལས་ཟངས་རི་མཁར་དམར་མཐའ་སྐོར་དུ། །མ་ཎི་བཞེངས་དགོས་ཡིད་ལ་ཤར་མ་ཐག །ཟངས་རི་བཙན་རྒོད་སྐུ་ཕེབས་མཚལ་སྤང་སྟེར། །ཨ་ཁུ་ཨ་ཎེ་ཨ་མ་བསུ་རུ་བཏང་། །གྲོང་སྟོད་ཁང་གསར་ཆིབས་རྟ་དཀར་པོ་ཞིག །བཏང་འདུག་རྟ་དེ་མ་ཎི་འཛུགས་རྟེན་བྱས། །ཤེས་རབ་སྒྲོལ་མས་གསེར་གྱི་ག་འུ་དང་། །སྡེབ་ར་གློ་ཕྲེང་བཅས་ཕུལ་དེས་གཞི་བྱས། །སྐལ་ལྡན་ཆོས་སྒྲོན་སློང་མོ་རྒྱག་ཏུ་བཏང་། །ཤག་ལྕམ་ཟླ་སྒྲོལ་སྙུང་སར་ཡོང་དགོས་ཟེར། །ཟངས་མོ་རི་དང་ཨོ་རྒྱན་ཕུག་སོགས་མཇལ། །ཚོགས་འཁོར་སྐབས་སུ་རྡོ་ནག་ཚེ་ཆུ་ཐོན། །རྡོ་ཕུད་དགོན་ནས་ཀློང་འོད་ངོ་མཚར་བཅས། །གདན་དྲངས་ཞབས་བརྟན་སྒྲུབ་པས་སྙུང་གཞི་དྭངས། །དེ་ལས་པདྨ་བཀའ་ཐང་ལུང་ཞུས་ནས། །བརྒྱ་ཚར་ཀློག་རྒྱུ་ཁས་བླངས་ལབ་ཏུ་ཕྱིན། །མ་ཎིའི་སྒྲུབ་པ་བྱས་ནས་ངེད་གསུམ་བསྡད། །གཞན་རྣམས་བླ་མའི་ཕེབས་སྐྱེལ་གནམ་རྫོངས་བཏང་། །ང་དང་ཤེས་སྒྲོལ་དགོངས་བླ་ཨ་ཎིའི་དགོན། །ཞབས་དཀར་ཆོས་ལུགས་བྱེད་སར་ཕྱིན་པ་དང་། །ཨ་ཎི་བགྲེས་མོར་ཞབས་དཀར་གྱིས་གསུངས་པའི། །འཇམ་དབྱངས་བཀའ་གདམས་ངོ་མཚར་གླེགས་བམ་གཡར། །མྱུར་དུ་པར་བཀོད་འབུལ་རྒྱུ་བྱས་ན་ཡང་། །ཨ་ཎི་གཤེགས་པས་མ་འཕྲོད་ཅི་བྱ་བྲལ། ཀློང་ཆེན་འོད་ཟེར་མཆེད་གྲོགས་འགའ་ཞིག་གིས། །ང་ཡི་ཐུགས་བརྟག་ཞུས་པས་ཁ་ཊཱཾ་ཞིག །བརྡུངས་ནས་འཆང་ན་ཕན་ཟེར་ཤག་བྱང་གིས། །བརྡུང་རྒྱུ་ཁས་བླངས་ཟངས་རི་གཏེར་སྒོར་སོང་། །མི་རྐུན་བྲག་ཏུ་བླ་མ་ཀློང་འོད་མདུན། །ཁྲིད་ཞུས་ཟླ་བ་དྲུག་ཏུ་ཐོད་རྒལ་བསྒོམས། །མ་ཎིའི་ལས་གྲྭ་སྒྲིག་ནས་ངའི་ཨ་ཕ། །ལྟོ་སྐྱེལ་ཡོང་ལམ་མོ་རང་ཨ་མའི་རོ། །ཡིན་འདྲ་རི་ཕུག་ཡོད་ཚད་ལ་འདུག་ནས། །ལྟོ་སྐྱེལ་དཀའ་བ་སྨྲ་བཞིན་ཡོང་ནས་སླེབས། །པཱ་ལགས་ཁག་འགྲོ་ང་ཡི་ཨ་མའི་རོ། །ཁྱེར་དགོས་བྱུང་ཙང་སྨྲས་པས་བུ་མོ་འདི། རང་བཞིན་མིན་འདུག་གང་ལབ་ཤེས་འདུག་ཟེར། །ཡིད་ཆེས་དད་པ་ལྟ་བུར་ཡག་པོ་བྱས། །ཁ་ཊཱཾ་གྲུབ་ནས་སྟག་ལུང་མ་སྤྲུལ་མདུན། །ཁ་ཊཱཾ་འཆང་བའི་དགོས་པ་ཕན་ཡོན་དང་། །མ་ཎི་འཛུགས་པའི་ལས་སྐལ་ཡོད་མེད་ཀྱི། །བརྟག་ལུང་ཞུ་རུ་ཨ་ཁུ་ཨ་ཎེ་བཏང་། །ཞུ་ཡིག་ཕུལ་ལན་ལས་སྐལ་ཡོད་མ་ཟད། །འབད་རྩོལ་མེད་པར་འགྲུབ་ཅིང་ཁ་ཊཱཾ་གི །ལོ་རྒྱུས་དག་པ་ཕན་ཡོན་འཆང་ཚུལ་སྩལ། །བདེ་སྟོང་ཉམས་སྐྱེས་ཟླ་དྲུག་མཚམས་གྲོལ་ནས། །ཁ་ཊཱཾ་མཆོད་རྫས་ཐོགས་ནས་སེར་ཕྲེང་བཅས། །མི་རྐུན་བྲག་སླེབས་གཏང་རག་ཚོགས་འཁོར་བྱས། །མ་ཎི་བཞེངས་སྐབས་བཟོ་བོ་ཤག་བྱང་ནས། །ཞུས་སླེབས་བླ་མ་འཇམ་དབྱངས་རིན་པོ་ཆེས། །གྲོགས་མཛད་ཟངས་རིའི་མཁན་པོ་སྐུ་ངོ་རྫོངས། །ཧ་ལམ་བཙན་རྒོད་སྐུ་ཕེབས་བཞུགས་ཏེ་གནང་། །ལྷ་མི་ཀུན་གྱི་རོགས་རམ་ཕུན་ཚོགས་བྱུང་། །སྤྲོས་ཁང་མ་ཎི་དང་བཅས་ལེགས་པར་གྲུབ། །ཡུལ་མི་ཀུན་འདུས་གཟབ་སྤྲོས་རྒྱན་བཏགས་ཏེ། །བུད་མེད་གཉིས་ཀྱིས་ཁྲུང་ཞུ་མ་བྱས་ནས། །མཁར་དམར་དགེ་འདུན་པ་རྣམས་སེར་ཕྲེང་དང་། །བླ་མ་འཇམ་དབྱངས་དར་གདུགས་སེར་པོ་ཕུབ། །ཤག་ལྕམ་ཟླ་སྒྲོལ་རྫོངས་བཅས་སྤོས་སྣ་དང་། །ང་ཡང་ཕྱིང་པ་གྱོན་ནས་མ་ཎི་དབྱངས། །མི་རྣམས་མ་ཎི་རེ་ཐོགས་གདན་འདྲེན་ཞུས། །འཁོར་ལོ་རེ་བཙུགས་དར་དཀར་རེ་རེ་གཡོགས། །ཆང་མང་ཐམས་ཅད་མ་བཟི་མེད་པ་དང་། །ཆར་པ་དཀོན་ཀྱང་དེ་མ་ཐག་ཏུ་བབས། །འཇའ་ཟུག་བཀྲ་ཤིས་ལྟས་བཟང་མང་པོ་བྱུང་། །བླ་མ་པད་བཀྲ་རབ་གནས་གདན་དྲངས་པས། །བསྙུངས་ནས་འཇིགས་དར་ལྷག་གསུངས་ཕེབས་པ་དང་། །བླ་མ་འཇམ་དབྱངས་ངེད་གསུམ་རབ་གནས་བྱས། །ཐུགས་ཆེན་དབང་བསྐུར་དར་དང་དངུལ་སོགས་ཕུལ། །ཁོང་གཉིས་མ་བླངས་དགེ་འདུན་བསྙེན་བཀུར་དང་། །བླ་མའི་སྐུ་མཆོད་བཙུགས་ཏེ་སྨོན་ལམ་བཏབ། །གཏང་རག་ཚོགས་སྐབས་གནས་མདོ་གཅོད་པ་ཕེབས། །གཅོད་སྐོར་དམར་ཁྲིད་སྨིན་དབང་ལུང་བཅས་ཞུས། །མཉེས་ཤིང་ང་ལ་མ་ཅིག་འཁྲུལ་མེད་རེད། །མཐོང་སྣང་རྨི་ལྟས་ལེགས་ཟེར་ཕྱག་རྒྱ་བཅས། །ཆོས་འབྲེལ་ཞལ་གདམས་དགོས་གསུངས་མགུར་གླུ་དབྱངས། །དེ་ཕྱིན་མི་རྣམས་མ་ཅིག་སྤྲུལ་པར་གྲགས། །གདན་ས་མཐིལ་ཕྱིན་རྫས་ལྷག་མ་ཎི་བཟོས། །ཐིག་རྩ་ཕུག་བསྡད་ཨ་མ་དགོན་པར་བཞག །ལུང་མདའ་ཕག་མོའི་མདུན་དུ་དགུན་ཁར་བསྡད། །སྤྱོད་འཇུག་བཤད་ནས་གཏེར་སྒོར་ཆོས་རྗེ་ལ། །མེ་ཏོག་ཞྭ་གཡོགས་བཙན་རྒོད་ཁོང་ཞུགས་ནས། །གཏེར་གནས་མི་རྣམས་མི་ཐར་ས་ཞིག་ཁྲིད། །གཏེར་དཀྱིལ་གཏེར་ཆུང་འཁྲུང་ཚལ་ཨོ་རྒྱན་ཕུག །གནས་འབྲེལ་བདུན་བཞི་རེ་བྱས་བོགས་ཆེར་བྱུང་། །མི་རྐུན་བྲག་ཏུ་ཤག་ལྕམ་ངེད་གཉིས་པོ། །ཙ་རིར་འགྲོ་བྱས་ནམ་ཕེབས་བང་མི་བཏང་། །ཨ་མ་མེད་པར་རང་ཐག་མ་ཆོད་སྟབས། །ཕར་རི་ཚུར་རི་ཡར་རི་མར་རི་དང་། །དར་དཀར་ཕུལ་བས་བསྐུར་བྲིས་ཧ་མ་གོ །འདྲི་བར་ཡོང་བས་སྐྱབས་མགོན་ཞབས་དཀར་གསུངས། །ཤིང་རྟ་རྣམ་བདུན་ལ་སོགས་ཁ་ཤས་ཁྲིད། །ཁྲ་འབྲུག་སོང་བསྡད་ལྷ་ཁང་སྐོར་འབུམ་བསགས། །འགྲོ་རན་རྟ་ཞོན་ཚར་དུས་ཤག་ལྕམ་ནས། །གར་འགྲོ་གསུངས་པས་མ་ཤེས་བསམ་བློ་བཏང་། །ལྷོ་གནས་སྐོར་དྲན་དཔལ་རི་ཚེ་རིང་ལྗོངས། །རོང་ཁང་སྟོན་པ་སྤྱན་གཡས་ལ་སོགས་མཇལ། །ལྷོ་གནས་རྒྱས་སྐོར་ཡར་ལྷ་ཤམ་པོ་རུ། །རྡོར་སེམས་མངོན་དགའི་ཞིང་སྦྱོང་མཚམས་ལ་བསྡད། །ཆུ་མ་འཕྲོད་པས་ཨ་མ་ན་མཚམས་གྲོལ། །སངས་རྒྱས་ང་གཉིས་རྒྱབ་ཏུ་རེས་མོས་ཁུར། །དར་རྒྱས་ཆོས་གླིང་ཕྱིན་ནས་སྨན་པ་བསྟེན། །དཔོན་གཡོག་བཅུ་གཉིས་རྩད་བྲག་གླིང་གར་བསྡད། །མཆེད་གྲོགས་ཨ་མདོ་བླ་མའི་སྐུ་མདུན་དུ། །འགྲོ་བསམས་བང་མི་བཏང་བས་མ་ཡོང་གསུངས། །སྦྱིན་བདག་མངག་ཅེས་གསུངས་ཀྱང་ཁྲ་འབྲུག་སོང་། །སྟག་ཚང་སྤྲུལ་སྐུས་ལྡེབས་བྲིས་བསྐྱོན་འདུག་པས། །སྨན་དང་རིམ་གྲོ་ཞུས་པས་ཅུང་ཟད་དྭངས། །བྱ་ས་ལྷ་ཁང་ཆོས་ཉིད་རང་གྲོལ་གྱིས། །བྱང་ཆུབ་སེམས་མཆོག་བསགས་ནས་ཕྱག་འབུམ་བཏང་། །སྨན་དང་རིམ་གྲོ་ཞུས་པས་ཨ་མ་དྭངས། །ཨོག་དཀར་བྲག་འགྲོ་བསམས་ཀྱང་རྫོགས་ཆེན་པ། །ཡོན་ཏན་དཔལ་བཟང་ཟངས་རིར་ཕེབས་ཐོས་པས། །སྤྲོ་ཁང་ནང་བཞུགས་མཇལ་ཁ་སྙན་སེང་ཞུས། །ཨ་མ་ལགས་ཕེབས་ཤ་ཆང་བསྣམས་ཤིག་གསུངས། །བཅར་ཚེ་ཆུ་ལུམས་བསྐྱོན་ཡོད་གསུངས་མ་མཇལ། །རྫོངས་གཟིམ་ཤམ་བྷ་ལ་རུ་ཞག་བདུན་བསྡད། །ཐར་མདོ་ཉིན་མཚན་མེད་ཀློག་ཡང་མཇལ་བས། །འགྲུལ་ཁ་སྐྱོན་ཟེར་མ་མཇལ་སྐྱོ་བ་སྐྱེས། །ཨེ་ཆུང་གླང་ལུང་བླ་མ་འཇམ་དབྱངས་མདུན། །ཀོང་སྤྲུལ་ཞལ་གསུང་དྲི་མེད་ཞལ་ལུང་ཞུས། །རྒྱ་རིའི་སྦྱིན་བདག་བྱས་ནས་རྗེ་བཙུན་མ། །མང་པོ་དང་བཅས་བདུད་རྩི་སྨན་སྒྲུབ་གནང་། །བདེ་ཆེན་བསམ་གླིང་སྡོད་བསམས་ཨ་མ་ཡི། །ཐུགས་ལ་མ་སོང་བསམ་ཡས་མཁན་ཆོས་པ། །ཨ་ཕོ་སྟག་སྙུང་ཞབས་བརྟན་བྱེད་དུ་སོང་། །ཆང་བུ་བརྒྱ་རྩ་བཏང་ནས་ཧས་པོ་རིར། །གཅོད་བཏང་འཚུབ་ལྷོངས་ཤིན་ཏུ་ཆེ་བར་བྱུང་། །མཁན་ཆོས་སར་ཕྱིན་ཐོས་གྲོལ་ངོ་སྤྲོད་བྱས། །གློ་བུར་སྐུ་ཕེབས་སྐུ་ཚབ་བཞུགས་ཁང་བཅས། །གོས་སེར་ཆེ་བར་བཀའ་རྟེན་ལམ་ཡིག་དང་། །ཊཾ་དཀར་རྡེལ་ཚད་ལྷ་གོས་བཅས་ཕུལ་ཏེ། །ཕྱག་འཚལ་ལུས་རྟེན་རྗེས་འཇུག་དགོས་ཞེས་གསུངས། །སྐུ་ཡལ་ཞིང་གཤེགས་ཐུགས་དམ་ཞག་གསུམ་བཞུགས། །རྗེས་འཇུག་ང་ཡིས་མི་ཡོང་མཆིམས་ཕུ་ནས། །བཀའ་འགྱུར་བླ་མ་གདན་དྲོངས་སྨྲས་ཏེ་དྲངས། །ཕུང་པོ་ཤེལ་བྲག་ལ་བཏང་དབུགས་ཁང་དུ། །ཞག་གསུམ་གཉན་ཁྲོད་བསྡད་པས་ལྷོངས་འཚུབ་བྱུང་། །གཡའ་མ་ལུང་མཇལ་ཚེ་མཆོག་ཚོགས་བརྒྱ་བཏང་། །མཁན་སློབ་རྒྱལ་བློན་དྲན་ནས་གདུང་གླུ་བླངས། །མཚན་མོ་རྒོད་དཀར་ལར་ཡོང་ང་ཉམས་འུར། །མཁན་ཆོས་ཞབས་འཇུག་མ་འགྲིགས་ཟེར་ནས་ཤོར། །ཟིན་ནས་མ་བཏང་ཚེ་མཆོག་གླིང་སླེབས་མཇལ། །བླ་མ་མཆེད་གྲོགས་དྲན་ནས་མང་པོ་ངུས། །ལྷ་སར་ཡོང་ནས་བླ་བྲང་སྟེང་དུ་སླེབས། །རྡོ་བྲག་སྤྲུལ་སྐུ་རྣམ་རྒྱལ་བཞུགས་འདུག་པས། །སྙན་རྒྱུད་ཕུར་དབང་ཞུས་ཚེ་དཔེ་ཆ་མེད། །རྗེས་སུ་རྡོ་རྗེ་བྲག་ཏུ་གནང་གསུངས་པས། །རྡོ་རྗེ་བྲག་ལ་ཆོས་ཀྱི་སྐལ་བ་མེད། །ཟེར་བས་ཁྱེད་རང་ཕེབས་རྒྱུ་ཨེ་ཡོང་ན། །ཞུས་ཚེ་ཤག་ལྕམ་ཤིན་ཏུ་སྐྲག་བྱུང་གསུངས། །ཞག་ཤས་སོང་ནས་བླ་མ་གཤེགས་སོང་ཟེར། །ཟངས་ཡག་བྲག་སོང་ཟླ་དྲུག་མཚམས་ལ་བསྡད། །ཞག་བདུན་གསུམ་ཤི་དཔལ་རིའི་དག་སྣང་དང་། །འདས་ལོག་བྱུང་ཚུལ་གོང་དུ་བཤད་པས་གསལ། །ས་ཟླའི་ཚེས་གཅིག་ནས་བཟུང་སྨྱུང་གནས་བཏང་། །ལྷ་སར་ལྷས་སྡིངས་འཁྲུལ་ཞིག་རིན་པོ་ཆེས། །མུན་མཚམས་གྲ་སྒྲིག་ཡོད་གསུངས་དེ་རུ་སོང་། །བདུན་གསུམ་མཚམས་བསྡད་ཕྱི་ནང་བར་མེད་གསལ། །བསམས་པ་ཙམ་གྱིས་དེར་སླེབས་ཇོ་མཇལ་སོགས། །རྡོ་རིང་ཉི་ཟླ་ཕྱག་མཛོད་ཀྱིས་ཀྱང་མཐོང་། །སྤོ་བོ་གླིང་གར་བླ་མ་གཡང་སྒྲུབ་ལ། །གདན་དྲངས་ང་ཡིས་ཡང་ཏི་ཆ་ཚང་ཞུས། །བཀའ་ཆོས་གནང་སྐབས་མ་གཏོགས་ཁང་པར་བཅུག །སྐྲ་བཅིངས་གཅེར་བུར་བར་སྐོར་སོང་གསུངས་ཀྱང་། །མཆེད་གྲོགས་རྣམས་ཀྱིས་མ་བཏང་གླིང་སྐོར་དུ། །ཨ་ཎི་ངག་དབང་བཅས་སོང་ཉ་ཆུང་བསལ། །ཟངས་ཡག་བྲག་ཡོང་ཟླ་དྲུག་མུན་མཚམས་བསྡད། །བདེ་གསལ་མི་རྟོག་འཆར་སྒོ་ཤིན་ཏུ་གསལ། །གསལ་མདང་ཨ་ཎི་ངག་དབང་ལ་ཕོག་པས། །མཚན་མོ་ཉི་མ་ཤར་ཟེར་ཆུ་ལེན་སོང་། །ཚུར་སླེབས་ས་རུབ་འཁྲུལ་ཞིག་རིན་པོ་ཆེ། །ཟུར་ཁང་རུ་བར་འདྲེད་རྡབ་ཕྱག་ཆག་པས། །ང་ལ་བང་མི་བཏང་བས་ལྷ་སར་ཕྱིན། །སངས་རྒྱས་སྒྲོལ་མ་སྙིང་རྗེ་སྒྲོལ་མ་དང་། །བྱང་སྒྲོལ་དང་བཅས་གཅོད་ཚོགས་བརྒྱ་ཚར་བཏང་། །རྒྱ་གར་བྷ་བུས་འབྱར་བཞག་མ་གསོས་བར། །རོལ་མོ་ཆེ་དཀྲོལ་ཐུ་ཡོང་བསམས་ང་ངུས། །རྩེད་མོ་ཡིན་གསུངས་དཔྱད་ན་གྲུབ་རྟགས་འདྲ། །ཀླུ་ཕུག་སྡོད་སྐབས་རྫ་སྤྲུལ་དཔོན་གཡོག་ཕེབས། །འཁྲུལ་ཞིག་མཆོག་བཅས་ཡུམ་བཀའི་ཚོགས་གནང་སྐབས། །ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་གཤེགས་པ་ཐོས། །འཁྲུལ་ཞིག་མང་བཤུམས་ང་ཡིས་མ་ཤུམས་པར། །རྟེན་འབྲེལ་ལོག་ཞུས་དེ་བདེན་རྒྱ་མཚོ་ཆེ། །སྐམ་ཡང་ནོར་བུ་ཡོད་གསུངས་རང་སེམས་གསོས། །ཨོ་ཏི་ཤག་བཞུགས་ང་སྒྲོམ་བཟོས་ཏེ་བསྡད། །གནས་ཆུང་ཞེ་ཆེན་རབ་འབྱམས་སྤྲུལ་སྐུའི་མདུན། །གཏེར་མཛོད་ཞུ་སོང་ཟླ་གསུམ་སྤྲོ་ཁང་བསྡད། །འཁྲུལ་ཞིག་སྐུ་མདུན་རིག་འཛིན་སྲོག་སྒྲུབ་ཀྱི། །གཏུམ་མོའི་མེ་དབང་ཞུས་ནས་ཐིག་ས་སྒང་། །གཉན་ཁྲོད་བཏང་བས་ཁྱི་རུབ་མཐའ་གཏད་སྐབས། །གཡུ་ལོ་བཀོད་པའི་དུར་ཁྲོད་དུ་སོང་ཞིང་། །སྐེ་ལ་ཐག་པས་སྤེན་མ་ལ་བཏགས་ནས། །གཡང་ལ་ལྷུང་ལ་ཁད་བྱས་ང་སྐྲག་ནས། །བླ་མ་འདི་ནི་ཆུང་དུས་མ་མཇལ་འཚེངས། །སྐྱབས་མགོན་པདྨ་རྒྱ་མཚོས་ཁྲེགས་ཆོད་དང་། །ཐོད་རྒལ་བར་ཐོབ་ང་ཤི་ཨ་མ་ནི། །ཅི་དྲགས་བསམས་ནས་ཚ་གུ་བླ་མ་བོས། །གཏོང་གྲོགས་བྱས་པས་བཏང་སྟེ་ཞབས་གྲས་རྣམས། །ཆུ་རས་བསྐྱོན་འདུག་གཙང་པའི་རྗེ་བཙུན་མ། །མི་ཕམ་སྤྲུལ་སྐུ་ཟེར་བ་དེ་ན་རེ། །ཆུ་ཐོག་བླ་མ་དེ་ཡིས་ཕར་སོང་ཚུར་ཤོག་ཟེར། །ཚུར་ཡོང་ཕར་སོང་ཟེར་བ་དེ་འདྲ་ཟེར། །བྲོས་སོང་གཟིམ་དཔོན་གྱིས་མ་བཏང་། །ཤ་སྟེར་ཡར་ཡོང་བཀའ་བཀྱོན་གནང་གི་དོགས། །ཞེ་ཆེན་སྤྲུལ་སྐུ་སྨིན་གླིང་སྒྲིག་ཞུགས་ཕེབས། །ཆོས་མཚམས་བཞག་ནས་འཁྲུལ་ཞིག་ཟུར་ཁང་བཞུགས། །ང་མར་ཟངས་ཡག་བྲག་ཡོང་ཞེ་སྤྲུལ་མཆོག །ཚུར་ལམ་དེར་ཕེབས་གཏེར་མཛོད་འཕྲོ་ཞུར་ཕྱིན། །རུང་ཁང་བསྡད་ནས་ཨ་མ་བསུར་སོང་བས། །ཉིན་གཅིག་ལུང་ཆད་གྲྭ་ཤག་དང་པོར་བསྡད། །བཀའ་ཆོས་གྲུབ་ནས་ལྷ་ལུང་ཟླ་ཤས་སོང་། །ཞེ་སྤྲུལ་ཕེབས་ཁར་དེར་ཕེབས་ཕྱག་ནས་གནང་། །ཕེབས་སྐྱེལ་འཇའ་ཚོན་ཆུ་མིག་བར་དུ་སོང་། །ལན་གཏོར་འབུམ་བཏང་རིགས་བརྒྱ་དུར་ཁྲོད་དུ། །གཉན་སར་ཕྱིན་སྐབས་སེ་རའི་གྲྭ་ཆུང་གསུམ། །འཇིགས་སྐྲག་བསྐུལ་ཡོང་ང་ཡིས་རྐང་གླིང་བུས། །ཁོང་རྣམས་འགྲོ་མ་ཐུབ་པས་སང་ཉིན་ལུས། །དགེ་རྒན་ཡོང་ནས་བཟོད་གསོལ་བྱས་པས་གྲོལ། །ཚ་གུ་གླིང་གར་ར་མོ་ཤག་གསོལ་བས། །ཟངས་ཡག་བྲག་གི་ཤཱཀྱ་ཐུབ་པ་ཟེར། །བདུན་གསུམ་མུན་མཚམས་བསྡད་ནས་ཕྲུ་གུ་འགར། །འཁོར་བའི་ཕུན་ཚོགས་ཁྲིད་བཏབ་གནས་ཆུང་དུ། །སྐུ་རྟེན་ཤཱཀྱ་ཡར་འཕེལ་སྐུ་གཤེགས་ནས། །སྙེ་མོ་བཀྲས་གཤོངས་འཁྲུལ་ཞིག་གདན་འདྲེན་ཞུས། །ཚ་གུ་རིན་པོ་ཆེ་བཅས་མཉམ་པོར་ཕེབས། །མཚུར་ཕུའི་མདོར་སླེབས་ང་ན་མཇལ་མ་ཐུབ། །འཁྲུལ་ཞིག་དང་མཇལ་སྙིང་དྲུང་རི་ཁྲོད་དུ། །ང་སོང་གསུངས་ཀྱང་ཨ་ཎི་གསུམ་བཞག་ཅིང་། །ང་འགྲོ་མ་ཐུབ་བཀྲས་གཤོངས་སྐུ་ངོ་ལ། །ཞབས་དཀར་རྣམ་ཐར་ལུང་བཏོན་སྲོག་གཅོད་སྤངས། །ཡོང་ལམ་རུ་བ་རྣམས་ཀྱིས་ཕྱུར་བ་སྟེར། །སྦུད་སྡེ་ཀླུ་ཁང་གཞུང་ཀོ་ནས་བརྒྱུད་དེ། །གན་གདོང་མཁའ་རེག་གྲུབ་དབང་ཞབས་བརྟན་ཞུས། །འཁྲུལ་ཞིག་དེར་ཕེབས་ཆོས་ལུང་མཉམ་དུ་སོང་། །བླ་མ་འཇིགས་མེད་དར་རྒྱས་སྦྱིན་བདག་བྱས། །ཚུར་ལ་སྒིས་གཏེར་ཁྲོས་མའི་བཀའ་དབང་དང་། །ཕར་ལ་རིག་འཛིན་སྲོག་སྒྲུབ་མེ་དབང་གནང་། །ཞོལ་གཞིས་རབ་གླིང་བསོད་སྙོམས་ཁལ་གསུམ་ཕུལ། །གོང་དཀར་འོད་སྦུག་ཨ་མར་སྒྲོལ་ཆོག་བཏོན། །འཁྲུལ་ཞིག་བླ་མ་བདེ་ཆེན་ཆོས་འཁོར་ཕེབས། །ཟངས་ཡག་བྲག་ཏུ་ང་ལོག་ལྷ་བབ་དུས། །སྨྱུང་གནས་བརྒྱ་རྩ་དབུ་བཙུགས་ཟངས་རི་ཡི། །མཁན་པོ་ཕེབས་པས་ཤོག་གསུངས་སྟག་ལུང་དུ། །མ་སྤྲུལ་སྐུ་མདུན་བརྟགས་ཞུས་ཤུག་གསེབ་ཏུ། །འབུམ་འཐོར་སྒྲིག་པའི་སྐལ་བ་ཡོད་དམ་མེད། །ཞུས་པས་ཡོད་གསུངས་དབྱིན་ཇིའི་དམག་ཟིང་ལངས། །པཱ་ལགས་དང་བཅས་ཤུག་གསེབ་འབུམ་ཀློག་ཡོང་། །སེམས་ཉིད་རྟོགས་ལྡན་སྔོན་མ་ཟངས་ཡག་བྲག །བསོད་སྙོམས་ཕེབས་ཚེ་མཚམས་ཁོངས་མ་མཇལ་ཡང་། །འདི་གར་ཚ་གུ་རིན་པོ་ཆེ་བཅས་མཇལ། །ཟངས་རི་མཁན་པོ་ཆོས་བཟང་ལྷན་འབུམ་སྒྲིག །ཡོན་མཛོད་ཁྲིད་ཞུས་དགུན་ཁར་མཚམས་སུ་བསྡད། །ཟངས་ཡག་བྲག་ནས་ཆས་ཀ་རྣམས་ཡར་བླངས། །རྒྱ་ཟས་མ་ཆེན་ལྷག་པ་བདེ་ཆེན་བརྒྱུད། །གཡུ་ཐོག་བླ་བྲང་རྙིང་པར་སྐུ་གཉེར་ཕོགས། །ལོ་རེ་འབྲུ་ཁལ་བརྒྱ་རེ་ཐོབ་པ་བླངས། །བེ་སེར་དགོན་ཕུལ་ཁང་པར་བཞུགས་ཆོག་བྱས། །གུ་རུ་གཙོ་འཁོར་གསུམ་སྐུ་གསར་བཞེངས་འབྲེལ། །ཤུག་གསེབ་འདུ་ཁང་བ་ཚང་བྱས་འདུག་ཅིང་། །བྱམས་པའི་སྐུ་རྒྱབ་ཁང་པ་གས་ནས་ནི། །ཇོ་བོ་ཐིགས་པས་བརྡུངས་ཤིང་ཉམས་ཆག་སོང་། །ཉམས་གསོ་ལེགས་བྱས་ཕུར་པའི་བསྙེན་མཚམས་བསྡད། །བྱང་སྒྲོལ་དང་བཅས་ཟངས་ཡག་བྲག་ཏུ་སོང་། །ལྷ་ལྡན་ལ་སོང་སྐལ་ལྡན་ཆོས་སྒྲོན་ལ། །ཡང་ཏིའི་ཁྲིད་བཏབ་ཚུར་ལམ་བསོད་སྙོམས་བྱས། །རྟ་གདོང་གཞིས་ནས་གཙང་འབྲུ་ཁལ་གཅིག་སྟེར། །བཤད་སྒྲའི་རུ་བར་སྣ་ལོ་བཞོན་པས་གཡུག །གངས་རིར་མཆོད་མཇལ་བྱས་ཏེ་ཤུག་གསེབ་ཡོང་། །མར་མེའི་སྣོད་བཀང་ཟངས་ཡག་བྲག་ཏུ་སླེབས། །དགུན་ཐོག་མ་ཎིའི་མཚམས་བསྡད་སྐུ་མཆོད་སྐབས། །མ་ཎི་རིལ་བུ་ཁུར་ཏེ་ཤུག་གསེབ་ཡོང་། །སྒྲུབ་པ་བཙུགས་ནས་སྐུ་གཉེར་ཤག་ཏུ་བསྡད། །སྤྱན་རས་གཟིགས་ཀྱི་སྐུ་ཡང་ཉམས་གསོ་བྱས། །སེམས་ཉིད་རིན་པོ་ཆེ་ཡང་གདན་དྲངས་ནས། །ཚ་གུ་ཐུབ་བསྟན་མཆོད་དཔོན་བྱས་ནས་འཆམ། །ཨ་མ་དྲུང་རྡོག་སྤ་ཕྲུག་ཕུལ་བར་བརྟེན། །ཇོ་བོའི་དབུ་རྒྱན་གསར་དུ་བཞེངས་ཏེ་ཕུལ། །ཨ་ཎི་བློ་བཟང་རབ་བརྟན་ཤག་ཆོས་མཛད། །བ་ཀུ་ལ་གསུམ་རྐྱེན་བླངས་བེ་སེར་ནས། །འདིར་སྡོད་མི་ཆོག་ཟེར་ནས་རྩོད་པ་བྱུང་། །འོ་ཡུག་བྲག་དཀར་ཕེབས་སྙམ་ལྟ་མི་མངག །གནས་ཆུང་མཆོག་སྤྲུལ་ཚ་གུ་གླིང་གར་ཕེབས། །སྙིང་ཐིག་ཡོངས་རྫོགས་གནང་གྲོགས་ཞུས་ནས་ནི། །སེམས་ཉིད་རིན་པོ་ཆེ་ཡང་ཕེབས་རྒྱུ་བྱས། །ཚལ་སྣ་སྡེ་པས་འདུམ་བྱས་བེ་སེར་ནས། །མ་ཕེབས་ཟེར་ནས་བཞུགས་རྒྱུར་ཐག་བཅད་དོ། །བྱ་བ་ལས་ཀྱི་འཁོར་ལོས་བསྟན་དོན་སྒྲུབ། །ཀློག་པ་ཐོས་བསམ་འཁོར་ལོས་ཕན་བདེ་སྤེལ། །སྤོང་བ་བསམ་གཏན་འཁོར་ལོར་གོམས་བྱས་མཐུས། །ཆོས་ཉིད་དོན་གྱི་འཁོར་ལོར་ཀུན་གྲོལ་ཤོག །ཅེས་སྨྲས་སོ། །
ཟངས་ཡག་བྲག་ཏུ་སྟག་ལུང་མ་སྤྲུལ་རིན་པོ་ཆེར་ཨ་མ་མཆེད་གྲོགས་རྣམས་ནས་ང་ཕུགས་ཡུལ་སྡོད་ས་ཤུག་གསེབ། ཟངས་རི་མཁར་དམར། ཟངས་ཡག་བྲག་མཁའ་རེག་ཇོ་མོ་གྲོ་ས་གང་དགའ་ཐུགས་བརྟག་ཞུས་པས་ཇོ་མོ་གྲོ་སར་ཕྱག་དམ་ཊཾ་ག་ཤུག་གསེབ་ཞོ་གང་། ཟངས་རིར་ཕྱེད་བརྒྱད། ཟངས་ཡག་བྲག་སྐར་ལྔ་བཅས་གནང་འདུག །ང་ལ་ཞབས་བརྟན་ཚོགས་འབུམ་དང་ཤེར་སྙིང་འབུམ་བཅས་ཕེབས་པས་ཉིན་ལྟར་ཤེར་སྙིང་ཆག་མེད་བཏོན་པས་ཨ་ཎི་སངས་རྒྱས་ཀྱིས་ངེད་ཚོ་ཕྱུག་པོ་མི་ཡོང་བ་ཉིན་ལྟར་གཟུགས་མེད་སྒྲ་མེད་ཚྭ་མེད་ཇ་མེད་མར་མེད་ཟེར་བས་ལན་འདུག་ཟེར། དེ་སྐབས་མར་མེད་པས་གཞན་གྱིས་གསོལ་ཞག་སློང་བས་ཨ་ཎི་བྱང་ཆུབ་སྒྲོལ་མ་ནས་མར་མེད་པས་ཞག་གང་ན་ཡོད་ཟེར་ཏེ་བཟློག་པ་བྱས། དེ་དུས་རྡོ་ར་ཆུ་འཁོར་གྱི་ཕྲུ་གུ་ཞིག་གིས་ཤི་རྫུ་བྱས། གཅིག་གིས་ང་ལ་འཕོ་བ་འདེབས་གྲོགས་ཟེར། ངས་ཞབས་དཀར་འཕོ་བ་མང་དུ་བཏབ་པས་ཡུད་ཙམ་ཤི་ནས་སོས་སྐབས་ང་ལུང་པ་སྐྱིད་པོ་ཞིག་ཏུ་ཡོད་པ་ལ་མར་ཡོང་དགོས་པས་འགྱོད་ཟེར། སྤྱིར་ཤེལ་གྲོང་གི་མི་ཐམས་ཅད་ཀྱིས་ང་ལ་ཡག་པོ་བྱེད་ཅིང་། ལྷག་པར་གནས་གསར་གཞིས་ཀྱི་སྡེ་པ་ཁོ་རང་ལོ་རྒས་ཀྱང་ང་ལ་ཟླ་རེ་བཞིན་ཟས་སྐལ་རྣམས་བསགས་ནས་མ་ཎིའི་འཁོར་ལོ་སྐོར་གྱིན་ཡོང་ནས་སྟེར་གྱིན་ཡོད། སྐྱབས་འཇུག་གནང་རོགས་ཞུས་པས་གངས་རི་བདེ་གཤེགས་རིན་པོ་ཆེས་ད་ལྟ་སྐྱིད་པོ་ཡོད་ཀྱང་དེའི་ཟས་ལན་དུ་རྗེས་སུ་འཇུན་པའི་ཉར་སྐྱེས་ནས་ཉ་པས་གཙབ་གདན་སྟེང་དུ་གཙབ་དུས་ག་འདྲ་ཡོང་གསུངས་པས་ཤིན་ཏུ་སྐྲག་པ་བྱུང་། ཡང་མ་སྤྲུལ་རིན་པོ་ཆེས་ང་མཚོ་རྒྱལ་གྱི་སྤྲུལ་པ་ཡིན་ཚུལ་གསུངས་པ་གསན་པས་མཚོ་རྒྱལ་གྱི་ཞབས་འོག་གི་འབུ་བསད་པའི་སྐྱེ་བ་ཡིན་འགྲོ་གསུངས།
དེ་དུས་བླ་མས་ང་ལ་དམའ་འབེབས་བྱེད་འདུག་བསམས་ཀྱང་དེང་སང་བསམས་ན་བླ་མའི་གདམས་ངག་མཚང་ཐོག་ཏུ་ཕབ་པ་ཡིན་བསམས་ནས་ངེས་འབྱུང་སྐྱེས། དེ་ནས་མ་རིན་པོ་ཆེའི་བཀའ་བཞིན་ཨ་མ་ང་གཉིས་ཤུག་གསེབ་ཏུ་ཡོང་ནས་ཨ་ཎི་ངག་དབང་ལགས་ཀྱི་ཤག་ཏུ་བསྡད། ཐོག་ཁར་སེམས་ཉིད་རིན་པོ་ཆེའི་མདུན་དུ་བཀའ་ཁྲིད་ཞུ་རུ་ཕྱིན། ཡར་འབྲོག་འཁྲུལ་ཞིག་རིན་པོ་ཆེའི་དངོས་སློབ་རྒྱལ་རོང་པའི་གྲྭ་སྒྲོན་མ་རབ་འབར་འདིར་བཏང་། དེའི་མདུན་ཨ་མ་ལ་སྐུ་ཚགས་ཤིག་དང་གསོལ་ཀྲུམ་སོགས་གནང་ནས་ང་རང་ཡར་འབྲོག་ཏུ་ཡོང་དགོས་ཕེབས་ཀྱང་དེ་སྐབས་ཨ་མ་ཁུར་ནས་ཡོང་བས་རྐང་པའི་ཚིགས་འཆུས་པ་དང་ཐུག །ང་ནི་རྐང་པ་ན་བ་ཁྱེད་ཀྱིས་ཤེས་གསལ་དང་ཨ་མ་ལའང་ཞབས་ཞུ་མེད་སྟབས་བཅར་ཐུབ་མ་སོང་ཞུ་རོགས་བྱས་པས་ཁྱེད་ཀྱི་ཐབས་སྡུག་ལ་བླ་མས་སློབ་མ་གདན་འདྲེན་པ་ཁྱེད་ལས་ཡོད་དོགས་མེད། དེ་འདྲ་མ་གསུངས། འདི་ནས་གྲོང་གསེབ་བར་ངས་རྒྱབ་ཏུ་ཁུར་དེ་ནས་ཆིབས་རྟ་གཡར་ཆོག་གསུངས་པར་ང་ཐབས་སྡུག་ཡིན་ཡང་ཁྱེད་ཐབས་མཁས་ལགས་པས་བླ་མ་དང་སློབ་མའི་བར་དཀྲུག་ཤིང་མ་མཛད་པར་ང་རྐང་པ་ན་བ་དང་ཨ་མར་ཞབས་ཞུ་མེད་ཚུལ་སོགས་ལེགས་པར་ཞུ་རོགས་ཞུས། ཁྱེད་ལ་མི་མང་པོ་དེ་འདྲ་ཡོད་ཀྱང་ཡུམ་གྱི་ཞབས་ཞུ་གཅིག་ཀྱང་ཕན་མི་ཐོགས་པ་གསུངས་ནས་ཕེབས་སོ། །
སྐྱབས་རྗེ་སེམས་ཉིད་རིན་པོ་ཆེར་བེ་སེར་ནས་བླ་མ་དཔོན་གཡོག་གཉིས་མ་གཏོགས་སྡོད་མི་ཆོག་ཞུས་པར་རིན་པོ་ཆེ་ནས་ཨ་ཎི་ལོ་ཆེན་གཙོས་ཨ་ཎི་འདི་རྣམས་ང་ལ་རེ་ནས་ཡོང་བ་ཡིན་གསུངས་ནས་རྗེས་འཛིན་མཛད། ང་གཟིམ་ཆུང་ནུབ་ཏུ་བསྡད། དཔལ་སྤྲུལ་རིན་པོ་ཆེས། ལུས་སྦས་དབེན་པའི་རི་ལ་གཅིག་པུར་སྡོད། །ངག་སྦས་སྨྲ་བ་མ་བཏང་འབྲེལ་ཐག་གཅོད། །སེམས་སྦས་རང་སྐྱོན་ཁོ་ན་ཅེར་རེ་ལྟོས། །གསུངས་པ་དེ་གཞིར་བཟུང་ཐུན་བཞི་དང་སྔ་དགོང་ཐོད་རྒལ་ཆག་མེད་བསྒོམས་ཏེ་ཤིན་ཏུ་སྦས་ཚུལ་བྱས་ཏེ་སྡོད་སྐབས་ང་ཡི་སྤུན་རིག་འཛིན་རྟ་མགྲིན་དབང་མོ་ཟེར་བ་ཤེས་རབ་དང་སྙིང་རྗེ་ཆེ་བ་དད་གུས་དང་ལྡན་པ་ཞིག་ཡོད། དེ་ལ་ངས་ཡོན་མཛོད་ལེའུ་དགུ་པ་ཡན་ཆད་བསྒོམ་ཁྲིད་ལེགས་པར་བྱས་ཏེ་ཡར་སྐྱེད་ཐོན་ནས་བསྟན་འགྲོའི་དོན་བྱེད་ནུས་པ་ཞིག་བྱུང་། སྨིན་གླིང་ཁྲི་ཆེན་གངས་ཐོད་དུ་ཕེབས་ནས་དཔའ་བོ་གཅིག་སྒྲུབ་ཀྱི་སྨན་སྒྲུབ་གནང་། མར་ལམ་ཤུག་གསེབ་ཏུ་ཕེབས་འདུ་ཁང་དུ་སྨན་ཐོད་ཞལ་ཕྱེས་པས་སྨན་དྲིས་རྒྱང་གྲགས་ཁྱབ། ཨ་མ་ཁུར་ནས་འདུ་ཁང་དུ་སྨིན་གླིང་རྡོར་སེམས་བཀའ་དབང་ཞུས། ཨ་མ་ཞིང་དུ་མ་གཤེགས་བར་དུ་བླ་མ་རིན་པོ་ཆེ་དང་ཨ་མའི་ཞབས་ཞུ་ང་རང་ནས་ཡུད་ཙམ་ཐུགས་མ་འཁྲུག་པར་ཞུས། ཡང་ང་གཟིམ་ཆུང་དུ་གད་ཕྱིས་བྱེད་པར་འགྲོ་སྐབས་ཤིག་ལ་བླ་མ་རིན་པོ་ཆེ་མི་སྣང་བའི་ཏིང་ངེ་འཛིན་ལ་བཞུགས་འདྲ་སྐུ་གཟུགས་མཇལ་རྒྱུ་གཏན་ནས་མི་འདུག་གཟིམ་ཆུང་ཕྱི་ནང་བར་ལ་འཚོལ་བར་འགྲོ་དུས་ང་རང་ཡང་ཤུག་གསེབ་བསྡད་སྣང་བ་འགགས་ལུས་གཟུགས་མེད་པའི་སྣང་བ་ཤར། སྟག་ལུང་མ་རིན་པོ་ཆེ་ནས་ང་ངེས་པར་ཡོང་དགོས་གསུངས་ཀྱང་གཅར་མ་ཐུབ་པས་སྟག་ལུང་དཔལ་གྱི་དགོན་པ་སྤངས་པ་ནི་མ་ཡིན་ནམ་ཞེས་ཕྱག་བྲིས་གནང་བྱུང་། དེའི་སྐབས་ངའི་རྨི་ལམ་ལ་ང་སྟག་ལུང་མ་རིན་པོ་ཆེའི་སྐུ་མདུན་དུ་སླེབས། དེར་བུད་མེད་ཁ་ཤས་རྒྱན་ཆ། ཁ་ཤས་བུ་དང་ལྡན་པ་མང་པོ་འདུག །དེ་རྣམས་ལ་བཀའ་དབང་བཀའ་ཆོས་སོགས་གནང་མུར་སླེབས་འཕྲལ་བུད་མེད་དེ་རྣམས་ཀྱིས་ང་ལ་གུས་གུས་བྱེད་ཅིང་ཐམས་ཅད་ལངས་ནས་ང་གྲལ་འགོ་ལ་བཞག ངའི་བསམ་པ་ལ་ང་ལ་ཁ་ཕོར་ཞིག་ཀྱང་ཁྱེར་རྒྱུ་མེད་པ་ལ་འདི་རྣམས་རྒྱན་གོས་དང་ལྡན་པ་ལ་ལ་བུ་དང་ལྡན་པ་ང་རང་གང་ཡང་མི་འདུག་སྙམ་པར་མ་རིན་པོ་ཆེ་ནས་རིང་བསྲེལ་ཐུམ་བུ་ཞིག་གནང་བྱུང་བས་ང་རང་གིས་གཞན་གྱིས་མཐོང་དོགས་ལྟ་བུས་ཨམ་ཕྲག་ཏུ་བཅུག་འཕྲོ་ལ་གཉིད་སད། རག་ཤག་རྗེ་བཙུན་འདིར་ཕེབས་མ་སྤྲུལ་རིན་པོ་ཆེས་རྗེ་བཙུན་ལོ་ཆེན་སྟག་ལུང་དུ་ཕེབས་པའི་གཟིགས་སྣང་ཤར་ཟེར། ངས་དེ་དུས་བཟོས་པ་རེད་ཟེར་བའི་གཏེར་སྒོ་བཙག་དམར་པོས་བྲིས་པའི་ཧྲཱི་ཆེ་བ་ཞིག་མི་ཐར་ས་མེད་པ་ལ་མཇལ་རྒྱུ་འདུག་ཟེར། དེ་ལོ་མ་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་འདུག །ཨ་མ་ང་གཉིས་ལ་ཟླ་དུས་མ་གཏོགས་མཚམས་ཁོ་ན་བཞག་རོགས་གནང་། དེ་མིན་བླ་མ་གྲུབ་སྨྱོན་དེ་གཉིས་ཟླ་གམ་སེར་པོ་ཞིག་ཡོད་པ་དེ་ཨ་མའི་རྒྱབ་ཏུ་ཁུར་ཏེ་སེམས་ཉིད་རིན་པོ་ཆེར་ཕུལ་ནས་ཨ་མས་ད་བར་བུ་མོའི་མཚམས་ཐོ་ངས་བྱས་པ་ཡིན། ད་ནས་བཟུང་བླ་མ་རིན་པོ་ཆེ་ཁྱེད་ཀྱིས་མཚམས་ཐོ་མཛད་དེ་བཀའ་ཆོས་གནང་ཀྱིས་ཡར་ཤོག་མར་ཤོག་ཟེར་ནས་ངའི་བུ་མོ་སྟོན་རྒྱུ་མེད་པར་བྱེད་འདུག་གསུངས་ནས་ང་སེམས་ཉིད་རིན་པོ་ཆེར་བཅོལ། དེ་ནས་ཨ་མ་དྲིན་ཅན་བུད་མེད་ཕལ་པ་ལས་ལྷག་ཅིང་། ཨ་མི་དྷེ་ཝ་དུང་ཕྱུར་མང་པོ་གསུངས་པ་དེ་དགུང་ལོ་དགུ་བཅུ་གོ་དགུ་བཞུགས་མཐར་སྐུ་གཟུགས་ཇེ་ཆུང་ཇེ་ཆུང་ལ་སོང་། ད་ནི་ཡུན་རིང་སྡོད་པ་མི་འདུག་བདེ་ཅན་ཞིང་ནས་བསུ་མ་ཡང་ཡང་བྱུང་། ཤུག་གསེབ་དགོན་དུ་བསྡད་ན་གནས་མནོལ་ཡོང་གསུངས་ནས་འོག་གི་བྲག་ཕུག་ཏུ་བྱོན། མཆེད་སངས་རྒྱས་ཀྱིས་གཙོས་ཁ་ཤས་ལྷོ་གནས་མཇལ་བར་ཕྱིན་ཏེ་གང་མགྱོགས་ཤོག་གསུངས་ནས་ཡུན་རིང་དགོངས་པ་མ་གནང་། ཁོང་རྣམས་ཉིན་ཤས་འགོར་ཡང་ཞིང་དུ་མ་གཤེགས་བར་བསྒུགས་ནས་བཞུགས། ཁོང་རྣམས་གྲོག་པོ་ན་ཁར་སླེབས་པ་དང་འཕྲལ་དུ་ཤོག་གསུངས་ནས་བང་མི་བཏང་། ཡར་སླེབས་མ་ཐག་ཨ་མའི་རྩར་འཕྲལ་དུ་ཤོག་དང་འགྲོ་རན་གསུངས། མི་རེ་ལ་སྨོན་ལམ་རེ་གསུངས།
འདི་དང་ཕྱི་མ་བར་དོའི་དུས་ཀུན་ཏུ། །སྐྱོ་ཤས་ལྷག་བསམ་དག་སྣང་རྒྱུད་སྐྱེས་ནས། །
དམ་པ་གསུམ་གྱི་རྟོགས་པ་མཐར་ཕྱིན་ཏེ། །བླ་མ་འོད་དཔག་མེད་དང་དབྱེར་མེད་ཤོག །
ཅེས་དང་ཞལ་ཆེམས་ལ། ཁྱེད་རྣམས་བླ་མ་གཞན་བསྟེན་མི་དགོས། བུ་མོས་ཆོག་པ་ཡོད། བུ་མོ་ཁྱོད་རང་ཡང་ཁམས་བླ་འདི་སྒྲུབ་ཚུགས་ཆེ་ཞིང་སྦས་པའི་རྣལ་འབྱོར་ཞིག་འདུག་པས་དེ་མདུན་བསྡད་པ་དགའ་གསུངས་ནས་ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་ཁྱེད་རྣམས་ཀྱང་ཁ་ནུབ་ཏུ་ལྟོས། ལག་ཐལ་མོ་སྦྱོར་གསུངས་ཤིང་བྱིའུ་སྐད་སྙན་པ་ལ་བུ་མོ་སྐད་སྙན་པ་ལ་ཞེས་འདི་ལྟར་སྨྲས་སོ། །
ཨོཾ་ཨ་མི་དྷེ་ཝ་ཧྲཱི༔ བླ་མ་འོད་དཔག་མེད་ལ་གསོལ་བ་འདེབས། །འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བར་ཤོག །ཨ་མ་ཚེ་ཡི་འཕེན་པ་ཟད་ཁ་རུ། །ཆགས་ཞེན་ཡུལ་ཀུན་ཞིང་ལ་མཎྜལ་འབུལ། །བྱིའུ་སྐད་སྙན་པ་རྒྱ་གླིང་ལྟ་བུ་ལ། །བུ་མོའི་གསུང་དབྱངས་ཐོས་གྲོལ་སི་ལི་ལི། །དག་ཞིང་ཡིད་ལ་ཤར་བ་དགའ་བ་ལ། །སྣང་བ་སྒྱུ་མར་ཤེས་པ་སྐྱིད་པ་ལ། །ནུབ་ཕྱོགས་བདེ་ཅན་དག་པའི་ཞིང་ཁམས་ན། །འོད་དཔག་མེད་མགོན་རྒྱལ་སྲས་སྤྱན་རས་གཟིགས། །གསང་བའི་བདག་པོ་མཐུ་ཆེན་ཐོབ་པ་ལ། །སངས་རྒྱས་བྱང་སེམས་གྲངས་མེད་བསྐོར་ཏེ་བཞུགས། །མ་དག་མིང་མེད་སྡུག་བསྔལ་སྒྲ་མི་གྲགས། །བྱ་རྒྱལ་རྒོད་པོ་ནམ་འཕང་གཅོད་པ་ལྟར། །གང་གིས་བར་མ་ཆོད་པར་ཏ་ལེ་འགྲོ། །ཁྱེད་རྣམས་ཚེ་རིང་ནད་མེད་བསམ་དོན་འགྲུབ། །ཆོས་བློ་མཐར་ཕྱིན་ཚེ་དང་སྒྲུབ་པ་མཉམ། །ཚོགས་བསགས་སྒྲིབ་བྱང་རིག་པ་རང་ངོ་འཕྲོད། །འགྲོ་དོན་འབད་མེད་འཁོར་བ་དོང་ནས་སྤྲུགས། །ནམ་ཞིག་ངོ་ཤེས་བཞིན་དུ་དག་པའི་ཞིང་། །ཚོམ་བུ་གཅིག་ཏུ་མངོན་པར་སངས་རྒྱས་ནས། །འགྲོ་ཀུན་འདྲེན་པའི་བྱེད་པོར་མངོན་གྱུར་ཤོག །ཅེས་ཞལ་ནུབ་ཏུ་གཟིགས་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་པར་གྱུར་ཏོ། །
དེ་ནས་བཟུང་དགོངས་རྫོགས་སུ་ལོ་རེ་ཟླ་བ་བཞི་པའི་ནང་སྨྱུང་གནས་དཀར་པོ་ཆ་བརྒྱད་དང་། ཟླ་བ་ངོ་རེ་བཞིན་ཚེས་བརྒྱད་ཉིན་སྐྱབས་མགོན་ཞབས་དཀར་གྱི་ཆོས་སྤྱོད་སྨོན་ལམ་སོགས་ཆོག་འདོན་ཚུགས། དེ་ནས་ཨ་མ་ཞིང་ལ་གཤེགས་པའི་རྐྱེན་གྱིས་རླུང་ནད་ཚབས་པོ་ཆེ་ཞིག་ན་ནས་འཆི་བར་ཐག་བཅད། ཁང་པའི་ནང་དུ་འཆི་ཡོང་བསམས་ཤིང་ནགས་ནང་དུ་བསྡད་དེ་འཁོར་འདས་རུ་ཤན་དང་རྩ་རླུང་འཁྲུལ་འཁོར་ཉེར་གཅིག་ཉིན་རེ་ཆག་མེད་སྦྱངས་པས་ལུས་གཟུགས་ཀྱང་ཤིང་བལ་ལྟ་བུར་ཡང་པོ་བྱུང་། སྔ་དགོང་ཐོད་རྒལ་འཆར་སྒོ་ལ་བལྟས་པས་དག་པའི་ཞིང་ཁམས་འདི་མིན་ན་གང་ཡིན་བསམས་པའི་སྣང་བ་ཤར་འདུག །
ཡང་ཤེལ་གྲོང་གྲོང་སྟོད་ཁང་གསར་གྱི་ཚེ་དབང་རྒྱལ་པོ་ཟེར་བ་ང་ལ་དད་གུས་ཆེན་པོ་ཡོད་པ་དེ་བསྙུངས་ནས་ང་ཡོང་དགོས་ཀྱི་བང་མི་བཏང་འདུག །ང་ལམ་སེང་འགྲོ་རྒྱུ་མ་བྱུང་བས་མར་འགྲོ་དུས་འདས་ཚར་འདུག །རྗེས་ཤུལ་མི་རྣམས་ཀྱིས་ཁྱེད་མ་ཕེབས་གོང་ནས་ཕ་དེ་ཉིད་ཀྱིས་ཁྱེད་མངོན་སུམ་ཕེབས་བྱུང་ཟེར་ནས་ལག་ཐལ་མོ་སྦྱར། བཞུགས་གདན་བཏིངས་སྐུ་བསང་བདུགས་ཟེར་འདུག་ཅེས་བཤད། དེ་ཉིད་ཀྱི་ཆེད་དུ་ཞི་ཁྲོ་བདུན་གཅིག་བཏོན་ནས་སྦྱངས་ཆོག་བྱས་པས་ལམ་སྣེ་ཟིན་པ་ཞིག་ཡོང་བ་ཡོད། དེ་ནས་མཚམས་ཤིག་བསྡད། སྤུན་བུ་མོ་རིག་འཛིན་སྟོན་ཀ་སྐྱབས་རྗེ་རིན་པོ་ཆེའི་སྐུ་མདུན་ནས་ཡེ་ཤེས་བླ་མའི་ཁྲིད་ཞུ་རུ་བཅུག །ཌཱཀྐིའི་གཏེར་ཤོག་སོགས་ཀྱང་མ་བསླབས་པར་ཀློང་རྡོལ་ཀློག་ཤེས་པ་ཞིག་ཡོད། འཁོར་འདས་རུ་ཤན་ཞིག་ཀྱང་ཁྲིད་པའི་རྐྱེན་གྱིས་རླུང་སྨྱོ་ལྟ་བུས་བར་ཆད་དབང་སོང་ནས་ལོ་བཅུ་དགུ་ལ་འདས་སོང་། རྒྱ་དམག་སླེབས་ལོར་ལྷ་ས་ནས་གཟིམ་ཁང་ཡས་ཀྱི་བུ་མོ་ཕྱག་རྡོར་དབང་མོ་སོགས་བུ་མོ་ལྔ་མཇལ་བར་སླེབས་པ་དང་ཡར་འབྲོག་ནས་འཁྲུལ་ཞིག་རིན་པོ་ཆེ་སྐུ་འཁོར་འདིར་ཕེབས། དེ་དུས་གྲོང་སྟོད་ཁང་གསར་ནས་ཚོགས་གཏོང་བྱེད་རྩམ་པ་སོགས་མང་པོ་ཞིག་ཕུལ། འཁྲུལ་ཞིག་རིན་པོ་ཆེར་བུ་མོ་ལྔ་སླེབས་པའི་རྟེན་འབྲེལ་གྱིས་བསུན་བཟློག་ཅིག་ཕུལ་བས་ཐུགས་དགྱེས་ཏེ་ཉམས་མགུར་མང་དུ་བཞེས། ངེད་བུ་སློབ་རྣམས་ལའང་མགུར་རེ་ལེན་དགོས་ཕེབས་པས་ཚང་མས་མགུར་རེ་བླངས། ངས་ཉམས་ཤར་ཐོལ་གླུ་བླ་མེད་མཆོད་སྤྲིན་འདི་ཕུལ་ལོ། །
མགོན་ཐུབ་པའི་གསུང་ལ་ཡིད་ཆེས་སྐྱེས། །བཀའ་དགོངས་འགྲེལ་གཞུང་ལུགས་གདམས་པར་ཤར། །དཔལ་ཀུན་མཁྱེན་ཡབ་སྲས་བརྒྱུད་པར་བཅས། །སྤྲང་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ལེགས་སྨོན་འཇིགས་སྐྱོབ་ཀྱི་ཆོས་གཟུགས་དང་། །ཆོས་དྲེད་སྒྲོ་སྐུར་གྱི་ཨོ་ཟོབ་དང་། །ཆོས་མེད་ལག་སྟོང་ལ་ཡི་རེ་མུག །དལ་འབྱོར་རྙེད་དཀའ་ཐོས་བསམ་བསྒོམ། །སོས་དལ་རྣམ་གཡེང་གི་ཕྱི་འཚིག་ལ། །ཕྲ་རགས་ཆུ་རྒྱུན་ལྟར་མི་རྟག་བསྒོམ། །སྤྱོད་ལམ་རྣམ་བཞི་ལ་འཆི་བདག་བསམ། །འཆི་བ་ལ་མི་འཚེར་བའི་གདེང་རྙེད་ངེས། །དགེ་སྡིག་རྒྱུ་འབྲས་ཀྱི་བདེ་སྡུག་མཐོང་། །སྲིད་ཞིའི་སྐྱོན་ཡོན་གྱིས་ངེས་པར་དབྱུང་། །གཞན་ཕན་དོན་གཉེར་དང་དག་སྣང་སྦྱངས། །གསང་ཆེན་ཐེག་པའི་འཇུག་སྒོ་མཐོང་། །དག་མཉམ་དབྱེར་མེད་ཀྱི་ལྟ་བ་གསུམ། །ཐབས་ཕྱག་རྒྱ་བཞི་ལྡན་གྱི་བསྐྱེད་པའི་ལམ། །སྣང་གྲགས་དང་འགྱུ་བ་ལྷ་སྔགས་ཆོས། །དཀྱིལ་འཁོར་རྣམ་གསུམ་ལ་ཡིད་ཆེས་རྙེད། །ཤེས་རབ་ཀྱི་གཏུམ་མོའི་རྫོགས་རིམ་ལ། །འཁྲུལ་འཁོར་འབར་འཛག་སྲོག་དང་རྩོལ། །དབུ་མར་ཞུགས་གནས་ཐིམ་གསུམ་གྱིས། །ཐ་མལ་གྱི་ལས་རླུང་ཟིལ་གྱིས་མནན། །སྣང་མེད་ཀ་དག་ལ་གོ་མྱོང་རྟོགས། །ཐ་མལ་གྱི་ཤེས་པ་ལྷུག་པར་བཞག །བདག་འཛིན་རེ་དོགས་ཀྱི་རྟོགས་ཚོགས་རྣམས། །ཆུ་རླབས་བཞིན་སོ་སོར་ཐ་མི་དད། །འབད་རྩོལ་བ་མེད་པར་ལྷུན་གྲུབ་ཀྱི། །གཞི་གྲོལ་ཡེ་གྲོལ་གྱི་གདེང་བཞི་རྙེད། །ལེ་ལོ་ཅན་འབད་མེད་དུ་འཚང་རྒྱ་བའི། །ཀུན་མཁྱེན་ཡབ་སྲས་ཀྱི་ཁྱད་ཆོས་ལ། །གོ་མྱོང་གིས་ཆོས་དང་བླ་མར་བཅས། །མོས་གུས་དང་ཡིད་ཆེས་སྐྱེས་པའི་ཚེ། །ཉམས་སྲོག་རླུང་འདྲེས་པའི་ངང་ནས་ཤར། །ཁོ་མོ་ལ་རྟོགས་པའི་རེ་སྙེམ་བྲལ། །ཆོས་དང་འགལ་ན་བཟོད་པར་གསོལ། །མཐུན་ན་ནི་སྤྲང་མོ་རྒན་གོག་ལ། །འདིར་གནས་ཀྱི་རེ་ལྟོས་འཆའ་བ་རྣམས། །དེ་ལྟར་དུ་ཉམས་ལེན་མཛད་པར་ཞུ། །རྗེ་ཀློང་ཆེན་གྱི་སྒྲུབ་གནས་གངས་ཤུག་ནས། །མ་རྒན་མོ་བསམ་བཟང་གི་མཆོད་སྤྲིན་འདི། །མཐོང་ཐོས་དྲན་རེག་གི་འབྲེལ་ཐོགས་ལ། །ཕན་བདེའི་ཉམས་རྟོགས་ཀྱི་དགའ་སྟོན་ཞུའོ། །ཞུས་པས་འཁྲུལ་ཞིག་རིན་པོ་ཆེས་དེ་འདྲ་ཡོང་དགོས་པས་འདུག་ཀྱང་འདུག་གསུངས་ནས་ཐུགས་དགྱེས་པ་དང་དད་པར་མཛད་ནས་ཕེབས་སོ། །
དེ་ནས་ཨ་མ་དྲུང་རྡོག་གིས་སྦྱིན་བདག་ཞུས་ཏེ་དགེ་རྒན་ནོར་ལྡན་གྱིས་དབུ་མཛད་བྱས་ནས་རྡོར་སེམས་སྨན་སྒྲུབ་བསྒྲུབས། དགེ་ནོར་ལྡན་ནས་འབུམ་རྒྱས་འབྲིང་བསྡུས་གསུམ་དང་བསྒོམ་ཕྱོགས་དྲིས་ལན་གྱི་ལུང་ཞུས། དེ་ནས་ཁྱི་ཕག་བྱི་ལོ་གསུམ་ལ་ང་ན་བས་སྐབས་རེ་དྲག་སྐབས་རེ་སྡུག །རེས་ན་ཚབས་ཤིན་ཏུ་ཆེ། རེས་ནད་གཏན་ནས་མེད་པའི་བདེ་སེང་ངེར་གནས། ཡང་ནད་ཆེན་པོ་བྱུང་བ་དང་མཆེད་གྲོགས་རྣམས་ཀྱིས་གཡུ་ཐོག་ཨེམ་རྗེ་གདན་འདྲེན་ཞུས། ང་ལ་གཟིགས་ཏེ་འདི་འབྱུང་བཞི་འཁྲུག་པའི་ནད་ནི་མ་རེད། ཁྱེད་སློབ་མ་རྣམས་ནས་ཚོགས་འབུམ་དང་བསུན་བཟློག་ཕུལ་ན་ལེགས་ཟེར། དེ་ནས་གྲོང་སྟོད་ཁང་གསར་ནས་ཚོགས་རྩམ་ཡོ་བྱད་སོགས་ཕུལ། ཚོགས་འབུམ་བཏང་བའི་ཉམས་ཀྱིས་ནད་རིམ་པར་དྭངས་སོང་། དེ་ནས་སྐྱབས་རྗེ་སེམས་ཉིད་རིན་པོ་ཆེའི་སྐུ་མདུན་ནས་ཀློང་ཆེན་སྙིང་ཐིག་གི་སྔོན་དངོས་རྗེས་བཅས་ཀྱི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་ལེགས་པར་ཞུས་ཏེ་ལོ་འགའ་རེ་མཚམས་བཅད་དམ་པོར་བྱས་ཏེ་བསྡད། དེ་སྐབས་བྱང་སྟག་ལུང་ནས་བླ་མ་གང་ཤར་རིན་པོ་ཆེ་དཔོན་འཁོར་གསུམ་འདིར་ངའི་སར་ཕེབས་ནས་མ་སྤྲུལ་རིན་པོ་ཆེའི་བཀའ་ལུང་ལ་ཁྱོད་ཀྱི་ཚེ་རབས་ནས་འབྲེལ་བའི་བླ་མ་མ་ཅིག་ལབ་སྒྲོན་དངོས་ད་ལྟ་གངས་ཐོད་ཤུག་གསེབ་ཏུ་བཞུགས་ཡོད་པས་དེ་མཇལ་བར་སོང་། རང་གིས་བྱུང་ན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམ་པ་ཡང་ཡོད་གསུང་འདུག་པས་ཆེད་དུ་མཇལ་ཁར་ཡོང་བ་ཡིན་པས་གནང་རོགས་གསུངས་ཀྱང་བསྙེན་མཚམས་དམ་པར་བརྟེན་མི་ཡོང་ཞུས་པར་མཇལ་ཁ་མ་གནང་ཐབས་མེད་གསུངས། མ་རིན་པོ་ཆེའི་ལུང་བསྟན་ལ་ཁོང་སྲས་ཐོད་སྨྱོན་བསམ་འགྲུབ་ཀྱི་སྐུ་ཕྲེང་ཡིན་ཚུལ་སོགས་རྗེས་སུ་བཟུང་རོགས་ཞེས་པའི་ཕྱག་བྲིས་དང་མཁའ་འགྲོ་བདེ་ཆེན་རྒྱལ་པོའི་གཏོར་མ་དང་བདག་འཇུག་དབང་ཆས་ཆ་ཚང་བཅས་རང་སློབ་ཨ་ཎི་སངས་སྒྲོལ་བརྒྱུད་བདག་འཇུག་བཞེས་ཏེ་མཚམས་གྲོལ་གནང་གསུངས་ནན་ཆེ་བར་བརྟེན་སེམས་ཉིད་རིན་པོ་ཆེར་དགོངས་སྐོར་ཞུས་པས་སྤྱིར་བསྙེན་མཚམས་ཡིན་པ་དང་མ་ཟད་ཐུགས་ཀྱང་མ་བདེ་བས་གནས་སྐབས་མཚམས་རྒྱ་མ་རལ་གསུངས་ནས་གནང་བ་མ་ཐོབ་ཅིང་། ང་ཡང་རྨི་ལམ་ལེགས་མིན་བྱུང་སྟབས་གནས་སྐབས་ཁྱེད་རྣམས་བལ་ཡུལ་མཆོད་རྟེན་མཇལ་བཪ་ཕེབས། འཁོར་མཚམས་ང་འཕྲད་ནས་དབང་ཁྲིད་ལུང་སོགས་ཕུལ་ཆོག་བྱས། དེ་སྐབས་བལ་པོ་ཞིག་ཤི་ནས་བསྔོ་རྟེན་གསེར་ཟངས་ཀྱི་གུ་རུ་ཞིག་ཕུལ་བྱུང་། གསེར་ཟངས་ཀྱི་ཡུམ་བཀའ་ཞིག་ཀྱང་བྱུང་ན་བསམས་པས་གང་ཤར་རིན་པོ་ཆེར་བཀའ་མངགས་ཞུས་ཏེ་ཕེབས་སོང་། དེ་རྗེས་མཚམས་ཀྱང་རིམ་པར་ལྷོད་དུ་བཏང་། རྣམ་རྒྱལ་སྒང་གི་སྡེ་པ་གྲོ་ལོད་ཟེར་བ་དེ་མཇལ་བར་སླེབས། ང་མཐོང་བས་ཁོ་ཧ་ལས་ཏེ་ཁྱེད་རྣམས་ཀྱིས་སྦས་ཏེ་མི་སྟོན་པ་ཁག་མི་འདུག་དེ་འདྲའི་ཡག་པོ་ཟེར། དེ་ནས་གང་ཤར་རིན་པོ་ཆེ་སྐུ་འཁོར་བལ་ཡུལ་ནས་ཚུར་སླེབས། བླ་མ་དཔོན་གཡོག་གཉིས་འདིར་ཕེབས། གཞན་བློ་ལོག་ལྷ་སར་སོང་། ཡུམ་བཀའི་སྐུ་དང་བྷོ་དྷི་ཙིའི་ཕྲེང་བ་རྡོར་དྲིལ་སོགས་གནང་ནས་མ་སྤྲུལ་རིན་པོ་ཆེས་ལུང་བསྟན་ཚུལ་གྱི་མགུར་འདི་བཞེས་སོ། །
ན་མོ་གུ་རུ། རྗེ་བཀའ་རྒྱུད་གསེར་རིའི་ཕྲེང་བའི་དབུས། །དཔལ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །མཚན་ཐེག་མཆོག་འཇིགས་མེད་དཔའ་བོ་ཞེས། །སྐྱབས་རྒྱལ་བ་ཀུན་འདུས་དེ་ལ་འདུད། །སྙན་གསོན་དང་རྗེ་བཙུན་རིན་པོ་ཆེ། །ང་འདི་ན་ཆེད་དུ་འོང་བའི་དོན། །མགོན་མཚུངས་མེད་མ་སྤྲུལ་རྡོ་རྗེ་འཆང་། །བཀའ་དུས་གསུམ་གསལ་གཟིགས་ལུང་བསྟན་ལས། །ཁྱོད་ཚེ་རབས་ལས་ཀྱི་བླ་མ་དེ། །མ་ལབ་ཀྱི་སྒྲོལ་མའི་དངོས་སྤྲུལ་མ། །སྐྱབས་རྗེ་བཙུན་རིག་འཛིན་ཆོས་ཉིད་བཟང་། །དུས་ད་ལྟ་གངས་ཐོད་ཤུག་གསེབ་བཞུགས། །ཚེ་གཅིག་ལ་སངས་རྒྱས་གདམ་ངག་ཡོད། །ཁྱོད་སྔོན་ཚེ་ཐོད་སྨྱོན་སམ་འགྲུབ་ཏུ། །སྐྱེས་པའི་ཚེ་ཡུམ་སྲས་འབྲེལ་བ་ཡིས། །ལས་སྨོན་ལམ་འབྲེལ་བ་ཡོད་པས་ན། །དེ་བསྟེན་ནས་སྨིན་གྲོལ་རྒྱབ་རྟེན་ཞུས། །ཉམས་ལོངས་ལ་དོན་གཉིས་འགྲུབ་གསུངས་པས། །དེ་བཞིན་དུ་གནང་གྲུབ་ཐུགས་རྗེས་གཟིགས། །
གསུངས་པས་ངས་འདིར་ཁམས་བླ་རྩ་ཆེ་ཞིག་ཡོད་པས་མཇལ་ཕེབས་བྱས་པས་ང་ལ་མ་རིན་པོ་ཆེས་མ་ཅིག་མཇལ་ཤོག་གསུངས་པ་མ་གཏོགས་ཁམས་བླ་མཇལ་ཤོག་གསུང་མི་འདུག་ཟེར་ཡང་ནན་དུ་ཞུས་པས་མཇལ་བར་ཕེབས། དེ་ནས་ངས་རྟེན་འབྲེལ་མ་འཆུགས་ཙམ་གཅོད་དབང་ནམ་མཁའ་སྒོ་འབྱེད་ཅིག་བསྐུར་ནས་ཕེབས་སོང་། ཡང་རྗེས་སུ་འདིར་ཕེབས་ཟླ་ཤས་བཞུགས་རིང་སྐྱབས་རྗེ་སེམས་ཉིད་རིན་པོ་ཆེའི་མདུན་དུ་གཅར་བཅུག་སྟེ་ང་རང་ལ་རེ་བ་མཛད་ཀྱང་ང་ཡིས་ནི་གང་ཡང་མི་ཤེས་པས་དེར་སྤྱོད་འཇུག་དང་སེམས་ཁྲིད་སོགས་ཞུར་བཅུག་སེམས་ངོ་ཁྲིད་པས་ལས་འབྲེལ་མེད་འདྲ་བས་སེམས་ངོ་མ་འཕྲོད་པར་བརྟེན་ང་ལ་ངོ་སྤྲོད་ཅིག་མཛད་ནས་ངས་རིམ་པ་བཞིན་དུ་ཁྲིད་བྱས་པས་སེམས་ཀྱི་རྟོག་རྒྱུགས་འདི་ལྟར་གསུངས་སོ། །
ཕ་བླ་མ་རྣམས་ལ་གསོལ་བ་འདེབས། །སྤྲང་ཉམས་ལེན་འབྱོངས་པར་བྱིན་གྱིས་རློབས། །སེམས་མ་བཅོས་གཉུག་མའི་རང་མདངས་ངང་། །ཡིད་མ་ཡེངས་ཉིན་མཚན་དུས་དྲུག་ཏུ། །ཕ་བླ་མ་སེམས་ཉིད་རིན་པོ་ཆེ། །བདག་ཆོས་མེད་ལས་ངན་ལ་ཐུགས་རྗེས་གཟིགས། །གཞི་མ་རིག་རང་སེམས་འཁྲུལ་རྟོག་འདི། །དོན་རང་ངོ་ཤེས་པའི་བྱིན་རླབས་སྩོལ། །བཀའ་དྲིན་ཅན་གོང་མའི་རྣམ་ཐར་དང་། །དོན་དབྱེར་མེད་མཛུབ་བཙུགས་ཁོ་ན་ལས། །བསྒོམ་ཉིན་མཚན་ཀུན་ཏུ་གཡེང་མེད་བཞུགས། །མ་ལབ་སྒྲོན་སྐུ་ལ་གསོལ་བ་འདེབས། །ངའི་རང་སེམས་དགྲ་བོ་ངར་འཛིན་འདི། །དགྲ་རྣམ་རྟོག་རྦ་རླབས་འཕྱུར་བ་ལ། །དོན་ངོ་སྤྲོད་གནད་དུ་ནོན་པའི་ཐབས། །མ་ཡེ་ཤེས་ཁྱེད་ཀྱིས་ཐུགས་རྗེས་གཟིགས། །ཚེ་འདི་དང་ཕྱི་མ་བར་དོ་གསུམ། །དེ་གསུམ་དུ་ཤེས་པར་བྱིན་རླབས་སྩོལ། །ངས་རང་སེམས་འདི་ལ་ཕར་བལྟས་པས། །ཀུན་སློང་འདི་དྲན་པས་མ་བཅོས་ལྟས། །འདི་ཕར་འདེད་ནམ་མཁའི་འཇའ་དེད་འདྲ། །འདི་ལ་ངོས་བཟུང་བྱས་ཙ་ན། །རྟེན་དང་བརྟེན་བཅས་མེད་མདོག་ཁ། །འགྲོ་དང་སྡོད་པ་རྣམ་རྟོག་གིས་འགྲོ། །གནས་ནི་རང་གི་ལུས་ཁམས་གནས། །ཡ་མཚན་དགོད་རེ་བྲོ་བར་འདུག །ཀུན་སྤྱོད་འདི་ཁོ་ཡི་ཆོ་འཕྲུལ་ལ། །རྒྱལ་པོས་མངའ་འབངས་དེད་པ་ལྟར། །བཟང་ངན་ཆེ་ཆུང་གང་ལ་འགྲོ། །ལུས་འབྱུང་བཞི་ཁོལ་པོ་བཀོལ་ཏེ་སྡུག །འདི་རེ་དོགས་གོལ་ས་མ་ཆོད་ཚེ། །མི་ཚེ་འཁོར་འདས་ཡེངས་ལ་ཟད། །ཕྱི་མ་ངན་སོང་གི་གཏིང་ལ་འཕེན། །དལ་འབྱོར་བྱས་ཀྱང་སྙིང་མེད་འདྲ། །རེ་འགའ་རང་གི་དྲན་པ་དེ། །ཕ་བླ་མ་རྗེ་ཡི་བཀའ་དྲིན་གྱིས། །འབྱུང་གནས་འགྲོ་གསུམ་གྱིས་རྐྱེན་བརྟེན་པས། །འགྲོ་འོང་འདི་གང་ལ་བལྟས་ཙ་ན། །རྣམ་རྟོག་འཕྲོ་འདུ་སེམས་ལས་བྱུང་། །མི་རྟག་རྩ་བ་ཐུག་ཙ་ན། །མཐར་ནི་རང་ལུས་འབྱུང་བཞི་གནས། །གནས་ཀྱང་བྱ་སྒྲོ་རླུང་ཁྱེར་འདྲ། །འགྲོ་ནི་བློ་རྒྱུད་ཆོས་ལ་འགྲོ། །སེམས་ནི་མཆོག་གསུམ་སྐུ་ལ་མོས། །དྲན་ནི་འཁོར་འདས་ཆོས་ཐམས་ཅད། །སྣང་ཡང་བདེན་པར་མ་གྲུབ་ཤེས། །མི་ཚེ་ཆུང་ནས་ད་བར་དུ། །བཟང་ལས་ངན་ལས་ཐམས་ཅད་ལ། །བརྩམས་ན་མཐའ་རུ་ཐོན་འདུག་ཀྱང་། །སེམས་དོན་ཁོ་ཐག་ཆོད་པ་ཞིག །ཁོ་བོ་ལ་བློ་ཐག་མ་ཆོད་ལགས། །དེ་དང་འདྲ་བའི་བསྐྱེད་རྫོགས་ཀྱི། །ཉམས་ལེན་བདུད་རྩི་ཟབ་མོ་ལ། །སྣང་གྲགས་འགྱུ་གསུམ་ལྷ་སྔགས་ཀྱིས། །དྲན་རྟེན་འབྱུང་བ་བཀའ་མོར་འདུག །འོན་ཀྱང་བླ་མའི་བཀའ་དྲིན་གྱིས། །རང་གིས་རང་ལ་ལྕག་བཅུག་ནས། །ད་ལྟ་འཁོར་བར་མ་འཁྱམས་ཙམ། །ནངས་ནུབ་དྲན་རྟེན་ཡང་ཡང་བསྐུལ། །རྒྱུ་རྐྱེན་དེས་རང་རྒྱུད་གྱོང་པོ་འདི། །ཐབས་དང་ཐུགས་རྗེ་ཞི་དྲག་གིས། །འཁོར་འདས་འཁྲུལ་སྣང་བདེན་མེད་ལ། །དོན་ངོ་སྤྲོད་ལག་ལེན་བྱིན་རླབས་སྩོལ། །ཞེས་དྲིས་པའི་ལན་དུ་འདི་ལྟར་སྨྲས་སོ། །
རྗེ་འཁོར་འདས་སེམས་ཉིད་བདེ་ཡངས་སུ། །དོན་དྲི་མེད་རྟོགས་པའི་བླ་མ་ལ། །དུས་ནམ་ཡང་འབྲལ་མེད་ཕྱག་བགྱི་འོ། །སེམས་གཞི་རྩ་ཆོད་པར་བྱིན་གྱིས་རློབས། །ཁྱེད་སྦྱངས་པ་སྔོན་སོང་ཡིན་མོད་ཀྱང་། །ད་དོན་མཐུན་སྤྱོད་པའི་ཉམས་ལེན་གྱིས། །གནད་གང་དྲིས་རྒན་མོ་བསམ་བཟང་གིས། །སེམས་གཡོ་མེད་སྙིང་ནས་གསོལ་བ་ལ། །གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་དེ། །ཡར་སངས་རྒྱས་ནས་བཟུང་འབུ་སྲིན་བར། །དོན་ཁྱད་མེད་བཞུགས་ཀྱང་ངོ་མ་ཤེས། །དེས་ད་བར་འཁོར་བའི་གནས་འདིར་འཁྱམས། །དུས་ད་རེས་བླ་མའི་མན་ངག་གིས། །ཁ་ནང་དུ་ལོག་ནས་བལྟས་ཙ་ན། །སེམས་གཟུགས་དང་ཁ་དོག་མེད་མོད་ཀྱང་། །དེ་ཕྱང་ཆད་མ་ཡིན་གསལ་ལ་སྟོང་། །གཞི་རིག་པའི་ངོ་བོ་ལ་འདི་ཕྱི་དང་། །བར་དོ་ཞེས་ཡེ་ནས་གྲུབ་མ་མྱོང་། །ཆོས་ཐམས་ཅད་སྐྱེ་འགག་གནས་གསུམ་བྲལ། །དེ་བྲལ་ཡང་སྣང་ལ་སྣང་བཞིན་སྟོང་། །ལུས་དག་པ་རབ་འབྱམས་ཞི་ཁྲོའི་དལ། །རླུང་ཉིས་ཁྲི་ཆིག་སྟོང་སྐྱེ་མེད་བཟླས། །སེམས་མ་བཅོས་རང་བབས་སྐྱོང་ནུས་ན། །བློས་བཏགས་པའི་བསྐྱེད་རྫོགས་སྨོན་མི་དགོས། །ལམ་ད་ལྟའི་རིག་པ་རྗེན་པ་འདི། །དོན་ངོ་ཤེས་ཐག་ཆོད་གདེང་ཐོངས་དང་། །རྩལ་ཡུལ་ལས་ཤར་ཡང་བཟུང་འཛིན་གྱིས། །བློ་ཞེན་འཛིན་མེད་ན་ཁྱད་ཆོས་དེས། །ཚེ་འདིའམ་བར་དོ་དང་པོའི་སྐབས། །གཞིའི་འོད་གསལ་མ་པང་བུ་འཇུག་གྲོལ། །དེ་རྟོགས་རྟགས་ཁས་ལེན་འཛིན་སྟངས་བྲལ། །དོན་བརྒྱུད་པའི་བྱིན་རླབས་སྙིང་དབུས་སུ། །ཞུགས་རྟགས་སུ་དམན་པའི་འདུ་ཤེས་ཤར། །དེ་ཁྱེད་ལ་སྣང་བ་བཀའ་དྲིན་ཆེ། །དོན་རང་ངོ་སྤྲོད་པའི་བླ་མ་ལ། །དྲིན་སངས་རྒྱས་ལས་ལྷག་དད་པ་དང་། །དེ་མ་རྟོགས་འགྲོ་ལ་སྙིང་རྗེ་སྐྱེ། །དེའི་དུས་ན་འགྲོ་དོན་ཕྱོགས་མེད་རྒྱས། །འབྲས་དོན་གཉིས་མ་འབད་ལྷུན་གྱིས་གྲུབ། །དོན་དེ་བཞིན་རྟོགས་པའི་སྨོན་ལམ་ཞུ། །བཀྲ་ཤིས་པའི་ལྷ་རེག་དང་བཅས་པ། །གནས་གངས་ཐོད་འོད་གསལ་སྐྱེད་མོས་ཚལ། །ཀུན་མཁྱེན་གྱི་བྱིན་གྱིས་རླབས་པའི་ས། །དེར་གནས་ཀྱི་རྒན་མོས་གུས་ཕུལ་ལོ། །ཞེས་ཕུལ་བས་རིམ་བཞིན་གྲོལ་ནས་དོན་གཉིས་ཀྱི་དཔལ་དང་ལྡན་པར་གྱུར་ཏོ། །
ཡང་འཁྲུལ་ཞིག་རིན་པོ་ཆེ་དང་ཡོངས་འཛིན་རིན་པོ་ཆེ་ཤེལ་གྲོང་རྡོ་ར་ཁང་ཆེན་དུ་ཕེབས། ང་ལ་བྱེ་རིལ་ཐུམ་བུ་གཅིག་སྩལ་ནས་ཞལ་ལ་མངར་བ་སྤྱན་ལ་མཛེས་པ་ཡོད་གསུངས་ནས་མར་ཡོང་དགོས་ཕེབས་ཀྱང་སྐྱབས་རྗེ་སེམས་ཉིད་རིན་པོ་ཆེའི་གནང་བ་མ་ཐོབ་པས་འགྲོ་མ་ཐུབ་པས་ཨ་ཎི་སངས་རྒྱས་དང་བདེ་སྐྱོང་གཉིས་དབྱིངས་འཁྲུག་མངའ་བར་ང་མཚམས་བཅད་ནས་གཅར་མ་ཐུབ་ཞུས་ཤིང་སྐུ་གསུང་ཐུགས་རྟེན་བཅས་ཕུལ་བའི་བཀའ་ལན་དུ་སྐུ་མཚམས་གནང་བ་ངོ་མཚར་ཆེ་སྟེ་བླ་མ་སྒོ་རྩར་སླེབས་ཀྱང་མ་མཇལ་བ་ཁྱད་མཚར་རེད་གསུངས་འདུག །ང་ན་བ་མ་དགོངས་བསམས་ནས་ངུ་ཤོར། ཡང་ལྷ་ས་ནས་བུ་མོ་ལོ་ཆུང་གཟུགས་བྱད་ལེགས་པ་ཞིག་འདིར་ཡོང་སྟེ་བླ་མ་རིན་པོ་ཆེ་དང་ང་ལ་ལུས་ངག་ཡིད་གསུམ་ཕུལ་སྐྲ་ཕུད་བཞེས་ནས་རྗེས་སུ་འཛིན་རོགས་ཞུས་པས་སྐྲ་ཕུད་བླངས་ཏེ་མིང་ཨོ་རྒྱན་ཆོས་འཛོམས་བཏགས། དེ་ནས་རིམ་བཞིན་སྔོན་འགྲོ་ཕྱི་ནང་ཁྲིད་སྐབས་ཁོ་རང་ཡང་ཤེས་རབ་དད་བརྩོན་དང་ལྡན་པ་ཞིག་འདུག །ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་ཚང་མ་བློ་ནས་འཆད་ཐུབ་པ་བྱུང་། རིམ་པར་གཞུང་ཆེན་བཤད་ཁྲིད་དངོས་གཞི་སོགས་གནང་། རྗེས་སུ་བླ་མ་རིན་པོ་ཆེའི་རྒྱལ་ཚབ་ཏུ་རེ་ནས་སྤྱོད་འཇུག་ཡོན་མཛོད་སོགས་ཁྲིད་དཔོན་བྱེད་ཐུབ་པ་སྐལ་ལྡན་སློབ་མ་སྣོད་དང་ལྡན་པ་ཡེ་ཤེས་ཌཱཀྐིའི་ཟློས་གར་ཡིན་པ་འདྲ་མཁས་གྲུབ་མ་ཞིག་བྱུང་། ཀཿཐོག་སི་ཏུ་རིན་པོ་ཆེ་གངས་ཐོད་དུ་ཕེབས། མར་ལམ་ཤུག་གསེབ་ཏུ་བླ་མ་རིན་པོ་ཆེས་ང་དང་མཆེད་གྲོགས་ཚང་མར་ཇོ་ལུགས་སྒྲོལ་དཀར་གྱི་བཀའ་དབང་། ལྕེ་བཙུན་སྙིང་ཏིག་བཅས་པའི་དབང་གནང་། དེ་མ་ཐག་ང་རང་སྒྲོལ་དཀར་གྱི་བསྙེན་པ་ལོ་མཚམས་ཤིག་བསྡད་དེ་མཚམས་གྲོལ། ལྡིང་གའི་སྐུ་ཞབས་སྐལ་སྒྲོལ་ལགས་ནས་སྦྱིན་བདག་ཞུས་ཏེ་འབུམ་རྒྱས་འབྲིང་བསྡུས་གསུམ། མདོ་སྡེ་སྐལ་བཟང་། གཟུངས་འདུས་བཅས་ཀྱི་ལུང་བཏོན། བྱང་ཆུབ་སྒྲོལ་མ་དང་བློ་གྲོས་བཟང་མོ་སོགས་ཀྱིས་ཞུས་ཏེ་མཛོད་བདུན་ངལ་གསོ་སྐོར་གསུམ་གྱི་ལུང་ཀློག་ངས་དཔེ་ཆ་ཚར་བདུན་ཙམ་ཀློག་ཀྱང་ཨོ་རྒྱན་ལགས་སོགས་དད་ལྡན་འགས་ཞུས་ཏེ་མཛོད་བདུན་ཡ་བཞི་བཅས་ཀྱི་ལུང་བཏོན། ཡང་ཨ་མ་སྙིང་སྙིང་ལགས་ཀྱིས་ཞུས་ཏེ་རྗེ་བཙུན་མི་ལའི་རྣམ་མགུར། ཞབས་དཀར་གྱི་རྣམ་མགུར། ངོ་མཚར་སྤྲུལ་པའི་གླེགས་བམ་བཅས་ཀྱི་ལུང་འདོན་སྐབས་ངེད་གཉིས་ཀ་མང་དུ་ངུ་ཤོར་བས་མི་རྣམས་ཀྱིས་རྟག་ཏུ་ངུ་རྒན་གཞོན་གཉིས་ཟེར། ཡང་རྡོ་བྲག་ཆུ་བཟང་རིན་པོ་ཆེ་འདིར་ཕེབས། གྲོ་མོ་ཇོ་བོ་ལགས་ཀྱིས་སྦྱིན་བདག་ཞུས་ཏེ་ལེའུ་བདུན་པ་དང་བསམ་ལྷུན་མན་ངག་བཅུ་གསུམ། བྱང་གཏེར་བཀའ་བརྒྱད་རང་ཤར་བཅས་ཀྱི་དབང་ལུང་ཁྲིད་གསུམ་ཞུས། དེ་སྐབས་ཆུ་བཟང་རིན་པོ་ཆེས་གསུང་གཏོར་གནང་བའི་གཏོར་རིལ་སྐམ་ནས་ཐུག་པ་བཀོལ་ཏེ་བཏུངས། ཀུན་བཟང་རྩེ་ནས་གཏོར་མ་གཏོང་རྒྱུ་མང་པོ་འབྱོར་དེའི་གཏོར་རིལ་ཡང་ཟོས་པས་དེང་སང་སྡེ་དཔོན་རྣམས་ནས་ཕུལ་བའི་ཁ་ཟས་ལས་ཀྱང་ཞིམ་པ་བྱུང་།
ཡང་མཚན་མོ་འདི་གའི་གཙུག་ལག་ཁང་དུ་སྐོར་བ་ལ་ཕྱིན་པས་ཝ་མོ་བརྒྱལ་བའི་སྐད་ཐོས་པས་སྐྲག་སྟེ་དེའི་མོད་ལ་ཟང་ཐལ་གྱིས་ནང་དུ་སླེབས་འདུག་དེ་རྗེས་རྫོགས་ཆེན་མཁན་པོ་བསོད་ཆོས་རིན་པོ་ཆེ་གངས་ཐོད་མཇལ་དུ་ཕེབས། སེམས་ཉིད་རིན་པོ་ཆེས་ད་རེས་གྲོ་མ་ཡོད་སར་བརྐོ་དགོས། མཁན་པོ་འདི་བི་མ་མི་ཏྲའི་སྤྲུལ་པ་རེད་འདིའི་མདུན་ནས་སྙིང་ཐིག་སྐོར་ཞུས་གསུངས། ང་དང་ཚ་གུ་ཐུབ་བསྟན་རིན་པོ་ཆེ་སོགས་འདུས་པ་ལྔ་བཅུའི་སྐོར་གྱིས་ཡ་བཞི་རྒྱུད་ཕུར་སོགས་ཀྱི་དབང་ཞུས། ཡང་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་གཅོད་འཛིན་པ་རང་གྲོལ་གྱི་སྐོར་ཆིག་བརྒྱུད་དུ་ཞུས་པས་གནང་སྟེ་སེམས་ཅན་གྱི་དོན་དུ་སྤེལ་དགོས་གསུངས། ང་ལ་དཔེ་ཆ་མེད་ཞུས་པས་ཨ་ཁུ་འོད་ཟེར་གྱི་སྤྲུལ་སྐུ་དྲི་མེད་ཀྱིས་ཕྱག་དཔེ་གནང་ནས་འགྲོ་དོན་གནང་དགོས་གསུངས། སྙིང་ཐིག་ཡ་བཞིའི་ཕྱག་དཔེ་ཡང་མཁན་རིན་པོ་ཆེ་ནས་ཁམས་ནས་བསྐུར་ཡོང་གསུངས། དེ་རྗེས་ཕྱག་དཔེ་དང་ཕྱག་བྲིས་ལ་གནས་གངས་ཐོད་དུ་བཞུགས་ནས་ཀུན་མཁྱེན་ཆེན་པོའི་གསུང་རྣམས་ཉམས་བཞེས་མཛད་ནས་སྣང་བཞི་མཐར་སོན་འཁོར་བ་དོང་སྤྲུགས་ནུས་པ་ཞིག་ཡོང་བ་འདུག་གསུངས་པའི་བཀའ་ཡིག་བཞིན་ངས་ཀྱང་རང་འཁོས་ཀྱིས་ཡ་བཞིའི་སྔོན་འགྲོ་ནས་བཟུང་བླ་མ་ཡང་ཏིག་ནོར་བུ་སྐོར་གསུམ་དང་སྙན་རྒྱུད་ཆེ་འབྲིང་ཆུང་གསུམ་སོགས་ཁྲེགས་ཆོད་ཐོད་རྒལ་ཉམས་ལེན་རྒྱུན་དུ་བརྩོན། ལོ་ངོ་གཅིག་ཕུར་པའི་བསྙེན་མཚམས་བསྡད། སྟོན་ཀ་སློབ་བུ་རྣམས་ལ་འཁོར་འདས་རུ་ཤན་ཁྲིད་དཔོན་བྱས་ཀྱང་ནད་དྲག་པོ་ཞིག་ན་ནས་ཡུད་ཙམ་ལ་ཤི་འདུག །ཚུར་སོས་སྐབས་སྐྱབས་རྗེ་སེམས་ཉིད་རིན་པོ་ཆེས་འཕོ་བ་སྤར་བར་བརྩམས་པས་ཚ་གུ་རིན་པོ་ཆེས་ད་ལྟ་འཕོ་བ་གནང་རྒྱུ་མི་འདུག །ཐུགས་ཀར་དྲོད་བསྡད་འདུག་གསུངས་ནས་མར་བཞག་པས་ཞུ་བ་དང་ང་གསོས་གསུངས། ངའི་སྣང་བ་ལ་ཡུལ་ཞིང་མི་འདྲ་བ་མང་པོ་དང་བརྡ་སྐད་མི་འདྲ་བ་མང་པོ་ཐོས་པས་ཉུལ་ནས་རིག་པའི་རྩལ་སྦྱོང་བྱས་སེམས་ཅན་འགའ་རེ་ལ་ཕན་ཐོགས་བྱུང་སོང་སྣང་ཤར། མཆེད་གྲོགས་དང་ཡོན་བདག་རྣམས་ཀྱིས་སྐུ་ཚེ་བརྟན་ཐབས་སྐྱབས་རྗེ་སེམས་ཉིད་རིན་པོ་ཆེར་ནན་ཞུས་ལ་བརྟེན་ཐུགས་ཅུང་ཁྲོ་བའི་རྣམ་འགྱུར་མཛད་དེ་བཞུགས་ནས་གུ་རུ་དྲག་པོ་རྟ་ཁྱུང་གི་ཚེ་སྒྲུབ་རིགས་ལྔ་བཅུད་བསྡུས་དགོངས་གཏེར་དུ་བབས་ནས་ཚེ་དབང་ཐོག་མར་ང་རང་ལ་གནང་སྟེ་བུམ་པ་མགོར་བཞག་རྡོ་རྗེ་ལག་ཏུ་གཏད་ནས་ཁྱེད་རང་སྐུ་ཚེ་མ་རྟག་ན་མཆེད་གྲོགས་རྣམས་ཀྱིས་ང་ཡིས་བསད་པ་འདྲ་བས་ང་ལ་དམག་འདྲ་རྒྱག་ཉེན་འདུག་པས་ཁྱེད་མ་ཅིག་གྲུབ་པའི་རྒྱལ་མོ་ལྟར་སྐུ་ཚེ་བརྟན་པའི་དམ་བཅའ་བྱེད་དགོས་ཞེས་དམ་བསྒྲགས་མཛད་པས་བླ་མའི་བཀའ་བཞིན་ནད་ཀྱང་རིམ་བཞིན་དྲག་སོང་། ཡང་ཚལ་སྣ་སྡེ་པ་བསོད་ནམས་དབང་འདུས་དང་མ་སྒྲོལ་མ་དབང་ལྡན་བཅས་དད་ལྡན་འགའ་རེས་ཞུས་པས་མ་ཎི་བཀའ་འབུམ་མཁའ་ལྡིང་གཤོག་རླབས་བཅས་ཀྱི་ལུང་བཏོན་པས་ཁོང་རྣམས་ཤིན་ཏུ་དགའ་ཞིང་དད་པ་སྐྱེས། ལྷ་ཁང་ཞིག་བཞེངས། དེ་ནང་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བཞེངས་རྒྱུའི་དམ་བཅས། ང་ཡི་བུ་མོ་འདི་ཡང་ད་ནས་རྗེས་སུ་འཛིན་རོགས། ཚེ་ལྷག་གང་ཡོད་མ་ཎི་བསྐུལ་ལུགས་སོགས་ཐུན་མོང་ཐུན་མིན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་སྟེར་ནས་སྐྱབས་སྡོམ་གནང་སྐྲ་ཕུད་བླངས། སེམས་ཉིད་རིན་པོ་ཆེ་ནས་ཁྱེད་ཀྱི་འཕྲིན་ལས་ཡིན་པས་མིང་ཐོགས་གསུངས་པས་མིང་འཕྲིན་ལས་ཆོས་སྒྲོན་ཞེས་བཏགས། སྨྱུང་གནས་ཀྱི་བླ་མ་ཡོང་བ་ཞིག་གནང་རོགས་ཞུས་སོ། །
དེ་སྐབས་སྒྲུབ་བརྩོན་མ་ཐུབ་བསྟན་སྐྱིད་མོས་བསྐུལ་ངོར་འདི་ལྟར་སྨྲས་སོ། །ཚོགས་བསགས་སྔོན་སོང་གི་སྒྲུབ་བརྩོན་སྐྱིད་མོ། །གངས་རི་ཐོད་དཀར་གྱི་དབེན་གནས་སྐྱིད་མོ། །ལྟེ་བ་སྒྲུབ་ཕུག་གི་ཕོ་བྲང་སྐྱིད་མོ། །རྟོག་པའི་རྗེས་མཐའ་བྲལ་བའི་ཉམས་ལེན་གྱི་སྐྱིད་མོ། །དྲན་རེག་རྒྱལ་མོ་མ་བཅོས་ཤུགས་འབྱུང་གི་སེམས་ཉིད། །མི་མཐོང་མཐོང་བའི་ངང་མདངས་སོ་མ་རུ་སྐྱོང་དང་། །མི་བསྒོམ་པའི་རང་གྲོལ་ཀ་དག་གི་གདེངས་ཆེན། །འདི་བདེ་ཕྱི་སྐྱིད་ཀྱི་ཨ་ཎི་སྐྱིད་མོ་ལགས་སོ། །ཤཱཀྱའི་སྲས་མོ་ཐུབ་བསྟན་སྐྱིད་མོ་ལ་ཟླ་བ་བཞི་པའི་ཚེས་བཅུ་དྲུག་ལ་ཕུལ། ལར་སེམས་ཉིད་རིན་པོ་ཆེ་མཇལ་ནས་བཟུང་སྦས་ཚུལ་ཁོ་ན་གཙོར་སྟོན་ནས་བསྡད་ཀྱང་བླ་མ་གང་ཤར་རིན་པོ་ཆེས་གཙོ་བྱས་ཕྱོགས་མཐའ་དག་ནས་འདུས་པའི་དད་ལྡན་རྣམས་ཀྱིས་ཁྱེད་མ་ཅིག་ལབ་སྒྲོན་མངོན་སུམ་མི་གཟུགས་སུ་བྱོན་པ་རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་གྱི་སྤྲུལ་པར་སྐྱེས་བུ་དམ་པ་མང་པོས་ལུང་གིས་ཟིན་ཞིང་བདག་ཅག་རྣམས་ཀྱིས་གཙོས་གདུལ་བྱ་མཐོང་ཐོས་དྲན་རེག་གི་དཔལ་དུ་བྱོན་པ་ལགས་ན་གསང་སྔགས་ཀྱི་སྣོད་དུ་རུང་བ་ནི་དང་པོ་སྨིན་བྱེད་དབང་ལ་རག་ལས་པར་གསུངས་ན་སྤྱིར་རང་རང་གང་མོས་ཀྱི་དབང་དང་ཁྱད་པར་མ་རྒྱུད་གཅོད་ཡུལ་གྱི་རྒྱུད་འཛིན་དུ་དྷརྨ་སེངྒེའི་ལུང་གིས་བསྔགས་པ་མཛད་འདུག་ན་བདག་ཅག་རྣམས་ལ་གཅོད་དབང་བརྒྱ་རྩ་བསྐུར་བར་མཛད་དུ་གསོལ། ཞེས་སྐུ་གསུང་ཐུགས་རྟེན་མར་ཕྱུར་བ་གོས་སྣ་ཚོགས་སོགས་འབུལ་བ་མང་དུ་སྩལ་ཡང་རྟེན་འབྲེལ་ཙམ་དུ་ལགས་སོ་ཞུས་པ་ལས། རང་རྒྱུད་ལ་སྨིན་པའི་ནུས་པ་མེད་པ་ང་འདྲ་བ་ཞིག་གིས་དབང་ག་ལ་བསྐུར་ནུས། དཔལ་སྤྲུལ་རྡོ་རྗེ་འཆང་ལྟ་བུས་ཀྱང་ངས་དབང་མི་བསྐུར་བ་དེ་དབང་གི་དེ་ཉིད་ཤེས་པའི་ཕྱིར་གསུངས་ན་བདག་འདྲ་ངན་པས་སྨོས་ཅི་བསམ་རང་རྒྱུད་ཀྱི་ཁེངས་པ་བསྐྱུངས་ཏེ་ལོ་ཤས་ལུས། ཡང་སྐྱབས་རྗེ་སེམས་ཉིད་རིན་པོ་ཆེས་སེམས་ཀྱི་ཁང་བུ་ཞིག་གསུངས་པས་འདི་ལྟར་སྨྲས་ཏེ་ཕུལ་ལོ། །
སྐྱབས་ཀུན་འདུས་བླ་མ་རིན་པོ་ཆེ། །སྔོན་འགྲོའི་སྦྱངས་བརྩོན་གྱིས་ངེས་པར་དབྱུང་། །གཞན་ཕན་དོན་གཉེར་གྱི་དག་སྣང་གིས། །སེམས་ཀྱི་ཁང་བུ་འདི་བཤིག་པ་ཡིས། །གཞི་གྲོལ་གྱི་རང་ངོ་མཐོང་བའི་ཚེ། །སྐྱེ་འཆིའི་རེ་དོགས་ཀྱི་མདུད་པ་གྲོལ། །ང་མི་ཚེ་དབེན་པའི་རི་ལ་རྫོགས། །བླ་མའི་མོས་གུས་ཀྱིས་སྒྲུབ་ཚུགས་ཟིན། །ངས་ཆོས་དང་གནས་དང་བླ་མ་ལ། །བཀའ་དྲིན་དྲན་པའི་མཆོད་སྤྲིན་འདི། །གངས་རི་ཐོད་དཀར་གྱི་དབེན་གནས་ནས། །རི་སུལ་དུ་ཉལ་བའི་སྤྱང་མོས་བླངས། །སྐྱེ་འཆི་གཞི་བྲལ་གྱི་རྟེན་འབྲེལ་ཞུ། །རང་ལོ་དྲུག་ཅུ་རེ་གཅིག་ཐོག་ཏུ་གང་ཤར་རིན་པོ་ཆེ། ཚ་གུ་རིན་པོ་ཆེ། སློབ་མ་སྣོད་ལྡན་ཨོ་རྒྱན་ཆོས་འཛོམས་ཡུམ་བཅས་ལུང་རྟོགས་ཡུམ་སྲས་སོགས་ཀྱིས་གཙོས་འདུས་པ་རྣམས་ཀྱིས་ནོར་སྣ་མང་པོ། མཎྜལ་སྐུ་གསུང་ཐུགས་རྟེན། དུང་དཀར། གཅོད་ཞྭ། མ་ཅིག་གསེར་ཟངས་སྐུ་ཕྱག་དཔེ། ཙཀླི། ཚོགས་མཆོད་སོགས་གང་དགོས་གྲ་བསྒྲིགས་ནས་དབང་བསྐུར་དུ་གསོལ་ཞེས་ཞུ་དོན་གླུར་ཕུལ་བ།
རྗེ་དྲན་པའི་གདུང་སེལ་རྒྱལ་བའི་ཡུམ། །སྤྲང་གསོལ་བ་འདེབས་སོ་བརྩེ་བས་དགོངས། །ཁྱེད་ཐོག་མ་ཉིད་ནས་ཡུམ་ཆེན་མོ། །ཤེས་རབ་ཀྱི་ཕར་ཕྱིན་ཡེ་རྫོགས་ཀྱང་། །གདུལ་བྱའི་ངོར་གང་འདུལ་བཤེས་ཀྱི་གཟུགས། །རྗེ་དྷརྨ་སེངྒེ་ལ་སོགས་པས། །སྐྱེས་ཆེན་རྣམས་མགྲིན་གཅིག་དབྱངས་གཅིག་ཏུ། །ལབ་ཀྱི་སྒྲོན་མའི་སྤྲུལ་པ་རུ། །དེ་སྦ་སྲི་མེད་པར་ལུང་བསྟན་མཛད། །རང་ཚེ་རབས་ནས་འབྲེལ་བའི་བླ་མ་མཆོག །སྤྱིར་གསང་སྔགས་དབང་ལ་རག་ལས་ཤིང་། །དབང་བྱིན་རླབས་དམ་ཚིག་རག་ལས་པས། །བཀའ་ཇི་བཞིན་སྒྲུབ་པའི་དམ་བཅའ་ཞུ། །ཉམས་ལེན་གྱི་དོན་ལ་གནད་བསྣུན་ཞིང་། །སྐྱེ་བ་ཀུན་ཁྱེད་དང་མི་འབྲལ་བར། །སྤྱིར་གསང་བ་སྔགས་ཀྱི་སྨིན་བྱེད་དང་། །སྒོས་ཟབ་དོན་གཅོད་ཀྱི་དབང་བསྐུར་སྩོལ། །སྐུ་བཞིའི་འབྲས་འགྲུབ་པར་མཛད་དུ་གསོལ། །ཞེས་ཞུས་ཏེ་བླ་མ་རིན་པོ་ཆེ་ལ་དགོངས་པ་ཞུས་པས་ད་ལོ་རེ་གཅིག་སྐག་ཐོག་བབ་ལགས་པས་ལུས་སྲོག་གཟན་དུ་བོར། ལྟས་ངན་བདག་འཛིན་ཡུལ་འབུད་དགོས་པས་ད་རེས་གནང་ན་ཆོག་གསུངས་གཡང་དུ་ལེན། གནང་བ་ཐོབ། ངས་སྔར་དྷརྨ་སེངྒེའི་བཀའ་ཡང་བཅག །དེ་རིང་བླ་མ་མཆེད་ལྕམ་རྣམས་ཀྱི་བཀའ་བཅག །ཐུགས་ཕམ་ཐང་ཆད་བཅུག་ན་མི་ལེགས་བསམས་ཏེ་ཚ་གུ་རིན་པོ་ཆེས་རོགས་བྱས་ནས་གནང་རྒྱུ་ཐག་བཅད། དེའི་ནུབ་མོ་རྨི་ལམ་དུ། ཡུམ་ཆེན་མོའི་ཐུགས་ཀ་ནས་འོད་ཟེར་ཕྱོགས་བཅུར་འཕྲོས། ཕྱོགས་བཅུའི་འོད་ཟེར་ཐམས་ཅད་གཅིག་ཏུ་བསྡུས་ནས་བླ་མ་ལ་ཐིམ། དེ་ང་རང་ལ་ཐིམ་པས་རང་གི་གནས་ལྔ་དང་སྐུ་ལུས་བ་སྤུ་རེ་ནས་འོད་ཟེར་དཔག་མེད་འཕྲོས་ཏེ་མཐར་སྣོད་བཅུད་ཐམས་ཅད་འཇའ་འོད་ལྔའི་ཀློང་དུ་འབྱམས་སུ་ཀླས་པ་རྨིས། འདུས་པ་བརྒྱ་ཕྲག་ཙམ་ལ་གཅོད་དབང་བརྒྱ་རྩ་ཉིན་བཅོ་ལྔའི་བར་གནང་ནས་དབང་བསྐུར་ནས་སློབ་མ་རྣམས་འགའ་རེ་དུར་ཁྲོད་བརྒྱ་རྩ། འགའ་རེ་ཆུ་མིག་བརྒྱ་རྩ་ལ་བཏང་། གཉན་ཁྲོད་ཉིན་བདུན་བཅད་དུ་བཏང་བས་ཐམས་ཅད་ཀྱིས་རང་རྒྱུད་མཐུན་པའི་ཉམས་རྒྱུགས་མང་པོ་ཕུལ། དེའི་ནང་ཨོ་རྒྱན་ལགས་ནས་འདི་སྐད་ཕུལ་ལོ། །
སྐྱབས་གནས་གཅིག་བསྡུས་རྗེ་བཙུན་མཆོག་ལ་འདུད། །ལྷ་འདྲེ་རང་སར་གྲོལ་བར་བྱིན་གྱིས་རློབས། །ལྷ་འདྲེ་ཕྱི་ལ་བཙལ་བས་ནང་ནས་རྙེད། །བདག་འཛིན་རེ་དོགས་ལས་གཞན་ལྷ་འདྲེ་མེད། །རྣམ་རྟོག་ངོ་བོར་བལྟས་པས་ཚུགས་མི་ཐུབ། །རྣམ་རྟོག་གྲོལ་བས་ལྷ་འདྲེ་དེ་ག་རང་། །དུག་ལྔ་རྣམ་རྟོག་ན་ཚ་ཆོ་འཕྲུལ་ལྷོངས། །རིག་པ་གཞི་མེད་རྩ་བྲལ་ཁྲོས་མ་ཡིས། །ཚར་ལྷོངས་ཆོད་གསུམ་དུས་གཅིག་ཀུན་རྫོགས་ནས། །ཟབ་དོན་གཅོད་ཡུལ་མ་ལུས་ཀུན་གྲོལ་ཤོག །སོགས་རྒྱུགས་མང་དུ་ཕུལ། ཕུང་པོ་གཟན་སྐྱུར་ཉིན་སྙེ་ཕུ་གཟིམ་ཁང་གི་ཨ་ཅེ་ཞིག་ན་ནས་འདིར་སླེབས་ཏེ་ཤི་བས་བླ་མ་རིན་པོ་ཆེ་ནས་རྟེན་འབྲེལ་ཡང་ལེགས་བྱུང་གསུངས། ངེད་བླ་སློབ་ཚང་མ་དེའི་ནུབ་མོ་གཉན་ཁྲོད་ཕུང་པོའི་སར་བཅད་པས་ཚར་ཚད་ཆོད་ཚད་མཐར་ཕྱིན་པ་བྱུང་། གནས་གསར་བླ་མ་འཇམ་དབྱངས་རིན་པོ་ཆེ་ཕེབས། གན་པ་གདོང་པོའི་ཆོས་དྲུང་པདྨ་ཆོས་སྒྲོན་ནས་སྦྱིན་བདག་ཞུས་ཏེ་སྨན་སྒྲུབ་ཅིག་ཚུགས།
ཡང་སྟེ་ཕུ་གཞིས་ཀའི་ཨ་ཁུའི་ཕྲུ་གུ་གཅིག་ཤི་ནས་ང་ལ་འཕོ་བ་འདེབས་རོགས་ཟེར་བར་སླེབས་བྱུང་། ངས་ཨ་ཁུ་རང་ཡང་སྡོད་འཕོ་བ་མཉམ་དུ་བཏབ་ཆོག་བྱས་ཏེ་འཕོ་བ་བརྒྱབ་པས་ཨ་ཁུ་ཡང་བརྒྱལ་ནས་ཁ་གྲགས་རྒྱུ་མི་འདུག །བུམ་ཆུ་གཏོར་བས་གསོས་ཏེ་ང་བདེ་བ་ཅན་དུ་སླེབས་ཡོད་པས་སྐད་བཏང་སྟེ་འདིར་སླེབས་པས་འགྱོད་ཟེར། ཡང་སྐབས་ཤིག་ང་ན་ནས་གང་བྱས་ཀྱང་ཕན་པ་མ་བྱུང་བས་མཆེད་སློབ་རྣམས་ཀྱིས་ཞབས་རིམ་ཅི་ཞུ་དྲིས་པས་ང་ལ་གང་ཡོད་ཚད་དེས་མ་ཎིའི་སྒྲུབ་པ་ཞིག་ཚུགས་སྨྲས་པས་དེའི་ནུབ་མོ་རྨི་ལམ་ལ་མི་དཀར་པོ་ཞིག་ཡོང་ནས་མ་ཎིའི་སྒྲུབ་པ་བཙུགས་ན་སྦྱིན་བདག་བགྱིའོ་ཟེར་ནས་ཉིན་གཉིས་སོང་བ་དང་ལྷ་ས་ནས་སྤང་མདའི་ཉི་བྱང་གཤེགས་པའི་བསྔོ་རྟེན་དངུལ་ཊཾ་དཀར་སྲང་བཅོ་ལྔ་འབྱོར་བས་དེས་གཞི་བྱས་ནས་མ་ཎིའི་སྒྲུབ་པ་འཕྲལ་དུ་ཚུགས། དེ་མཚམས་ཤིག་ལ་འཁྲུལ་ཞིག་རིན་པོ་ཆེ་ཆེད་མངགས་ཕེབས་ནས་སེམས་ཉིད་རིན་པོ་ཆེ་ལ་དགོངས་པ་ཞུས་ཏེ་ཡར་འབྲོག་ལ་ཡོང་ན་དགོས་དོན་ཆེན་པོ་ཡོད་གསུངས་པས་ཁྱེད་རྣམས་བླ་སློབ་རྙིང་པ་ལགས་པས་བཀའ་མོལ་གནང་། ང་ཁམས་པ་ཨ་སྐྱོ་བས་ཅི་གང་ཡང་མི་ཤེས་གསུངས་བྱུང་། ང་ཉིན་བཅོ་ལྔ་ལས་འགྲོ་འདོད་མ་བྱུང་བས་དགོངས་པ་ཞུས། དེ་ནས་ཟླ་ཤས་མཚམས་མཆེད་གྲོགས་མདོ་སྔགས་རིག་གྲོལ་ལགས་སུ་ན་བཟའ་འབུལ་རྒྱུ་བཅས་བཏང་བས་འཁྲུལ་ཞིག་རིན་པོ་ཆེ་ཞིང་དུ་གཤེགས་ཚར་སོང་ཟེར་བས་ད་ཅི་དྲག་བླ་མ་ཞིང་དུ་གཤེགས་ནས་བཀའ་བཅག་པས་ཤིན་ཏུ་འགྱོད་དེ་ངུས་པས་སེམས་ཉིད་རིན་པོ་ཆེས་ད་ཅི་ཕན་བླ་མའི་གདམས་ངག་མ་བརྗེད་པ་བྱས་ན་ལེགས་གསུངས། དགོངས་རྫོགས་སུ་དེ་ནས་བཟུང་ལོ་རེ་ལ་ཟླ་བ་དགུ་པའི་ཚེས་ལྔ་ནས་ཞག་བདུན་གསུམ་རིང་མུན་མཚམས་དམ་པོར་ལོ་རེ་ཆག་མེད་བསྡད། གསུང་བཅག་པའི་སྡིག་བཤགས་དྲིལ་བུ་སོགས་བརྡུངས་དེ་ཕུལ། དེ་སྐབས་བཙུན་མ་དཀོན་མཆོག་སྒྲོལ་མས་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །
སེམས་ངོ་སྤྲད་པའི་དྲིན་ཆེན་བླ་མ་ལ། །ཁ་ཙམ་མ་ཡིན་སྙིང་ནས་གསོལ་བ་འདེབས། །ཆོས་སེམས་སྙིང་ནས་སྐྱེ་བའི་སྙིང་གྲོགས་ལ། །སེམས་དོན་ཕྱོགས་ཀྱི་དྲིས་ལན་འདི་ལྟར་ཞུ། །བློ་གཅིག་ལ་དྲིལ་ན་དོན་ཀུན་འགྲུབ། །སེམས་ཡིད་གཉིས་མང་པོ་བདུད་ཀྱི་རྒྱུ། །མི་ངན་པར་འགྲན་ན་རང་མགོ་ཕུང་། །རྗེ་བླ་མ་གོང་མའི་མཛད་པར་ཞུགས། །ཆོས་སྤང་བླང་ཤེས་པ་གཙོ་ཆེ་བསམ། །རྐྱེན་ཐོག་ཏུ་ཁུར་བ་ཟབ་བོ་བསམ། །སེམས་བདེ་སྡུག་རྗེས་གཅོད་སྤངས་ན་བསམ། །སེམས་གང་ཤར་མཁན་པོ་བསྐྱངས་ན་བསམ། །མ་རྒན་མོས་ཞལ་གདམས་གང་དྲན་བྲིས། །དེ་ནས་རྒྱལ་རོང་ནམ་སྤྲུལ་རིན་པོ་ཆེ་ཕེབས་ནས་རྟ་ཁྱུང་དང་ཡང་གསང་གི་དབང་། རིན་པོ་ཆེའི་ཡབ་དགྲ་ཟླ་ཀརྨའི་དགོངས་གཏེར་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་། འཇིགས་གླིང་གི་གསུང་ཐོར་བུ་པོད་གཅིག་གི་ལུང་བཅས་སེམས་ཉིད་རིན་པོ་ཆེ་ལྷན་དུ་ཞུས། ནམ་སྤྲུལ་རིན་པོ་ཆེ་གངས་རིར་ཕེབས་ནས་ཞག་འགའ་བཞུགས། མར་ལམ་འདིར་ངའི་སར་ཕེབས། སྐུ་ཉིད་ཀྱི་དགོངས་གཏེར་རོ་སྙོམས་རྟོགས་པའི་རྒྱང་གླུའི་ཁྲིད་ལུང་གཅོད་ཟབ་དོན་སྤྲིན་ཕུང་གི་དགོངས་གཏད་ཁྲིད་ལུང་བཅས་གནང་། ཕེབས་ཁར་གསུང་མགུར་འདི་ལྟར་གནང་ངོ་། །
ཨེ་མ་ཧོ། རྗེ་བླ་མའི་ཐུགས་རྗེ་ཟླ་བའི་ཟེར། །བདག་ལས་ཅན་རྣམས་ཀྱི་སྙིང་ལ་ཤར། །མ་མཁའ་འགྲོའི་ཚོགས་དཔོན་ཆོས་ཉིད་བཟང་། །ཁྱེད་ལབ་ཀྱི་སྒྲོན་མའི་འཕྲིན་ལས་གར། །བདག་སྔོན་ནས་འབྲེལ་བའི་ཐུགས་ཀྱི་སྲས། །བུ་རྒྱལ་བ་དོན་གྲུབ་མ་ལགས་སམ། །གླུ་སྙན་པའི་ངག་ལ་ཚུར་གསོན་དང་། །ཡིད་མོས་པའི་སྒོ་ནས་དད་ཕྱག་འཚལ། །སྤྱིར་གསང་ཆེན་བླ་མེད་རྡོ་རྗེ་ཐེག །སྒོས་རོ་སྙོམས་ཟབ་མོ་གཅོད་ཀྱི་གཞུང་། །བདུད་རྣམ་བཞི་དབྱིངས་སུ་གཅོད་པའི་ཕྱིར། །ལམ་འདིར་ཞུགས་མྱུར་ལམ་རྨད་ཀྱི་ཆོས། །བདག་འཁྲུལ་བའི་ཉམས་ལ་ཅི་ཡང་ཤར། །འདི་དགོས་གལ་མེད་སྙམ་རང་བབ་བཞག །སླར་གནས་ཡུལ་ངེས་མེད་ཀུན་ཏུ་ཉུལ། །གནས་སྒྲུབ་རིའི་རྒྱལ་པོ་གངས་རིའི་ཐོད། །རི་རྡོ་རྗེ་ཕག་མོའི་བཀོད་པས་མཛེས། །མ་མཁའ་འགྲོ་རྒྱ་མཚོ་སྤྲིན་ལྟར་གཏིབ། །སྔོན་ལས་སྨོན་རྟེན་འབྲེལ་དུས་སུ་སྨིན། །ཚིག་རང་བྱུང་བརྡ་དང་དཔེ་ཆར་ཤར། །རྗེ་ཉིད་ཀྱི་རྟེན་འབྲེལ་བརྡ་སྒོ་དབྱེ། །གནད་དེ་ཡི་འཆར་སྒོ་མ་འགགས་ན། །དུས་རེ་ཞིག་སྒྲུབ་སྐོར་ཆ་ཚང་ཞིག །ལག་སོར་རྩེས་རི་མོ་འདུ་བྱས་ཏེ། །རྗེ་ཉིད་ཀྱི་ཕྱག་ཏུ་ཕུལ་བྱུང་ཚེ། །དོན་དེ་ཕྱིར་ཐུགས་ཉམས་བཞེས་པ་དང་། །གཞན་དད་མོས་ལྡན་པའི་འཁོར་སློབ་འབངས། །དེ་རྣམས་ལ་ཟབ་མོའི་ཆོས་སྒོ་ཕྱེ། །མཆོག་ཐུན་མོང་དངོས་གྲུབ་རྣམ་གཉིས་ཞུ། །རང་གཞན་གྱི་དོན་གཉིས་ཕུན་སུམ་ཚོགས། །དུས་རེ་ཞིག་རང་ཡུལ་ཕྱོགས་ལ་འགྲོ། །སླར་ལན་གསུམ་མཇལ་བའི་རྟེན་འབྲེལ་དང་། །རྐྱེན་ཕྱི་ནང་གསང་བའི་བར་ཆད་ཞི། །ཚེའི་ལྷག་མ་རི་ལ་གནས་པར་ཤོག །མཐར་ནམ་ཞིག་ཚེ་ཡི་དུས་བྱས་ཚེ། །དཔལ་རིག་འཛིན་མཁའ་འགྲོའི་བསུ་མ་བཅས། །ཞིང་དག་པ་རྔ་ཡབ་པདྨ་འོད། །ཞལ་ཡང་ཡང་མཇལ་བའི་སྨོན་ལམ་ཞུ། །ཞེས་པའི་གསོལ་སྨོན་གྱི་ཚིག་རིས་ཆལ་མ་ཆོལ་དང་ལྷ་རྫས་རབ་དཀར་ཟླ་བའི་མདངས་འཛིན་རིན་ཆེན་དང་པོ་སྒོར་གཅིག་རིན་ཆེན་གཉིས་པ་སྒོར་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ལ་བགྲོད་པའི་རྟེན་འབྲེལ་མཚོན་བྱེད་དུ་བཀྲ་ཤིས་དགེ་བའི་ཡར་ཚེས་བཟང་པོར་ངེས་དོན་འོད་གསལ་བསྟན་འཛིན་ནམ་མིང་གཞན་ཡིད་བཞིན་དབང་གི་རྒྱལ་པོས་ཕུལ་ཞེས་ཕེབས་ལན་དུ་འདི་ལྟར་གསོལ་བ་བཏབ་བོ། །
རྗེ་སྐྱབས་གནས་ཀུན་འདུས་རིགས་ཀྱི་བདག །ཕ་སེམས་ཉིད་བདེ་ཡངས་དྲི་མེད་ལ། །བདག་གསོལ་བ་འདེབས་སོ་བྱིན་གྱིས་རློབས། །ཉིད་སྐུ་ཚེ་མཛད་འཕྲིན་རྟག་རྒྱས་མཛོད། །སྙན་གསོན་དང་བླ་མ་རིན་པོ་ཆེ། །སྤྲང་རྒན་མོ་ཐ་མལ་རིར་ཉལ་ལ། །ཡོན་ཏན་གྱི་རྣམ་པ་མ་མཆིས་ཀྱང་། །མ་ལབ་སྒྲོན་དུ་བཟུང་ནས་དད་པ་དེ། །ཁྱེད་དག་སྣང་ཕྱོགས་མེད་འབྱོང་རྟགས་ཡིན། །འོན་ཀྱང་ནི་དད་པ་རྟེན་སྟོབས་ཀྱིས། །རྒན་མོའང་ཁྱི་སོས་གྲོལ་བ་ན། །སྤྲང་བདེ་གཤེགས་སྙིང་པོ་ཡོད་པ་ཡིས། །ཐུགས་མོས་གུས་གནང་ན་བྱིན་རླབས་འཇུག །རྗེའི་ཟབ་གཏེར་གང་ཤེས་ཉམས་ལེན་ཞུ། །ཇི་ལྟར་དུ་གསུངས་པའི་དགོངས་བཞེད་ཀུན། །དེ་ཡོངས་སུ་འགྲུབ་པའི་མཐུན་འགྱུར་ཞུ། །ངེས་པའི་དོན་འོད་གསལ་རྫོགས་པ་ཆེའི། །བསྟན་འཛིན་གྱི་སྐྱེས་བུ་རིན་པོ་ཆེ། །སྐུ་ཚེ་ཡི་ཞབས་པད་བསྐལ་བརྒྱར་བརྟན། །གཏེར་གྱི་འགྲོ་དོན་ཕྱོགས་བརྒྱར་ཁྱབ། །དངོས་ལན་གསུམ་མཇལ་བ་མ་ཟད་པར། །ནམ་ཡང་འབྲལ་མེད་ཐུགས་ཡིད་འདྲེས། །མ་འགྲོ་ཀུན་པདྨའི་ཐུགས་ཀློང་དུ། །ཕྱམ་གཅིག་ཏུ་འདྲེན་པའི་བྱེད་པོར་ཤོག །གངས་ཐོད་ཀྱི་ཤུག་གསེབ་ཌཱཀྐི་ཡི། །དགའ་ཚལ་གྱི་དབེན་གནས་མཚམས་མལ་ནས། །སྤྲང་མ་ཎི་ལོ་ཆེན་རིག་ཆོས་མས། །བཀའ་ཕེབས་ལན་གང་དྲན་གུས་པས་ཕུལ། །
ཞེས་མ་བུ་ལྟ་བུའི་འདུ་ཤེས་འབྲལ་མི་ཕོད་པའི་ངང་ལ་ཕེབས་སོང་ངོ་། །ཡང་འཇམ་དབྱངས་རིན་པོ་ཆེ་ཕེབས། ངས་སྦྱིན་བདག་བྱས་ཏེ་སྨན་སྒྲུབ་ཅིག་ཚུགས་སྐབས་འཇའ་འོད་འཁྲིགས་པ་སོགས་རྟགས་མཚན་བཟང་པོ་བྱུང་། སྐྱབས་རྗེ་སེམས་ཉིད་རིན་པོ་ཆེ་སྐུ་ཞིང་མ་གཤེགས་བར་ལོ་རེ་ཟླ་བ་དྲུག་པའི་ཚེས་བཅུ་དང་། ཟླ་བ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཀྱི་དུས་ཆེན་ལས་གཞན་ཚོགས་མང་པོ་ཕུལ་སྲོལ་མེད་ཀྱང་དེ་ལོ་སྦྱིན་བདག་ཚལ་སྣ་གཞིས་དང་གྲོང་སྨད་སོགས་གསུངས་གནང་། སང་ཕོད་ང་ཚོ་མཉམ་དུ་སྡོད་རྒྱུ་ཡོད་མེད་མི་ཤེས། ད་ལོ་ཚོགས་རྒྱ་ཆེན་པོ་ཕུལ་ལ་འདིར་སྡོད་གསུངས། ལོ་དེར་ལྷ་སའི་སྐུ་དྲག་སོགས་ཡོང་སྟེ་ཚོགས་འབུལ་མི་མང་པོ་བྱུང་། དེ་ནས་དམ་སེལ་ཅན་གྱི་མིས་ཐུགས་དཀྲུག་པའི་རྐྱེན་གྱིས་ཟླ་བ་བཅུ་གཉིས་པ་ནས་སྙུང་གཞི་བཞེས། ཟླ་བ་དང་པོའི་ཚེས་ཤར་ནས་ཅུང་དྭངས། ཡང་བསྙུངས་པས་ལྷ་བླ་ཀུན་ལ་བརྟག་ལུང་ཞུས་ནས་ཞབས་རིམ་ཞུ་ཆོག་པ་ཞུས་པས། རྒྱུན་དུ་ཞབས་རིམ་སོགས་བྱེད་དུ་མི་བཅུག་ཀྱང་ཞབས་རིམ་གང་ཡོད་ཁྱེད་རྣམས་བློ་ཁ་རྫོགས་ཕྱིར་གྱིས་གསུངས། ཞབས་བརྟན་ཇི་ལྟར་ཞུས་ཀྱང་བཞུགས་རྒྱུའི་ཞལ་མ་བཞེས། ཟླ་བ་གསུམ་པའི་ཚེས་གཅིག་ཉིན་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་གཟུགས་སྐུའི་བཀོད་པ་བསྡུས་པར་གྱུར་ཏོ། །
དེ་ནས་སེམས་མྱ་ངན་གྱིས་མནར་ནས་གདུང་ཤུགས་དྲག་པོས་གསོལ་བ་འདི་ལྟར་བཏབ་བོ། །ཀྱེ་མ་ཀྱི་ཧུད་སྐྱབས་འདུས་ཐུགས་རྗེ་ཅན། །སེམས་ཉིད་བདེ་ཡང་ཀ་དག་དྲི་མ་མེད། །པདྨ་དྲག་པོ་འོད་ཟེར་གོ་ཆ་རྩལ། །རྟག་འཛིན་བློ་ངན་དྲུང་ནས་འབྱིན་པའི་ཕྱིར། །གཟུགས་སྐུའི་འོད་ཟེར་ཆོས་སྐུའི་རྟ་བདུན་དལ། །བསྡུས་ཀྱང་སླར་ཡང་ཆད་ལྟ་ལས་གྲོལ་ཕྱིར། །དམ་པའི་ཚུལ་དགུས་བརྒྱན་པའི་ནིརྨ་ཀ །ཤ་མོ་རློན་པས་སྤང་རྡོལ་ཇི་བཞིན་དུ། །མྱུར་དུ་བྱོན་ནས་ཞིང་འདིའི་བསྟན་པ་སྐྱོངས། །ཁམས་གསུམ་འཁོར་བ་དོང་སྤྲུགས་མཛད་དུ་གསོལ། །གདུལ་བྱ་མྱ་ངན་ཐང་དུ་མ་འཕྱན་པར། །ཀུན་བཟང་གདོད་མའི་རྒྱལ་སར་དབུགས་དབྱུང་སྩོལ། །ཅེས་གསོལ་བ་བཏབ་ཅིང་དུས་གསུམ་སངས་རྒྱས་དང་འོག་མིན་ཆོས་ཀྱི་སོགས་བསྲེས་ཏེ་འབུམ་ཐེར་བསགས། སྐུ་གདུང་དངུལ་གདུང་གཅིག་དང་ས་གདུང་གཅིག་བཞེངས། དངུལ་གདུང་རྗེ་ཉིད་ཀྱི་བཀའ་བཞིན་ཡར་ལུང་ཚེ་རིང་ལྗོངས་སུ་ཕུལ། ས་གདུང་དང་ཚ་གུ་རིན་པོ་ཆེས་འདྲ་སྐུ་བཞེངས་ཏེ་ཤུག་གསེབ་ཏུ་བཞུགས། གཤེགས་ལོ་ནས་བཟུང་ཟླ་བ་གསུམ་པའི་ཚེས་གཅིག་ནས་དབུ་འཛུགས་ཀྱིས་སྨན་སྒྲུབ་དང་མ་ཎིའི་སྒྲུབ་པ་རེས་མོས་སུ་ལོ་ལྟར་ཆག་མེད་དུ་བསྒྲུབས། ད་བླ་མ་རིན་པོ་ཆེ་ནི་ཞིང་དུ་གཤེགས། ཨ་མ་ཡང་འདས། ང་སྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེའི་བཀའ་དང་མ་སྤྲུལ་རིན་པོ་ཆེའི་བཀའ་དང་ཐུགས་བརྟག་ལྟར་ཇོ་མོ་མཁའ་རེག་ཏུ་མི་འགྲོ་ཅི་བྱེད་སྙམ། བླ་མ་བཀྲ་ཤིས་འོད་ཟེར་གྱི་སྐུ་མཆེད་ཨ་ཎི་ཤམ་ཐབས་དཀར་པོ་ཞེས་པ་དེ་དང་མཉམ་དུ་འགྲོ་རྒྱུའི་ཐག་བཅད། གསང་གྲོས་བྱས་ཀྱང་འགྲོ་བར་རྩོམ་པའི་སྐབས་ཚ་གུ་རིན་པོ་ཆེ་དང་མཆེད་སློབ་བགྲེས་པ་དག་གིས་མཁྱེན་ནས་ཁྱེད་རང་གཞན་དུ་ཕེབས་རྩིས་ཡོད་འདྲ། དེ་ལྟར་མཛད་ན་བླ་མ་ཞིང་དུ་གཤེགས་པ་མ་ཟད་ཁྱེད་རང་ཡང་གཞན་དུ་ཕེབས་ཚེ་གནས་འདིར་ཤུལ་འཛིན་མེད་པར་མཛད་ཕོད་དམ་ནན་གསུང་གི་མ་ལྡོག་པར་སྡོད་དགོས་བྱུང་། ཚ་གུ་རིན་པོ་ཆེ་ནས་ཨ་ཎི་ཤམ་དཀར་ལགས་ངའི་སར་ཡོང་མ་བཅུག་པས་གངས་རི་ནས་ལྟོ་བསྐུར་ཏེ་ལྷ་ས་སོགས་ལ་བཏང་ནས་འདིར་སྡོད་མ་བཅུག །དེ་སྐབས་འདུ་འཛི་ལ་སྐྱོ་ཞིང་དབེན་པར་སྨོན་པའི་གླུ་འདི་བླངས་སོ། །
རྒྱལ་བ་སྲས་བཅས་ཀུན་འདུས་བླ་མར་འདུད། །དབེན་པའི་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། །མང་པོར་འདུ་ཞིང་བསམ་གཏན་འཛི་བའི་ཁྲོད། །ཆོས་ཀྱི་བར་ཆད་འདི་ཡིས་ཡིད་སུན་ནས། །ཆོས་བརྒྱད་ངོ་སྲུང་ཆམ་གྱིས་བཞག་བྱས་ཏེ། །གོང་མས་གྲུབ་པ་བརྙེས་པའི་དབེན་ཁྲོད་དུ། །གཅིག་པུར་བསྲན་ཚུགས་ཚེ་དང་སྒྲུབ་པ་མཉམ། །ཆུ་དང་ལོ་མ་ཏིང་འཛིན་བཟའ་བཏུང་སྤྱོད། །བྱ་དང་རི་དྭགས་བདེ་བའི་གྲོགས་དང་འགྲོགས། །རིག་པ་ངང་དྭངས་དབྱིངས་རིག་འདུ་འབྲལ་མེད། །བྱིང་རྒོད་སྐྱོན་བྲལ་དཀོར་དང་འཐབ་རྩོད་མེད། །སྣང་བཞི་མཐར་སོན་འཁོར་བ་དོང་ནས་སྤྲུགས། །རྗེ་བཙུན་མི་ལའི་རྣམ་ཐར་ཟིན་པར་ཤོག །ཅེས་སྨྲས་སོ། །
སེམས་ཉིད་རིན་པོ་ཆེ་ཞིང་དུ་གཤེགས་པ་ནས་བཟུང་སྤྱིར་ཀུན་མཁྱེན་ཀློང་ཆེན་པའི་གདན་ས་སྒོས་སུ་བླ་མའི་གདན་ས་ལགས་པས་དེ་མ་ཉམས་པ་ཞིག་མ་བྱས་ན་མི་ཡོང་བསམས་ནས་བཤད་སྒྲུབ་གཉིས་ལྡན་གྱི་བསྟན་པ་སྐྱོང་བའི་སློབ་མ་མང་དུ་འཕེལ། རྒྱུན་གནས་སུམ་བརྒྱ་ལྷག་ཙམ། ཆོས་འབྲེལ་ཡོད་པ་སྟོང་ཕྲག་མང་པོ། འགྲོ་དོན་ནུས་པའང་ཁ་ཤས་བྱུང་། དེའི་ནང་མཁས་ཤིང་གྲུབ་པ་ཨོ་རྒྱན་ཆོས་འཛོམས་ཀྱིས་འཕྲིན་ལས་བསྐྱངས་ཏེ་སྔོན་འགྲོ་ནས་བཟུང་སོ་སོ་གང་ལ་གང་དགོས་ཀློང་སྙིང་བསྐྱེད་རྫོགས་རྒན་པ་རྣམས་ལ་སྤྱོད་འཇུག་བཤེས་སྤྲིངས་ཡོན་ཏན་མཛོད་སོགས་དང་། ཆུང་བ་རྣམས་ལ་གང་གི་བློ་གྲོས། བྱང་ཆུབ་སེམས་མཆོག་ཡོན་མཛོད་བསྡུས་དོན། ཆོས་བཞི་རིན་པོ་ཆེའི་སྡོམ་ཚིག་ཚིག་བདུན་གསོལ་འདེབས་རྒྱས་བསྡུས་སོགས་ཀྱི་ཁྲིད་བྱས། དགུན་ཁ་རྩ་གསུམ་ཡི་དམ་སོ་སོའི་བསྙེན་སྒྲུབ་ལ་བརྩོན། ཡང་དགོངས་རྫོགས་སྨན་སྒྲུབ་ཚུགས། འཁྲུལ་ཞིག་རིན་པོ་ཆེའི་དངོས་སློབ་བླ་མ་དབུ་རས་ཀྱི་སློབ་མ་རས་དགོན་གྱི་ཨ་ཎི་དོན་ཡོད་སྒྲོལ་མ་ཕེབས། ཁོ་རང་ལ་བླ་མས་ལུང་བསྟན། འཁྲུལ་ཞིག་རིན་པོ་ཆེའི་དངོས་སློབ་ཡང་ཏིའི་བསྟན་པ་སྤེལ་ནུས་པ་ཤུག་གསེབ་རྗེ་བཙུན་ལོ་ཆེན་མ་གཏོགས་མི་འདུག་ན་དེར་ཐུགས་ཐིག་སྐོར་བཞིའི་དབང་ལུང་ཁྲིད་གསུམ་ཞུས་ཞེས་པའི་ཞལ་ཆེམས་ཡོད་པས་ང་ལ་གནང་རོགས་ཞུ་གསུངས་པས་ངས་གཞན་ལ་དབང་ལུང་སྟེར་རྒྱུ་འཁྲུལ་ཞིག་རིན་པོ་ཆེའི་བཀའི་གནང་བ་ཐོབ་ཀྱང་དཔེ་ཆ་དང་ཙཀ་ལི་སོགས་མེད་བྱས་པས་དཔེ་ཆ་བླ་མ་དབུ་རས་ཀྱིས་གནང་བ་ཁོང་རང་ལ་ཡོད། ཙཀ་ལི་མདོ་སྔགས་རིག་གྲོལ་ལགས་ནས་ཁྱེར་མ་བསྒྲིགས་རྟེན་འབྲེལ་བྱུང་བར་བརྟེན་ཨོ་རྒྱན་ལགས་དང་ཨ་ཎི་དོན་ཡོད་སྒྲོལ་མ་གཉིས་ལ་དབང་བསྐུར་ནས་མུན་མཚམས་ཤིག་ལ་བཞག་པས་ཨོ་རྒྱན་ཆོས་འཛོམས་ཀྱིས་བདུན་སོ་སོར་རྟོག་རྒྱུགས་ཕུལ། དོན་ཡོད་སྒྲོལ་མ་རྩ་སྒོ་ཡངས་པས་འཆར་སྒོ་མང་ཡང་རིག་ཚོ་མ་ཟིན་པའི་རྐྱེན་གྱིས་མཚམས་ཁང་ནས་ཕྱིར་ཐོན། དྲན་པ་གསོས་སྐབས་ལུས་རིད་ཡུད་ཙམ་བརྒྱལ་བ་བྱུང་། དེ་ནས་བཟུང་ཡང་ཏིའི་སྒོ་ནས་གང་ཟག་གི་རྒྱུད་དང་བསྟུན་པའི་ངོ་སྤྲོད་བོགས་འདོན་སོགས་ལེགས་པར་བྱས། དེ་ནས་སྨན་སྒྲུབ་ཅིག་ཀྱང་ཚུགས་རན། རྨི་ཕྱིར་བྱུང་བས་ལམ་ཡང་བཟང་པོ་ཞིག་རྨིས་པ་དང་ཁམས་སེར་རྟ་དགོན་གྱི་སྤྲུལ་སྐུ་ཆོས་ཉིད་གསལ་སྟོང་དཔོན་གཡོག་གཉིས་ཕེབས། བླ་མ་མཇལ་སྤྲོ་བ་ཞིག་འདུག་པས་ཁྱེད་བླ་སྤྲུལ་ཇི་འདྲ་ཞིག་ཡིན་དྲིས་པས་ང་ནི་བླ་སྤྲུལ་གང་ཡང་མིན། བན་རྒན་ཤི་བ་ཞིག་གི་རྣམ་ཤེས་ཡིན་གསུངས། ང་རང་གི་རྨི་ལམ་ལྟར་གུ་རུའི་སྤྲུལ་པ་ཡིན་པར་ཐག་བཅད། སྐྱབས་རྗེ་དམ་པ་ཞིང་གཤེགས་སྟབས་སྐུ་ཚབ་ཁྱད་མེད་འདིར་བཞུགས་རོགས་ཞུས་པས་དགུན་ཁ་ཞིག་བཞུགས། སྙིང་ཐིག་ཡ་བཞིའི་དབང་། སྒྱུ་འཕྲུལ་གསང་སྙིང་གི་དབང་ཁྲིད། ངེས་ཤེས་སྒྲོན་མའི་ཁྲིད་བཅས་ཞུས། དེ་ནས་བླ་མ་ཕེབས་གྲབས་མཛད་པས་ངེད་ཚོ་ཚང་མས་བཞུགས་རོགས་ཞུས། བླ་མའི་བཀའ་མ་འཁྲོལ་བས་བཞུགས་ཐབས་གཏན་ནས་མེད་གསུངས། ཕེབས་ཁར་སྔོན་གུང་ཐང་ལ་ཐོག་གུ་རུ་གཤེགས་ཁ་ལྟར་སེམས་སྡུག་ཆེ་བར་བྱུང་བས་འདི་ལྟར་སྨྲས་སོ། །
ན་མོ་གུ་རུ་པདྨ་ས་ག་ར་ཨ་ཧོ། །དག་པ་གཉིས་ལྡན་ཆོས་ཉིད་རྒྱལ་ཀུན་གྱི་དགོངས་གསང་། །འོད་གསལ་སྒྱུ་འཕྲུལ་དྲྭ་བའི་རིལ་གར་གྱི་ཕོ་ཉས། །སྟོང་ཞིང་བདག་འཛིན་མེད་ཀྱང་འགྲོ་འདུལ་གྱི་གཟུགས་སྐུ། །དཔལ་ལྡན་བླ་མའི་ཞབས་པད་རྟག་བརྟན་དུ་གསོལ་འདེབས། །ནམ་མཁའི་དབྱིངས་ལས་འཕུར་བའི་བྱ་རྒྱལ་གྱི་རྒོད་སྒྲོ། །ལྷོ་རོང་ནགས་སུ་སྐྱེས་པའི་ཚིགས་གསུམ་གྱི་སྙུག་མ། །དུས་བཏབ་མེད་ཀྱང་ལྷན་དུ་མདའ་མཁན་ལག་འཛོམས་ལྟར། །མདོ་ཁམས་སྨད་ན་བཞུགས་པའི་མཁས་གྲུབ་ཀྱི་བླ་མ། །ཟ་ཧོར་སྟོད་དུ་སྐྱེས་པའི་མ་ཎི་ཡི་རྒན་མོ། །རིང་ནས་དུས་བཏབ་མེད་ཀྱང་ཀུན་མཁྱེན་གྱི་གདན་སར། །ལྷན་ཅིག་འཕྲད་ནས་སྨིན་གྲོལ་བུད་རྩི་ཡི་དགའ་སྟོན། །ཅི་དགར་སྤྱོད་པའི་བཀའ་དྲིན་བློ་ཡུལ་ལས་བརྒལ་ལོ། །འདི་གའི་བླ་མའི་རྒྱལ་ཚབ་རིང་བཞུགས་སུ་གསོལ་ཀྱང་། །འདུས་བྱས་མཚན་ཉིད་རང་གཤིས་མངོན་སུམ་དུ་སྟོན་ཕྱིར། །སོ་སོར་འབྲལ་བ་ཡིད་སེམས་སྡུག་བསྔལ་གྱིས་ནོན་ཡང་། །བླ་མའི་བཀའ་མ་འཁྲོལ་ཕྱིར་ཅི་བྱ་ནི་གཏོལ་མེད། །འོན་ཀྱང་སྒྱུ་འཕྲུལ་དྲྭ་བ་སེམས་ཉིད་ལ་རྫོགས་ནས། །ཐུགས་ཡིད་དབྱེར་མེད་སྐུ་གསུམ་རང་ཆས་སུ་ལྷུན་གྲུབ། །དེ་ཕྱིར་ཆོས་ཉིད་གསལ་སྟོང་འབྲལ་མེད་ཀྱི་རང་གཤིས། །རྩལ་རྫོགས་འཁོར་བ་དོང་སྤྲུགས་གསོལ་སྨོན་ཞིག་འདེབས་སོ། །ཕེབས་ལམ་བཀྲ་ཤིས་བདེ་ལེགས་མཛད་འཕྲིན་ཀུན་རྒྱས་ཤིང་། །འགྲོ་དོན་འཁོར་བ་ཡོངས་སྟོང་རླབས་ཆེན་མཐར་ཕྱིན་ཏེ། །འདི་ཕྱི་བར་དོ་ཀུན་ཏུ་འབྲལ་མེད་ཀྱི་ངང་ནས། །མ་ཀུན་རྣམ་མཁྱེན་ཐོབ་པའི་བྱེད་པོ་རུ་ཤོག་ཅིག །བླ་མ་ལ་རྩེ་མ་བརྒལ་བར་ངས་སྟེང་ཐོག་ནས་གསོལ་འདེབས་གཡང་འགུགས་སོགས་བྱས་ནས་ཕེབས་སོང་རྗེས་སུ་རག་རི་ཁྲོད་ནས་འདི་ལྟར་གསུངས་ནས་བསྐུར་རོ། །
ཨེ་མ་གངས་དཀར་ཨ་དརྴ་ཡི་རི་སུལ་གྱི་དབེན་གནས། །མ་བཅོས་ལྷུན་གྲུབ་རྒྱལ་ཀུན་བཞུགས་གནས་ཀྱི་ཕོ་བྲང་། །གང་སྐུ་སྟོན་འཁོར་དབྱེར་མེད་སེང་ཆུང་གི་བུ་རྒྱུད། །དབྱིངས་ཆེན་མི་འགྱུར་ཀ་དག་ནོར་འཛིན་གྱི་ཁྱོན་ཡངས། །རིག་རྩལ་འདོད་ཡོན་མ་སྤངས་རང་གྲོལ་གྱི་དགའ་སྟོན། །སྐུ་གསུམ་སྟོན་པའི་རང་ཞལ་མཇལ་བ་དེ་ཨ་ཧོ། །ཀྱེ་མ་ཀྱི་ཧུད་ང་ཅག་དཔྱིད་དུས་ཀྱི་ཕོ་ཉ། །བོད་ཡུལ་མྱ་ངན་མེད་པའི་ཤིང་དྲུང་གི་ཚལ་གྱི། །དགའ་སྟོན་ལྷ་ཡི་རོལ་མོ་དེ་ཡུལ་ལ་བབ་ཀྱང་། །ལས་རླུང་གྲང་རེག་དབལ་ངར་ཚ་བ་ཡིས་གདུངས་ནས། །ལྷོ་ཕྱོགས་མོན་པའི་རྒྱལ་པོའི་བཀའ་རྟགས་ཀྱིས་བརྟབས་ཚེ། །རང་དབང་མེད་པར་མོན་གྱི་ས་ཆ་ལ་ཆས་འགྲོ། །ཨེ་མ་སྔོན་བསགས་བསོད་ནམས་ནམ་མཁའི་ཡི་དཀྱིལ་འཁོར། །རིག་སྟོང་ཨ་ཏི་ཡོ་གའི་ཉི་མ་ཞིག་ཤར་ཚེ། །ཀུན་གཞི་མུན་པའི་ཚོགས་རྣམས་སྐད་ཅིག་ལ་དེངས་ནས། །དབྱིངས་རིག་གཉིས་མེད་འཁོར་འདས་དག་མཉམ་གྱི་ངང་དུ། །རིག་རྩལ་ཡུལ་ལ་ཤར་ཡང་གཟུང་འཛིན་ནི་མ་མཆིས། །གང་སྣང་ལྷ་རུ་གྲོལ་བའི་དགའ་སྟོན་དེ་ཨ་ཧོ། །ཀྱེ་མ་ཀྱི་ཧུད་ལྟར་སྣང་ཆོས་བརྒྱད་ཀྱིས་བསླུས་ནས། །ལེགས་ལེགས་འགྲིག་འགྲིག་གཡོ་སྒྱུའི་ཟོལ་སྦྱོར་ལ་མཁས་པས། །མ་རྟོག་ཁ་ལྟ་མཐོན་པོས་གཞན་མགོ་ནི་སྐོར་སྐོར། །ནམ་ཞིག་འཆི་བདག་བདུད་པོ་གློ་བུར་དུ་བྱུང་ཚེ། །ཟུག་རྔུའི་འཁྲུལ་འཁོར་ངང་ནས་འོ་རྒྱལ་ཞིག་ཡོང་སྐད། །དེ་དུས་འུ་ཅག་བདག་ལ་ཐུགས་རྗེ་ཡིས་སྐྱོངས་ཤིག །ཨེ་མ་ཀུན་མཁྱེན་བརྒྱུད་པའི་སྲོལ་འཛིན་གྱི་བདག་མོ། །ཨ་མ་ཌཱཀྐིའི་ཟློས་གར་རིག་འཛིན་གྱི་རྗེ་མོ། །དེང་དུས་བུ་ལ་ཐུགས་རྗེ་ཆོས་ཉིད་ལས་སྐུར་བཞེངས། །མཁྱེན་བརྩེ་ནུས་པའི་བཅུ་དྲུག་ཆ་ལྡན་གྱི་ལང་ཚོ། །བདག་ཡིད་དད་པའི་ཆུ་གཏེར་མི་གཡོ་བའི་ཁམས་ལ། །ལེགས་བཟང་ཉིན་མོ་ལྟར་ཤར་བཀའ་དྲིན་འདི་ཨ་ཧོ། །ཀྱེ་མ་ཀྱི་ཧུད་བཀའ་དྲིན་འཁོར་མེད་ཀྱི་རྗེ་མོ། །སྔོན་སྦྱངས་བསོད་ནམས་རྣམ་དཀར་རྟེན་འབྲེལ་གྱི་མཐུ་ལས། །རེ་ཞིག་ཆར་ལྡན་གསེབ་ནས་སྣང་བྱེད་ཀྱི་ཚ་ཟེར། །གཉིས་སྣང་མུན་པའི་གཉེན་དུ་སྐད་ཅིག་ལ་ཤར་ཡང་། །མི་འགྱུར་བླ་མའི་གསུང་དང་མཆེད་ཚིག་འདི་ལྡོག་མེད། །མི་འདོད་བཞིན་དུ་བཙོན་རར་འགྲོ་དགོས་འདི་ཡིད་སྐྱོ། །ཨེ་མ་རྣམ་ཐར་གསུམ་ལྡན་ཆོས་དབྱིངས་ཀྱི་ཕོ་བྲང་། །རང་རིག་སྐུ་གསུམ་སྐུ་ལྔ་རིགས་བརྒྱ་ཡི་ཚོམ་བུ། །མ་འགགས་མ་ཞེན་སྣང་སྲིད་དག་མཉམ་གྱི་ཚོགས་འཁོར། །འབྲས་ཆོས་སྒྱུ་འཕྲུལ་དྲྭ་བའི་ལྷ་ཚོགས་ལ་ཕུལ་བས། །ངོ་ཤེས་རྩལ་རྫོགས་བརྟན་པ་དུས་གཅིག་ལ་ཐོབ་ནས། །དག་པ་གཉིས་ལྡན་གདེངས་བཞིའི་བཙན་ས་དེ་ཨ་ཧོ། །ཀྱེ་མ་ཀྱི་ཧུད་སྐལ་ལྡན་ལས་འབྲེལ་གྱི་ཆོས་གྲོགས། །གཞོན་པ་ཁྱེད་ཚོའི་དགོངས་པ་ལྷ་ཆོས་ལ་སྤྱོད་དང་། །མུ་ཏོ་དྷརྨའི་བསམ་པ་དེ་ཉིད་ཀྱིས་འགྲུབ་ཡིན། །འབྱུང་ལུས་ཟག་བཅས་ཕུང་པོ་ལྔ་ལམ་དུ་མ་གྱུར། །བསམ་པ་ཉེ་བཅད་ཉེར་འཚེའི་བར་ཆད་ལས་ཐར་ན། །གནས་མཆོག་དེ་མྱུར་འཁོད་པའི་སྐྱབས་འཇུག་ཅིག་ཞུ་འོ། །ཨེ་མ་རིག་གྲོལ་གཉིས་ལྡན་ལྷུན་གྲུབ་ཀྱི་ཁྱད་ཆོས། །ཟབ་གསང་སྒྱུ་འཕྲུལ་དྲྭ་བའི་ཆོས་སྐུ་ཡི་ཐིག་ལེ། །གཞན་དུ་མ་ཡིན་རྒྱལ་ཀུན་ཡེ་ཀློང་དུ་གཅིག་པས། །ད་ནི་རྩོལ་སྒྲུབ་མི་དགོས་རང་རིག་གི་ངོ་བོ། །མངོན་སུམ་ལེགས་པར་མཇལ་ལ་ཐེ་ཚོམ་ནི་མ་མཆིས། །སྤྲང་འཁྱམས་ངས་ཀྱང་ཞབས་བྲོ་ཅི་ཞིག་ནས་མི་བརྡུང་། །རེས་དགའ་རེས་སྡུག་འཁྲུལ་འཁོར་ངང་ནས། །གང་བབ་བྱུང་རྒྱལ་ཚིག་འཆོལ་འབྲེལ་མེད། །སྨྱོན་པ་འུར་ལངས་ལྟ་བུའི་གཏམ་འདི། །ཉེས་འགལ་ཡོད་དང་རྫུན་པ་ཡིན་ན། །སྤྱན་ལྡན་སྲུང་མའི་ཚོགས་ཀྱི་གཟིགས་སྔར། །ལུས་སྲོག་ཕངས་མེད་བཤགས་པ་འབུལ་ལོ། །གལ་ཏེ་གང་ཤེས་བདེན་པ་ཡིན་ན། །མཁྱེན་བརྩེ་ནུས་ལྡན་ལྷ་ཚོགས་ཀུན་གྱིས། །བདག་གིས་གང་སྨོན་བཞིན་དུ་འགྲུབ་པའི། །དཔང་པོ་མྱུར་དུ་མ་མཛད་གྱུར་ན། །དེ་ལས་གཞན་དུ་ཐུགས་རྗེ་ཡོད་དམ། །ཞེས་གསུངས།
ས་སྦྲུལ་ལོར་ཁྱུང་སྤྲུལ་རིན་པོ་ཆེ་ཕེབས། ཁོང་རང་སྦྱིན་བདག་མཛད་ནས་མཁྱེན་བརྩེ་རིན་པོ་ཆེའི་གཏེར་མ་ཐང་སྟོང་བཀའ་བརྒྱད་ཀྱི་སྒོ་ནས་སྨན་སྒྲུབ་མཛད། སྙིང་ཐིག་ཡོངས་རྫོགས་ཁ་སྐོང་བཅས་ཀྱི་དབང་དང་། དཀོན་མཆོག་སྤྱི་འདུས་རྩ་གསུམ་དབང་། ཀོང་སྤྲུལ་གསུང་སྒྲོལ་ལྗང་གི་དབང་ཕྱག་དཔེ་བཅས་གནང་། སྒྲོལ་ལྗང་བཀའ་དབང་ཞུ་མི་ཀུན་ལ་གནང་དགོས་གསུངས། ཡང་སྨན་སྒྲུབ་ཕབ་སོགས་བྱིན་རྟེན་སྣེ་འཛོམས་བླུག་སྣོད་སྒམ་ཆུང་བཅས་རྟག་འབྱར་གནང་། ང་ལ་ཁྱེད་ཞབས་དཀར་སློབ་རྒྱུད་གཙང་བས་ཞབས་དཀར་གྱི་ཆོས་སྐོར་ཡོངས་རྫོགས་དང་ཁྱད་པར་རྟ་ཕག་ཡིད་བཞིན་ནོར་བུའི་དབང་ཁྲིད་བྱེད་དགོས་གསུངས་པས་དཔེ་ཆ་མེད། གཏོར་མའང་བཅའ་མི་ཤེས་ཞུས་པས་གྲ་བསྒྲིགས་ཏེ་བཀའ་ངོ་མ་ལྡོག་པས་དབང་ལུང་ཁྲིད་གསུམ་ཕུལ། རྡོ་རྗེའི་གླུ་གནང་བའི་ལན་དུ་འདི་ལྟར་ཕུལ་ལོ། །
ཨོཾ་སྭ་སྟི། རྒྱལ་ཀུན་སྤྱི་གཟུགས་པདྨ་ཐོད་ཕྲེང་གིས། །མ་དག་ཡེ་ཤེས་དབང་བསྒྱུར་ལུང་བསྟན་པའི། །སྤྲུལ་སྐུ་རྣམ་འདྲེན་དབང་ཕྱུག་ཆེན་པོ་ཉིད། །ཞབས་པད་རྟག་བརྟན་དགོངས་བཞེད་ལྷུན་གྲུབ་ཤོག །ཅེས་ཕུལ། ཁྱུང་སྤྲུལ་རིན་པོ་ཆེའི་མཆོད་དཔོན་གྱིས་སེམས་ངོ་སྤྲོད་རོགས་ཟེར་ནས་རྒྱུགས་ཕུལ་བའི་ལན་དུ་འདི་ལྟར་སྨྲས་སོ། །ཨ་ཧོ། རང་སེམས་ཆོས་སྐུ་མངོན་དུ་སྟོན་པའི། །བཀའ་དྲིན་འཁོར་མེད་རྩ་བའི་བླ་མ། །འབྲལ་མེད་སྤྱི་བོའི་རྒྱན་དུ་མཆོད་དོ། །ཁྱེད་ཞལ་རིག་སྐུ་མངོན་སུམ་སྟོན་ཅིག །ཨེ་མ་གྲོགས་མཆོག་ལེགས་པར་གསོན་དང་། །ཁྱེད་ནི་དམ་པ་དུ་མས་རྗེས་བཟུང་། །ཆུང་ནས་བློ་ཁ་ཆོས་ལ་ཕྱོགས་པས། །བདག་འདྲས་གདམས་འོས་མ་ལགས་མོད་ཀྱང་། །འོན་ཀྱང་རྔ་ལ་དབྱུག་གུ་ཇི་བཞིན། །ཐོག་མེད་འཁོར་རྩའི་སེམས་ལ་བརྟག་ན། །འབྱུང་གནས་འགྲོ་གསུམ་དབྱིབས་དང་ཁ་དོག །སྟོང་པའི་ཕྱོགས་ནས་མེད་པ་ཐག་ཆོད། །སྟོང་པ་ཕྱང་ཆད་མ་ཡིན་ལྷང་ངེར། །དབྱིངས་རིག་ཡེ་ནས་འདུ་འབྲལ་མི་འདུག །གནས་འགྱུར་རིག་གསུམ་ལག་པའི་བརྐྱང་བསྐུམ། །དེ་ཡི་ངང་ལས་བཟང་ངན་རྣམ་རྟོག །མཁའ་ལ་སྤྲིན་དང་རྒྱ་མཚོའི་རླབས་བཞིན། །གྲོལ་ལུགས་གནད་དང་ལྡན་པའི་ངང་ནས། །ཆོས་སྤྱོད་དགེ་བཅུ་གང་ཞིག་སྤྱད་ཀྱང་། །དམ་པ་གསུམ་དང་མི་འབྲལ་སྤྱོད་ཅིང་། །སླ་བས་ཡིད་མ་ཆེས་པའི་སེམས་གསང་། །འཛིན་མེད་ཐེ་ཚོམ་བྲལ་བར་སྐྱོང་དང་། །འདི་ཕྱིའི་དོན་གྲུབ་བདེ་ནས་བདེ་བར། །རྫོགས་སངས་རྒྱས་པར་ཐེ་ཚོམ་མེད་དོ། །བདག་ཀྱང་ཉམས་རྟོག་དབེན་པར་ངེས་ཀྱང་། །གང་ཤེས་ལྷག་བསམ་ཞུ་བ་འདི་ལ། །ཉེས་འགལ་མཆིས་ན་བླ་མར་བཤགས་ཤིང་། །ཅུང་ཟད་དགེ་ན་བསྟན་འགྲོའི་དོན་དུ། །ཀུན་བཟང་བླ་མའི་རྗེས་སུ་བསྔོའོ། །དེ་སྐད་གངས་རི་ཐོད་དཀར་མགུལ་ནས། །ཆོས་མེད་སྤྲང་མོས་གུས་པས་ཕུལ་ལོ། །
ཁྱུང་སྤྲུལ་གཙང་དུ་ཕེབས་རྗེས་ལྗོ་བྲག་སྤྲུལ་སྐུ་གཉིས་ཀྱང་ཕེབས། དེ་རྗེས་འདིར་འདུས་རྣམས་ལ་སྙིང་ཐིག་ཡ་བཞི་མཛོད་བདུན་པདྨ་བཀའ་ཐང་མ་ཎི་བཀའ་འབུམ་སོགས་ཀྱི་ལུང་གནང་། སྤང་མདའ་ཚང་ནས་སིདྡྷིའི་སྒྲུབ་པ་ཚུགས། ལྷ་རི་གཟིམ་ཕུག་སྤྲུལ་སྐུ་ཞུས་པས་མ་ཅིག་རྣམ་བཤད། དྷར་སེང་གསུང་གཅོད་ཀྱི་རྣམ་བཤད། དྷར་སེང་རང་གི་མགུར་འབུམ་བཅས་ཀྱི་ལུང་ཕུལ། ལུག་ལོར་རྫོགས་ཆེན་མཁན་པོ་ངག་དབང་ནོར་བུ་ཕེབས། སྤྱིར་སངས་རྒྱས་ཀྱི་བསྟན་པ། ལྷག་ཏུ་ཀུན་མཁྱེན་ཀློང་ཆེན་པའི་གདན་སར་བཞུགས་ནས་བསྟན་པ་སྤེལ་བ་ལ་རབ་ཏུ་བྱུང་བ་ཞིག་ཤིན་ཏུ་ནས་དགོས་གསུངས། ཚིག་གསུམ་གནད་རྡེག་གི་ཁྲིད་ཞུས། བླ་མ་ལྷ་སར་ཕེབས་རྗེས་སྡོམ་པ་གནང་རྒྱུ་བྱས། ངེད་ཀུན་རབ་ཏུ་བྱུང་རྒྱུ་བློ་མཐུན། ངས་ཉམ་ཐག་རྣམས་ལ་ཕན་ཕྱིར་རས་སེར་ཐ་ན་ཉོས་ཏེ་ཆོས་གོས་མང་པོ་བཙེམས་ནས་སྦྱིན། སྟོན་དུས་བླ་མ་མར་ཕེབས་སློབ་བཙུན་རྣམས་རབ་བྱུང་སྒྲུབ་བཅུག །ཀུན་གྱི་བཀྲ་ཤིས་གསོ་སྦྱོང་ལན་གཉིས་གནང་། དེ་ནས་སྡོམ་པ་གནང་རྗེས་བསླབ་དོན་མ་ཤེས་ན་མི་ཡོང་གསུངས་པར་ཨོ་རྒྱན་ལགས་གཙོས་མངའ་རིས་པཎ་ཆེན་གྱི་གསུང་སྡོམ་གསུམ་རྣམ་ངེས་ཀྱི་བཀའ་ཁྲིད་ཀྱང་ཞུས། མཁན་པོ་གངས་ཐོད་དུ་ཕེབས། རྡོ་བྲག་ཆུ་བཟང་རིན་པོ་ཆེའི་སྐུ་མདུན་ནས་བཀའ་འགྱུར་ལུང་ཞུ་འདོད་ཡོད་ཀྱང་ང་ལོ་ན་རྒས་པས་འགྲོ་མ་ཐུབ་པར་བརྟེན། འབྲས་བླ་ཁང་གསར་རིན་པོ་ཆེའི་སྐུ་མདུན་ནས་དགེ་ལྡན་ལྟར་ལུང་ཞུ་བར་ལྷོ་བྲག་སྤྲུལ་སྐུ་དྲི་མེད་རིན་པོ་ཆེ་བཏང་། ཚུར་ཕེབས་ནས་འདི་གར་ཚང་མ་ལ་ལུང་གནང་། སྐུ་གསུམ་རྟེན་དོད་དངུལ་གྱི་མཎྜལ་སོགས་ཕུལ།
སྤྲེལ་ལོ་ཟླ་བ་བཞི་པའི་ཚེས་བཅུ་དྲུག་ནས་སློབ་གཙོ་ཨོ་རྒྱན་ལགས་བསྙུངས། དེ་སྐབས་མཁན་ངག་དབང་ནོར་བུ་ལ་ལུང་བསྟན་དུ་རྡོ་རྗེ་ཕག་མོའི་སྤྲུལ་པ་ཨོ་རྒྱན་ཆོས་འཛོམས་གསང་ཡུམ་དུ་བཞེས་ན་ཙ་རི་ནས་གཏེར་ཁ་མང་པོ་བཞེས་རྫོགས་སྤྲུལ་ལྔ་པ་རིན་པོ་ཆེ་མ་འདས་སྤྲུལ་སྐུ་འཁྲུངས་ཚུལ་སོགས་དགོས་པ་འགའ་ཡོད་འདྲ། སྐབས་ཤིག་ཨོ་རྒྱན་ལགས་ངེད་གཉིས་བླ་མ་ཡང་ཐིག་གི་དཔེ་མོ་བརྒྱབ་པས་ཨོ་རྒྱན་ལགས་མོ་འགུགས་རྒྱག་སར་བབ་པས་ང་ལ་མོ་འགུགས་རྒྱག་མཁན་སུ་ཡོད་ཟེར། ཡང་ང་ལ་སྲེ་མོང་མང་དུ་ཡོང་ནས་སྡོད་དུ་མ་བཅུག་པའི་སྣང་བ་ཤར་ནས་མ་ཅིག་ཁྲོ་མོའི་བསྐྱེད་རིམ་བཟུང་ནས་ཨོ་རྒྱན་ལགས་ཀྱིས་སྒོ་བསྲུང་ནས་བསྡད། དེའི་ཕྱི་ནངས་ཨོ་རྒྱན་ལགས་ཀྱང་ཡར་གདན་འདྲེན་མིའི་རྒྱབ་ཏུ་ཁུར་ཏེ་ཨུ་ཚུགས་བྱས་ཀྱང་སྤྱིར་སེམས་ཅན་བསོད་ནམས་དམན། སྒོས་རྙིང་བསྟན་ལ་གེགས་བར་དབང་གིས་ཟླ་བ་ལྔ་པ་རྗེས་མའི་ཚེས་བཅུ་གཅིག་ཉིན་གངས་ཐོད་མེ་ལོང་གཟིམ་ཕུག་ཏུ་དགོངས་པ་གཤེགས་པས་མྱ་ངན་དུ་གྱུར། དེའི་ཚེ་འདུས་བྱས་ཐམས་ཅད་འདི་དང་འདྲ་སྙམ་ནས་ལོ་ཆུང་ཡོན་ཏན་ཆེ་བ་ཆོས་བསྒྲུབ་ལོང་མེད་པར་ཕངས་ཏེ་སྐྱོ་གླུ་འདི་སྨྲས་སོ། །
སེམས་སྐྱེ་མེད་འཆི་བྲལ་འདུས་མ་བྱས། །མངོན་སུམ་དུ་ལག་འཆང་ངོ་སྤྲད་པའི། །ཕ་དྲིན་ཅན་པདྨ་རྒྱ་མཚོ་ལ། །སྙིང་ཐག་པ་ནས་གསོལ་འདེབས་བྱིན་གྱིས་རློབས། །ངའི་སློབ་གཙོ་ཨོ་རྒྱན་ཆོས་འཛོམས་དེ། །ལོ་ཆུང་བས་ལང་ཚོའི་རྩལ་ཀུན་རྫོགས། །བློ་ཤེས་རབ་ཆེ་བས་ཆོས་ལ་མཁས། །མོས་གུས་དང་དད་པས་བླ་མར་གདུང་། །བརྩོན་འགྲུས་ཀྱིས་སྒྲུབ་ལ་ནན་ཏན་འབུངས། །རང་ཉམས་སུ་ལེན་ཞིང་གཞན་ལ་འདོམས། །རྗེས་ང་ཡི་ཚབ་ཏུ་རེ་ན་ཡང་། །དྲན་མེད་དུ་བསྙུངས་ཤིང་ནད་མལ་ནས། །གངས་རི་རུ་ཕྱིན་ནས་ཞི་བར་གཤེགས། །འདི་རྨི་ལམ་ཡིན་ནམ་མངོན་སུམ་ཡིན། །ལོ་ཏོག་མ་སྨིན་པར་བཅད་པ་ལྟར། །ཕན་ཚན་གཉིས་ཀ་ལ་མ་ཕན་པས། །འདི་བསམ་བཞིན་སྙིང་ནས་མཆི་མ་དཀུ། །འོན་ཀྱང་ནི་འདུས་བྱས་མ་ལུས་པ། །འདུས་མ་བྱས་ཆོས་ཉིད་མ་རྟོགས་ཕྱིར། །ཆོས་ཅན་ཀུན་འདིའོ་ཞེས་ངོ་སྤྲོད་བྱུང་། །སྐྱབས་བསླུ་མེད་དཀོན་མཆོག་མ་གཏོགས་པ། །སུ་ཞིག་ལ་བློ་བྱས་རེ་བ་འང་། །ནམ་ཞིག་ཏུ་ཐམས་ཅད་འདི་ལྟར་འགྱུར། །དོན་དེ་བས་བློ་འདས་རྫོགས་པ་ཆེ། །དཔལ་ཀུན་མཁྱེན་ཡབ་སྲས་ཀྱི་སྙིང་ཐིག་ལ། །བཙན་ཐབས་སུ་དབང་མེད་ངེས་ཤེས་རྙེད། །བསྒོམ་རྒྱུ་ཡི་ཆོས་དང་སྒོ་མཁན་བློ། །གདེངས་བཞི་རུ་ཟད་སར་བསྐྱལ་དམ་བཅའ། །སྐུ་གཤེགས་པའང་བསྟན་ལ་ཕན་ངེས་པའི། །སྤྲུལ་པའི་སྐུ་འཁྲུངས་ནས་མཇལ་བ་དང་། །དམ་པའི་ཚུལ་དགུ་ལྡན་མཐར་ཕྱིན་ནས། །མ་འགྲོ་ཀུན་སངས་རྒྱས་ཐོབ་པར་ཤོག །ཅེས་སྨྲས་སོ། །
སྤང་མདས་སྦྱིན་བདག་བྱས་སིདྡྷིའི་དུང་སྒྲུབ་ཚུགས། བླ་མ་གང་ཤར་ཡབ་ཡུམ་ནས་ཞུས་ངོར་མཛོད་བདུན་ཡ་བཞི་ངལ་གསོ་སྐོར་གསུམ་དང་། སྨིན་མདའ་ཆོས་དྲུང་ནས་ཞུས་པས་མ་ཅིག་རྣམ་བཤད། མ་ནིང་པདྨ་ལགས་ནས་ཞུས་ངོར་ཞབས་དཀར་རྣམ་མགུར་མ་ཎི་བཀའ་འབུམ། དགེ་བཤེས་བསོད་རྒྱལ་ལགས་ནས་ཞུས་པས་ཞབས་དཀར་གསུང་ཨོ་རྒྱན་སྤྲུལ་པའི་གླེགས་བམ། ངོ་མཚར་སྤྲུལ་པའི་གླེགས་བམ། དག་སྣང་སྤྲུལ་པའི་གླེགས་བམ་གསུམ་གྱི་ལུང་གནང་། བླ་མ་བསྟན་པའི་རྒྱལ་མཚན་སྐུ་མདུན་ནས་ཞབས་དཀར་རྣམ་ཐར་སྨད་ཆ། བླ་མ་ཡང་ཏིའི་ནང་ཉིན་མཚན་འོད་གསལ་ཁོར་ཡུག་གི་ཁྲིད་ཞུས། ཕར་རྗེ་བཙུན་སྒྲོལ་དཀར་གྱི་དབང་ཕུལ། ལྷ་རི་གཟིམ་ཕུག་སྤྲུལ་སྐུ་གསུང་ངོར་འདི་ལྟར་ཕུལ་ལོ། །
རྗེ་དུས་གསུམ་ཀུན་གཟིགས་བླ་མ་མཁྱེན། །དོན་ཤེས་རིག་ཟང་ཐལ་གཉུག་མའི་གཤིས། །དུས་འབྲལ་མེད་ལྟ་བའི་ཀློང་ཕྱག་འཚལ། །ཁྱེད་རང་ཞལ་མངོན་སུམ་མཇལ་བར་ཤོག །སྤྱིར་བདག་ནི་བླ་མའི་རེ་བ་མེད། །སྒོས་ཆོས་སེམས་མ་འདྲེས་ཆོས་གཏམ་དཀོན། །དེ་ལགས་ཀྱང་རྔ་དང་དབྱུག་པ་བཞིན། །ཁྱེད་དག་སྣང་ཅན་གྱིས་གསུང་བསྐུལ་རྟེན། །དཔེ་ཕ་ནོར་བུ་ལ་འཕྲོད་པ་བཞིན། །མ་རྒན་མོས་གདམས་ངག་ཚིག་ཉུང་ཞུ། །ཆོས་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདི། །དོན་རང་སེམས་འདུས་པ་ཉིད་ཀྱིས་མཁྱེན། །ད་བསམ་བློ་མང་ན་ལམ་ཐག་རིང་། །དོན་གདམས་ངག་གཅིག་ཤེས་ཀུན་གྲོལ་བ། །ཆོས་རྫོགས་ཆེན་དགོངས་པ་ཟང་ཐལ་འདི། །འཛིན་སྐྱོང་གིས་བསྟན་འགྲོར་གང་ཕན་མཛོད། །དོན་དེ་ཕྱིར་ཀུན་བཟང་དགོངས་པའི་རྩལ། །མཐའ་ཡས་ལ་གཞན་ཕན་རྩོལ་མེད་འབྱུང་། །སྐུ་ཚེ་ཡི་ཞབས་པད་བརྟན་ཕྱིར་དུ། །འཕགས་མ་ལ་གསོལ་བཏབ་སྙིང་ནས་ཞུ། །ཞེས་སྨྲས་སོ། །
དེ་སྐབས་ངག་དབང་རྒྱལ་མཚན་ནས་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །ན་མོ་གུ་རུ། མཚན་ལྡན་བླ་མ་སྤྱི་བོས་མཆོད། །ཁྱེད་ཐུགས་རྗེ་ཡེ་སྤྲུལ་ཡིན་མོད་ཀྱང་། །སྤྱིར་སེམས་ཅན་བསོད་ནམས་དམན་པ་དང་། །སྒོས་མངལ་གྱི་དྲི་མ་མཐུ་ཆེ་བས། །ཆོས་ཀ་ཁ་ནས་བཟུང་བསླབ་དགོས་ན། །བསྐྱེད་རྫོགས་ཀྱི་གནད་རྣམས་སྨོས་ཅི་དགོས། །དེ་དགོངས་ནས་བར་ཆད་དབང་མ་གཏོང་། །དུས་ད་རེས་ལེགས་ཉེས་ས་མཚམས་འདིར། །ཆོས་ཀུན་གྱི་གཞི་རྟེན་མེད་མི་རུང་། །རྒྱུ་དཔེ་གྲངས་སྒོ་ནས་རྙེད་དཀའ་བས། །རྟེན་འདི་ཉིད་དབྱར་གྱི་མེ་ཏོག་ལྟར། །དུས་ད་ལྟ་མཛེས་ཤིང་ཡིད་འོང་ཡང་། །རྐྱེན་སྐད་ཅིག་གཅིག་གིས་བཅོམ་པ་ལྟར། །ཕྲ་རགས་ཀྱི་མི་རྟག་བསྒོམ་བརྩོན་འགྲུས་བསྐྱེད། །འཁོར་བ་འདི་གར་སྐྱེས་སྡུག་བསྔལ་ལ། །སོ་ཐར་གྱི་ངོ་བོ་ཞེན་ལོག་བསྒོམ། །ཚེ་རབས་ཀྱི་མ་རྒན་ལས་འབྲས་ཀྱིས། །རིགས་དྲུག་གི་ལས་སྣང་ཚུལ་བསམས་ནས། །དངོས་བརྒྱུད་ནས་གཞན་ཕན་བྱང་སེམས་བསྒོམ། །སྣང་སྲིད་འདི་ཡེ་ནས་དག་མཉམ་ལ། །དགྲ་གཉེན་ཀུན་ཁྱད་མེད་ལྷ་སྔགས་ཆོས། །ཐོས་བསམ་བསྒོམ་མཛད་ན་དོན་གཉིས་འགྲུབ། །མ་རྒན་གྱི་རེ་ཆེའི་མཆོད་སྤྲིན་འདི། །ཚིག་དོན་ལ་དགོངས་ནས་ཉམས་བཞེས་ཞུ། །ཞེས་སྨྲས་སོ། །
དེ་ནས་ས་དབང་ཁྲི་སྨོན་ནས་མ་ཎི་དུང་སྒྲུབ་ཚུགས། ཨོ་རྒྱན་ལགས་གཤེགས་པས་རྐྱེན་བྱས་བྱ་ལོ་ནས་ང་ཤིན་ཏུ་ན་སྟེ་ངའི་རྐྱེན་སེལ་དུ་མ་ཎིའི་སྒྲུབ་པ་ཞིག་ཚུགས། གང་ཤར་རིན་པོ་ཆེས་བང་མི་ཆེད་མངགས་བརྒྱུད་ལབ་འདུལ་རྡོ་རྗེ་སྒྲོན་མའི་དབུ་ཞྭ་མ་སྤྲུལ་གོང་མའི་ཕྱག་ནས་ཕེབས་པ་དང་བརྟན་བཞུགས་བཅས་འབྱོར་བས་ཅུང་དྲག་ཏུ་སོང་། བླ་མ་འགྱུར་མེད་ཀུན་གྲོལ་སྐྱབས་རྗེ་གོང་མའི་འཁྲུངས་ཡུལ་དང་དགོན་པ་གཅིག་པ་འདིར་ཕེབས་བཞུགས་འདྲིས་ཆེ་བ་དང་རང་སློབ་ཨ་ཎི་འཇམ་དབྱངས་དབང་མོ་གཉིས་ཀྱི་སྲས་ཆེ་བས་སེམས་ཉིད་རྡོ་རྗེ་ཡིན་ཟེར་བ་དང་ཆུང་བས་སེམས་ཉིད་སྟོབས་ལྡན་ཡིན་ང་ལ་ཨ་ཎེ་དང་དཔེ་ཆ་ཡོད་གསུང་འདུག་ཟེར། མ་ཟད་སྐྱེས་བུ་དམ་པ་ཞིག་གི་སྤྲུལ་སྐུ་ཡིན་འདྲ་བསམས་ནས་སེམས་ཉིད་རིན་པོ་ཆེའི་ཡང་སྲིད་དུ་མཚན་གསོལ་ནས་བྱ་ལོ་ལ་གདན་དྲངས། དེ་ནས་ཀ་ཁ་དང་སྔོན་འགྲོ་སོགས་རིམ་པར་ཕུལ། རྒྱལ་སྲས་ལག་ལེན་གྱི་ཁྲིད་བཏབ། སྟོད་ལུང་དཀར་པོ་སྲས་ཀྱི་རྣམ་སྲས་གྲགས་པས་སྦྱིན་བདག་མཛད་ནས་སྐྱབས་རྗེ་གོང་མའི་དགོངས་གཏེར་རྟ་ཁྱུང་གི་པར་བཞེངས་ནས་སྨན་སྒྲུབ་དང་རིལ་སྒྲུབ་ཚུགས། གཏང་རག་གི་རྒྱལ་ཐོ་མགྲོན་དུ་ཕེབས་པ་དང་དུས་མཚུངས་ལྷ་ས་ནས་སྐྱིད་རས་སློབ་གྲྭའི་དགེ་རྒན་ཨོ་རྒྱན་ལགས། བུ་མོ་ངག་ཆོས་ཕྲུ་གུ་སྐྱེ་རྒྱུ་བཅས་ཞི་ཁྲོའི་སྐྱིད་སྡུག་མང་པོ་འབྱོར། ཉིན་གཉིས་མཚམས་ཕྲུ་གུ་སྐྱེས་པས་ཨོ་རྒྱན་ལགས་ཀྱི་སྐྱེ་བ་ཡིན་བསམས་མཚན་ཆོས་དབང་ལྷུན་གྲུབ་བཏགས། ནད་ཀྱང་ཅུང་དྲག །གང་ཤར་རིན་པོ་ཆེས་བྱད་ཕུར་གནོད་བཟློག་སྲི་མནན་གནང་བར་རག་ཆེན་བླ་མ་བྱམས་པ་བཏང་ནས་ཕེབས། མཆེད་གྲོགས་རྣམས་ལ་རྫོགས་ཆེན་ཡང་ཏིའི་དབང་ལུང་འཁྲུལ་འཁོར་བཅས་འཁྲིད་བཅུག །སེམས་ཉིད་མཆོག་སྤྲུལ་སྐུ་ལུས་ཆུང་ཞིང་བསམ་གཏན་འབོལ་ཆུང་སྟེང་ཁྱད་འཕགས་ཀྱི་འཁྲུལ་འཁོར་སྦྱངས། ཡང་རང་སློབ་ཕུན་ཚོགས་ཆོས་སྒྲོན་རིག་འཛིན་གྱི་བསྙེན་མཚམས་སྐབས་ང་མུན་མཚམས་ཀྱི་མཇུག་ཁྲ་མཚམས་ཤིག་ལ་དུས་གབ་བྱང་གི་ཁྲིད་ཞུ་རུ་ཡོང་། ཕྱག་འཚལ་ནས་ཕྱག་དབང་ཞུས་པས་ཁྱོད་སུ་ཡིན་སྨྲས་པས་ཕུན་ཚོགས་ཆོས་སྒྲོན་རིག་འཛིན་གབ་བྱང་གི་ཁྲིད་ཞུ་བ་ལ་ཡོང་ཟེར། ཡར་ཅི་འདུག་ལྟད་མོ་ལྟོས་སྨྲས་པས་མོས་གུས་དྲག་པོའི་ཤུགས་ཀྱིས་མུན་གུར་ནང་ཡར་མགོ་བཅུག་ནས་བལྟས་པས་ཐོག་མར་ཁྲ་ཤིག་ཤིག་འོད་ཆེམ་ཆེམ་ངང་སྐད་ཅིག་དེ་ཉིད་ལ་ང་གཙུག་ཏོར་གདུགས་དཀར་ལྷ་མོ་དབུ་སྟོང་ཕྱག་སྟོང་གི་རང་བཞིན་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་ཡོད་པ་གསལ་ལ་མ་འདྲེས་པ་ཞིག་ཏུ་གྱུར། དབུའི་གཙུག་ན་འོད་དཔག་མེད་ཡོད་པ། མཐའ་སྐོར་བར་སྣང་ཐམས་ཅད་མཆོད་པའི་ལྷ་མོ་མང་པོ་ཕན་ཚུན་འགུལ་སྐྱོད་བྱེད་པ་ཞིག་ཏུ་འདུག་ཟེར། གང་མཐོང་འདུག་སྨྲས་པས་དབུ་དང་ཕྱག་སོགས་བསམ་གྱིས་མི་ཁྱབ་པ་ཞིག་མཇལ་ཟེར། ཡང་ཅུང་ཟད་བགྲེས་ཚུལ་གྱི་རྣམ་པར་གྱུར་ནས་ཞལ་ཕྱག་རྣམས་གཅིག་ལ་གཅིག་ཐིམ་མཐར་ང་རང་དུ་གྱུར་འདུག་ཟེར། གབ་བྱང་གི་ཁྲིད་བཤད།
ཡང་ངའི་རྒྱབ་མུན་ཁང་དུ་མུན་མཚམས་སྡོད་སྐབས་ཤར་གཟིམ་ཕུག་གི་མཚམས་པ་བསྟན་འཛིན་ཡེ་ཤེས་སྡུག་བསྔལ་རང་གྲོལ་གྱི་བསྙེན་པ་གྲོལ་ནས་བདག་འཇུག་ཞུ་འདུག་རྩིག་པས་མ་སྒྲིབ་པར་ཟང་ཐལ་མཇལ་བདག་འཇུག་མཚམས་ང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ལྟ་བས་ཆོག་མི་ཤེས་པར་གྱུར་ནས་ཕྱག་ཐམས་ཅད་ཟིང་ཟིང་བྱས་ནས་དབང་གནང་འདུག་ཟེར། མཚམས་ཁང་དུ་ལོག །ཞག་བདུན་ཙམ་བཟའ་བཏུང་གི་སྣང་བ་ཡིད་ལ་མེད་པར་མིག་གི་སྣང་ཚད་ལྷ་སྐུ་ཞི་དྲག་གི་རྣམ་པ། ངག་ནས་སྔར་མི་ཤེས་པའི་ཆོས་ཀྱི་ཚིག་སྣ་ཚོགས་དང་སེམས་བདེ་གསལ་མི་རྟོག་པའི་ངང་ལ་གནས་ཏེ་དད་མོས་མཆི་མ་འཁྲུགས་ཤིང་དགའ་སྤྲོ་དང་སྐྱིད་སྣང་ཞིང་ཁམས་ཤིག་ལ་སླེབས་པ་ལྟ་བུ་བྱུང་ཟེར། སྣང་བ་དག་ན་ཅི་ཡང་འཆར་ཡོད་པ་འདྲ། སྐུ་ཞབས་བློ་གྲོས་ལགས་ནས་རིག་འཛིན་སྲོག་སྒྲུབ་འཁྲུལ་འཁོར་ང་རང་སྐྱོར་གསོས་བྱས་ནས་སློབ་བགྲེས་འགའ་ལ་འཁྲུལ་འཁོར་ཁྲིད།
ཡང་གླིང་བླ་སྤྲུལ་སྐུའི་དབུ་བླ་མཁན་པོ་ཡོངས་དགའི་དངོས་སློབ་མཁན་པོ་རིག་འཛིན་འོད་ཟེར་ཞེས་པ་ཞིག་བྱོན། དེའི་མདུན་ནས་ཡོན་ཏན་མཛོད་ཀྱི་འབྲེལ་བ་ཡོངས་དགས་གསུངས། སྡོམ་གསུམ་རྣམ་ངེས་ཀྱི་འབྲེལ་བ་ངལ་གསོ་སྐོར་གསུམ། གང་བློ་བཅས་ཀྱི་བཤད་ཁྲིད་ཞུས། དེ་རྗེས་ངས་གཞན་ལའང་ཁྲིད་བྱས། སེམས་ཉིད་མཆོག་སྤྲུལ་དང་སྤྲུལ་སྐུ་དྲི་མེད་གཉིས་ལ་གཅོད་དབང་བརྒྱ་རྩ་བསྐུར། གོང་མའི་སྐུ་ཆས་ཕྱག་དཔེ་སོགས་རྩིས་ཕུལ། ཡང་ང་ནད་ངོས་མ་ཟིན་པ་ཞིག་ན་ནས་ནུབ་གཅིག་ཡུད་ཙམ་ཤི་སོང་། ང་རང་གི་འཆར་སྒོ་ལ་ཞི་ཁྲོ་ཡོངས་རྫོགས་ཤར། དེ་ནས་ལུང་པ་ཤིན་ཏུ་སྐྱོ་བ་ཞིག་ཏུ་སླེབས། དེར་དྲི་ཟའི་རྒྱལ་པོ་ཡིན་ཟེར་བ་མི་ལུས་རྟ་མགོ་ཅན་ཞིག་འདུག །ཡུལ་འདི་གང་རེད་བྱས་པས་དམྱལ་ཁམས་རེད་ཟེར། ཕར་ཙམ་ཕྱིན་པས་གཤིན་རྗེ་ཆོས་རྒྱལ་གྱི་ཁྲི་རེད་ཟེར། ཤིང་ཁྲི་ཆེན་པོ་ཞིག་འདུག་ཆོས་རྒྱལ་ནི་མ་མཇལ། དེ་ཕྱོགས་སུ་ཁྲམ་ཤིང་རེད་ཟེར་ཞིང་དམ་དུམ་མང་པོ་འདུག །དེའི་སང་ཉིན་བར་གཉིད་ལ་སོང་བའི་སྣང་བ་ལ་བུད་མེད་མང་པོ་ཞིག་གིས་ང་བཏེགས་ཏེ་ཞིང་ཁམས་རེད་ཟེར་ཡུལ་ཤིན་ཏུ་སྐྱིད་པ་མང་པོར་སླེབས་སྣང་ཤར། དེ་སྐབས་ང་ལ་དངུལ་སྲང་བརྒྱ་ཐམ་པ་ཡོད། དེས་གཞི་བྱས་ནས་མཆོད་རྟེན་ཞིག་བཞེངས་བསམས་པ་དང་བླ་མ་ཨ་ར་པ་ཙ་ཕེབས་ནས་དྲི་མེད་རྣམ་གཉིས་ཀྱི་མཆོད་རྟེན་བཞེངས་རྒྱུའི་དབུ་ཚུགས་ལས་གྲྭ་བསྒྲིགས་ཏེ་ཟབ་རྒྱས་གྲུབ་མཚམས་ཟླ་བ་གཅིག་ཙམ་ལས་མ་བསྡད་པར་ཞིག
དེ་ནས་ལོ་གཅིག་ཙམ་སོང་བ་དང་འབྲས་སྤུངས་དགེ་འདྲ་བྱུང་། སྐབས་ཤིག་མི་གཟུགས་སྟོན་ནས་མཆོད་རྟེན་གེགས་དབང་ཆེ་བས་སྐྱབས་འཇུག་གནང་རོགས་ཞུས། ངས་ཀྱང་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ་པས་ལན་བཤེས་དྲི་མེད་ལགས་གདན་དྲངས་ནས་རྣམ་རྒྱལ་མཆོད་རྟེན་བཞེངས་ཀྱང་ཞིག་སྐབས་མི་མ་ཡིན་རྣམས་ཀྱིས་རེ་འགའ་དངོས་པོ་སྟེར་བ་དང་། རེ་འགའ་འབྱུང་འགྱུར་གྱི་ལུང་བསྟན་གཉིས་གསུམ་མི་མང་པོ་ས་རྡོའི་འོག་ཏུ་ཚུད་ཀྱང་སྐྱོན་མ་བྱུང་། སྤྱིར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལ་ཚོགས་བསགས་སྒྲིབ་སྦྱངས་དགོས་ཀྱང་ཆོས་ཉིད་ལ་མི་འཇིགས་པའི་གདེངས་མ་ཐོབ་ན་འདུས་བྱས་ཀྱི་དགེ་བ་ལུང་མ་བསྟན་གསུངས་པ་བདེན་བསམས་ཏེ་སྤྲོས་པ་བྲལ་དགོས་སྙམ་ནས་རང་གིས་རང་ལ་བསླབ་བྱ་འདི་ལྟར་སྨྲས་སོ། །
གནས་སྤྱི་གཙུག་བདེ་ཆེན་དཀྱིལ་འཁོར་དུ། །སྐྱབས་དུས་གསུམ་སངས་རྒྱས་གཅིག་བསྡུས་པ། །མགོན་བཀའ་དྲིན་འཁོར་མེད་བླ་མ་རྗེ། །ཕ་རིགས་བདག་པདྨ་རྒྱ་མཚོར་འདུད། །ང་དང་པོ་ཆོས་པ་གསར་བུའི་སྐབས། །ངེས་འབྱུང་གིས་ཚེ་གཅིག་སངས་རྒྱས་ཕྱིར། །བདག་འཛིན་ཀུན་བློས་བཏང་མི་མེད་རིར། །མི་ལ་དང་རྒྱལ་བ་ཀློང་ཆེན་པའི། །རྗེས་ཟིན་པར་བཀའ་གདམས་ཕུག་ནོར་བཅུ། །མཐར་སྐྱེལ་བའི་ཞེ་དམ་བཅས་མོད་ཀྱང་། །ད་འཆི་བ་ལ་ཇེ་ཉེར་སོང་བ་ན། །ཟང་ཟིང་གི་འདུ་འཛིའི་བདུད་ཞགས་དེ། །མཐུན་འཇུག་གི་ངོ་བསྲུང་གིས་འཕང་ཞིང་། །ཐེབས་པས་ན་དམ་བཅའ་བཏང་སྙོམས་ལུས། །ལེ་ལོ་དང་སྙོམ་ལས་གཉིད་ཀྱིས་གདུང་། །སྐྱབས་བསླུ་མེད་ཀྱི་ཐུགས་རྗེས་བཟུང་དུ་གསོལ། །ཚེ་སྟོད་ནི་སྤྲང་འཁྱམ་ལྟོ་ཕྱིར་འབྲང་། །ཚེ་སྨད་ནི་འདུ་འཛིའི་འཁོར་ལོ་བསྐོར། །འདུས་མ་བྱས་ཆོས་ཉིད་མ་རྟོགས་པར། །འདུས་བྱས་ཀྱི་དགེ་བ་སྒྲུབ་ཁུལ་ཡང་། །དགེ་སྡིག་གཉིས་འདྲེས་པའི་ལུང་མ་བསྟན། །ཆོས་ཁོ་ནར་འགྲོ་བ་ཁག་པོར་གདའ། །མགོན་ཐུགས་རྗེ་ཅན་རྣམས་མྱུར་དུ་གཟིགས། །མི་ང་ཡིས་སྐྱབས་འོས་སོགས་སྐྱབས་སུ་གསོལ། །དུས་འདི་ནས་བྱང་ཆུབ་མ་ཐོབ་བར། །བྱ་བཏང་གིས་སྒྲུབ་པའི་རྒྱལ་མཚན་ཚུགས། །ལེ་ལོ་དང་ཕྱི་བཤོལ་སྙོམ་ལས་ཆོད། །སྨོན་འཇུག་དང་ཕྱིན་དྲུག་ཕ་མཐར་ཕྱིན། །ཀུན་རྫོགས་ཆེན་དགོངས་པ་རྟོགས་གྱུར་ཅིག །ཅེས་སྨྲས།
བླ་མ་འགྱུར་མེད་ཀུན་གྲོལ་གྱིས་བརྟག་ལུང་ནུབ་ཏུ་ཁང་བརྩེགས་མཆོད་རྟེན་དགོས་གསུངས་པ་ལྟར་དེ་དང་རྣམ་རྒྱལ་མཆོད་རྟེན་གཉིས་ཀ་བཞེངས། སྔོན་སྤང་མདའ་ནས་ཕུལ་བའི་བཀའ་འགྱུར་མཆོད་རྟེན་གཟུངས་གཞུག་ཕུལ། འདུ་ཚོགས་འཁོར་སློབ་མང་པོ་འདུས་ཤིང་སེ་རོང་གཡུལ་སྨད་སྐུ་ངོ་ཕོགས་དཔོན་སྦྱིན་བདག་བྱས་ནས་འདུ་ཁང་ཉམས་གསོ་ལྡེབས་བྲིས་བཅས་ལེགས་པར་གྲུབ། ཚོགས་པའང་ཇེ་མང་དུ་སོང་། དེ་རྗེས་ལྷ་ལྡན་ནས་བཀའ་འགྱུར་པར་གསར་ཞིག་གདན་འདྲེན་ཞུས། ཡང་གཡང་སྒྲོན་ལགས་ནས་ཀ་བཤད་ཕུལ་བའི་ལན་དུ་འདི་ལྟར་སྨྲས་སོ། །
ཀ་དག་དོན་གྱི་བླ་མར། །ཁ་ཙམ་མིན་པའི་མོས་གུས། །ག་པུར་དྲི་ལྟར་འབྲལ་མེད། །ང་ཡིས་གསོལ་བ་འདེབས་སོ། །ཅ་ཅོ་མ་ཡིན་ཆོས་ལྟར། །ཆ་མེད་གཤིན་རྗེའི་ཁྲིམས་རར། །ཇ་ཁུ་ཆུ་དང་འདྲེས་བཞིན། །ཉ་རྒྱས་ཇི་ལྟའི་ཡོན་ཏན། །ཏ་ལེའི་རིག་ངོར་རྫོགས་པར། །ཐ་སྙད་བློ་ལ་མ་ལྟོས། །ད་ལྟའི་ཤེས་པ་ཟང་ཐལ། །ན་རྒ་འཆི་བས་མ་གོས། །པ་ཏྲ་འཁོར་བའི་འཁྲུལ་རྒྱ། །ཕ་གཅིག་བླ་མའི་མན་ངག །བ་མོ་ཉི་མས་བཅོམ་ལྟར། །མ་ལུས་རང་ཤར་རང་གྲོལ། །ཙ་རི་ལ་སོགས་གནས་ཡུལ། །ཚ་གྲང་དཀའ་ངལ་མ་དགོས། །ཛ་དྲག་མི་རྟག་རྒྱུད་བསྐུལ། །ཝ་ལེའི་རིག་ངོར་སྐྱོངས་མཛོད། །ཞྭ་བཟང་པདྨའི་ཕྱག་སྲོལ། །ཟ་ཉལ་འགྲོ་འདུག་ཀུན་ཏུ། །འ་འུར་རྟོགས་རྗེས་མ་འབྲང་། །ཡ་མཚན་དོན་གྱི་གནས་ལུགས། །རྭ་ལྟར་བློ་ངན་མ་གྱོང་། །ལ་ཟླ་བློ་འདས་གཤིས་སུ། །ཤ་ཁྲག་ལུས་ཐོག་འདི་རུ། །ས་ལམ་ཀུན་རྫོགས་ཉམས་ལེན། །ཧ་ཅང་མོས་གུས་དྲག་པོས། །ཨ་མས་བཤད་པ་མཐར་ཐོན། །འཆི་ཁར་མི་འགྱོད་གྱིས་ཤིག །གཡང་སྒྲོན་ཀ་བཤད་གདམས་ལན། །མ་ཎི་རྒན་མོས་བྲིས་སོ། །ཞེས་སྨྲས།
མེ་བྱི་ལོར་བཙུན་མ་མཐར་ཕྱིན་དབང་མོ་སྨྱོན་ནད་ལྟ་བུ་ན་བས་རྐྱེན་བྱས་ངས་ཕན་དཀའ་བས་བླ་མ་ནུས་ལྡན་ཞིག་གདན་འདྲེན་ཞུས་སྨྲས་པས་ཞ་མགོ་ནང་གཉེར་གྱིས་ལྷ་ས་ནས་གྲུབ་ཆེན་ཟླ་བ་རྡོ་རྗེ་རིན་པོ་ཆེ་གདན་འདྲེན་ཞུས་ན་ཟེར། མོ་ཡང་ཤིན་ཏུ་བཟང་བར་བབ་བཞིན་ཟླ་བ་གཉིས་པའི་ཚེས་བཅུ་བཞི་ལ་ཕེབས། རྒྱལ་གསོལ་རྒྱས་པ་དང་རྟ་མགྲིན་དང་དྲག་སེང་གི་དབང་བསྐུར། ཚེས་བཅོ་ལྔར་མཇལ་བས་ན་བཟའ་ཞན་པ་དང་ཞབས་ཕྱི་མེད་པས་ངས་ཞབས་གྲས་ཡིན་པར་བསམས་ཏེ་བླ་མ་གར་ཡོད་ཁྱེད་རང་བར་སྐོར་དུ་ཕྲུ་གུ་ཞིག་པང་ནས་ཕེབས་འདུག་སྨྲས་པས་གྲུབ་ཆེན་ང་ཡིན་དེ་བདེན་ཟེར་ནས་ཡིད་ཆེས། རྒྱལ་གདོན་འདུག་གམ་ཞུས་པས་འདི་འདྲ་ཞིག་འདུག་གསུངས་ནས་ཤུག་གསེབ་རྒྱལ་གསོལ་ཤ་མར་རྩམ། ཚིག་དོན་ལ་དཔྱད་པས་ཡིད་ཆེས་ཤིང་ཚེ་རྟའི་དབང་བརྒྱ་དང་ཡོ་ག་གསུམ་གྱི་སྤྱི་ཆིངས་ཀྱི་ཁྲིད་ཞུས་པས་གནང་བས་མཁས་པར་འདུག །རྨི་ལམ་ཡ་མཚན་པ་དང་བློ་སྣ་འགྱུར་བས་བླ་མ་ཚད་ལྡན་དུ་ངེས་པ་རྙེད། མཐར་ཕྱིན་དབང་མོ་ཡང་རིམ་པར་དྲག་ཏུ་སོང་། འདུ་ཁང་དུ་ཚོགས་པ་སྤྱིར་ཀློང་སྙིང་རྩ་གསུམ་དབང་། ལྕེ་བཙུན་སྙིང་ཐིག །རྡོར་སེམས། ཐང་སྟོང་སྒྲོལ་དཀར། ཚེ་དབང་སྨྲ་སེང་རྗེས་གནང་ལྗགས་ཁྲིད་བཅས་ཞུས་ནས་ཞག་ལྔ་བཞུགས། མ་རྒྱུད་འབུམ་གྱི་ལྗགས་ལུང་སྙན་གསན་ཞུས་པས་ཞལ་གྱིས་བཞེས་ནས་ཕེབས། སྔགས་རིག་གྲོལ་གྱི་མ་ཎི་དུང་སྒྲུབ་ཚུགས་རྗེས་སུ་རྡོ་བྲག་རིག་འཛིན་ཆེན་མོའི་མ་ཡུམ་རྙིང་མདོ་གཤེགས་པའི་དགོངས་རྫོགས་མ་ཎི་དུང་སྒྲུབ་ཚུགས།
མེ་གླང་ལོར་གནས་ཆུང་ནས་ཕྱག་དཔེ་གཡར། ཀ་ཤོད་ཡུམ་སྐུ་དང་ལྷན་དུ་གྲུབ་ཆེན་རིན་པོ་ཆེ་ཕེབས། ཟླ་བ་བཞི་པའི་ཚེས་དྲུག་ལ་དབུ་ཚུགས། ཐོག་མར་ཀློང་སྙིང་ཡང་གསང་གི་དབང་། བར་དུ་འཇམ་དབྱངས་མཁྱེན་བརྩེའི་སྙན་རྒྱུད་ཕུར་དབང་ཚེ་དབང་། ཐ་མར་འཆི་མེད་ཙཎྜ་ལིའི་ཚེ་དབང་གསང་ཆེན་རྙིང་མ་རྒྱུད་འབུམ་པོད་ཉེར་ལྔ། བཀའ་འགྱུར་རྒྱུད་ཛ་ཝ་ཞ་གསུམ་དཀར་ཆག་ཀུན་མཁྱེན་འཇིགས་གླིང་གསུང་དྲིས་ལན། སྙིང་ཐིག་ཡ་བཞི། མཛོད་བདུན་ངལ་གསོ་སྐོར་གསུམ། སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ་བཅས་ཀྱི་ལུང་། སྨིན་གླིང་བཀའ་མ་སྒྱུ་འཕྲུལ་མདོ་དབང་སྡེ་གསུམ་སོགས་པོད་བཅུ་གསུམ་གྱི་དབང་ལུང་། ཀློང་སྙིང་རྩ་པོད་གཉིས་ཀྱི་དབང་ལུང་ཁ་སྐད་བཅས་བྱང་གཏེར་ལེའུ་བདུན་པའི་དབང་ལུང་ཁྲིད། འཇའ་ཚོན་ཟབ་གཏེར་རྩ་གསུམ་སྨིན་གྲོལ། རྒོད་ཚངས་རྣམ་ཐར། འཇའ་ཚོན་རྣམ་ཐར། གསུང་འབུམ། མཁྱེན་བརྩེའི་ལམ་རིམ་ལུང་། སྨིན་གླིང་སྨྱུང་གནས་དབང་། གྲུབ་མཆོག་ཚུལ་ཁྲིམས་བཟང་པོས་མཛད་པའི་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞིའི་དབང་ལུང་། བླ་མ་རང་གིས་མཛད་པའི་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་དབང་ལུང་། ༸གོང་ས་ལྔ་པའི་སྒྲོལ་དཀར་ཚེ་དབང་། གདུགས་དཀར་དབང་། མཚོ་རྒྱལ་སྐུ་གསུམ་སྒྲུབ་ཐབས་ཤིན་ཏུ་གསང་བ་སྙིང་ཞུགས། གནམ་ཆོས་འོད་ཆོག་དབང་། ཀློང་སྙིང་སྔོན་འགྲོའི་ཁྲིད། མི་ཕམ་གསུང་ཚིག་བདུན་གསོལ་འདེབས་འགྲེལ་བཤད་ཁྲིད། པཎ་ཆེན་བི་མ་ལས་མཛད་པའི་འཇམ་དཔལ་མཚན་བརྗོད་ཟབ་ཁྲིད། ལོ་ཆེན་དྷརྨ་ཤྲཱིས་མཛད་པའི་གཅོད་ཁྲིད། གཉན་ཁྲོད་འགྲིམ་ཐབས་བཅས་ཡོངས་རྫོགས། ཉག་བླ་པདྨ་བདུད་འདུལ་གྱི་གསུང་འབུམ་ལུང་། སླེ་ལུང་གསང་བ་ཡེ་ཤེས་ཀྱི་ཆོས་སྐོར་ལུང་། སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་དབང་ཁྲིད། ཀློང་སྡེ་རྡོ་རྗེ་ཟམ་པའི་དབང་རླུང་འཁྲུལ་འཁོར། ཡིད་བཞིན་མཛོད་འཁྲུལ་འཁོར། ངས་ཞུས་པའི་བླ་མ་རང་གི་ལྗགས་རྩོམ་རྡོར་སེམས་བསྙེན་ཡིག །སྐུ་གསུམ་མཁའ་འགྲོའི་ཚིག་འགྲེལ། ངའི་བླ་མའི་རྣལ་འབྱོར། དྭངས་མ་རང་གྲོལ་གྱི་དབང་དཀོན་སྤྱིའི་ཁྲིད་ཡིག །གུ་རུའི་དགོངས་རྒྱན་གྱི་ཁྲིད། སྙིང་ཐིག་ཡ་བཞིའི་དབང་། རུ་ཤན་ཁྲིད། སྲུང་མའི་བཀའ་གཏད་བཅས་གནང་།
གནས་ཆུང་མཆོག་སྤྲུལ་རིན་པོ་ཆེ་ཕེབས། གཅོད་དབང་བརྒྱ་རྩ་ཞུས་པས་གྲུབ་ཆེན་རིན་པོ་ཆེས་རོགས་བྱས་ནས་རྒྱས་པ་སློབ་མ་ཉིས་བརྒྱ་ཙམ་དང་། ཡང་གང་ཤར་རིན་པོ་ཆེས་ཞུས་པས་གཅོད་དབང་བརྒྱ་རྩ་འབྲིང་བ། ཡང་གཡུལ་རྒྱལ་ལགས་ནས་ཞུས་པས་བསྡུས་པ་བསྐུར། མཚན་མོ་གཉན་ཁྲོད་དུ་བཏང་། ཉིན་པར་རུ་ཤན་ཁྲིད། དེ་སྐབས་བྱད་འགྲོལ་ཞིག་ཞུས་པས་རྒྱ་ཞང་ཁྲོམ་གཏེར་མ་གསེར་གྱི་ལྡེ་མིག་གནང་། དེ་ནུབ་རྐང་པའི་བཀྱིག་ཐག་བཀྲོལ་བར་རྨིས་པས་ཕྱི་ནངས་ཡར་ལངས་ནས་ཕྱག་གསུམ་ལ་འབྲི་འཚལ་ཐུབ་པ་བྱུང་། དེ་ནུབ་ང་ལ་བླ་མ་རིན་པོ་ཆེ་སྐྱབས་མགོན་པདྨ་རྒྱ་མཚོའི་ཡང་སྲིད་སྐུ་ཚབ་ཁྱད་མེད་ལྟ་བུའི་ངེས་ཤེས་རྙེད་པས་ཕྱི་ནངས་འདི་ལྟར་གང་ཤར་རིན་པོ་ཆེ་ལ་རོགས་ཞུས་ནས་ཕུལ་ལོ། །
རྗེ་སངས་རྒྱས་ཐམས་ཅད་འདུས་པའི་ཐུགས། །བཀའ་དམ་ཆོས་ཐམས་ཅད་འདུས་པའི་གསུང་། །སྐྱབས་འཕགས་ཚོགས་དགེ་འདུན་འདུས་པའི་སྐུ། །མགོན་ཁྱབ་བདག་པདྨ་རྒྱ་མཚོར་འདུད། །སྙན་གསོན་དང་གྲུབ་ཆེན་རིན་པོ་ཆེ། །ཐུགས་གཏོད་དང་ཟླ་བ་རྡོ་རྗེ་བཟང་། །སྤྱིར་ང་ཡིས་བླ་མ་གང་མཇལ་ཀུན། །དང་པོ་ཡི་བླ་མའི་སྤྲུལ་པར་གོ །ཁྱེད་དག་སྣང་ངོར་གཅམ་བུ་ཙམ་མིན་པར། །རྗེ་པདྨ་རྒྱ་མཚོའི་སྤྲུལ་པ་ཉིད། །མངོན་སུམ་དུ་ཡིན་སྙམ་ཉམས་རྨིས་ཀུན། །ལན་གཅིག་ཙམ་མ་ཡིན་ངེས་པ་རྙེད། །མགོན་སེམས་ཉིད་སྟོབས་ལྡན་དགོངས་པའི་གཏེར། །གཅོད་དྭངས་མ་རང་གྲོལ་ཆོས་སྐོར་གྱི། །ཆོས་བདག་ཏུ་ལུང་གིས་ཟིན་པས་ན། །སྐྱེ་བ་དང་ཚེ་རབས་སུ་འབྲེལ་བ་ཡིན། །དོན་དེ་བས་དེང་ནས་རྣམ་ཀུན་ཏུ། །ཞལ་ལྟ་དང་ཆོས་ཉན་དགོངས་བྱིན་ཐོབ། །འབྲལ་མེད་དུ་རྗེས་སུ་བཟུང་དུ་གསོལ། །བཟང་ངན་དང་བར་མའི་འབྲེལ་བས་གཙོས། །མཐོང་ཐོས་དང་དྲན་རེག་མ་ལུས་པ། །འོད་གསལ་གྱི་རྫོགས་ཆེན་གསང་ལམ་དུ། །ཀུན་མཁྱེན་གྱི་དགོངས་ཀློང་གྲོལ་གྱུར་ཅིག །ཅེས་ཕུལ་བའི་ལན་དུ་འདི་ལྟར་གསུངས་སོ། །
རྗེ་ཕྱོགས་བཅུ་དུས་བཞིའི་སྐྱབས་གནས་ཀུན། །དོན་གཅིག་བསྡུས་ཁྱབ་བདག་རྡོ་རྗེ་འཆང་། །མགོན་རིག་རྩལ་བདེ་བའི་རྡོ་རྗེ་ལ། །འབངས་བདག་གིས་སྙིང་ནས་གུས་པས་འདུད། །ཉིད་སྔོན་ནས་མ་ཅིག་ཡུམ་ཆེན་མོ། །གཅམ་བུ་དང་ངོ་བསྲུང་དག་སྣང་གིས། །བཞག་པ་ཙམ་མ་ཡིན་མངོན་སུམ་དུ། །ལུང་ཟིན་ཞིང་ཚད་མར་ངེས་པ་རྙེད། །དེས་ཞལ་རྫུན་གསུངས་པ་མི་སྲིད་ཀྱང་། །སྤྲང་སོ་སྐྱེས་གངས་ཕྲུག་ཆོས་དྲེད་ལ། །རྗེ་ཉི་སྤྲུལ་གྱིས་བོང་བ་གསེར་གཟིགས་པས། །ཡོན་ཏན་གྱི་རྣམ་པ་ཆ་ཙམ་མེད། །སྐྱོན་མ་ལུས་པའི་ཕུང་པོ་བདག་ལྟ་བུར། །བླ་མ་དང་ཆོས་བདག་ཏུ་གཟིགས་པ་དེ། །དཔེ་གསེར་གླིང་དུ་ས་རྡོ་མི་རྙེད་ལྟར། །དག་སྣང་ངོར་མ་དག་ནུབ་པས་ལན། །རང་ཡོན་ཏན་དང་ནུས་པས་མི་འཛའ་འང་། །མགོན་བླ་མའི་དབུགས་དབྱུང་ཐོབ་པ་དེ། །དབང་འབུམ་ཐེར་བསྐུར་བའི་དོ་ཟླ་མིན། །བཀའ་ཟུར་ཙམ་བཅག་ན་དམྱལ་བར་འགྲོལ། །དོན་དེ་བས་རྟེན་འབྲེལ་གྱིས་ལེགས་སོ་ཞུ། །ཇི་གསུང་གི་དགོངས་པ་འགྲུབ་པ་ཞིག །དཔལ་དྲང་སྲོང་བདེན་ཚིག་གྲུབ་པའི་ཚོགས། །གང་བཏབ་པའི་སྨོན་ལམ་འགྲུབ་མཛད་གསོལ། །རྗེ་སྐུ་ཚེ་མི་འགྱུར་རྡོ་རྗེའི་ཁྲིར། །གཟུགས་སྐུ་ཡི་མཐོང་གྲོལ་ལུས་ཅན་ཀུན། །མ་ཟད་བར་མྱ་ངན་མི་འདའ་བར། །ཟབ་རྒྱས་ཀྱི་ཆོས་འཁོར་སྐོར་དུ་གསོལ། །དུས་གསུམ་དུ་དགེ་བའི་བཀྲ་ཤིས་ཤོག །ཅེས་གསུངས།
ཕར་ལ་སྐུ་གསུམ་མཁའ་འགྲོའི་དབང་བསྐུར། བླ་མ་རྣམས་ལ་དུག་ལྔའི་དག་པ་བྱོལ་སོང་གཙོ་བོ་ལྔའི་ཁྲི་ལ་སྦྱར་བའི་བརྟན་བཞུགས་གསོལ་འདེབས་ཤིག་ཕུལ། གཏང་རག་ཉིན་ཀ་ཤོད་ཡུམ་ནས་སྦྱིན་བདག་ཞུ་སྐབས་གྲུབ་ཆེན་རིན་པོ་ཆེ་ནས་ཡེ་ཤེས་མཚོ་རྒྱལ་བུད་མེད་དཀར་མོའི་རྣམ་པར་བྱུང་། ཚེ་བུམ་ནས་ཚེ་ཆུ་སྟེར་བས་ང་ལོ་ལྔའི་བར་མི་སྐྱོན་པའི་སྐུ་ཁག་ཁུར་གསུང་བ་མངོན་སུམ་མཐོང་གསུངས། དེ་ནས་བཟུང་ན་རྒྱུའང་ཆུང་དུ་སོང་ནས་དེ་ལྟར་དོན་སྨིན་བྱུང་། མཎྜལ་རྟེན་བཅས་གྲུབ་ཆེན་རིན་པོ་ཆེས་ངའི་རྣམ་ཐར་ཤོད་དགོས་ནན་ཏན་གསུངས་པས་ཤོད་རྒྱུ་བྱས་ཤིང་མཆོད་བརྗོད་འགོ་བརྩམས་ནས་ཕེབས། རྫོགས་ཆེན་མཁན་པོ་ངག་ཆུང་གི་དངོས་སློབ་བླ་མ་བྱང་ཆུབ་རྡོ་རྗེའི་མདུན་ནས་སྨྱོ་ཤུལ་ལུང་རྟོགས་ཀྱི་ཁྲིད་རྒྱུན་ལྟར་ཡེ་ཤེས་བླ་མ་མཁན་པོའི་གསུང་ཁྲེགས་ཆོད་བཅས་ལེགས་པར་ཞུས་ནས་གཞན་ལའང་ཁྲིད། ཡང་ཨ་རིག་སྤྲུལ་སྐུའི་མདུན་ནས་ཀུན་བཟང་བླ་མའི་བཀའ་གནད་མཁན་པོའི་གསུང་ཁྲིད་ལུང་ཞུས་ནས་བློ་སྦྱོང་གང་ཐུབ་བྱས།
ས་སྟག་ལོར་འབྲས་སྤུངས་ནས་གསར་མ་དགའ་ལྡན་རྒྱུད་པ་ལྷོ་སྤྲུལ་དྲི་མེད་རིན་པོ་ཆེས་གནང་ཡང་སྔགས་རྙིང་མའི་བརྒྱུད་པ་ཆུ་བཟང་རིན་པོ་ཆེའི་མདུན་ནས་ཐོབ་པ་གསུང་རབ་གླིང་གི་གཟིམ་ཤག་གོང་མའི་བླ་མ་རིན་པོ་ཆེ་ཕེབས་ནས་བཀའ་འགྱུར་ལུང་འཇིགས་བྱེད་དཔའ་གཅིག་གི་དབང་ལམ་རིམ་གྱི་ཁྲིད་བསྡུས་བཅས་ཞུས། སྔོན་མཁན་ངག་དབང་ནོར་བུ་འདིར་ཕེབས་སྐོར་དམ་ཚིག་ཉམས་ཆག་གསོ་ཕྱིར་སྨན་སྒྲུབ་ཚད་ལྡན་ཞིག་ཚུགས་ན་ཕན་པར་བསམ་བཞིན་ས་ཡོས་ལོར་གྲུབ་ཆེན་རིན་པོ་ཆེ་གདན་འདྲེན་ཞུས་ཏེ་སྔ་དྲོ་རྡོ་རྗེ་སེམས་དཔའ་དང་། ཕྱི་དྲོ་རྟ་ཁྱུང་གི་སྨན་སྒྲུབ་ཅིག་ཚུགས། མི་ཐམས་ཅད་ཉམས་འུར་ནས་འཁྲབ་འདོད་པར་ཉིན་མཚན་ཁོར་ཡུག་ཏུ་འབྱམས། སྨན་སྦོལ་དུས་འཇའ་འོད་ཁ་དོག་སྣ་ལྔ་ཤར་བ་དང་སྔོན་ཟངས་ཡག་བྲག་ཏུ་སྡོད་སྐབས་རྡོ་རྗེ་གཡུ་སྒྲོན་ཁོག་ཞུགས་ཀྱིས་འདུ་ཁང་གཟིམ་ཕུག་བར་མཇལ་དར་ཁང་པའི་ཕྱི་ནས་ཟང་ཐལ་དུ་ཅོག་ཙེའི་སྟེང་དུ་སླེབས་པ་ཀུན་གྱིས་མཐོང་། དེ་སྐབས་སྔ་ཉིན་ཀུན་མཁྱེན་གྱི་མདུན་དུ་གཡུ་སྒྲོན་མ་མི་ཁོག་ཏུ་ཞུགས་ཚུལ་གྱི་རྣམ་ཐར་མང་དུ་གླེང་པ་དང་ཕྱི་ཉིན་སྔ་ཆར་ལྷ་མང་པོ་ཞུགས་པ་རྨིས། དེ་ཉིན་སངས་རྒྱས་དབང་མོ་དུ་བ་འཚུབ་པ་དང་དྲང་སྲོང་གིས་བདུད་རྩི་སྟེར་བ་མཐོང་རྗེས་ལྷ་ཞུགས་མཁའ་འགྲོའི་ཆས་གཡོག་ཚད་ཞུགས་ཀྱང་རྒྱུན་དུ་ཕེབས་རྒྱུ་ཡོད་པ་སངས་རྒྱས་དབང་མོ་དང་མཐར་ཕྱིན་དབང་མོ་གཉིས་བྱུང་། ང་ལ་འཁོར་དང་བྱིན་འབེབས། ས་ཐིག་བསྒྲལ་ཆོག་བདུད་རྩི་སྟེར་བ་དང་དངོས་གྲུབ་ལེན་ཆོག །དྲེགས་པ་མང་པོ་དཀྱིལ་འཁོར་མཇལ་དུ་ཡོང་ཆོག་པ་ཞུས། དཀྱིལ་འཁོར་ལ་གར་འཆམ་བསུན་བཟློག་སོགས་སློབ་དཔོན་གྱིས་རོགས་བྱས། བསྐལ་པ་རྫོགས་ལྡན་ནས་བཟུང་ད་བར་སྐྱེ་བ་ཅི་བླངས་གདུལ་བྱ་འགྲོ་དོན་སོགས་འབྱུང་ལུགས་ཀྱི་ལུང་བརྒྱབ། མོ་རང་ས་བཅུ་གཅིག་ལ་གནས་པའི་དྲི་ཟའི་བུ་མོ་ཡིན་ཟེར། ང་ལ་རྒྱུན་དུ་འཁོར་བའི་དམ་གནས་ཀྱི་སྲུང་མ་ཡིན་པ་འདྲ། སྨན་སྒྲུབ་གྲུབ་ནས་འཇའ་ཚོན་རྩ་གསུམ་དབང་དང་བླ་མ་ཡང་ཏིག་གི་སྔོན་འགྲོ་སྙན་རྒྱུད་ཆེ་ཆུང་གི་ཁྲིད། འཇིགས་གླིང་གསུང་ཐོར་བུའི་ལུང་ཡང་གཅིག་ཞུས། ཡང་སྲིད་སྐྱོང་རྭ་སྒྲེང་རིན་པོ་ཆེ་ལྷོ་གནས་དང་སྦྲགས་འདིར་ཕེབས། རང་སློབ་དང་སྐུ་དྲག་སོགས་ཀྱིས་རྒྱལ་པོའི་ཆེ་བས་ང་རང་ཕར་གཅར་དགོས་ཟེར་ནས་མིའི་རྒྱབ་ཏུ་ཁུར་བར་བརྩམས་པ་ན་སྲིད་སྐྱོང་རིན་པོ་ཆེ་སྐུ་རྐྱང་ངའི་སར་ཕེབས། ཁྱེད་འདིར་ཕེབས་ནས་ལོ་ག་ཙམ་སོང་། ད་དགུང་ལོ་ག་ཙམ་སླེབས་ཀྱིན་ཡོད་གསུངས་པས་ང་དང་པོ་ཡོང་དུས་ཁ་ལའང་སོས་གང་ནས་ཡོད། མགོའང་ནག་པོ་ཡིན། ད་ནི་ཁ་ལ་སོའང་མེད། མགོའང་དཀར་པོར་སོང་ཞུས། འོ་ན་ཁྱེད་ཀྱི་ཐུགས་དམ་གྱི་མཐིལ་གང་ཡིན་གསུངས་པར་དེ་མ་ཐག་རྭ་སྟོན་ཡིན་ཞེས་ཁ་ནས་ཐོན། ཡང་ཟློས་གསུངས་ན་གང་ཞུ་དགོས་ཡིན་བསམས་བྲེད་དེ་སེམས་ཁྲལ་བྱུང་ཡང་གང་ཡང་མ་གསུངས། རྗེ་བཙུན་སྒྲོལ་དཀར་གྱི་ཚེ་དབང་ཞབས་དཀར་གསུངས། མཁའ་ལྡིང་གཤོག་རླབས་ཀྱི་ཞལ་ཤེས་དགོས་གསུང་བཞིན་ཁྲིད་ཕུལ། ཚེ་དབང་དམ་ཚིག་ཞལ་བཞེས་སུ་སེམས་ཅན་སྲོག་བསླུ་འབུམ་གཏོང་ཞུས་པས་ཞལ་གྱིས་བཞེས། ཚུར་ལའང་ཆོས་འབྲེལ་གང་བློ་དང་མ་ཎིའི་ལུང་ཞུས། ཡང་ཟངས་ཡག་བྲག་ཏུ་སྡོད་སྐབས་ཤིག་ལ་འཁྲུལ་ཞིག་རིན་པོ་ཆེས་ཐ་མ་ཁ་ཡི་ཉེས་དམིགས་བསྐུལ་ན་དེང་སང་ཕན་ཐོགས་ཆེན་པོ་ཡོང་གསུངས། ཨ་ཎི་སངས་རྒྱས་དང་བྱང་ཆུབ་གཉིས་ལ་རྒྱུད་བསླབས། སྙེ་ཕུ་ནས་མར་བསྐུལ་དུ་བཏང་བས་དད་པ་དང་ངེས་འབྱུང་གི་དགེ་བསྐུལ་བྱུང་། དེ་ནས་ལྷ་སར་བཏང་། རང་ཡང་མ་སྤྲུལ་རིན་པོ་ཆེ་མཇལ་བར་ལྷ་སར་སོང་། སྟོད་གྲྭ་ཚང་ནས་ཐ་མ་ཁའི་ཉེས་དམིགས་བསྐུལ་གསུངས་པས་ཁོང་གཉིས་བཏང་། ཁྲི་བརྒྱབ་ཞལ་ཐང་བཤམས། དགེ་འདུན་ཀུན་ཚོགས་ནས་ཆོས་གོས་སེར་ཐིང་ངེ་བཞུགས་འདུག་པས་ཁོང་གཉིས་འགྲོ་མ་ནུས་པར་བྲོས་ནས་ངའི་རྩར་སླེབས་བྱུང་། ང་སེམས་སྨྱོ་སྐབས་ཡིན་ཀྱང་སོང་ནས་དེར་བསྡད། མ་ཎི་བསྐུལ། ཐ་མ་ཁའི་ཉེས་དམིགས་བཤད། ཡིག་དྲུག་ཁས་ལེན་མཁན་མང་པོ་བྱུང་། སྣ་རུ་མང་དུ་ཕུལ་སྣ་ཐ་བཅད། ལྷ་ཀླུ་སོགས་ཀུན་ལ་བདུན་གཅིག་རིང་མ་ཎི་བསྐུལ་དགེ་བསྐུལ་བྱས་པས་མ་ཎི་དུང་ཕྱུར་བཅུ་གསུམ་བྱུང་། དེའི་ཚེ་ཉེས་དམིགས་ཀུན་མདོར་བསྡུས་འདི་ལྟར་སྨྲས་སོ། །
ན་མོ་གུ་རུ་ཌཱཀྐི་ནི་ཡེ། །བླ་མ་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །རྫས་ངན་ཐ་མ་ཁ་དང་སྣ་དུད་ཀྱི། །ཉེས་དམིགས་བཤད་ལ་དང་པོ་ལོ་རྒྱུས་ནི། །རྫོགས་པའི་སངས་རྒྱས་བཅོམ་ལྡན་ཤཱཀ་ཐུབ་ལ། །བདུད་ཀྱིས་མཆོད་པ་ཕུལ་ནས་སྨོན་ལམ་བཏབ། །སངས་རྒྱས་བསྟན་ཞབས་བདག་གིས་དབང་འདུས་ཤོག །ཅེས་སྨྲས་རྫོགས་པའི་སངས་རྒྱས་ཀྱིས་མཁྱེན་ནས། །རིགས་གསུམ་མགོན་པོའི་སྤྲུལ་པས་འདུལ་ཤོག་གསུངས། །གཞན་འཕྲུལ་དབང་བྱེད་དགའ་རབ་དབང་ཕྱུག་གིས། །བློན་པོ་བཙུན་མོ་དང་བཅས་གྲོས་བློ་བསྡུར། །སྣ་ཚོགས་རྫུ་འཕྲུལ་བསྟན་ནས་མཆིལ་མ་བཏབ། །དུག་སྒོང་དུ་གྱུར་བཙུན་མོ་པད་ཕྲེང་མ། །བློན་གཉིས་བཅས་བསྐུར་རྡོ་རྗེ་གདན་དུ་བཏང་། །མཚོན་ཆ་མེ་འབར་ལྟ་བར་མ་བཟོད་ལོག །བཞི་སྟོང་དུས་འཚོགས་མདའ་འཕངས་ར་བ་བཅོམ། །ཕྱོགས་མཚམས་རླུང་བསྐུར་ལོ་དགུ་སོང་བ་ན། །སྔོན་མེད་སྔོ་སྐྱེས་བཛྲ་ཀ་ལས་བཅད། །སྨད་འཚོང་བཛྲ་ཤྲཱིས་ཁྲོམ་དུ་སྟོན། །ཀུན་གྱིས་ཡིད་འོང་སྣར་འགམ་དུ་བ་འཐུང་། །མུ་སྟེགས་དར་ཞིང་སངས་རྒྱས་བསྟན་པ་བཅོམ། །བོད་དར་ཁྲི་སྲོང་ལྡེའུ་བཙན་སྐུ་ཚེ་བསྟུང་། །ལྷ་སྲས་གདུང་རྒྱུད་ཆད་སོགས་བསྟན་པ་ཕུང་། །ཧོར་སོག་དམག་དཔུང་ནད་མཚོན་མུ་གེ་དར། །བར་དུ་ཉེས་དམིགས་བསམས་ནས་སྤང་བ་ནི། །སྔོན་དེ་གར་དར་བདུད་རྣམས་ཁོང་དུ་འཛུལ། །ཆོས་ལོག་ཁྲིམས་ཞིག་སྡེ་འཁྲུག་ཟོལ་སྦྱོར་དར། །གཡོ་ཁྲམ་མི་དགེ་ཐམས་ཅད་དེ་ཡིས་བྱེད། །དུད་པ་མཁར་སོང་ལྷ་འཁྲུགས་གཟའ་ནད་དར། །མཆིལ་མ་སར་དོར་ཀླུ་འཁྲུགས་མཛེ་ནད་བྱུང་། །བྱིང་རྒོད་འཐིབ་རྨུགས་ཤེས་འགྲིབ་རྩ་རླུང་ཉམས། །དྲི་ཙམ་ཕོག་པས་ས་བཅུའི་བྱང་སེམས་ཀྱང་། །ལན་གཅིག་དམྱལ་བ་ཐིག་ནག་དག་ཏུ་འགྲོ། །འགོ་བའི་ལྷ་ཡལ་རྟེན་གསུམ་རབ་གནས་ཉམས། །ཆོས་སྲུང་དགྲར་ལྡང་བསྟན་འཛིན་སྐུ་ཚེ་འགྲིབ། །དབང་བསྐུར་མི་ཐོབ་ལུང་ཁྲིད་བྱིན་མི་འཇུག །སངས་རྒྱས་ཐུགས་རྗེས་མི་འདྲོངས་བཀའ་དང་འགལ། །བྱང་སེམས་འབུམ་བསད་རྟེན་གསུམ་འབུམ་བཤིག་ལས། །ཉེས་པ་ཆེ་ཞིང་དམྱལ་ཁམས་བཅོ་བརྒྱད་འགྲིམ། །འདི་སྤངས་བཅུག་ཀུན་པདྨའི་སྤྲུལ་པ་ཡིན། །བདུད་མོའི་མངལ་ཁྲག་དྲི་ཟས་དུ་རུ་ཀ །འདི་སྤྱོད་གཅོད་ལོག་ཡིན་ཞེས་མ་ཅིག་གསུངས། །བློ་དམན་མགོ་ཡང་ཆོས་འཁོར་བསྟན་པ་ཉམས། །བསོད་ནམས་ཟད་ཅིང་སྤྱོད་ངན་སྲེད་པ་འཕེལ། །ཁ་ཆུ་མི་ཐུབ་མདོག་ཉམས་ནད་ཀུན་སློང་། །ཞ་སྨྱོ་འོན་ལྐུགས་ལོང་བརྒྱལ་དྲི་ངན་བྲོ། །ཆར་སྐམ་རྩྭ་སད་སེར་བ་འབུ་སྲིན་འབྱུང་། །རིམས་ནད་ཇག་རྐུན་ནང་འཁྲུག་ལྟས་ངན་དར། །བྱང་སེམས་རྩ་སྐམ་བདུད་དང་ཐེའུ་རང་ཞུགས། །གཟའ་འཛིན་དུས་ལོག་སྐར་མ་རྟགས་ཅན་འཆར། །ཞེས་དང་གུ་རུ་པདྨ་འབྱུང་གནས་ཀྱིས། །ཐ་མ་སྤང་བའི་ཐབས་དང་ཕན་ཡོན་ནི། །ང་ལ་དད་མོས་རྗེས་སུ་འཇུག་འདོད་རྣམས། །ཐ་མ་ཁ་ཞེས་ཟས་ངན་དུག་ཅན་འདི། །འཐུང་མི་རྣམས་དང་ཁ་ལག་སྤྱོད་མི་བསྲེ། །གལ་ཏེ་འདྲེས་ན་རྩ་བཤལ་ཆུ་བཤལ་གྱིས། །བཟང་དྲུག་སྨན་དང་བཛྲ་གུ་རུ་ཡིས། །ལུས་ཀྱི་ཕྱི་ནང་ཀུན་ལ་ཡང་ཡང་བྱུག །བསྐང་བཤགས་ཉམས་གྲིབ་སེལ་བའི་ཆོ་ག་བྱ། །ཤེས་ལྡན་སྐྱེ་བོ་ཡོད་ན་སྤང་བར་བྱ། །དཀོན་མཆོག་རྗེས་སུ་འཇུག་ན་སྤང་བར་བྱ། །བཀའ་བཞིན་སྒྲུབ་འདོད་ཡོད་ན་སྤང་བར་བྱ། །དམ་ཚིག་སྡོམ་པ་བསྲུང་ན་སྤང་བར་བྱ། །རྩེ་གཅིག་བསམ་གཏན་སྒྲུབ་ན་སྤང་བར་བྱ། །དགེ་སློང་ཁྲིམས་ལྡན་ཡིན་ན་སྤང་བར་བྱ། །སྔགས་པ་དམ་ལྡན་ཡིན་ན་སྤང་བར་བྱ། །འདི་ཕྱི་གཉིས་ཡོད་བྱེད་ན་སྤང་བར་བྱ། །ངན་འགྲོའི་སྡུག་བསྔལ་བསམས་ན་སྤང་བར་བྱ། །གཏན་གྱི་བདེ་བ་འདོད་ན་སྤང་བར་བྱ། །ཚེ་རིང་ནད་མེད་འདོད་ན་སྤང་བར་བྱ། །བདེ་སྐྱིད་ཕུན་ཚོགས་འདོད་ན་སྤང་བར་བྱ། །བུ་ནོར་ལོངས་སྤྱོད་འདོད་ན་སྤང་བར་བྱ། །ང་ཡིས་འགྲོ་བ་བསླུ་རེ་ན་ར་ཀན། །ང་ཡི་རྗེས་འཇུག་ཡིན་ན་ག་ལ་འཐུང་། །སེམས་ཅན་ཀུན་གྱིས་འཐུང་བར་མ་གྱུར་ཅིག །འདི་སྤངས་གཞན་ལ་བསྐུལ་དང་ཉེས་པ་བརྗོད། །སྔོན་འགྲོ་བསགས་སྦྱང་བསྙེན་སྒྲུབ་བྱས་དང་མཚུངས། །དེས་ན་འདི་སྤོངས་ཕན་ཡོན་དྲན་པར་གྱིས། །མ་ཅིག་གསུང་དང་བདུད་འདུལ་རྡོ་རྗེ་དང་། །སངས་རྒྱས་གླིང་པ་རཏྣ་གླིང་པ་ཡི། །གཏེར་མར་གཞི་བྱས་བླ་མའི་བཀའ་ལུང་བཞིན། །ཨོ་རྒྱན་པདྨ་རྒྱལ་ཡུམ་ལབ་སྒྲོན་མའི། །རྗེས་འཇུག་སྤྲང་མོ་མ་ཎི་ལོ་ཆེན་མ། །རིག་འཛིན་ཆོས་ཉིད་བཟང་མོས་བྲིས་པའི་དགེས། །ཐམས་ཅད་འདི་སྤངས་དལ་འབྱོར་དོན་ལྡན་གྱིས། །རྫོགས་པའི་སངས་རྒྱས་འགྲུབ་པའི་རྒྱུར་གྱུར་ཅིག །ཅེས་སྨྲས་སོ། །
ཡང་སྐབས་ཤིག་ང་ཚེ་འཕྲང་ལ་ཤིན་ཏུ་ན་བས་མཆེད་གྲོགས་རྣམས་ཀྱིས་ཞབས་བརྟན་མང་དུ་ཞུས་ཀྱང་མ་ཕན་པས་བློ་གྲོས་བཟང་མོ་ནས་གང་ཤར་རིན་པོ་ཆེར་ཐུགས་དམ་ཞུས་པས་མ་ཅིག་གི་སྐུ་མི་ཚད་གཅིག་བཞེངས་ན་ཚེ་འཕྲང་ལས་ཐར། མ་ཅིག་དང་སྐུ་ཚེ་མཛད་འཕྲིན་མཉམ་པ་ཡོང་གསུངས་པས་མཆེད་བློ་གྲོས་བཟང་མོ་ལྷ་ལྡན་མ་ཅིག་གི་སྐུ་བཞེངས་པ་ལ་བཏང་། འཇིམ་བཟོ་ལ་བཅར་ནས་ཞུས་པས་ཆོས་གླིང་སོགས་ནས་མ་ཅིག་གི་སྐུ་གསུམ་བཞེངས་པའི་ནང་ནས་འདི་ཉིད་བྱོན་ལེགས་ཤིང་ཚར་མགྱོགས་པ་རང་བྱོན་ལྟ་བུར་བྱུང་ཟེར་ནས་ཧ་ལས་མར་ཤུག་གསེབ་ཏུ་གདན་འདྲེན་སྐབས་གྲོག་པོ་ན་ཁ་ནས་ཤུག་གསེབ་ལ་མ་སླེབས་བར་དུ་ས་གཡོ་ཁ་བ་མེ་ཏོག་དབྱིབས་ཅན་གྱི་ཆར་བབ། རོལ་མོའི་སྒྲ་དང་འཇའ་ཟུག་པ་སོགས་ངོ་མཚར་བའི་ལྟས་མང་པོ་ཀུན་གྱིས་མཐོང་ཐོས་བྱུང་། དེ་ཚེ་བླ་མ་མང་པོས་དགོངས་པ་གཤེགས་ཚར་བར་གསུངས་ཀྱང་ངའི་ཉམས་ལ་རེས་འགའ་མ་ཅིག་རང་ཡིན་སྙམ་པ་དང་། རེས་འགའ་ང་རང་མ་ཅིག་ཡིན་སྙམ་པ། རེས་འགའ་དབྱེར་མི་ཕྱེད་པར་གྱུར། རེས་འགའ་སྣང་བརྙན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་ངའི་སྙིང་གར་ཐིམ། ངའི་སྙིང་ག་ནས་འོད་ཟེར་འཕྲོས་པ་མ་ཅིག་གི་ཐུགས་ཀར་ཐིམ། རྟེན་དང་བརྟེན་པ་དབྱེར་མེད་དུ་གྱུར་པའི་སྣང་བ་མང་དུ་ཤར། ངའི་བསམ་པ་ལ་ངེས་པ་མེད་ཀྱང་གང་ཤར་རིན་པོ་ཆེ་སོགས་བླ་མ་རྣམས་ནས་ཡེ་ཤེས་དངོས་བཞུགས་ཡིན་ཞེས་གསུངས་པས་ཡིད་ཆེས།
ཡང་དེའི་སྔོན་ལ་ཨ་མའི་འཁྲུངས་རྟགས་སྡུག་བསྔལ་རང་གྲོལ་མི་ཚད་མ་ཐུགས་ཀར་རྒྱ་དངུལ་གྱི་ཡེ་ཤེས་སེམས་དཔའ་ཡོད་པ་དང་། འཇམ་དཔལ་དབྱངས་མི་ཚད་མ་གཅིག་གིས་གཙོས་རབ་གསེར་ཟངས་འབྲིང་དངུལ། ཐ་མ་ཟངས་རག་འཇིམ་སྐུ་སོགས་སྣང་བརྙན་འབུམ་ལོང་པ་དང་། གསུང་རྟེན་ཨ་ཎི་འཇམ་དབྱངས་དཔལ་མོའི་གོས་ཆེན་ཕྱུ་པ་ལ་གཞི་བྱས་གསོན་གཤིན་གྱི་དད་རྫས་ལ་སྐྱབས་མགོན་ཞབས་དཀར་ཆོས་སྤྱོད་ཡོང རྫོགས། སྐུ་གསུམ་མཁའ་འགྲོ། དྲག་པོ་རྟ་ཁྱུང་གི་ཆོས་སྐོར། རྒྱལ་རོང་ནམ་སྤྲུལ་དགོངས་གཏེར་གཅོད་ཡུལ་ཟབ་དོན་སྤྲིན་ཕུང་། མི་ཕམ་གསུང་ངེས་ཤེས་སྒྲོན་མེ། བླ་མ་ཡང་ཏིག་སྔོན་འགྲོའི་ཁྲིད། སྙན་རྒྱུད་ཆུང་ངུ་སོགས་བསམ་པ་མྱུར་འགྲུབ་ཁྲིད། དུས་གསུམ་བདེ་གཤེགས་ཁྲིད། བསྔོ་སྨོན་ཁྲིད། ཟབ་བུ་བླ་མ་པདྨ་འཕྲིན་ལས་ལ་བསྐུལ་བའི་ཀར་གླིང་ཞི་ཁྲོའི་བར་དོ་དྲུག་ཁྲིད། བདེ་རབ་ལྕམ་ལ་བསྐུལ་བའི་ཨོ་རྒྱན་སྤྲུལ་པའི་གླེགས་བམ་སོགས་སྡེབ་ཁྲི་ཕྲག་ལ་ཉེ་བར་དགེ་བསྐུལ་སོགས་བཞེངས། ཡང་གླིང་ཚང་རྒྱལ་པོ་ཕེབས། ལུང་ཟིན་གྱི་གཏེར་ཆེན་ཡིན་པར་ཐོས་པས་རྟེན་འབྲེལ་བཟང་པོར་གོ་སྟེ་ལྷ་མོ་ཙཎྚ་ལིའི་དབང་གཅོད་ཚོགས་སོགས་ཞུས། བཞི་ཆ་སུམ་བྲལ་བཀའ་འདྲི་ཞུས་པས་ངའི་ལག་པ་ནས་བཟུང་སྟེ་འདས་པའི་རྟོག་པས་མ་སླད་ཟེར་མཛུབ་མོ་གཅིག་བཞག །མ་འོངས་རྟོག་རྗེས་མ་འབྲང་ཞེས་གཅིག་བཞག །ད་ལྟའི་རྟོག་ངོར་མ་ཡེངས་ཞེས་གཅིག་བཞག་པ་སུམ་བྲལ་དུས་གསུམ་ལས་འདས་པའི་རིག་པ་བཞི་ཆ་ཟེར་བར་གསུངས། དད་པ་སྐྱེས་ཤིང་ཚུར་ཡང་མ་ཅིག་གྲུབ་རྒྱལ་ཡེ་ཤེས་མཚོ་རྒྱལ་དངོས་ཡིན་གསུངས་ནས་སྒྲོལ་དཀར་ཚེ་དབང་དང་སྒྲོལ་མའི་ལུང་དགོས་གསུངས་བཞིན་ཕུལ་ནས་ཕེབས།
ལྕགས་སྦྲུལ་ལོ་མཇུག་ཏུ་གྲུབ་ཆེན་རིན་པོ་ཆེ་གདན་འདྲེན་ཞུས། དཔལ་སྤྲུལ་གསུང་འབུམ་ཡོངས་རྫོགས་ཀྱི་ལུང་། མཁའ་འགྲོའི་འགྲེལ་ཆེན་གྱི་ཁྲིད་སོགས་ཞུས། སང་ཕོད་འཇའ་ཚོན་པོད་དྲུག་དབང་ལུང་གནང་རོགས་ཞུས། དཔེ་ཆ་ཙཀྴི་སོགས་སྦྲགས་པ་བསྣམས་ནས་ཆུ་རྟ་ལོ་མགོར་ཕེབས། འཇའ་ཚོན་ཆོས་སྐོར་གྱི་དབང་ལུང་ཡོངས་རྫོགས་དང་ཁྲིད་བཅས་ཀར་གླིང་ཞི་ཁྲོའི་དབང་རྒྱས་པ་འཕྲད་ཚད་རང་གྲོལ་ཞག་ལྔ་བར་དོ་དྲུག་ཁྲིད་རྒྱས་པ་དང་ཆོས་སྐོར་ཡོངས་རྫོགས་ཞུས། ཡང་རྫོགས་ཆེན་ཡེ་ཤེས་བླ་མའི་བཀའ་ཁྲིད་ཞུས། རྒན་པ་དྲུག་ཅུ་སྐོར་རུ་ཤན་སྦྱངས། གཞོན་པ་གསར་བུ་རྣམས་སྲིད་པ་བར་དོའི་ཁྲིད་སྦྱངས། སོ་སོའི་ཉམས་ཀྱི་སེམས་རྒྱུགས་ཡི་གེ་བྲིས་ཏེ་ཕུལ་བ་ལ་ལན་རེ་རེ་བཏབ། ཟླ་བ་གསུམ་ཙམ་བཞུགས། ཕེབས་ཁར་ཟླ་གསུམ་པའི་ཉེར་དགུ་ལ་ལྷ་ལྡན་ནས་ཆིབས་བསུ་འབྱོར། ཕེབས་ཁར་ངས་སྔོན་སྐྱབས་རྗེ་ཁྱུང་སྤྲུལ་རིན་པོ་ཆེ་ཡང་ཉེར་དགུ་ལ་ཕེབས་པས་གཤེགས་སོང་། ད་ལྟ་ཁྱེད་ཀྱང་དེ་ལྟར་ཕེབས་པས་ད་ཕྱིན་མི་མཇལ་བར་འདུག་ཞུས་པས་གྲུབ་ཆེན་རིན་པོ་ཆེས་ང་གཤེགས་པར་དོགས་ནས་བཞུགས། གནས་སྡེ་ཐུབ་འོད་དང་ཕྲེང་ལྕམ་བདེ་སྐྱོང་གཉིས་གྲོགས་སུ་སྦྲན་ནས་བརྟན་བཞུགས་ཕུལ་ནས་ཞལ་བཞེས་ནན་ཏན་དགོས་ཟེར་བ་ལ་ངས་སྔོན་མ་ཅིག་དགུང་ལོ་བརྒྱ་རྩ་བཞུགས་པས་ང་དེའི་སྤྲུལ་པར་རློམ་པས་ལོ་བརྒྱ་རྩ་སྡོད་པར་ཁས་ལེན་དགོས་བྱུང་བས་མཆེད་ལྕམ་ཐམས་ཅད་ཕེབས་ནས་མཐུན་འགྱུར་ཞུས་ནས་ཕེབས། ཡང་སྐབས་ཤིག་གྲྭ་བསོད་ནམས་ཆོས་འཕེལ་ནས་ཞལ་གདམས་དགོས་ཟེར་བ་ལ་འདི་ལྟར་སྨྲས་སོ། །
སྐྱབས་རྒྱལ་ཀུན་མ་ལུས་གཅིག་བསྡུས་པ། །མགོན་དྲིན་ཅན་རྩ་བའི་བླ་མ་མཁྱེན། །ཆོས་ལ་ཕྱོགས་པའི་དད་ལྡན་ལ། །རྒྱུད་བྱིན་རླབས་འཇུག་པ་དབྱིངས་ནས་དགོངས། །སྙན་གསོན་དང་བསོད་ནམས་ཆོས་འཕེལ་ལགས། །སྔོན་བསོད་ནམས་ཕུན་ཚོགས་བསགས་པའི་མཐུས། །དཔེ་གྲངས་ངོ་བོའི་སྒོ་ནས་རྙེད་དཀའ་བས། །དལ་འབྱོར་ལུས་རྟེན་ཡང་དག་རྙེད་དུས་འདིར། །སྙིང་ནས་དམ་པའི་ཆོས་ལ་མ་འབད་ན། །ལུས་རྟེན་བཟང་ཡང་སྙིང་མེད་ཁོང་རུལ་འདྲ། །དེས་ན་དལ་འབྱོར་སྙིང་པོ་ལེན་དགོངས་ན། །རྒྱལ་ཀུན་འདུས་ཞལ་དཔལ་ལྡན་བླ་མ་ལ། །གཡོ་མེད་མོས་གུས་དྲག་པོས་གསོལ་བ་ཐོབ། །ཅི་མཛད་ལེགས་མཐོང་རྒྱུན་དུ་དག་སྣང་གྱིས། །བདེ་སྡུག་བཟང་ངན་རེ་དོགས་རྗེས་མི་འབྲང་། །རང་བྱུང་རིག་པ་རང་ཚོ་མི་ཉམས་ཤིང་། །ལྟ་བའི་གནད་འགག་སྤྱོད་པ་བོགས་འདོན་སོགས། །བླ་མའི་དྲུང་དུ་གནས་ན་ས་ལམ་རྫོགས། །མདོ་རྒྱུད་བསྟན་བཅོས་མན་ངག་མང་ཤེས་ཀྱང་། བླ་མ་མི་རུ་མཐོང་ན་དངོས་གྲུབ་ཡལ། །དེས་ན་དུས་དང་རྣམ་པ་ཐམས་ཅད་དུ། །ཀུན་གོ་ཆིག་ཆོད་བླ་མར་གསོལ་འདེབས་དང་། །བསླབ་གསུམ་ཉམས་ལེན་དྲན་ཤེས་བག་ཡོད་ཀྱིས། །ཕ་རྗེས་བུ་ཡིས་ཟིན་པར་མཛོད་ཅིག་ཨང་། །དེ་སྐད་གོང་མིང་ལྷ་ལྡན་ཕེབས་སྐབས་སུ། །ཤུག་གསེབ་བླ་མིང་མ་ཎི་རྒན་མོ་ཡིས། །བསླབ་བྱའི་ཚུལ་དུ་ཕུལ་བ་དགེ་གྱུར་ཅིག །
ཡང་དེ་སྐབས་གསང་ཡུམ་བསྟན་འཛིན་ཆོས་སྒྲོན་ནས་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །ཕྱི་ཡི་བླ་མས་བླང་དོར་ཚུལ་བཞིན་སྟོན། །ནང་གི་བླ་མས་བསྐྱེད་རྫོགས་དོན་ལ་སྦྱོར། །གསང་བའི་བླ་མས་གནས་ལུགས་རང་ངོ་སྟོན། །གཅིག་ཤེས་ཀུན་གྲོལ་དོན་གྱི་བླ་མར་འདུད། །རྙེད་དཀའི་རིན་ཆེན་མི་རྟག་རྐྱེན་གྱིས་འཇིག །འཁོར་བའི་གནས་འདིར་མཐོ་དམན་གར་སྐྱེས་ཀྱང་། །སྡུག་བསྔལ་དམ་ལ་མ་བཞག་མེད་མཐོང་ནས། །ངེས་འབྱུང་བློ་སྣ་སྟུང་བ་ཕྱི་ཡི་ལམ། །འཁོར་བའི་སེམས་ཅན་ཕ་མའི་འདུ་ཤེས་ཀྱིས། །བྱམས་དང་སྙིང་རྗེ་ཚད་མེད་བཞི་ཡི་ངང་། །སྨོན་འཇུག་གཉིས་དང་ཕ་རོལ་ཕྱིན་པ་སོགས། །སྤྱོད་ཡུལ་ཡོངས་སུ་དག་པ་ནང་གི་ལམ། །གསང་ཆེན་དག་མཉམ་དབྱེར་མེད་ཟུང་འཇུག་གི །སྣང་སྟོང་ལྷ་སྐུ་གྲགས་སྟོང་སྔགས་ཀྱི་སྒྲ། །རིག་སྟོང་ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱི། །ཟབ་གསང་རྣལ་འབྱོར་ཆེན་པོ་སྔགས་ཀྱི་ལམ། །ཡང་གསང་གཅིག་ཤེས་ཀུན་གྲོལ་ཐེག་གཅིག་གི །མན་ངག་ཟབ་མོ་དོན་གྱི་དགོངས་རྒྱུད་ནི། །མཚན་ཉིད་ཀུན་ལྡན་བླ་མས་ངོ་སྤྲོད་ལས། །གཞན་དུ་མ་ཡིན་བློ་ཐག་ཆོད་པར་གྱིས། །དཀྱིལ་འཁོར་ཀུན་བདག་སངས་རྒྱས་ཀུན་གྱི་གཙོ། །སྐུ་གསུམ་རྩ་གསུམ་མཆོག་གསུམ་སྐྱབས་གནས་ཀུན། །བླ་མའི་སྐུ་གསུང་ཐུགས་ལས་གཞན་མེད་པས། །དེ་མཉེས་སངས་རྒྱས་ཐམས་ཅད་མཆོད་པ་ཡིན། །ཚེ་འདིས་བསླུ་བྲིད་གདོན་གྱིས་མ་ཟིན་པར། །ལྟར་སྣང་སྒྱུ་མའི་རང་མཚང་རིག་གྱུར་ནས། །རྒྱ་མཚོའི་འགྲམ་དུ་སྐོམ་ཚད་མི་འཆི་བའི། །རང་གྲོས་རང་ལ་འདེབས་པ་གལ་གནད་ཆེ། །གསང་ཡུམ་བསྟན་འཛིན་ཆོས་སྒྲོན་གྱིས་བསྐུལ་ངོར། །གང་དྲན་མ་ཎི་རྒན་མོས་སྨྲས་པ་དགེ །
ཡང་ཉེ་གནས་ཨ་ཎི་ངག་དབང་ཆོས་ཉིད་ནས་འདི་ལྟར་ཞུས་སོ། །ཆོས་ཉིད་ཁྱབ་བརྡལ་རང་བྱུང་འདུས་མ་བྱས། །བཟང་ངན་གཉིས་ཀྱི་ཡུལ་ལ་འདས་ན་ཡང་། །ཆོས་ཅན་རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་འདི། །སྤང་བླང་འགལ་མེད་བྱེད་པ་གསེར་ལས་དཀོན། །སྟོང་ཉིད་རིག་པས་བརྟག་ན་གོ་སླ་སྟེ། །ཤིན་ཏུ་རྟོགས་དཀའ་རྒྱུ་འབྲས་ཟབ་མོའི་ཆོས། །གསུངས་པ་དེ་བདེན་པར་འདུག །ལྷ་ཆོས་གཤའ་མ་ཞིག་བྱེད་པ་ལ་དཀའ་བ་དང་དུ་ལེན་པ་ཞིག་ཅིས་ཀྱང་དགོས་པར་འདུག །ངེས་མེད་ཀྱི་དབེན་པ་གཅིག་ལ་དཀའ་བ་དང་དུ་བླང་། ངལ་བ་ཁྱད་དུ་བསད་ནས་ཅིས་ཀྱང་དགོས་པ་མེད་པར་དམ་པའི་ལྷ་ཆོས་ཤིག་བྱེད་ནུས་པར་ཤོག་ཅིག་ཟེར་བའི་ལན་དུ་འདི་ལྟར་སྨྲས་སོ། །
དཔལ་ལྡན་བླ་མ་རྗེ་ལ་འདུད། །ཆོས་ཉིད་རྣམ་པར་དག་ཤེས་ཤིང་། །ཆོས་ཅན་རྣམ་པར་མ་དག་ན། །ཉི་མ་བཟང་པོ་ཡོད་པ་ལ། །འོད་ཟེར་གསལ་རྒྱུ་མེད་ཟེར་ལྟར། །ཆོས་ཉིད་གོ་བ་ཙམ་མ་གཏོགས། །ཉམས་སུ་མ་བླང་ལོག་རྟོག་ཡིན། །དངོས་ཡིན་གཞི་མིན་དེ་ལ་ཟེར། །སྟོང་ཉིད་རིག་པའི་བློས་བཏགས་དེ། །གོ་བའི་ལྷན་པ་གོག་རྒྱུ་ཡིན། །བློ་དང་ཚིག་རྗེས་མ་འབྲང་བར། །གནས་ལུགས་ཡེངས་མེད་ཉམས་སུ་ལོངས། །སྟོང་ཉིད་ཉམས་ལོང་ཕ་རོལ་ན། །རྒྱུ་འབྲས་ལོགས་སུ་ག་ལ་ལུས། །རིགས་པས་བརྟགས་པའི་སྟོང་ཉིད་དེ། །བློས་དཔྱད་ཡིན་གྱི་རྫོགས་ཆེན་མིན། །རྒྱུ་འབྲས་རྟོགས་པར་མི་དཀའ་རྒྱུ། །རྒྱུ་དང་འབྲས་བུ་ཐུག་མེད་སོགས། །ཤིན་ཏུ་ཞིབ་པས་དཔྱད་པར་དཀའ། །སྟོང་ཉིད་རྟོགས་ན་རྒྱུ་འབྲས་དག །དཔེར་ན་དྭངས་ཤེལ་ཡོད་པ་ན། །འཇའ་ཚོན་དེ་ལ་འདུས་པ་འདྲ། །རྒྱུ་འབྲས་ཕྲ་ཞིབ་བསྲུང་འདོད་ན། །སྡིག་པ་སྤོང་ལ་དགེ་བ་སྒྲུབ། །སྡིག་པའི་རང་གཤིས་མ་ཤེས་ན། །དག་ཅེས་ཆུ་ཡིས་བཀྲུ་རྒྱུ་མེད། །དགེ་བའི་འཁོར་གསུམ་མ་དག་ན། །རྣམ་རྟོག་ཚོགས་གཉིས་བསགས་ནུས་མེད། །ད་ལྟའི་ཆོས་འདི་སྐྱིད་ཆོས་མིན། །རི་ཁྲོད་དགོས་ན་གངས་ཤུག་ཞིང་། །བདེ་བ་ཅན་ཞེས་ལོགས་སུ་མེད། །བྲག་ཕུག་སྟོང་པས་དོ་ཟླ་མིན། །བླ་མ་རང་གི་ཆོས་ཞུ་ས། །འོད་དཔག་མེད་ཅེས་ལོགས་ན་མེད། །ང་མཁས་ཁོ་གྲུབ་དོ་ཟླ་མིན། །གདམས་ངག་དགོས་ན་རྫོགས་པ་ཆེ། །ཆོས་སྒོ་བརྒྱད་ཁྲི་ལོགས་ན་མེད། །རྟོག་གེའི་འགལ་རྟགས་དོ་ཟླ་མིན། །མཆེད་གྲོགས་དགོས་ན་མཆེད་ལྕམ་རྣམས། །འཁོར་འདས་རུ་ཤན་ལོགས་ན་མེད། །རོ་སྙོམ་བཤད་པས་དོ་ཟླ་མིན། །དུས་ཚོད་དགོས་ན་ད་ལྟའི་དུས། །བླ་མ་བཞུགས་དང་བཀའ་ཆོས་གསུང་། །རང་གིས་ཉམས་སུ་ལེན་ནུས་ན། །སངས་རྒྱས་ཞིང་ལ་ཉིན་རྒྱུག་བྱེད། །སྐལ་བ་བཟང་ཞེས་ལོགས་ན་མེད། །འཁོར་ལོས་སྒྱུར་རྒྱལ་དོ་ཟླ་མིན། །ལྷ་ཆོས་གཤའ་མ་མཛད་དགོངས་ན། །བླ་མ་སངས་རྒྱས་མཐོང་ནས་ནི། །བཀའ་བཞིན་ཞབས་ཞུ་སྔོན་ལྟར་སྒྲུབས། །སྔོན་འགྲོ་དུང་ཕྱུར་བསགས་ལས་ལྷག །མ་ཡེངས་བློ་འདས་ཀ་དག་ངང་། །ལྷུན་གྲུབ་ཟུང་འཇུག་ཉམས་ལེན་མཛོད། །བླ་མའི་མདུན་དུ་བསྒོམ་པ་ལས། །ལྷག་པའི་བྲག་ཕུག་ལོགས་ན་མེད། །རྟོག་པ་དབང་གི་གྲལ་ན་སྐྱེ། །ཡུན་རིང་སྒུག་སྡོད་བྱ་རྒྱུ་མེད། །དཀའ་བ་དང་དུ་ལེན་དགོངས་ན། །རང་གིས་ཇི་ལྟར་བྱས་ན་ཡང་། །མི་ཡིས་སྐྱོན་བཏགས་ལོག་སྦྱོར་དུས། །ཚིག་པ་མ་ཟ་བཟོད་ཐུབ་ན། །བསྐལ་པ་གྲངས་མེད་ཚོགས་ཀྱང་རྫོགས། །ཐོག་མ་མེད་པའི་སྡིག་སྒྲིབ་ཟད། །མཎྜལ་ཡིག་བརྒྱ་འདོན་ལས་ཟབ། །ཟས་རྒྱགས་ཉི་མ་དྲོ་བའི་དུས། །སྐྱིད་ཉལ་བྱས་པ་བརྒྱ་ལས་ལྷག །གཉིད་རྨུགས་བྱུང་དུས་མ་ཡེངས་པར། །ཉམས་ལེན་མ་བྲལ་བསྲེ་ཐུབ་ན། །འོད་གསལ་བསྙེན་སྒྲུབ་སྙིང་པོ་ཡིན། །ཁ་ཡིས་བཟླས་པ་དུང་ལས་ལྷག །བླ་མའི་བ་སྤུ་ཉག་གཅིག་ལ། །བཀུར་སྟི་བྱས་པའི་ཡོན་ཏན་ནི། །རང་ཉིད་གཅིག་པུ་རི་ཁྲོད་དུ། །ཉན་ཐོས་བློ་ཡིས་སྐྱིད་ཆོས་ཀྱི། །སྙན་གྲགས་ལོ་འབུམ་བྱས་ལས་ལྷག །དགོས་མེད་བློ་སྣ་སྐྱེས་པ་ན། །གཅིག་པུར་རི་ཁྲོད་དགོས་པ་མེད། །སེམས་ཉིད་གྲོལ་ན་དེ་ག་རང་། །གར་བཞུགས་མ་ཡེངས་རི་ཁྲོད་ཡིན། །རྐྱེན་ངན་བཟོད་པ་སྔོན་འགྲོ་ཡིན། །བླ་མ་མཉེས་པ་བསྙེན་སྒྲུབ་ཡིན། །སྐལ་བཟང་འདིའི་སྐབས་མ་གྲོལ་ན། །གཅིག་པུར་ལུང་སྟོང་འདོད་པ་དེ། །པེ་ཧར་རྒྱལ་པོའི་ཆོ་འཕྲུལ་ཡིན། །ཡང་ན་འཆི་རྟགས་བསྟན་པ་ཡིན། །བླ་མའི་གདམས་ངག་གནད་དུ་བསྣུན། །ཉམས་སུ་བླངས་ནས་ཀུན་གྲོལ་ཤོག །མཆེད་གྲོགས་ལགས། ཉིན་གཅིག་གཏམ་དང་ལྟོགས་འཁྱག་མི་ཐུབ་པའི་དཀའ་བ་དང་དུ་གང་བླང་རྒྱུ་ཡིན། སྨྲས་པས་ཡང་འདི་ལྟར་ཞུས་སོ། །
ཀྱེ་མ་ཀུན་འདུས་བླ་མ་རིན་པོ་ཆེ། །བདེན་ནོ་བདེན་ནོ་རྒྱལ་བའི་བཀའ་བདེན་ནོ། །བདག་དང་བདག་འདྲའི་ལེ་ལོ་ཅན་གྱི་མི། །ཆོས་ལ་དཀའ་སྤྱད་གཏན་ནས་མེད་པ་འདི་རྣམས་དང་བརྩོན་འགྲུས་ཆེན་པོས་དཀའ་བ་དང་དུ་ལེན་པའི་མི་རྐྱང་ཕྱག་བླ་མ་ལྟ་བུ་འདི་རྣམས་ལྟ་བ་རྟོགས་མ་རྟོགས་ལས་བྱུང་བ་ཡིན་ནམ་དང་པོ་ནས་རང་ལ་གྲུབ་མ་གྲུབ་ཡིན་ནམ་གང་ཡིན་གསུངས་བར་ཞུ། ཞེས་པ་ལ་འདི་ལྟར་སྨྲས་སོ། །ཨེ་མ་རྣལ་འབྱོར་སྙན་གསོན་དང་། །ང་རྒན་མོ་བསམ་དཀར་གྱི་ཞུ་བ་ལ། །གསན་ནས་ཐུགས་བཞེད་མ་ཁྲེལ་བར། །དྲིས་ལན་དགོས་གསུངས་ངོ་མཚར་ཆེ། །ཆོས་ལ་བརྩོན་འགྲུས་མེད་པ་དེ། །རྒྱུ་འབྲས་ལ་ཡིད་ཆེས་མེད་པས་ལན། །ད་མི་བརྩོན་པའི་དོན་ལ་བརྩོན་འགྲུས་གྱིས། །རིག་པ་ངོ་འཕྲོད་བརྩོན་འགྲུས་ཀུན་གྱི་རབ། །རྐྱང་ཕྱག་འཚལ་ལ་སེམས་པ་སྤྲོ་བ་ན། །རང་རིག་དག་པ་ཆེན་པོའི་ཕྱག་ཉམས་ལོན། །གེགས་དང་གོལ་ས་བླ་མའི་དྲུང་དུ་ཆོད། །ཐེ་ཚོམ་མེད་པའི་གནས་ལུགས་སྐྱོང་ན་ལེགས། །ངག་དབང་ཆོས་ཉིད་དྲིས་ལན་མ་ཎི་བས་སོ། །
སྟག་ལུང་མ་སྤྲུལ་རིན་པོ་ཆེ་ཕེབས་སྔོན་གྱི་བག་ཆགས་སད་ནས་ཕར་ཚུར་གཉིས་ཀ་དད་འདུན་ཆེ་བ་བྱུང་། ཕར་ལ་སྒྲོལ་དཀར་ཚེ་དབང་དང་རྟེན་གསུམ་ཕུལ། ཚུར་ལའང་ཚེ་དབང་དང་རྟེན་གསུམ་གནང་ནས་ཕེབས། མ་ནང་གི་མ་ཎི་དུང་སྒྲུབ་ཚུགས། སྐུ་ཞབས་པདྨ་ལགས་སྐུ་སྒེར་གྱི་སྨན་སྒྲུབ་ཚུགས། སློབ་མ་རྣམས་ལ་ཀུན་བཟང་བླ་མའི་ཞལ་ལུང་གི་ཁྲིད་བཤད་ནས་སོ་སོའི་རྒྱུད་ཚོད་དང་མཐུན་པར་ངོ་སྤྲད། སྔོན་ས་ཡོས་ལོར་བླ་ཕྱག་རིམ་བཞི་ལྕོག་བཀྲས་རྡོ་རྗེ་དགྲ་འདུལ་དང་ལྕམ་རྣམ་རྒྱལ་སྒྲོལ་དཀར་གཉིས་ཕེབས། ད་ནས་བཟུང་བྱང་ཆུབ་མ་ཐོབ་བར་དུ་འབྲལ་མེད་རྗེས་སུ་བཟུང་དུ་གསོལ་གསུངས། ངས་གངས་ཅན་གྱི་ལྗོངས་གདན་ས་གསུམ་གྱི་དབུས་བྱང་སེམས་ནམ་མཁའི་སྐར་ཚོགས་ལྟར་བཞུགས་ན་ཁྱེད་རང་ཐབས་སྡུག་ང་འདྲ་རེ་ལྟོས་ཀྱི་གནས་སུ་མ་གྱུར་ལ་ང་ལ་ཨ་ཎི་ལོ་ཆེན་ཞེས་རྒྱ་བོད་སྐད་གཉིས་སྨྲ་བའི་ལོ་ཙཱའི་མིང་འཛིན་ཞིང་སྤངས་རྟོགས་ཀྱི་ཡོན་ཏན་ལྡན་པ་ནི་མ་ཡིན། ལོ་ཆེན་ཞེས་སྟོད་པའི་སྐད་དུ་སྤྲང་པོ་མ་ཎི་བ་ལ་ཟེར་བས་ཁྱེད་ཅག་ཐུགས་བློ་རྨོངས་པར་གྱུར་ཞེས་ནན་གྱིས་བཤད་ཀྱང་མ་གསན་པར་ཁོང་གཉིས་ཀྱིས་ང་བཟང་པོར་མཐོང་ནས་ཡང་ཡང་ངའི་སར་ཕེབས་ཤིང་འཁོར་བ་འདིར་སྙིང་པོ་རྡུལ་ཙམ་མ་མཆིས་ཤིང་རྟེན་འདི་ད་ལྟའང་ཅིར་འགྱུར་ངེས་པ་མེད་པའི་ཆུ་སྦྱར་དང་འདྲ་བས་ད་རེས་སྙིང་པོ་དོན་ལྡན་དུ་འགྱུར་བ་ཞིག་ཅིས་ཀྱང་ཐུགས་ལ་འདོགས་པར་ཞུ་གསུངས་པས་ང་ལ་གཞན་དོན་ནུས་པའི་ཡོན་ཏན་མ་མཆིས་ཀྱང་གང་གི་རེ་སེམས་ལྡོག་ཏུ་མ་ནུས་པར་རྒྱལ་ཡུམ་འཕགས་མ་སྒྲོལ་མར་གསོལ་བཏབ་ཀྱིས་བརྟག་པ་བགྱིས་པར་ཆོས་བྱས་ན་ཉི་མ་ཤར་བ་ལྟར་འོང་བར་འདུག་གི་ད་ལྟ་སངས་རྒྱས་ལྷ་ལས་བབས་པའི་དུས་ཆེན་དུ་གཏན་བདེ་ཆོས་སྐུའི་རྒྱལ་སར་བསྟན་པའི་དོན་ཆེན་རྨད་པོ་ཆེར་འབྱུང་བའི་རྟེན་འབྲེལ་ཡོད། ང་ལ་གཞན་གྱི་ཡོན་ཏན་མི་ལྡན་ནའང་མ་ཎི་དུང་ཕྱུར་བཅུ་ཕྲག་བརྒལ་ཙམ་གྱི་གྲངས་བསྙེན་སོང་བའི་རྒན་མོ་བསམ་པ་བཟང་པོ་ལགས་པས་ཁྱེད་གཉིས་ཀྱིས་ཆོས་དོན་ཡིད་བཞིན་འགྲུབ་པའི་ཇོ་ཤཱཀ་ཡིད་བཞིན་ནོར་བུར་ངས་སྨོན་པའི་སྙན་ཤལ་སྒྲོན་འབུལ་དང་འབྲེལ་དམ་པའི་ཆོས་ཀྱི་དོན་ཆེན་བགྱི་བར་རིགས་སོ། །འོན་ཏེ་བར་ཆད་མང་བས་གྲོས་ཕ་ལ་མ་དྲིས། བློས་མ་ལ་མ་འགེལ། རང་ཐག་རང་གིས་བཅད་དེ་རིག་འཛིན་གོང་མའི་རྗེས་སུ་འཇུག་ཐུབ་པའི་བློ་སྣ་རེམས་ཤིག་སྨྲས་པས་དེ་ལྟར་མཛད།
དེ་རྗེས་ཆུ་རྟ་ཟླ་བ་དགུ་པའི་ཚེས་ཉིན་བླ་ཕྱག་ལས་ཞབས་ཆབས་ཅིག་དགོངས་པ་ཞུས་འཁྲོལ་གྱིས་རེ་འབྲས་སྨིན་ཏེ་འདི་གང་འཇིག་རྟེན་གྱི་ཐོབ་གོ་རྣམས་རྨི་ལམ་གྱི་རྒྱལ་སྲིད་ལྟར་དོར། བློ་ཆོས་སུ་ཕྱོགས། ངས་ཀྱང་བླ་མའི་ཁུལ་བྱས་ཏེ་ཐེག་རིམ་གྱི་ཟབ་དོན་དབང་ལུང་གདམས་པ་རྣམས་བུམ་པ་གང་བྱོར་བཤད་ནས་ཤུག་གསེབ་ཀུན་བཟང་ཕུག །བསམ་ཡས་མཆིམས་ཕུ། སྤ་གྲོ་སྟག་ཚང་སོགས་དབེན་གནས་སུ་རྩེ་གཅིག་མོས་གུས་དྲག་པོས་ལྟེམ་རྐྱང་མེད་པར་བསྒོམ་སྐབས་སུ་རིག་པ་རང་ངོ་སྤྲོད་ཟེར་ཡིད་མི་ཆེས་སྨྲས་ཀྱང་ཡིད་ཆེས་ཡང་ཡང་ཟེར། དེས་ན་ལུས་ངག་གི་གནད་བཅོས་ད་ལྟའི་རིག་པ་མངོན་སུམ་དུ་གསལ་བ་འདི་ཀ་ལ་ལྟོས་དང་སྨྲས་པས་ཁྱེད་རང་གི་གཟིགས་ན་མ་གཏོགས་ངས་མ་མཐོང་ཟེར་ཡང་རིམ་པར་མ་མཐོང་བའི་མཐོང་བ་ཆེན་པོར་ངོ་སྤྲད་པས་སྨིན་ཅིང་གྲོལ། དེ་ཚེ་ཞལ་གདམས་དགོས་ཚུལ་འདི་ལྟར་བསྐུལ་ལོ། །
སྐྱབས་ཀུན་འདུས་དྲིན་ཅན་བླ་མ་རྗེ། །མ་རིག་འཛིན་ཆོས་ཉིད་བཟང་མོར་འདུད། །གནས་འོག་མིན་གངས་རི་ཐོད་དཀར་དུ། །རྗེ་འགྲོ་མགོན་བླ་མ་བཞུགས་ཐོས་པས། །ས་ཡོས་ལོར་དད་ཅིང་ཞལ་མཇལ་ཡོང་། །སངས་རྒྱས་སུ་མཐོང་ནས་བསོད་ནམས་ཐོབ། །བྱ་བྱེད་ཀྱི་ཤོམ་ར་རྩེད་མོར་མཐོང་། །འཁྲུལ་འདེགས་ཀྱི་ཐོབ་ཤོར་རྒོད་རེ་བྲོ། །བདེན་མེད་ཀྱི་མཚང་རིག་བླ་མའི་དྲིན། །ལྷ་ཆོས་ཀྱི་སྐལ་བ་བཟང་པོ་བྱུང་། །ཆོས་གྲོགས་ཀྱི་འཕྲོས་པས་ཡིད་དབྱུང་ནས། །ཀུན་མཁྱེན་གྱི་གདུང་འབུམ་འཇིག་འདུག་ཟེར། །བསྟན་པ་ལ་ཕན་ཕྱིར་ཟབ་རྒྱས་བཞེངས། །ངོ་མཚར་མཐོང་དགེ་རྩ་འགྲོ་ལ་བསྔོས། །ཤིང་བྱ་ལོར་ཡང་ཏིའི་སྨིན་གྲོལ་ཐོབ། །སྙན་རྒྱུད་གནང་མངོན་དགའི་ཕུག་ཏུ་བསྒོམ། །འཕྲོ་རྒོད་ཀྱི་རྟོག་ཚོགས་ཟུག་རྔུ་ལྡང་། །བློས་མ་བཅོས་བསྒོམ་མེད་ཀྱི་གནད་དོན་རིག །གྲངས་དུང་ཕྱུར་གྱིས་མཚམས་བཅད་བྱས་པ་ལས། །སེམས་གནས་ལུགས་རྟོགས་པ་དགའ་འོ་སྙམ། །ལུས་གནད་བཅའ་རྣལ་འབྱོར་སྐྱིད་ཉལ་བྱེད། །བསྒོམ་ཐག་དང་བགྲང་ཕྲེང་ལུས་ལ་བཀོད། །གནད་ཟབ་མོ་ཉམས་ལེན་ལྷོད་ཀྱིས་གློད། །གུས་བློ་གྲོས་བརྟུལ་ཞིང་སྦྱང་ཡོན་ཆུང་། །ཡང་དག་ལ་རྨོངས་ཤིང་དུད་འགྲོ་ལྟར། །གྱུར་ན་ཡང་བླ་མའི་ཐུགས་རྗེ་ཡིས། །གང་བྱུང་དང་གང་ཤར་བརྟག་དཔྱད་མེད། །ཤར་གྲོལ་གྱི་རྩིས་གདབ་གཤིས་སུ་གྲོལ། །གཞི་ལམ་འདྲེས་བདེ་སྡུག་དབྱིངས་སུ་ཐལ། །བློ་བདེ་འོ་དྲིན་ཅན་རིགས་བདག་རྗེ། །ཉམས་དགའ་བ་བླ་མའི་ཐུགས་རྗེ་ཡིན། །རྗེ་བླ་མའི་སྐུ་དྲིན་འཁོར་ཐབས་མེད། །བདག་སྙིང་ནས་གསོལ་འདེབས་བྱིན་ཆེན་ཕོབས། །ཉམས་གང་ཤར་མཆོད་སྤྲིན་དུ་ཕུལ་བའི་དགེས། །མ་འགྲོ་ཀུན་བདེ་ཆེན་ཞིང་བསྒྲོད་ཤོག །ཅེས་ཞུས་པའི་ལན་དུ་འདི་ལྟར་སྨྲས་སོ། །
སྐྱབས་ཀུན་འདུས་པདྨ་རྒྱ་མཚོར་འདུད། །ཆོས་རྟོག་མཐར་ཕྱིན་པར་བྱིན་གྱིས་རློབས། །སྙན་གསོན་དང་སྐུ་ངོ་ལྕོག་བཀྲས་ཟུང་། །སྐྱབས་སངས་རྒྱས་ཐུགས་རྗེས་ཆོས་བློ་སྐྱེས། །བླ་མ་ལ་དད་ཅིང་མཇལ་དུ་འོང་། །སྨིན་གྲོལ་ཐོབ་དེ་དོན་བསྒོམ་པ་ནི། །འཁོར་བསྒྱུར་གྱིས་རྒྱལ་སྲིད་ཐོབ་ལས་ལྷག །ད་ཆུད་ཟོས་མེད་པར་སྒྲུབས་ཤིག་བུ། །བྱ་བྱེད་ཀྱི་ཤོམ་རར་མ་ཡེངས་ན། །ལེ་ལོ་ཡི་ཕྱི་བཤོལ་རྦད་ཀྱིས་ཆོད། །ཐོབ་ཤོར་ལ་བདེན་མེད་མཚང་རིག་ན། །སྐྱོན་རྟོག་ལ་དག་སྣང་ཁོར་ཡུག་འགྱུར། །ངེས་འབྱུང་དང་གཞན་ཕན་ལྷ་ཆོས་ལུགས། །དེ་ལྟེམ་རྐྱང་མེད་པ་གནད་གལ་ཆེ། །བྱིན་རླབས་ཀྱི་གོལ་ས་ལོག་ལྟ་ཡིན། །ཀུན་ལའང་འབར་སྐུར་དམ་ཚིག་ཉམས། །གདུང་འབུམ་གྱི་ཚོགས་བསགས་རྗེས་ཡི་རང་། །རྒྱུ་བཞི་ཡིས་མ་སླད་དགེ་རྩ་བསྔོས། །ཐེག་དགུ་ཡི་ཡང་རྩེ་ཡང་ཏི་ཡི། །སྙན་རྒྱུད་ཀྱི་ཉམས་ལེན་བྱས་པའི་དོན། །སེམས་མ་རིག་རིག་པས་སྐུ་གསུམ་གཤིས། །གནས་ལུགས་ལ་ཐེ་ཚོམ་མེད་པ་དགོས། །འཕྲོ་རྒོད་དང་བློ་བཅོས་རྟོག་ཚོགས་ཀུན། །རིག་རྩལ་ལས་ཤར་ཞིང་རིག་ངོར་གྲོལ། །ཁང་སྟོང་དུ་རྐུན་མ་སླེབས་པ་ལྟར། །མ་བཅོས་པར་བློ་འདས་རང་ཚོད་བཟུང་། །བསྒོམ་ཐག་ནི་རྣལ་འབྱོར་ཆ་ལུགས་ཡིན། །དག་པ་སྦྱོར་རྩིས་གདབ་མེད་པར་གྱིས། །བགྲང་ཕྲེང་དེ་མགུལ་ལ་མི་བཀོན་པར། །ངག་བེད་ཆོད་བཟླས་པ་ཡང་ཡང་བརྩོན། །གྲགས་སྟོང་ལ་རྩལ་སྦྱོང་སེམས་དོན་རྟོགས། །བློ་བརྟུལ་བ་དུད་འགྲོ་ལྟར་མིན་ཡང་། །དོན་བློ་དང་བྱ་བས་རྟོགས་པར་དཀའ། །མཐོང་མེད་ཀྱི་མཐོང་བ་ཡང་དག་ལམ། །འདི་ཕྱི་དང་བར་དོའི་དུས་ནམ་ཡང་། །འབྲལ་མེད་དུ་གྲོལ་བའི་སྨོན་འདུན་བྱེད། །དམ་པ་གསུམ་ཟིན་པའི་ཚོགས་གཉིས་རྒྱུན། །མཐར་ཕྱིན་པར་སྐུ་གཉིས་འགྲུབ་པར་གྱིས། །ཞེས་དེ་སྐད་བསྐུལ་ངོར་མ་ཎི་བ། །སྤྲང་རིག་འཛིན་ཆོས་ཉིད་བཟང་མོས་སྨྲས། །དགེ་འདི་ཡིས་ཀུན་མཁྱེན་དགོངས་ཀློང་དུ། །མ་འགྲོ་ཀུན་གྲོལ་མེད་གྲོལ་གྱུར་ཅིག །ཅེས་སྨྲས་སོ། །
ཡང་གཞིས་རྩེ་བདེ་རབ་ཀྱི་སྲས་མོ་ཚེ་རིང་སྒྲོལ་དཀར་དང་ལྕོག་བཀྲས་ཡུམ་བཅས་ཕེབས་པ་དང་མཚུངས་ཕུང་པོ་ཞིག་སླེབས། དེས་སྐྱོ་ནས་ངེས་འབྱུང་སྐྱེས། སྐྲ་བཅད་ལུས་བསྒྱུར་བྱེད་དགོས་ཟེར། ཁྱེད་རང་བཀའ་སྐོར་བྱས་པ་ལས་ཡབ་ཡུམ་སོགས་ཀྱིས་བཀའ་འཁྲོལ་ནས་ཆོས་ཞུགས་མཛད། མིང་བདེ་ཆེན་ཆོས་ཉིད་བཏགས། དེས་རྐྱེན་བདེ་རབ་མི་རྗེ་ལྕམ་སྐུ་སྲས་སྐུ་བགྲེས་སོགས་སྐུ་འཁོར་ཚང་མ་ཕེབས། བཀའ་ཁྲིད་སོགས་ཞུས། འདི་གའི་འདུ་ཁང་སྟེང་ཤོད་དུ་བཞུགས་གདན་དུང་རྒྱ་གླིང་སོགས་བཞག རིམ་བཞིན་དཔལ་ཆེན་གྱི་སྒོ་ནས་སྨན་སྒྲུབ་ཁལ་བདུན་ཅུ་སྐོར་དང་ལྕམ་སྐུ་སྒེར་གྱིས་དཀོན་སྤྱིའི་སྒོ་ནས་བཛྲ་གུ་རུའི་སྒྲུབ་པ་བཙུགས། ཚང་མས་བློ་རིག་དང་འཚམ་པར་རྒྱུགས་སྤྲད། ལྷག་པར་སྲས་སྐུ་ཡེ་ཤེས་ལགས་ནས་སེམས་དོན་གྱི་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །
རྗེ་རྒྱལ་ཀུན་འདུས་ཞལ་འཁོར་ལོའི་མགོན། །ཕ་དྲིན་ཆེན་རྩ་བའི་བླ་མ་ལ། །བདག་སྒོ་གསུམ་གུས་པས་གསོལ་བ་འདེབས། །རྒྱུད་རང་སར་གྲོལ་བར་བྱིན་གྱིས་རློབས། །སྙན་གསོན་དང་སྲས་སྐུ་ཡེ་ཤེས་ལགས། །སེམས་སྙེམ་བྱེད་ལུང་མ་བསྟན་དང་ནི། །ཡེ་ཤེས་ཀྱི་རིག་པ་དག་པ་གཉིས། །བློ་ཐེ་ཚོམ་མེད་པར་འབྱེད་པ་ན། །གཉིས་བློ་ཀུན་གཉིས་མེད་ངང་དུ་ཞིག །ངོ་ཤེས་ནས་ཐེ་ཚོམ་མེད་པར་མཛོད། །མ་འགྲོ་ཀུན་ཨ་མ་དྲིན་ཆེན་ལ། །སྨོན་འཇུག་གི་ཚད་མེད་བྱང་སེམས་དང་། །ལམ་སྣང་བཞིར་འཇུག་ཅིང་ཟད་སར་སྐྱེལ། །འདི་རྣལ་འབྱོར་རྣམས་ཀྱི་གཤེགས་ལམ་ལགས། །བུ་མ་ནོར་ལམ་དེར་མྱུར་གཤེགས་མཛོད། །དབྱིངས་རིག་པར་གང་གིས་མ་གོས་ལ། །ཉམས་བློ་དང་མ་འདྲེས་དངུལ་ཆུ་ལྟར། །རྐྱེན་བློ་གདེངས་ཐུབ་པའི་ཉམས་ལེན་གྱིས། །འཆི་ཀ་རུ་མི་འཚེར་རྫོགས་ཆེན་བསྒོམ། །གནས་འགྱུ་སོགས་རྣམ་རྟོག་རིག་པའི་མདངས། །འཁྲུལ་མ་འཁྲུལ་བློ་ཡིས་བཅོས་སླད་དེ། །ཚོགས་དྲུག་ལ་རང་ཤར་རང་སར་གྲོལ། །བྱར་མེད་དུ་ཀ་དག་གདེངས་ཐོབ་མཛོད། །རང་རིག་པ་སྐུ་གསུམ་ལྷུན་གྲུབ་ལ། །དྲན་བྱ་དང་དྲན་བྱེད་འཁོར་གསུམ་ཞིག །ལྟ་བསྒོམ་སོགས་བློ་ཡིས་རྩོལ་བ་ཟད། །མ་བཅོས་པས་རང་ཚུགས་ཟིན་པར་མཛོད། །གེགས་གོལ་ས་རེ་དོགས་མཚང་རིག་ཅིང་། །བོགས་འདོན་ན་བླ་མ་སངས་རྒྱས་མཐོང་། །དད་གདུང་ཤུགས་དྲག་པོས་རྟོག་མཐར་སྐྱོལ། །དེ་བླ་མའི་མན་ངག་ཏུ་ངེས་པར་མཛོད། །དེ་སྐད་ཅེས་ཤུག་གསེབ་རི་ཁྲོད་ནས། །མ་རྒན་མོས་གང་དྲན་བྲིས་ནས་ཕུལ། །དགེ་འདི་ཡིས་འགྲོ་ཀུན་སངས་རྒྱས་ཤོག །ཅེས་སྨྲས་སོ། །
བདེ་རབ་མི་རྗེ་ཡབ་སྲས་སྐྱབས་རྗེ་ཁྱུང་སྤྲུལ་དང་། ཚ་གུ་རིན་པོ་ཆེའི་མདུན་ནས་བཀའ་ཆོས་སྤྱི་དང་རྩལ་དབང་ཞུས་ནས་ཡང་དག་གི་དོན་ལ་མཁས་ཤིང་རྣམ་དཀར་གཏོང་ཕོད་ཆེ་བ་དང་། སྐུ་ཞབས་བདེ་ཆོས་ལགས་ནས་ཆ་སྒམ་མཆོད་གཤོམ་སོགས་ཉམས་གསོ་གསར་སྐྲུན་ཟ་གྱོན་སོགས་འགྲན་ཟླ་མེད་པར་གནང་། ཆོས་བྱེད་མ་ཡང་དག་པར་རེའང་ཕྱིས་སུ་ཆོས་མགོ་མ་ཐོན་པས་སེམས་ཕམ་ཤིན་ཏུ་ཆེ་བས་སྨོན་ལམ་འདེབས་བཞིན་གནས། དེ་ནས་མི་རྗེ་རྡོ་རྗེ་གཡུལ་རྒྱལ་ནས་བསྒོམ་ཕྱོགས་དྲིས་ལན་ལེའུ་གཅིག་བཤུས་ཏེ་འདི་ལྟར་བྱེད་ཁུལ་ཡིན་ཞེས་ཞལ་གདམས་བསྐུལ་ངོར་འདི་ལྟར་སྨྲས་སོ། །
སྐྱབས་ཕྱོགས་དུས་རྒྱལ་སྲས་ཐམས་ཅད་ཀྱི། །དཔལ་མཁྱེན་བརྩེ་ནུས་པ་མ་ལུས་པ། །དོན་གཅིག་བསྡུས་ཀུན་མཁྱེན་དགོངས་མཛོད་འཛིན། །རྗེ་ཁྱབ་བདག་པདྨ་རྒྱ་མཚོར་འདུད། །སྙན་གསོན་དང་བདེ་རབ་མི་རྗེ་ལགས། །མགོན་ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་། །གསུང་རྡོ་རྗེའི་བཀའ་གསང་དྲི་མེད་ལས། །ཇི་ལྟར་དུ་གསུངས་བཞིན་ཉམས་ལེན་པ། །དེ་ལྷག་པ་ཞིག་གང་གིས་བརྗོད་དུ་མེད། །དེ་བཞིན་དུ་ཉམས་ལེན་མཐར་ཐོན་ལ། །རྐྱེན་ཀུན་ཐུབ་མཁྱེན་གཉིས་འཛའ་ངེས་མཛོད། །དེ་སྐད་དུ་རྡོ་རྗེ་གཡུལ་རྒྱལ་གྱིས། །བསྐུལ་བའི་ངོར་མ་ཎི་རྒན་མོས་བྲིས། །དགེ་འདི་ཡིས་ཀུན་མཁྱེན་དགོངས་རྟོགས་ཤོག །ཅེས་དང་། མཐར་ཕྱིན་དབང་མོ་ལྷ་ཕེབས་ནས་བདེ་རབ་མི་རྗེ་ལ་བསྐུལ་ཏེ་དགོས་ཟེར་བས་ཐོལ་བྱུང་དུ་འདི་ལྟར་སྨྲས་སོ། །བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས། །སྒོ་གསུམ་གུས་པས་སྐྱབས་མཆི་བྱང་སེམས་བསྐྱེད། །ཕྱག་འཚལ་མཆོད་འབུལ་སྡིག་བཤགས་རྗེས་ཡི་རང་། །ཆོས་འཁོར་སྐོར་བཞུགས་དགེ་ཚོགས་འགྲོ་ལ་བསྔོ། །ཞེས་སོ། །
ཡང་སྐབས་ཤིག་གྲུབ་ཆེན་རིན་པོ་ཆེར་བཤེས་སྤྲིངས་ཀྱི་ཁྲིད་ཞུས་ནས་ཚེས་ཉེར་བདུན་ཉིན་སྐུ་ཞབས་འཕྲིན་ལས་ལགས་ནས་རྒྱུགས་སྤྲོད་སྐབས་གསུང་སྐད་དམའ་བས་ཚིག་མ་གོ་ཡང་ཕྲག་པ་གཡོན་པ་ན་འོད་སྐུ་བུད་མེད་དཀར་མོ་ཞིག་གིས་སྐད་ཆེ་ལ་སྙན་པར་ལྷང་ལྷང་གསུངས། ཡང་འོད་ལྔ་ལས་གྲུབ་པའི་ལོ་ཏོག་མང་པོའི་གསེབ་ཏུ་གྲུབ་ཆེན་རིན་པོ་ཆེ་ན་བཟའ་རྣམས་ལག་པས་རེག་རྒྱུ་ཡོད་པ་སྐུ་ལུས་རེག་རྒྱུ་མེད་པ་འོད་ལྟ་བུ་ལ་དབུ་ལ་སྦྲུལ་མགོ་སྐྱེས་པ་ངག་ནས་གང་གསུང་ཀླུ་སྒྲུབ་ངོ་མ་ཡིན་སྙམ་པ་དང་། སེམས་ཉིད་རིན་པོ་ཆེས་གྲོ་མ་ཡོད་ས་ནས་རྐོ་དགོས་པས་འདིའི་འགྲེལ་བཤད་གྲུབ་ཆེན་རིན་པོ་ཆེར་བརྩམ་རོགས་ཞུས་གསུངས་པས་དེ་བཞིན་ཞུས་པས་གསུང་རྩོམ་གནང་། སྔ་ཉིན་རིག་པའི་རྩལ་དབང་ཞུས་ནས་བཟུང་ཞི་ཁྲོའི་ལྷ་ཚོགས་གྲུབ་ཆེན་རིན་པོ་ཆེའི་སྐུ་ལུས་ལ་ཤར་བས་སོ་སོར་མ་འདྲེས་པར་ཉིན་མཚན་རྟག་པར་མཐོང་། མ་བཞུགས་སྐབས་ཀྱང་གསུང་སྐད་ལྷང་ལྷང་ཆོས་བཤད་དབང་བསྐུར་བསྙེན་པ་དང་མགུར་དབྱངས་སྣ་ཚོགས་གསུངས་པ་ཐོས། སྐུ་ཞབས་བདེ་ཆོས་ལགས་སོགས་ལ་སྙིང་ཐིག་ཡོངས་རྫོགས་ཀྱི་དབང་གནང་། བུ་བདེ་འཕེལ་ནད་དྲག་པོ་ཞིག་ཐེབས་ནས་འཆི་བ་ལ་ཐུག་པས་གྲུབ་ཆེན་རིན་པོ་ཆེ་གདན་འདྲེན་ཞུས། རྭ་སྒྲེང་རིན་པོ་ཆེའི་མ་ཡུམ་དགོངས་རྫོགས་རྡོར་སེམས་སྨན་སྒྲུབ་རྒྱས་པ་དང་མཁན་ཆུང་ཐུབ་བསྟན་ཟླ་བའི་མ་ཎིའི་སྒྲུབ་པ་ཚུགས། དེ་ནས་འཆར་ཅན་ཡང་ཏིའི་མུན་མཚམས་དང་འཇའ་ཚོན་རྟ་ཕག་མུན་མཚམས་ཞག་ཞེ་དགུར་བསྡད། ཉམས་རྟོག་གོང་འཕེལ་སྔར་དང་མི་འདྲ་བ་བྱུང་། བླ་མའི་བཀའ་དྲིན་དང་ཆོས་ལ་ངེས་ཤེས་སྐྱེས་ཏེ་འདི་ལྟར་གསོལ་བ་བཏབ་བོ། །ཨེ་མ་ཧོ་སྣང་སྲིད་དག་པ་མཁའ་སྤྱོད་བདེ་ཆེན་གྱི་ཞིང་ཁམས། །སྟོང་ཆེན་དབྱིངས་ཀྱི་རང་མདངས་ཡེ་ཤེས་ཀྱི་ཌཱཀྐི། །རྣམ་ཀུན་མཆོག་ལྡན་སྤྲོས་བྲལ་ཆོས་སྐུ་ཡི་བླ་མ། །མོས་གུས་གཏད་མེད་དྲན་པས་འབད་མེད་དུ་མཇལ་ཚེ། །ཕུང་ཁམས་དབང་ཡུལ་སྣང་སྲིད་ལྷ་སྔགས་དང་ཆོས་ཉིད། །རྡུལ་གཅིག་ཐིག་ལེའི་ནང་དུ་རྡུལ་སྙེད་ཀྱི་ཞིང་ཁམས། །ཤེས་རབ་རང་བྱུང་སྒྲོན་མའི་རང་རྩལ་དུ་ཤར་བར། །ཤེས་པས་འགྲོ་ཀུན་མཉམ་ཉིད་ཆོས་སྐུ་དེ་མཇལ་ཤོག །ཅེས་སྨྲས།
སྔོན་ནས་སྐུ་ཞབས་བདེ་ཆོས་ལགས་དང་། ཡང་ཡར་འབྲོག་ཡོན་དོ་སྤྲུལ་སྐུས་སྦྱིན་བདག་བྱས་ནས་ཡ་བཞིའི་དབང་ལུང་ཚར་གཉིས་གྲུབ་ཆེན་རིན་པོ་ཆེས་རོགས་བྱས་ཏེ་གནང་རྗེས་གྲུབ་ཆེན་རིན་པོ་ཆེ་ཡར་འབྲོག་ལ་ཕེབས། ལྷ་ཀླུའི་ལྷ་ཡུམ་རྗེ་བཙུན་ནས་ལོ་རེ་བཞིན་ཁྲི་ཚོགས་རེ་རེ་འབྱོར་བའི་ལན་དུ་སྐབས་ཤིག་འདི་ལྟར་ཕུལ། ཚེ་མཐའ་ཡས་ཞེས་སྙན་པའི་དབྱངས་གཅིག་གིས། །རབ་འབྱམས་ཞིང་ཀུན་རྒྱས་པར་འགེངས་པའི་དཔལ། །བདག་གི་བདེན་ཚིག་བསླུ་མེད་འདིས་བསྐུལ་ཏེ། །ཁྱེད་ཅག་རྣམས་ཀྱི་སྐྱབས་དང་མགོན་གྱུར་ཅིག །དད་གཏོང་འཕགས་ནོར་གྱིས་ཕྱུག་རྗེ་བཙུན་ནས། །ཚོགས་མཆོད་ཡོ་བྱད་རྒྱ་ཆེར་འབྱོར་བར་བརྟེན། །འདིར་ཡང་སྙིང་ཐིག་བཀའ་དབང་བགྱིས་སྐབས་སུ། །ཕན་ཐོགས་ཆེ་བས་བཀའ་དྲིན་བླ་མེད་ཆེ། །ཕུན་ཚོགས་ལྔ་ལྡན་རྩ་གསུམ་ཚོགས་སྐོང་གིས། །གྲངས་བསོག་གནད་ཀྱི་ཞབས་བརྟན་ཡི་རང་བྱུང་། །བདག་ཅག་ལས་སྨོན་བཟང་པོས་ཉེར་འབྲེལ་ཞིང་། །བླ་མེད་ཚོགས་མཆོད་བགྱིས་པའི་བསོད་ནམས་མཐུས། །ཕྱི་མ་རྔ་ཡབ་དཔལ་རིའི་ཞིང་མཆོག་ཏུ། །ལྷན་ཅིག་ཚོམ་བུ་གཅིག་ཏུ་སངས་རྒྱས་ཤོག །གནས་སྐབས་སུའང་ཆོས་མཐུན་ཡིད་བཞིན་འགྲུབ། །བྱང་ཆུབ་སྤྱོད་པ་རྒྱ་མཚོ་ལེགས་སྤྱད་ནས། །མཐའ་ཡས་འགྲོ་བ་ཡོངས་ཀྱི་རླབས་ཆེན་དོན། །ཕུན་ཚོགས་སྲས་བཅས་རྒྱལ་བའི་རྗེས་འགྲོར་སྨོན། །སྐུ་ཚེའི་ཚེ་རྫས་སྨན་ཕུད་ལྷ་གོས་བཅས། །སྔར་འདྲིས་རྒན་མོས་ཡི་རང་གུས་པས་ཕུལ། །ཞེས་སྨྲས།
སྟོད་རོང་ཕུ་རྫ་ནས་འཁྲུལ་ཞིག་སྤྲུལ་སྐུ་ལན་གཉིས་ཕེབས། གོང་མའི་བཀའ་བཅག་པས་འདིའི་དགོངས་པ་མཐུན་པར་འཆི་ཁ་བློ་བདེ་བ་ཞིག་བྱེད་སྐུ་ལུས་རྗེས་པ་ལས་ཐུགས་ལ་འཁྲུལ་བ་མེད་སྙམ་ཞུས་པས་ང་ནི་འཁྲུལ་ཞིག་སྐྱེ་བ་ཡིན་མིན་མི་ཤེས། ང་འདྲ་བས་ག་ལ་ཤེས་ཀྱང་བླ་མ་རྣམས་ཀྱིས་གནས་ལུགས་མ་བཅོས་པའི་དོན་མཐོང་བས་ཉམས་ཆག་ཅེས་པའི་མ་དག་པ་ཞིག་མེད་འདྲ་བས་ཁྱེད་དགོངས་པ་སངས་རྒྱས་དང་མཉམ་པས་དེ་འདྲ་གསུང་ཆོག་མི་ཡོང་གསུངས། སྔོན་གནས་རྗེས་དྲན་ལྟ་བུས་ཐུགས་ཤིན་ཏུ་མཉེས་ཤིང་གོང་མས་ཁྱེད་ལ་གདམས་ངག་གང་ཕུལ་ཐུགས་བརྩེ་བ་ཆེན་པོས་གནང་དུ་གསོལ་གསུངས། ངས་ཀྱང་ཡང་ན་རིག་དང་རིག་པ་བརྗེ་བར་བྱ། ཡང་ན་རིག་པ་མི་འཕང་ནོར་གྱིས་བསླུ། གསུངས་པ་ལྟར་གོང་མའི་བཀའ་དྲིན་བསབ་ཕྱིར་ཐུགས་ཐིག་སྐོར་བཞི། སྙིང་ཐིག་ཡ་བཞིའི་དབང་ལུང་ཕ་ནོར་བུ་ལ་སྤྲད་པ་ལྟར་ཕུལ། ཚུར་རྫ་སྤྲུལ་རིན་པོ་ཆེའི་གསུང་གཅོད་ཀྱི་རྣམ་བཤད་ཀྱི་ལུང་། སྨིན་གླིང་ཚེ་དབང་། ཇོ་བོ་ཐུགས་རྗེ་ཆེན་པོའི་དབང་ལུང་ཞུས། ཕེབས་ཁར་སེམས་འཕྲེང་བའི་ཚུལ་དུ་གསོལ་འདེབས་སྨོན་ལམ་འདི་གསུངས་སོ། །
རྗེ་དུས་གསུམ་རྒྱལ་བའི་ཡུམ་གཅིག་པུ། །སྤྲང་བདག་སོགས་ཡོངས་ལ་བརྩེ་བས་དགོངས། །བདག་སྔོན་བསགས་ལས་འཕྲོས་རྟེན་བཟང་ཐོབ། །རྒྱུད་རྟོག་པས་དབེན་ཡང་མིང་འཁྲུལ་ཞིག །རྗེ་ཁྱེད་དང་འབྲལ་མེད་འགྲོགས་འདོད་ཀྱང་། །སྔོན་ལས་ཀྱིས་གཞན་དུ་འགྲོ་དགོས་བྱུང་། །སྐྱེ་འདི་དང་ཚེ་རབས་ཐམས་ཅད་དུ། །མ་ཁྱེད་དང་འབྲལ་མེད་རྗེས་བཟུང་ནས། །རྗེ་ཁྱེད་ཀྱི་གསང་གསུམ་ཡེ་ཤེས་དང་། །སྤྲང་བདག་སོགས་སྒོ་གསུམ་དབྱེར་མེད་དུ། །གཤིས་སྐུ་གསུམ་ཀློང་དུ་སངས་རྒྱས་ཤོག །ཅེས་གསུངས་པའི་ལན་དུ་འདི་ལྟར་ཕུལ་ལོ། །ངག་གི་དབང་ཕྱུག་རྗེ་བཙུན་འཇམ་དཔལ་དབྱངས། །བྱིན་རླབས་བློ་གྲོས་བཟང་པོའི་གཏེར་ཆེན་པོ། །མདོ་སྔགས་ཟུང་འཇུག་ལམ་བཟང་བསྟན་པ་འཛིན། །དཔལ་ལྡན་བླ་མའི་ཞབས་པད་རྟག་བརྟན་ཤོག །ཇི་ལྟར་ཐུགས་ཀྱི་དགོངས་བཞེད་མ་ལུས་པ། །ཇི་བཞིན་མཆོག་གསུམ་བདེན་པས་ལེགས་འགྲུབ་སྟེ། །ཇི་ལྟའི་ཕྱོགས་དུས་རྒྱལ་བའི་དགོངས་བཞེད་ཀུན། །ཇི་སྙེད་འགྲོ་ལ་སྦྱོར་བའི་བྱེད་པོར་ཤོག །ཅེས་ཕུལ་ཏེ་ཕེབས།
དེ་ནས་གྲུབ་ཆེན་རིན་པོ་ཆེ་ཡར་འབྲོག་ཏུ་བཞུགས་པའི་སྐབས་ང་ཆམ་ཚད་ལྟ་བུ་ཤིན་ཏུ་ན་བའི་ཚེ་བླ་མ་ཨོ་རྒྱན་ཚེ་རིང་ནས་གསང་སྔགས་ཀྱི་གཙོ་བོ་དམ་ཚིག་ཡིན་སྟབས་མཆེད་ལྕམ་ཚང་མ་ནས་ཡིག་བརྒྱ་འབུམ་རེ་ཞབས་བརྟན་དུ་ཕུལ་ན་ཕན་ངེས་ཞེས་གསུངས་པས་ཀུན་གྱིས་དེ་བཞིན་ཁས་བླངས་ནས་བསགས། སྐུ་ངོ་ལྕོག་བཀྲས་ནས་བར་ཆད་ཀྱི་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་དུ་གནམ་ལྕགས་ཕུར་པ་ཆེ་བ་དང་རྡོ་རྗེ་རྩེ་ལྔ་ཕུལ་བས་རྡོ་རྗེ་དེ་ཕར་གནང་། སྐུ་ངོ་བདེ་རབ་ནས་ཁ་ཊཱཾ་རྩེ་གསུམ་པ་ཚད་ལྡན་འཇམ་མགོན་རྣམ་གཉིས་ཀྱི་རབ་གནས་ཕོག་པ་ཞིག་ཕུལ་ནས་སྐུ་ཚེའི་ཞབས་པད་བརྟན་པའི་སྨོན་ལམ་ཞུས། ཡང་གནས་ཆུང་སྡེ་ཟུར་ཐུབ་བསྟན་འོད་ལྡན་ནས་ཚོགས་ཀྱི་དགའ་སྟོན་དང་བསུན་བཟློག་སོགས་ཕུལ། དེ་ནས་ཡར་འབྲོག་ཏུ་གྲུབ་ཆེན་རིན་པོ་ཆེ་གདན་འདྲེན་དུ་བང་མི་ཆེད་གཏོང་གིས་འཕྲིན་ཡིག་འདི་ལྟར་ཕུལ་ལོ། །
རྗེ་ཁྱབ་བདག་གྲུབ་དབང་རིན་པོ་ཆེ། །ཁྱེད་དགོངས་པ་སངས་རྒྱས་སུ་བཞུགས་ཀྱང་། །གྲོང་གསེབ་ཏུ་གསང་སྔགས་ཀྱི་ཆེ་བ་ཉམས། །དོན་དེ་བས་ཅིས་ཀྱང་ཕེབས་པར་ཞུ། །དགོས་སྔོན་ནས་ཁྱེད་ཀྱི་བཀའ་བཞིན་དུ། །ངའི་ཚེ་ཚད་བརྒྱ་རྩ་བརྒྱད་ཞུས་པ། །དེ་བསླུ་མེད་དོན་ལ་གནས་དགོས་ན། །ཚེའི་བར་ཆད་བཟློག་ཕྱིར་ཕེབས་པར་ཞུ། སྔོན་དགོངས་པ་ཟང་ཐལ་ལྗགས་ཁྲིད་སོགས། །ཞལ་བཞེས་ལྟར་བཀའ་ཁྲིད་སྩལ་བ་དང་། །འདིར་འདུ་ཚོགས་རྣམས་རེ་བ་སྐོང་བའི་ཕྱིར། །དུས་མི་འགྱང་བར་མྱུར་དུ་ཕེབས་པར་ཞུ། །ཞེས་ཕུལ་བ་ཡར་འབྲོག་སྣ་རྩེར་བཞུགས་སར་སླེབས་པས་འཕྲལ་དུ་ཚུགས་གཅིག་གིས་འབྱོར་བར་ཕེབས། ཞབས་བརྟན་བསུན་བཟློག་སོགས་ཕུལ་བས་ཉི་མ་སྤྲིན་བྲལ་ལྟར་དྭངས། གཞན་ཡང་ཉམས་ལས་རྡོ་རྗེ་གཡུ་སྒྲོན་དངོས་གཟུགས་ལྟ་བུར་བསྟན་ནས་པང་དུ་ཉར་ནས་བྱམས་བརྩེའི་ཚུལ་གྱིས་འོ་མ་དང་སྨན་སྦྱར་བ་སྤྲད་སྐབས་ཤིག་གནས། སྡེ་ཐུབ་འོད་ཀྱིས་ཚོགས་མཆོད་ཕུལ་སྐབས་ངས་མ་ཚོར་བར་ཟན་ཞིག་རྡོ་ལ་འགྱུར་བ་ཀུན་གྱིས་ཁྱད་མཚར་བྱེད་ཅིང་རྒན་འཕྲིན་ལས་ལགས་ནས་ཉར་སོང་། དེ་རྗེས་ཀརྨ་པའི་ཡང་སྲིད་བཅུ་དྲུག་པ་ཕེབས་ནས་ང་ལ་ཁྱེད་མ་ཅིག་གྲུབ་པའི་རྒྱལ་མོ་དངོས་བྱོན་ཡིན་པས་བདག་ལ་འཆི་མེད་ཚེ་ཡི་དངོས་གྲུབ་བརྙེས་པའི་སྐྱབས་འཇུག་དང་། ཚེ་དབང་སོགས་གནང་དགོས་གསུངས་པ་ལ་ཁྱེད་འཆི་བ་མེད་པར་ཚེའི་དངོས་གྲུབ་ཐོབ་པར་འདོད་ན་སེམས་སྐྱེ་འཆི་མེད་པའི་གནས་ལུགས་རྟོགས་དགོས་ཞུས་པས། འོ་ན་ཁྱེད་ཀྱིས་ང་ལ་སེམས་ངོ་ཞིག་སྤྲོད་དང་གསུངས་པ་ལ། སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ན་རོ་པ། །བསྒོམ་དུ་མེད་ལ་ཡེངས་སུ་མེད། །འཛིན་མེད་སྐྱོངས་ཤིག་སྙིང་གི་བུ། །ཞེས་ཞུས་པས་ཁོང་ཡེ་སངས་རྒྱས་པ་ལ་ཡང་སངས་རྒྱས་པའི་ཚུལ་དུ་རྟོག་གྲོལ་དུས་མཉམ་དུ་གྱུར་པའི་མཉེས་ཚུལ་མཛད། འོན་ཀྱང་རྟེན་འབྱུང་བསླུ་མེད་དུ་སེམས་ཏེ་སྒྲོལ་དཀར་གྱི་ཚེ་དབང་དང་དབུ་ཞྭ་ཡང་ལན་གསུམ་ཕུལ། སྔོན་ནས་ཡུམ་དགོངས་རྫོགས་མ་ཎིའི་བུམ་སྒྲུབ་ཚུགས། ཚུར་ཡང་དཀོན་སྤྱིའི་ཚེ་དབང་ཞུས་ཏེ་འབྲུག་ཡུལ་དུ་ཕེབས། དེ་ནས་གྲྭ་བཞི་སྐྱིད་ཟུར་ནས་རིག་འདུས་ཀྱི་སྒོ་ནས་སིདྡྷི་དུང་སྒྲུབ་དང་མ་ཎི་དུང་སྒྲུབ་ཚུགས། ཡར་འབྲོག་གཉན་པ་ཞི་འོག་དང་སྣ་རྩེ་ལྷུན་རབ་སོ་སོ་ནས་མ་ཎིའི་དུང་སྒྲུབ། ཤར་ལྷོ་ནས་མ་ཎི་དུང་སྒྲུབ་དང་སིདྡྷིའི་དུང་སྒྲུབ་ཚུགས། ༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པའི་ཡབ་ཆེན་ཕེབས་ནས་ཕན་ཚུན་སྐད་བརྡ་གསལ་བར་མ་འཕྲོད་ཀྱང་གཞན་གྱིས་ལོ་ཙཱ་བསྒྱུར་ཏེ་མ་ཎིའི་ལུང་ཁྲིད་ཕུལ། དེ་ནས་ཉི་གྲགས་མཁན་ཆུང་པད་རབ་ཕེབས། ཡིད་བཞིན་མཛོད་ཁྲིད་དང་ཡོན་མཛོད་ཁྲིད་སྦྱངས་ཞུས་ཏེ་གཞོང་པ་ལྷ་ཆུ་བརྒྱུད་ནགས་ཤོད་དུ་ཕེབས། དེ་ནས་སེ་ར་མཁར་རྡོ་སྤྲུལ་སྐུ་ཕེབས་ནས་ཚོགས་སོགས་རྒྱ་ཆེར་བཏང་། ནན་དུ་གསུང་ངོར་སྐྱབས་མགོན་ཞབས་དཀར་གྱི་ཐུགས་དམ་རྟ་ཕག་ཡིད་བཞིན་ནོར་བུའི་དབང་ལུང་ཁྲིད་སོགས་ཕུལ། འཕྲལ་དུ་ལོ་གསུམ་སྐུ་མཚམས་བཞུགས་ན་མ་གཏོགས་བར་ཆད་ཤིན་ཏུ་ཆེ་བར་འདུག་ཞུས་ཀྱང་བཞུགས་རྒྱུ་མ་རྙེད་པས་རྗེས་སུ་དབུ་ཉེས་བྱུང་སོང་། ཡང་སྔོན་སྐྱབས་མགོན་དྷརྨ་སེངྒེའི་ཞལ་ཆེམས་སུ་ང་ལ་སྤྲོད་གསུངས་པ་མ་སྤྲད་ཀྱང་སྨོན་ལམ་དང་རྟེན་འབྲེལ་དབང་གིས་རྒྱལ་རྩེ་ཚོང་ཁང་ནང་ཐང་སྐུ་བྱིན་ཅན། བ་སོའི་ཌ་རུ། ཚེ་བུམ། རྡོར་དྲིལ་རྟེན་ཁེབས་བཅས་འབྱོར་བས་སྐྱེ་བ་ཀུན་ཏུ་མ་རྒྱུད་ཀྱི་གསང་མཛོད་འཛིན་ནས་འགྲོ་དོན་རྒྱ་ཆེར་ཡོང་བའི་སྨོན་ལམ་ནན་ཏན་བྱས།
དེ་ནས་ཁྲི་བྱང་ཕྱག་མཛོད་དང་ས་འདུ་ཚོང་དཔོན་འགྱུར་མེད་ནས་སོ་སོར་མ་ཎི་དུང་སྒྲུབ། འབྲང་སྟོད་ལྕམ་སྐུ་ནས་དཔལ་ཆེན་སྨན་སྒྲུབ་ཚུགས། དེ་ནས་མདོ་སྔགས་གླིང་གདན་སའི་འཁྲུལ་ཞིག་རིན་པོ་ཆེ་ཕེབས་བྱུང་བར་ཐུགས་ཐིག་སྐོར་བཞིའི་དབང་ལུང་ཁྲིད་གསུམ་འཁྲུལ་འཁོར་དང་བཅས་པ་ཕུལ། གོས་ཆེན་རྒྱ་སེའི་དབུ་ཞྭ་ཞིག་ཀྱང་ཕུལ་ནས་བསྟན་འགྲོའི་དོན་གཉིས་འབད་མེད་ལྷུན་གྲུབ་ཀྱིས་སྨོན་ལམ་ཞུས། ཟབ་དོན་སྙིང་པོའི་གཅོད་ཀྱི་སྔོན་འགྲོ་བསགས་བཅུག་ནས་ཕེབས། དེ་ནས་བྱང་གནམ་རུ་ནས་སྒར་ཟུར་ངེས་དོན་བསྟན་འཛིན་གྱིས་ཚེ་ཐར་ལུག་བརྒྱ་ཐམ་པ་ཕུལ་ནས་གྲུབ་ཆེན་རིན་པོ་ཆེ་སྙིང་ཐིག་གོང་འོག་གི་བསྟན་པ་འཛུགས་ཕྱིར་གདན་འདྲེན་དགོངས་པ་ཞུས་པས། འདིར་རྒན་མོའི་ཉམས་ལེན་གསལ་འདེབས་དང་མཆེད་ལྕམ་རྣམས་ཀྱི་ལམ་མཁན་དུ་གྱུར་པས་མཁོ་གནད་ཆེ་བས་ཕངས་རུང་བླ་མ་རིས་མེད་པའི་སྐྱབས་གནས་ཡིན་ཕྱིར་ལན་གཅིག་དགོངས་པ་ཡོང་ཞུས་པས་ཁོང་ཚོ་དགའ་ནས་གདན་དྲངས་སོང་། དེ་ནས་ཞེ་ཆེན་རབ་འབྱམས་ལྷ་ལྡན་དུ་ཕེབས་པ་ཐོས་པས་གོང་མ་རིན་ཆེན་གཏེར་མཛོད་ཞུས་པའི་རྩ་བའི་བླ་མར་སོང་གཤིས་མཇལ་འདོད་པས་ཕེབས་ཞུ་ཕུལ། དེ་སྐབས་སྦུད་དེ་བསྒོམ་ཆེན་སྤྲུལ་སྐུ་ཕེབས་ཐུགས་རིག་སོགས་གསལ་ཡང་དབང་ལུང་ཁྲིད་ཀ་མ་ཐོབ་པས་སྙིང་ཐིག་ཡོངས་རྫོགས་དབང་ལུང་དགོས་གསུངས་བཞིན་ཕུལ་བས་དཔལ་ཆེན་དབང་སྐབས་ཞེ་ཆེན་རིན་པོ་ཆེ་ཕེབས། ང་ཞེ་ཆེན་རབ་འབྱམས་པའི་མིང་ཙམ་འཛིན་པ་ལས་སྦྱངས་སྟོབས་དང་སྐྱེ་སྟོབས་ཀྱི་ཡོན་ཏན་གང་ཡང་མེད་པས་ཁྱེད་གོང་མ་ནས་བླ་སློབ་འབྲེལ་གཤིས་ཉིད་དུས་གསུམ་རྒྱལ་བའི་ཡུམ་ཉག་གཅིག་ཏུ་ངེས་པས་ཡུན་གྱིས་བསྒོམ་སྒྲུབ་ལ་མ་ལྟོས་པར་འཕྲལ་དུ་རྟོག་གྲོལ་དུས་མཉམ་དུ་འགྱུར་བར་བྱིན་གྱིས་རློབས་ཤིག་ཅེས་གསུངས་ཕྱག་དབང་ཞུས་པས། ངས་མི་ཚེ་རི་ལ་བསྡད་ཀྱང་ཉམས་རྟོག་གི་ཡོན་ཏན་གང་ཡང་མེད་པར་ཡིད་མུག་རུང་འོན་ཀྱང་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་བྱིན་གྱིས་རླབས་ཤིང་དགོངས་པ་གཏད་དེ་རྟོག་གྲོལ་དུས་མཉམ་དུ་འགྱུར་བར་ཤོག་ཅིག་ཅེས་སྨོན་འདུན་ཞུས། ཚུར་ལ་ཚེ་དབང་ཞིག་གནང་ནས་སྨིན་གླིང་དུ་གཏེར་མཛོད་གནང་དུ་ཕེབས། སྐུ་ཞབས་འཕྲིན་ལས་ལགས་ནས་ཐུགས་བརྟག་ཞུས་པས་ངའི་སྐུ་རིམ་དུ་ལོ་གསར་མཚམས་རྡོར་སེམས་ཚོགས་འབུམ་རྩ་གསུམ་ཚེ་སྒྲུབ་དང་འབྲེལ་བའི་ཁྲི་ཚོགས། སྨན་ཆོག་སྟོང་ཚར་བསྒྲུབས་ན་ཉེས་སྐྱོན་ཆེར་མེད་གསུངས། སྦུད་སྤྲུལ་དབང་ལུང་གསན་ནས་ཕེབས། གྲུབ་ཆེན་རིན་པོ་ཆེ་གནམ་རུ་ནས་ཚུར་ཕེབས། སྦྱིན་བདག་སོ་སོ་ནས་ཕུལ་བའི་ཚེ་ཐར་སྟོང་ཕྲག་ལྷག་ཙམ་ཕུལ། རྡོར་སེམས་ཚོགས་འབུམ་ཟབ་རྒྱས། རྩ་གསུམ་ཚེ་སྒྲུབ་དང་འབྲེལ་བའི་ཁྲི་ཚོགས། བཟློག་བཅས་གནང་། བདེ་རབ་ལྕམ་ཆུང་ནས་སྐུ་གཤེགས་ཆེད་དུ་རྡོར་སེམས་སྒྲུབ་ཚུགས། སྔར་གྱི་མཆོད་རྟེན་དེ་ཉིད་ལ་ལས་ཤར་དུ་ཁེལ་འདུག །ལ་ལས་ཆ་ཚད་མ་ལེགས་སོགས་ཟེར་བས་དགེ་བཤེས་དྲི་མེད་ནས་གསར་བཞེངས་དགོས་གསུངས་བཞེངས་པར་བསུན་བརྩམ་སྐབས་མཐར་ཕྱིན་དབང་མོ་ལྷ་ཐོག་འབེབས་བརྒྱབ་ནས་ཞལ་འདེབས་སློང་བས་ཊཾ་རྡོ་བརྒྱ་ལྷག་བྱུང་བས་གཞི་བྱས་ལྷ་ལྡན་ནས་གསེར་ཟངས་ཀྱི་ཆོས་འཁོར་བཅུ་གསུམ་བཟོས། རྡོ་ཤིང་སོགས་ལས་གྲྭ་ཚུགས་ནས་བཞེངས་སྐབས་གཟིམ་ཤག་ང་ཕོད་ལྕམ་ནས་འདས་བཞུགས་རྣམས་ཀྱི་ཚེ་སྒྲུབ་དང་དགོངས་རྫོགས་ལ་དམིགས་ཚོགས་འབུམ་འབྲུ་ཁལ་ལྔ་བརྒྱ་ལྷག་ཙམ་སོགས་ཀྱིས་ཤིན་ཏུ་ཕན་ཐོགས་ཆེ་བར་བྱུང་། ནུབ་ཏུ་བྱང་ཆུབ་མཆོད་རྟེན་ཆེ་བ་དང་སྔར་ཤུལ་དུ་ཁང་རྩེགས་མཆོད་རྟེན་གྲུབ། སྲོག་ཤིང་གི་འདོད་གསོལ་འདི་ལྟར་སྨྲས་སོ། །
ན་མོ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་བཅས་བདེན་ཚིག་སྨོན་ལམ་ལ་མངའ་བརྙེས་པའི་ཚོགས་མ་ལུས་པ་དགོངས་སུ་གསོལ། དྲང་སྲོང་ཆེན་པོ་རྒྱལ་བ་ཐུབ་པའི་དབང་པོའི་བདེན་ཚིག་གིས་མཆོད་པའི་རྟེན་ཆེན་པོར་ཇི་ལྟར་སྨོན་པའི་དོན་འགྲུབ་པར་གསུངས་པ་དང་སྔོན་བྱ་རྫི་གསལ་ལེ་མའི་བུ་བཞིས་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་ལ་ཇི་ལྟར་སྨོན་པའི་བདེན་འབྲས་ཀྱིས་མཁན་སློབ་རྒྱལ་བློན་དུ་སྨིན་པ་ལྟར་དེང་བདག་མིང་རིག་འཛིན་ཆོས་ཉིད་བཟང་མོས་ལྷག་བསམ་དྲི་མེད་རྣམ་པར་དག་པས་ཀུན་ནས་བསླང་སྟེ་མཆོད་པའི་རྟེན་ཆེན་པོ་བཞེངས་པའི་མཐུས་མཉམ་མེད་རྒྱལ་བ་ཤཱཀྱའི་བསྟན་པ་རིན་པོ་ཆེ་མདོ་སྔགས་ཟུང་འཇུག་དྲི་མ་མེད་པ་སྤྱི་དང་ཁྱད་པར་དུ་དཔལ་ཀུན་ཏུ་བཟང་པོ་ནས་ཀུན་མཁྱེན་ཡབ་སྲས་ཀྱི་བར་དུ་ལེགས་པར་བསྟན་པའི་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ། དེར་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱིས་དབུས་རིག་གྲོལ་བཤད་སྒྲུབ་འདུས་པའི་སྡེ་གཉིས་ཀྱང་སྐུ་ཚེ་མཛད་པ་འཕྲིན་ལས་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པ། དམ་པ་གོང་མ་དཔལ་ལྡན་དྲིན་ཆེན་རྩ་བའི་བླ་མ་སྐྱབས་མགོན་པདྨ་རྒྱ་མཚོ་དང་། སེམས་ཉིད་བདེ་ཡངས་དྲི་མེད་ཀྱིས་གཙོས་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་པ་མ་ལུས་པ་ཡོངས་སུ་རྫོགས་པ། མ་འོངས་འབྱུང་འགྱུར་གང་ཤར་དཔའ་བོ་དབང་འདུས་ཀྱིས་མཚོན་སྤྲུལ་པའི་ཟླ་གཞོན་གསར་དུ་ཚེས་རྒྱུ་གང་དང་སུ་ཡོང་ནོར་འཁྲུལ་མེད་པར་རྡོ་རྗེའི་ཁྲི་ལ་ཞབས་པད་མྱུར་འགོད་སྐུ་ཚེ་དང་མཛད་འཕྲིན་སྔོན་ལས་ལྷག་པར་འབྱུང་བ། རྒྱུ་སྦྱོར་སྦྱིན་པའི་བདག་པོ་ལས་བྱེད་སོགས་བཟང་ངན་འབྲེལ་ཐོག་གིས་མཚོན་མ་གྱུར་སེམས་ཅན་ཐམས་ཅད་ཚེ་རབས་ཐོག་མེད་ནས་ད་ལྟའི་བར་གྱིས་བསགས་པའི་ལས་ཉོན་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་ཞི་ཞིང་། ཚེ་བསོད་དཔལ་འབྱོར་རྣམས་རེ་བ་བཞིན་འགྲུབ་ཅིང་རྟག་ཏུ་བདེ་སྐྱིད་ཀྱི་དཔལ་ལ་ཅི་བདེར་སྤྱོད་པ། འདིར་སྣང་སྲིད་པའི་ཕུན་ཚོགས་མཐའ་དག་གློག་གི་རོལ་གར་ཇི་བཞིན་མི་བརྟན་འགྱུར་བའི་ཆོས་ཉིད་དུ་ངེས་ཤིང་། ངན་སོང་གསུམ་གྱི་སྡུག་བསྔལ་བཟོད་པར་དཀའ་བ་ལས་ཐར་འདོད་ཀྱི་བསམ་པ་བརྟན་པོས་ཀུན་ནས་བསླངས་ཏེ་བཤེས་གཉེན་དམ་པ་འབྲལ་མེད་དུ་བསྟེན། རྒྱལ་བའི་གསུང་རབ་མཐའ་དག་ལ་ཐོས་བསམ་བསྒོམ་པའི་བྱ་བ་འབའ་ཞིག་སྤྱོད་པ་དང་མི་འབྲལ་བར་རང་གཅིག་པུའི་ཞི་བདེ་དོན་དུ་གཉེར་བའི་གནོག་ཆུང་གི་བྱ་བ་རིང་དུ་དོར་ཏེ་འཁོར་བའི་རྦ་ཀློང་དྲག་པོར་གཡེངས་ཏེ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོར་བྱིང་ནས་ལས་ཉོན་གྱི་རང་གཟུགས་འགོག་མེད་དུ་ཤར་བ་ཆུ་སྲིན་ན་ཀྲའི་ཁོང་པར་ཆུད་པའི་འགྲོ་བ་འདི་དག་ཕ་མར་ཤེས་པ་སོགས་རྒྱུ་འབྲས་ཀྱི་བླང་དོར་རྣམས་ལ་བློ་སྦྱངས་ཏེ་ཕར་ཕྱིན་དྲུག་གི་སྤྱོད་པ་ཡོངས་སུ་རྫོགས་པ། རང་གཞན་ཐམས་ཅད་མྱུར་ལམ་རྡོ་རྗེ་ཐེག་པའི་སྒོར་ཞུགས་སྨིན་བྱེད་ཀྱི་རྒྱུད་ཡོངས་སུ་སྨིན་པར་བྱས། གྲོལ་བྱེད་ཀྱི་རིམ་པར་རྩེ་གཅིག་ཏུ་གཞོལ་ཏེ་འོད་གསལ་རྫོགས་པ་ཆེན་པོའི་སྣང་བ་བཞི་མཐར་སོན་ནས་མི་སློབ་རིགས་བརྒྱའི་ཁྱབ་བདག་དཔལ་ཀུན་བཟང་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་སྤྱོད་ནུས་ཤིང་། འཇིག་རྟེན་ཀུན་ཏུ་བསྐལ་པ་རྫོགས་ལྡན་གྱི་དཔལ་ལ་སྤྱོད་པ། ཞར་བྱུང་དུའང་གུས་མོ་ངག་དབང་གྲགས་པ་རྣམ་རྒྱལ་མའང་ཚེ་དང་བགྱི་བ་མ་ལུས་པ་མ་ཅིག་ལབ་ཀྱི་སྒྲོན་མ་དང་དབྱེར་མེད་པར་བསྟན་འགྲོའི་ཁུར་འདེགས་མཐར་ཕྱིན་ཞིང་། མཐོང་ཐོས་དྲན་རེག་གྲོལ་བ་རྣམ་བཞིས་ཁམས་གསུམ་འཁོར་བའི་རྒྱ་མཚོ་དོང་ནས་སྤྲུགས་ནུས་ཏེ་འཇམ་དཔལ་ཀུན་ཏུ་བཟང་པོའི་སྨོན་ལམ་ཡོངས་སུ་འགྲུབ་ནས་འཁོར་གསུམ་རྣམ་དག་དྲན་རིག་ཟག་པ་མེད་པའི་ཡེ་ཤེས་གནས་ལུགས་པ་ཆེན་པོར་མངོན་དུ་འགྱུར་བར་མཛད་དུ་གསོལ། ཏཏྱཱ་ཐཱ་པཉྩ་ན་དྲི་ཡ་ཨ་བ་བྷོ་དྷ་ན་ཡེ་སྭཱཧཱ། འཿཨཿཧཿཤཿསཿམཿ། ཞེས་སོ། །
སྨྲས་པ། བྱ་བཏང་བསམས་ཀྱང་བྱ་བས་ཉིན་མཚན་འདས། །མང་ནས་བྲོས་ཀྱང་མང་པོའི་འདུ་ལོང་འཚུབ། །གཞན་གོལ་བྱས་ཀྱང་གཞན་གྱིས་བླ་མར་བསྐུར། །ཆོས་ཉན་འདོད་ཀྱང་ཆོས་བཤད་ཁུར་པོ་བབས། །སྟག་ལུང་མ་སྤྲུལ་སྡོད་གནས་ཐུགས་བརྟག་ཞུས། །ཇོ་མོ་གྲོ་སར་ཊཾ་ག་ཤུག་གསེབ་ཏུ། །ཞོ་གང་ཟངས་རིར་ཕྱེད་བརྒྱད་ཟངས་ཡག་བྲག །སྐར་མ་ལྔ་ཡི་བཟང་ངན་ཕྱག་ཐམ་གནང་། །ཞབས་བརྟན་ཚོགས་དང་ཤེར་སྙིང་འབུམ་བསག་སྐབས། །ཨ་ཎི་སངས་རྒྱས་མེད་མེད་མང་ཀློག་པས། །ཕྱུག་པོ་མི་ཡོང་དེས་ལན་ཟེར་ནས་ལབ། །གསོལ་ཞག་སློང་བས་མར་མེད་ནོངས་པ་ཡིས། །བྱང་ཆུབ་སྒྲོལ་མ་ཁྲོས་ཏེ་བཟློག་པ་བྱས། །རྡོ་ར་ཆུ་འཁོར་ཕྲུ་གུ་ཤི་རྫུ་ཡིས། །འཕོ་བ་ཐོབ་ཟེར་བཏབ་པས་ཡུད་ཙམ་ཤི །སོས་སྐབས་ལུང་པ་སྐྱིད་པོ་སླེབས་ཟེར་འགྱོད། །ཤེར་གྲོང་གནས་གསར་སྡེ་པས་ཟླ་རེ་བཞིན། །ཟས་སྐལ་བསགས་ཕུལ་གངས་རི་བདེ་གཤེགས་ཞུས། །ད་ལྟ་སྤྲོ་ཡང་འཇུན་པའི་ཉར་སྐྱེ་གསུངས། །མ་སྤྲུལ་མཆོག་ནས་ང་ལ་མཚོ་རྒྱལ་གྱི། །སྤྲུལ་པར་གསུངས་པ་གསན་ནས་ཞབས་འོག་གི །འབུ་བསད་སྐྱེ་བ་ཡིན་འགྲོ་གསུངས་པ་ལ། །དམའ་འབེབས་བསམས་ཀྱང་གདམས་ངག་མཚང་འདོན་འདྲ། །ཨ་མ་ངེད་གཉིས་ཤུག་གསེབ་ཏུ་ཡོང་ནས། །ངག་དབང་ཤག་བསྡད་ཐོག་ཁར་ཆོས་ཞུ་ཕྱིན། །འཁྲུལ་ཞིག་དངོས་སློབ་སྒྲོན་མ་འབར་སླེབས། །ཨ་མར་སྐུ་སློག་གསོལ་ཀྲུམ་སོགས་གནང་ནས། །ཡར་འབྲོག་ཤོག་གསུངས་རྐང་པ་ཤིན་ཏུ་ན། །ཨ་མར་ཞབས་ཞུ་མེད་སྟབས་གཅར་མ་ཐུབ། །སེམས་ཉིད་མཆོག་ནས་ཤུག་གསེབ་སྡོད་ཆོག་པའི། །རྗེས་འཛིན་མཛད་ནས་གཟིམ་ཆུང་ནུབ་ཏུ་བསྡད། །སྦས་པའི་ཚུལ་བྱས་སྔ་དགོང་ཐོད་རྒལ་བསྒོམས། །རྟ་མགྲིན་དབང་མོར་ཡོན་མཛོད་མདོ་ཕྱོགས་ཁྲིད། །སྨིན་གླིང་ཁྲི་ཆེན་ཕེབས་ནས་སྨན་སྒྲུབ་གནང་། །ཤུག་གསེབ་ཞལ་ཕྱེས་སྨན་དྲིས་རྒྱང་གྲགས་ཁྱབ། །ཨ་མ་ཁུར་ནས་རྡོར་སེམས་བཀའ་དབང་ཞུས། །གཟིམ་ཆུང་བླ་མ་མི་སྣང་ཏིང་འཛིན་གནང་། །རང་ཡང་གཟུགས་དང་ཤུག་གསེབ་སྣང་བ་འགགས། །སྟག་ལུང་ཤོག་གསུངས་སྐུ་གཅར་མ་ཐུབ་པས། །སྤངས་པ་མ་ཡིན་ནམ་ཞེས་ཕྱག་བྲིས་ཕེབས། །རྨི་ལམ་དུ་སླེབས་བུད་མེད་མང་པོའི་གསེབ། །རྒྱུན་དང་བུ་ཆུང་མེད་ཀྱང་ང་འགོར་བསྡད། །མ་སྤྲུལ་མཆོག་ནས་རིང་བསྲེལ་ཐུམ་བུ་གནང་། །ཨམ་ཕྲག་བཅུག་རྨིས་རག་ཤག་རྗེ་བཙུན་ནས། །ང་སླེབས་འདུག་གསུངས་དེ་སྐབས་ངས་བྲིས་པ། །ཡིན་ཟེར་མི་ཐར་གཡང་སར་ཧྲཱི༔དམར་པོ། །མཇལ་རྒྱུ་འདུག་ཟེར་དེ་སྐབས་དགོངས་པ་གཤེགས། །སེམས་ཉིད་རིན་པོ་ཆེ་ལ་ཨ་མ་ཡིས། །ཟླ་གམ་སེར་པོ་ཕུལ་ནས་དེ་སྔ་ཡན། །མཚམས་ཐོ་ངས་བྱས་ད་ནས་བླ་མ་ཁྱེད། །བཀའ་ཆོས་གནང་དུས་མ་གཏོགས་བུ་མོ་འདི། །མཚམས་བཞག་མཚམས་ཐོ་ཁྱེད་ཀྱིས་མཛོད་ཅེས་ཞུས། །གོ་དགུའི་ལོ་དེར་ཨ་མ་ཡུན་རིང་པོར། །མི་སྡོད་གསུངས་ནས་སྐུ་གཟུགས་ཇེ་ཆུང་སོང་། །དགོན་པར་མ་བཞུགས་འོག་གི་བྲག་ཕུག་བྱོན། །མཆེད་གྲོགས་སངས་རྒྱས་ལ་སོགས་ལྷོ་གནས་སོང་། །མགྱོགས་པར་ཤོག་གསུངས་ང་བར་དུ་བསྒུགས། །སྨོན་ལམ་རེ་གསུངས་བླ་མ་བུ་མོས་ཆོག །བུ་མོ་བླ་མ་འདི་མདུན་བསྡད་ན་དགའ། །ཟླ་བ་བཞི་པའི་ཚེས་བརྒྱད་ཉིན་བར་དུ། །ཁ་ནུབ་ལྟོས་གསུངས་ཐལ་མོ་སྦྱར་བྱས་ཏེ། །བྱིའུ་སྐད་སྙན་བུ་མོ་སྐད་སྙན་སོགས། །མགུར་དབྱངས་བླངས་ནས་དགོངས་པ་ཆོས་དབྱིངས་ཐིམ། །དགོངས་རྫོགས་ལོ་ལྟར་བཞི་པའི་ཚེས་བརྒྱད་ཉིན། །ཞབས་དཀར་ཆོས་སྤྱོད་སྨོན་ལམ་ཆོག་འདོན་བཙུགས། །ཨ་མ་གཤེགས་རྐྱེན་རླུང་ན་འཆི་ཐག་བཅད། །ནགས་ནང་བསྡད་ནས་རུ་ཤན་འཁྲུལ་འཁོར་སྦྱངས། །ལུས་ཡང་སྔ་དགོང་ཐོད་རྒལ་འཆར་སྒོ་བལྟས། །ཞིང་ཁམས་ལ་སོགས་དག་པའི་སྣང་བ་ཤར། །གྲོང་སྟོད་ཁང་གསར་ཚེ་དབང་རྒྱལ་པོ་ན། །དེར་ཤོག་ཟེར་ནས་མ་སླེབས་བར་ལམ་འདས། །སྔོན་ནས་ཕེབས་ཟེར་གདན་བཏིང་སྐུ་བསང་བདུགས། །ཟེར་འདུག་བདུན་གཅིག་ཞི་ཁྲོའི་སྦྱངས་ཆོག་བྱས། །མཚམས་བསྡད་ངའི་སྤུན་བུ་མོ་རིག་འཛིན་ལ། །སེམས་ཉིད་མཆོག་མདུན་ཡེ་ཤེས་བླ་མ་ཁྲིད། །ཌཱཀྐིའི་གཏེར་ཤོག་མ་བསླབས་རང་རྡོལ་ཤེས། །རླུང་སྨྱོ་ལྟ་བུས་བཅུ་དགུའི་ལོ་དེར་གཤེགས། །རྒྱ་དམག་ལོ་དེར་འཁྲུལ་ཞིག་སྐུ་འཁོར་ཕེབས། །ཕྱག་རྡོར་དབང་མོ་ལ་སོགས་བུ་མོ་ལྔ། །སླེབས་པས་བསུན་བཟློག་ཕུལ་ཏེ་ཐོལ་གླུ་བླངས། །ཐུགས་དགྱེས་དད་པར་མཛད་ནས་སོ་སོར་ཕེབས། །ཨ་མ་དྲུང་རྡོག་སྦྱིན་བདག་སྨན་སྒྲུབ་ཚུགས། །ནོར་ལྡན་མདུན་ནས་འབུམ་དང་དྲིས་ལན་ཞུས། །ཁྱི་ཕག་བྱི་ལོར་འཕར་ལྡང་ཡང་ཡང་ན། །གཡུ་ཐོག་ཨེམ་རྗེས་ཉམས་ཀྱི་ནད་ངོས་བཟུང་། །གྲོང་སྟོད་ཁང་གསར་སྦྱིན་བདག་ཞུས་ཚོགས་བསགས། །སྐྱབས་རྗེ་མཆོག་མདུན་ཀློང་སྙིང་ཡོངས་རྫོགས་ཞུས། །མཚམས་བྱས་སྟག་ལུང་གང་ཤར་སྤྲུལ་སྐུ་ཕེབས། །མ་སྤྲུལ་བཀའ་ལས་ཚེ་རབས་ནས་འབྲེལ་བའི། །བླ་མ་ང་ཡིན་གསུངས་ནས་མཇལ་དུ་ཕེབས། །བསྙེན་མཚམས་དམ་པས་མ་ཕེབས་ཞུས་ནས་ཀྱང་། །ཐོད་སྨྱོན་བསམ་འགྲུབ་སྐུ་ཕྲེང་ཡིན་ཚུལ་གསུངས། །ཡུམ་བཀའི་གཏོར་མ་བདག་འཇུག་དབང་ཆས་གནང་། །རྨི་ལམ་ལེགས་མིན་བལ་ཡུལ་མཇལ་དུ་ཕེབས། །གུ་རུ་ཞིག་ཕུལ་ཡུམ་བཀའི་སྐུ་ཡང་མངགས། །སྡེ་པ་གྲོ་ལོད་སླེབས་ནས་ང་མཐོང་དགྱེས། །གང་ཤར་ཚུར་ཕེབས་ཕྲེང་བ་རྡོར་དྲིལ་དང་། །ཡུམ་བཀའི་སྐུ་གནང་ལུང་བསྟན་མགུར་གླུ་བཞེས། །ཁམས་བླ་མཇལ་ཞུས་མིན་གསུངས་རྗེས་སུ་ཕེབས། །གཅོད་དབང་བསྐུར་ནས་ཕེབས་ཤིང་རིང་མིན་འབྱོར། །སྐྱབས་རྗེའི་མདུན་དུ་སྤྱོད་མཇུག་སེམས་ཁྲིད་བཅས། །ཞུར་བཅུག་སེམས་ངོ་མ་འཕྲོད་ངས་སྤྲོད་གསུངས། །རྟོག་རྒྱུགས་གནང་ནས་ལན་བཏབ་རིམ་པར་འཕྲོད། །འཁྲུལ་ཞིག་རིན་པོ་ཆེ་དང་ཡོངས་འཛིན་ཟུང་། །རྡོ་ར་ཁང་ཆེན་ཕེབས་ནས་བྱེ་རིལ་གནང་། །ཤོག་གསུངས་འགྲོ་མ་ཐུབ་པས་སངས་རྒྱས་དང་། །བདེ་སྐྱོང་གཉིས་བཏང་སྐུ་གསུང་ཐུགས་རྟེན་ཕུལ། །སྐུ་མཚམས་ལེགས་ཀྱང་བླ་མ་སྒོ་རྩ་རུ། །ཕེབས་ཀྱང་མི་མཇལ་གསུངས་པས་འགྱོད་དེ་ངུས། །བུ་མོ་དབྱངས་ཅན་སླེབས་ཏེ་སྐྲ་ཕུད་ཕུལ། །ཨོ་རྒྱན་ཆོས་འཛོམས་མིང་བཏགས་སྨིན་གྲོལ་གནང་། །ཤེས་རབ་ཆེ་བས་ཡོན་མཛོད་ཁྲིད་དཔོན་བྱས། །ཀཿཐོག་སི་ཏུར་ཇོ་ལུགས་སྒྲོལ་དཀར་དང་། །ལྕེ་བཙུན་སྙིང་ཐིག་དབང་ཞུས་སྒྲོལ་མཚམས་བསྡད། །སྐལ་སྒྲོལ་སོགས་ལ་སྐལ་བཟང་གཟུངས་འདུས་དང་། །རྒྱས་འབྲིང་བསྡུས་གསུམ་འབུམ་གྱི་ཀླག་ལུང་བཤད། །བྱང་སྒྲོལ་བློ་གྲོས་བཟང་མོ་ལ་སོགས་ལ། །མཛོད་བདུན་ངལ་གསོ་སྐོར་གསུམ་ལུང་བཤད་ནས། །ཨོ་རྒྱན་ལགས་ལ་མཛོད་བདུན་ཡ་བཞི་བཤད། །ཨ་མ་སྙིང་སྙིང་མི་ལ་ཞབས་དཀར་གྱི། །རྣམ་མགུར་ངོ་མཚར་སྤྲུལ་པའི་གླེགས་བམ་གྱི། །ལུང་སྐབས་གཉིས་ཀ་ངུ་ཤོར་རྟག་ངུ་ཟེར། །ཆུ་བཟང་སྤྲུལ་སྐུར་གྲོ་མོས་སྦྱིན་བདག་བྱས། །ལེའུ་བདུན་བཀའ་བརྒྱད་བསམ་ལྷུན་དབང་ལུང་ཁྲིད། །ཞུས་ནས་གསུང་གཏོར་གནང་བའི་གཏོར་རིལ་ཟོས། །མཚན་མོ་ཝ་བརྒྱས་སྐྲག་སྟེ་ཟང་ཐལ་སླེབས། །བི་མའི་སྤྲུལ་པ་མཁན་པོ་བསོད་ཆོས་མདུན། །ཡ་བཞི་རྒྱུད་ཕུར་འཛིན་པ་རང་གྲོལ་ཞུས། །ཨ་ཁུ་འོད་ཟེར་སྤྲུལ་སྐུས་ཕྱག་དཔེ་གནང་། །ཁམས་ནས་ཡ་བཞིའི་དཔེ་བསྐུར་ཉམས་ལོང་གསུངས། །ཉམས་ལེན་གང་ནུས་བྱས་ཤིང་ཕུར་མཚམས་བསྡད། །སྟོན་ཀ་འཁོར་འདས་རུ་ཤན་ཁྲིད་དཔོན་བྱས། །ཡང་ན་ཤི་སྐབས་འཕོ་བ་འདེབས་རན་ཚེ། །ཚ་གུས་མར་བཞག་ཞུ་བས་རིམ་བཞིན་སོས། །སྣང་བར་ཞིང་ཁམས་མང་མཐོང་རྩལ་སྦྱོང་བྱས། །མཆེད་རྣམས་བླ་མར་སྐུ་ཚེ་བརྟན་ཐབས་ཞུས། །རྟ་ཁྱུང་ཚེ་སྒྲུབ་གསར་རྩོམ་ཚེ་དབང་སྐབས། །བུམ་པ་མགོར་བཞག་རྡོ་རྗེ་ལག་ཏུ་གཏད། །ཁྱེད་རང་འདས་ན་ང་ལ་དམག་རྒྱག་འདྲ། །སྐུ་ཚེ་བརྟན་དགོས་ཞེས་པའི་དམ་བསྒྲགས་མཛད། །ནད་ཀྱང་རིམ་དྭངས་ཚལ་སྣ་སྡེ་པ་ནི། །བསོད་ནམས་དབང་འདུས་སྒྲོལ་མ་དབང་ལྡན་སོགས། །ཞུས་པས་ཞབས་དཀར་མཁའ་ལྡིང་གཤོག་རླབས་དང་། །མ་ཎི་བཀའ་འབུམ་ལུང་གནང་དད་པ་སྐྱེས། །ལྷ་ཁང་སྤྱན་རས་གཟིགས་སྐུ་བཞེངས་དམ་བཅས། །བུ་མོ་ཚེ་བརྟན་སྒྲོལ་མ་རྗེས་འཛིན་ཞུས། །སྐྲ་ཕུད་བླངས་ནས་འཕྲིན་ལས་ཆོས་སྒྲོན་བཏགས། །དབང་ལུང་ཁྲིད་གནང་མ་ཎི་བསྐུལ་ལུགས་བསླབས། །སྨྱུང་གནས་བླ་མ་ཡོང་བ་ཞིག་གནང་ཞུས། །ཐུབ་སྐྱིད་མགུར་བླངས་སྦས་ཚུལ་ཁོ་ནས་བསྡད། །བླ་མ་གང་ཤར་ལ་སོགས་འདུས་པ་ཡིས། །མ་ཅིག་དངོས་བྱོན་མ་རྒྱུད་བཀའ་བབས་པ། །དྷརྨ་སེངྒེའི་ལུང་གིས་བསྔགས་པ་ཁྱེད། །བདག་རྣམས་གཅོད་དབང་བརྒྱ་རྩ་སྩོལ་ཅེས་གསུངས། །སྐུ་གསུང་ཐུགས་རྟེན་མར་ཕྱུར་གོས་ཕུལ་ཡང་། །ཁེངས་པ་བསྐྱུངས་ཏེ་ལོ་ཤས་བར་དུ་ལུས། །སེམས་ཀྱི་ཁང་བུ་ཤིག་གསུངས་དེའི་མགུར་ཕུལ། །སླར་ཡང་རེ་གཅིག་ལོ་རུ་ཡང་བསྐྱར་དུ། །གང་ཤར་ཚ་གུ་མཆོག་དང་ལུང་རྟོགས་ཡུམ། །ཨོ་རྒྱན་ཆོས་འཛོམས་ཡུམ་བཅས་འདུས་པ་ཡིས། །རྟེན་གསུམ་དུང་དཀར་གཅོད་ཞྭ་གསེར་ཟངས་སྐུ། །ཕྱག་དཔེ་ཙཀྐ་ལི་བཅས་གྲ་བསྒྲིགས་ནས། །གཅོད་དབང་ཞུ་དོན་གླུར་ཕུལ་བླ་མས་ཀྱང་། །བསྐུར་གསུངས་རྨི་ལམ་ཡུམ་ཆེན་མོའི་ཐུགས་ལས། །འོད་འཕྲོས་ཕྱོགས་བཅུའི་སྐྱབས་གནས་བྱིན་བསྡུས་ནས། །རང་ཐིམ་བ་སྤུ་རེ་ལས་འོད་གྲངས་མེད། །འཕྲོས་ཏེ་སྣོད་བཅུད་འོད་ལྔར་འབྱམས་ཀླས་རྨིས། །འདུས་པ་བརྒྱ་ལྷག་ཉིན་ཞག་བཅོ་ལྔའི་བར། །དབང་བསྐུར་དུར་ཁྲོད་ཆུ་མིག་བརྒྱ་རྩར་བཏང་། །ཨོ་རྒྱན་ལགས་སོགས་ཉམས་རྒྱུགས་མང་པོ་ཕུལ། །སྙེ་ཕུའི་ཨ་ཅེའི་རོ་སླེབས་ཚར་སློང་བསྲེས། །བླ་མ་འཇམ་དབྱངས་ཕེབས་ནས་སྨན་སྒྲུབ་ཚུགས། །སྙེ་ཕུའི་ཨ་ཁུའི་ཕྲུ་གུར་ཤི་འཕོ་ཞུས། །ཨ་ཁུ་ཤི་ནས་སོས་ཚེ་ཞིང་སླེབས་ཟེར། །ཡང་ན་ཞབས་རིམ་སྒྲུབ་པ་ཚུགས་སྨྲས་པས། །རྨི་ལམ་མི་དཀར་སྦྱིན་བདག་ཞུ་ཟེར་བས། །ཕྱིར་ཉིན་སྤང་མདའི་བསྔོ་རྟེན་ཊཾ་དཀར་སྲང་། །བཅོ་ལྔ་སླེབས་པས་གཞི་བྱས་སྒྲུབ་པ་བཙུགས། །ཡར་འབྲོག་འཁྲུལ་ཞིག་ཕེབས་ནས་ཞག་བཅོ་ལྔར། །ཤོག་དང་དགོས་དོན་ཡོད་གསུངས་དགོས་པ་ཞུས། །ཟླ་ཤས་མཚམས་སུ་ན་བཟའ་ཕུལ་བཏང་བས། །བླ་མ་ཞིང་གཤེགས་ཚར་བས་འགྱོད་དེ་ངུས། །བླ་མས་ཅི་ཕན་གདམས་ངག་མ་བརྗེད་གསུངས། །དགོངས་རྫོགས་དགུ་པའི་ཚེས་ལྔ་ནམ་ཤར་ཚེ། །མུན་མཚམས་བདུན་གསུམ་སྡིག་བཤགས་དྲིལ་བུ་ཕུལ། །ནམ་སྤྲུལ་ཕེབས་ནས་རྟ་ཁྱུང་ཡང་གསང་དབང་། །དགྲ་ཟླ་ཀརྨའི་དགོངས་གཏེར་སྒྲོལ་མ་གནང་། །འཇིགས་གླིང་གསུང་འབུམ་ཐོར་བུའི་ལྗགས་ལུང་ཞུས། །དགོངས་གཏེར་གཅོད་གནང་ཕེབས་ཁར་མགུར་གླུ་གསུངས། །ལན་ཕུལ་འབྲལ་མི་ཕོད་པའི་ངང་ནས་ཕེབས། །འཇམ་དབྱངས་ཕེབས་ནས་བདུད་རྩི་སྨན་སྒྲུབ་ཚུགས། །ལོ་ལྟར་ཟླ་བ་དྲུག་པའི་ཚེས་བཅུ་དང་། །བཅུ་གཉིས་ཚེས་བརྒྱད་མ་གཏོགས་ཚོགས་མང་པོ། །ཕུལ་སྲོལ་མེད་ཀྱང་དེ་ལོ་སྦྱིན་བདག་རྣམས། །སང་ཕོད་ཨེ་སྡོད་མ་ཤེས་ཤོག་གསུངས་ནས། །ཚོགས་མང་བཏང་ནས་བཅུ་གཉིས་ནང་སྙུང་བཞེས། །ཞབས་བརྟན་སྒྲུབ་བཅུག་གསུམ་པའི་ཚེས་གཅིག་བཤེགས། །མྱུར་བྱོན་གསོལ་བཏབ་དངུལ་གདུང་ས་གདུང་བཞེངས། །དངུལ་གདུང་ཚེ་རིང་ལྗོངས་བཞག་ས་གདུང་དང་། །ཚ་གུར་མཆོག་ནས་འདྲ་སྐུ་བཞེངས་འདིར་བཞུགས། །དུས་གསུམ་སངས་རྒྱས་འོག་མིན་བསྲེས་འབུམ་བསགས། །ལོ་ལྟར་མ་ཎི་སྨན་སྒྲུབ་རེས་མོས་ཚུགས། །ཇོ་མོ་མཁའ་རེག་འགྲོ་སྙམ་ཤམ་དཀར་དང་། །མཉམ་བགྲོས་ཤེས་ནས་བཀག་སྟེ་སྡོད་དགོས་བྱུང་། །འདུ་འཛིར་སྐྱོ་ཞིང་དབེན་པའི་སྨོན་གླུ་བླངས། །གདན་ས་མི་ཉམས་བྱེད་བསམས་སློབ་མ་འཕེལ། །རྒྱུན་སྡོད་སུམ་བརྒྱ་ཙམ་འཁོར་སྔོན་འགྲོ་བཤད། །ཨོ་རྒྱན་ཆོས་འཛོམས་ཁྲིད་དཔོན་དུ་བྱས་ནས། །ཆེ་བ་རྣམས་ལ་བསྐྱེད་རྫོགས་བཤེས་སྤྲིངས་དང་། །སྤྱོད་འཇུག་ཡོན་ཏན་མཛོད་ཁྲིད་ཆུང་རྣམས་ལ། །གང་བློ་སྡོམ་ཚིག་ཚིག་བདུན་གསོལ་འདེབས་ཁྲིད། །དགུན་ཚེ་ཡི་དམ་སོ་སོའི་བསྙེན་མཚམས་བྱས། །དགོངས་རྫོགས་བདུད་རྩི་སྨན་གྱི་སྒྲུབ་པ་ཚུགས། །བླ་མ་དབུ་རས་སློབ་མ་དོན་སྒྲོལ་སླེབས། །འཁྲུལ་ཞིག་ཞལ་ཆེམས་ཐུགས་ཐིག་སྐོར་བཞིའི་དབང་། །དགོས་ཟེར་དཔེ་ཆ་ཙཀ་ལི་ལྷུན་གྲུབ་བྱུང་། །ཨོ་རྒྱན་ལགས་བཅས་དབང་ཁྲིད་མུན་མཚམས་བཞག །རྟོག་རྒྱུགས་ཕུལ་ནས་ངོ་སྤྲོད་བོགས་འདོན་བྱས། །སྨན་སྒྲུབ་ཚུགས་རན་རྨི་ལམ་བཟང་པོ་རྨིས། །སེར་རྟའི་སྤྲུལ་སྐུ་ཆོས་ཉིད་གསལ་སྟོང་ཕེབས། །དྲིས་ཚེ་བན་རྒན་རྣམ་ཤེས་ཡིན་གསུངས་ཀྱང་། །གུ་རུའི་སྤྲུལ་པར་ཐག་བཅད་བཞུགས་ཞུས་ཀྱང་། །ཡ་བཞི་གསང་སྙིང་ངེས་ཤེས་སྒྲོན་མ་ཞུས། །དགུན་ཁ་ཞིག་བཞུགས་བླ་མའི་བཀའ་མ་འཁྲོལ། །བཞུགས་ཐབས་མེད་གསུངས་ཕེབས་ཁར་གདུང་གླུ་བླངས། །རག་རི་ཁྲོད་ནས་ཞལ་གདམས་གནང་བསྐུར་བྱུང་། །
ས་སྦྲུལ་ལོ་རུ་ཁྱུང་སྤྲུལ་དཔོན་གཡོག་ཕེབས། །ཐང་སྟོང་བཀའ་བརྒྱད་སྒོ་ནས་སྨན་སྒྲུབ་ཚུགས། །སྙིང་ཐིག་དཀོན་སྤྱི་སྒྲོལ་ལྗང་དབང་གནང་ནས། །བྱིན་རྟེན་སྒམ་སྩལ་རྟ་ཕག་དབང་ལུང་ཁྲིད། །ཕུལ་ནས་མཆོད་དཔོན་སེམས་རྒྱུགས་ལན་མགུར་བླངས། །གཙང་དུ་ལྷོ་སྤྲུལ་རྣམ་གཉིས་དང་བཅས་ཕེབས། །གང་ཤར་རིན་པོ་ཆེ་སོགས་འདུས་པ་ལ། །ཡ་བཞི་མཛོད་བདུན་པདྨ་བཀའ་ཐང་དང་། །མ་ཎི་བཀའ་འབུམ་ལུང་ཞུས་སྤང་མདའ་ནས། །སིདྡྷིའི་སྒྲུབ་པ་ལྷ་གཟིམ་སྤྲུལ་སྐུའི་ངོར། །མ་ཅིག་རྣམ་བཤད་དྷར་སེང་མགུར་འབུམ་དང་། །གཅོད་ཀྱི་རྣམ་བཤད་བཅས་ཀྱི་ལུང་བཤད་བྱས། །ལུག་ལོར་རྫོགས་ཆེན་མཁན་པོ་ངག་ནོར་ཕེབས། །རབ་བྱུང་སྒྲུབ་གསུངས་ཚིག་གསུམ་གནད་རྡེག་ཞུས། །ང་ཡིས་རས་སེར་ཉོས་ཏེ་ཆོས་གོས་སྦྱིན། །ལྷ་སར་ཕེབས་རྗེས་རབ་བྱུང་སྡོམ་གསུམ་ཞུས། །ལྷོ་བྲག་སྤྲུལ་སྐུ་བཀའ་འགྱུར་ལུང་ཞུར་ཕེབས། །
མར་འབྱོར་ལུང་གནང་སྤྲེལ་ལོ་ཟླ་བཞི་པར། །ཨོ་རྒྱན་ལགས་བསྙུངས་དཔེ་ཆའི་མོ་བརྒྱབ་པས། །མོ་འགུགས་སར་བབས་གསང་ཡུམ་བཞེས་པ་ན། །རྟེན་འབྲེལ་ཡོད་འདྲ་གངས་རིར་གདན་དྲངས་པས། །ལྔ་པའི་བཅུ་གཅིག་དགོངས་པ་མྱ་ངན་འདས། །ཤིན་ཏུ་ཕངས་ཏེ་གདུང་བའི་སྐྱོ་གླུ་བླངས། །སྤང་མདས་སྦྱིན་བདག་སིདྡྷིའི་དུང་སྒྲུབ་ཚུགས། །གང་ཤར་སོགས་ལ་ཡ་བཞི་མཛོད་བདུན་དང་། །ངལ་གསོ་སྐོར་གསུམ་སྨིན་མདའ་ཆོས་དྲུང་ངོར། །མ་ཅིག་རྣམ་བཤད་མ་གནང་པདྨའི་ངོར། །ཞབས་དཀར་རྣམ་མགུར་མ་ཎི་བཀའ་འབུམ་ལུང་། །དགེ་བཤེས་བསོད་རྒྱལ་ཞུས་ངོར་ཞབས་དཀར་གསུང་། །ཨོ་རྒྱན་ངོ་མཚར་དག་སྣང་གླེགས་བམ་བཤད། །བསྟན་པའི་རྒྱལ་མཚན་ཕེབས་མདུན་ཞབས་དཀར་གྱི། །རྣམ་ཐར་སྨད་ཆ་འོད་གསལ་ཁོར་ཡུག་ཞུས། །ཕར་ལ་སྒྲོལ་དཀར་ཚེ་དབང་ཕུལ་ཏེ་ཕེབས། །ལྷ་རི་གཟིམ་ཕུག་སྤྲུལ་སྐུ་ངག་རྒྱན་ཟུང་། །ཞལ་གདམས་མགུར་བླངས་ཁྲི་སྨོན་སྒྲུབ་པ་ཚུགས། །
བྱ་ལོར་ན་ཞིང་མ་ཎིའི་སྒྲུབ་པ་བཙུགས། །གང་ཤར་མཆོག་ནས་ལབ་སྒྲོན་དབུ་ཞྭ་གནང་། །བརྟན་བཞུགས་བཅས་འབྱོར་ཅུང་ཟད་དྲག་ཏུ་སོང་། །འགྱུར་མེད་ཀུན་གྲོལ་འཇམ་དབྱངས་དབང་མོའི་སྲས། །ཆེ་བ་སེམས་ཉིད་རྡོ་རྗེ་ཡིན་ཟེར་ཞིང་། །ཆུང་བ་སེམས་ཉིད་སྟོབས་ལྡན་ཡིན་གསུངས་ཟེར། །ཡང་སྲིད་མཚན་གསོལ་གདན་དྲངས་ཀ་ཁ་ཕུལ། །རྒྱལ་སྲས་ལག་ལེན་ཁྲིད་བཏབ་རྣམ་གྲགས་འབྱོར། །སྐྱབས་རྗེའི་དགོངས་གཏེར་རྟ་ཁྱུང་སྨན་སྒྲུབ་ཚུགས། །གསུངས་པར་བཞེངས་ནས་རྒྱལ་ཐོ་བཀྲོལ་མཚམས་སུ། །ཨོ་རྒྱན་ལགས་སོགས་ཞི་ཁྲོའི་སྐྱིད་སྡུག་འབྱོར། །ངག་ཆོས་ཕྲུ་གུ་སྐྱེས་ནས་ཨོ་རྒྱན་ལགས། །སྐུ་སྐྱེ་ཡིན་བསམས་ཆོས་དབང་ལྷུན་གྲུབ་བཏགས། །ནད་དྲག་རག་ཆེན་བླ་མ་བྱམས་པ་ཕེབས། །ཡང་ཏིའི་དབང་ལུང་འཁྲུལ་འཁོར་བཅས་འཁྲིད་བཅུག །སྤྲུལ་ཆུང་འཇིགས་མེད་རྡོ་རྗེ་འཁྲུལ་འཁོར་སྦྱངས། །ཕུན་ཚོགས་ཆོས་སྒྲོན་ང་ལ་གདུགས་དཀར་དང་། །ཕྱག་སྟོང་སྤྱན་སྟོང་སྤྱན་རས་གཟིགས་སུ་མཐོང་། །བློ་གྲོས་ལགས་ཕེབས་སྲོག་སྒྲུབ་འཁྲུལ་འཁོར་ཁྲིད། །ཡོངས་དགའི་དངོས་སློབ་རིག་འཛིན་འོད་ཟེར་བྱོན། །ཡོན་མཛོད་འབྲེལ་བ་སྡོམ་གསུམ་རྣམ་ངེས་དང་། །ངལ་གསོ་སྐོར་གསུམ་གང་བློའི་བཤད་ཁྲིད་ཞུས། །སྤྲུལ་སྐུ་དྲི་མེད་གཉིས་ལ་གཅོད་དབང་བསྐུར། །གོང་མའི་སྐུ་ཆས་ཕྱག་དཔེ་རྩིས་འབུལ་ཞུས། །ཡང་ན་ཤི་བས་ཞི་ཁྲོ་ཡོངས་རྫོགས་ཤར། །དྲི་ཟ་རྟ་མགོ་ཁྲམ་ཤིང་ཁྲི་བཅས་མཐོང་། །བུད་མེད་ཀྱིས་ཁྲིད་ཞིང་ཁམས་སྐྱིད་པར་སླེབས། །བརྒྱལ་སོས་ང་ལ་དངུལ་སྲང་བརྒྱ་ཡོད་པས། །མཆོད་རྟེན་བཞེངས་བསམས་ཨ་ར་པ་ཙ་ཕེབས། །དྲི་མེད་རྣམ་གཉིས་མཆོད་རྟེན་ལས་གྲ་སྒྲིག །བཞེངས་ཀྱང་ཞིག་ནས་དགེ་བཤེས་དྲི་མེད་ཕེབས། །རྣམ་རྒྱལ་མཆོད་རྟེན་བཞེངས་ཤིག་དེ་མཚམས་སུ། །འགྱུར་མེད་ཀུན་གྲོལ་ཐུགས་བརྟག་ཁང་པའི་ནུབ། །ཁང་རྩེགས་བཞེངས་གསུངས་རྣམ་རྒྱལ་མཆོད་རྟེན་བཞེངས། །སྤང་མདས་ཕུལ་བའི་བཀའ་འགྱུར་གཟུངས་གཞུག་ཕུལ། །ཕོགས་དཔོན་སྦྱིན་བདག་འདུ་ཁང་ཉམས་གསོ་བྱས། །ཚོགས་པ་མང་སོང་བཀའ་འགྱུར་གདན་འདྲེན་ཞུས། །གཡང་སྒྲོན་ཀ་བཤད་ལན་བཏབ་མགུར་གླུ་བླངས། །
མེ་བྱིར་མཐར་དབང་ན་བས་རྐྱེན་བྱས་ནས། །ང་ཡིས་ཕན་དཀའ་བླ་མ་ནུས་ལྡན་ཞིག ། གདན་དྲོངས་སྨྲས་པས་ཞ་མགོ་ནང་གཉེར་ནས། །རྨེ་རྙིང་གྲུབ་ཆེན་ཟླ་བ་རྡོ་རྗེ་བཞུགས། །ཟེར་ནས་མོ་བཟང་དེ་ཉིད་གདན་འདྲེན་ཞུས། །མཇལ་མ་ཐག་ཏུ་མཐོང་མྱོང་ལྟ་བུར་འདུག །ཐོལ་བྱུང་སྨྲས་པས་ཡིད་ཆེས་ངོ་མཚར་གསུངས། །ཚེ་རྟའི་དབང་དང་ཡོ་གའི་སྤྱི་ཆིངས་ཞུས། །རྒྱལ་གདོན་འདུག་ཅེས་གསུངས་ནས་རྒྱལ་གསོལ་བརྩམས། །རྨི་ལམ་ཡ་མཚན་བློ་འགྱུར་ངེས་པ་རྙེད། །འདུ་ཁང་ནང་དུ་རྩ་གསུམ་ལྕེ་བཙུན་དང་། །རྡོར་སེམས་ཐང་སྟོང་དབང་ཞུས་ཞག་ལྔ་བཞུགས། །རྙིང་མ་རྒྱུད་འབུམ་སྙན་གསན་ཞལ་བཞེས་ཕེབས། །མདོ་སྔགས་རིག་གྲོལ་མ་ཎིའི་དུང་སྒྲུབ་ཚུགས། །
མེ་གླང་ཀ་ཤོད་ཡུམ་དང་ལྷན་ཅིག་ཏུ། །གནས་ཆུང་ཕྱག་དཔེ་གཡར་ནས་ཚེས་ལྔར་འབྱོར། །བཞི་པའི་ཚེས་དྲུག་དབུ་ཚུགས་ཐོག་མཐའ་བར། །ཡང་གསང་ཕུར་པ་ཙཎྜ་ལིའི་དབང་བསྐུར། །རྙིང་རྒྱུད་པོ་ཏི་ཉེར་ལྔ་ཛ་ཝ་ཞའི། །རྒྱུད་དང་དཀར་ཆག་ཡ་བཞི་མཛོད་བདུན་དང་། །ངལ་གསོ་སྐོར་གསུམ་བཀའ་མའི་མདོ་རྒྱུད་སོགས། །པོ་ཏི་བཅུ་གསུམ་ཀློང་སྙིང་རྩ་པོད་གཉིས། །ལེའུ་བདུན་བསམ་ལྷུན་འཇའ་ཚོན་ཟབ་གཏེར་དང་། །སྨྱུང་གནས་སྟོན་པ་བཅུ་གཉིས་སྤྱན་རས་གཟིགས། །ལྔ་པའི་སྒྲོལ་དཀར་མཚོ་རྒྱལ་འོད་ཆོག་དབང་། །ཀློང་སྙིང་སྔོན་འགྲོ་ཚིག་བདུན་གསོལ་འདེབས་ཁྲིད། །མཚན་བརྗོད་གཉན་ས་འགྲིམ་ཐབས་གཅོད་ཀྱི་ཁྲིད། །སེམས་སྡེ་བཅོ་བརྒྱད་ཀློང་སྡེ་འཁྲུལ་འཁོར་བཅས། །ཡིད་བཞིན་མཛོད་ཀྱི་འཁྲུལ་འཁོར་དཀོན་སྤྱིའི་ཁྲིད། །ཉག་བླའི་རྣམ་མགུར་སླེ་ལུང་གསང་ཡེའི་སྐོར། །རྒོད་ཚང་འཇའ་ཚོན་རྣམ་ཐར་གསུང་འབུམ་བཅས། །མཁྱེན་བརྩེའི་ལམ་རིམ་ཚིགས་གསུམ་གནད་རྡེག་ཁྲིད། །རྡོར་སེམས་བསྙེན་ཡིག་དྭངས་མ་རང་གྲོལ་དབང་། །སྐུ་གསུམ་མཁའ་འགྲོའི་ཚིག་འགྲེལ་ཟབ་རྒྱས་ཞུས། །གནས་སྤྲུལ་གཅོད་དབང་བརྒྱ་རྩ་རྒྱས་པ་དང་། །གང་ཤར་འབྲིང་པོ་གཡུལ་རྒྱལ་བསྡུས་པ་བསྐུར། །ཉིན་པར་རུ་ཤན་མཚན་མོ་གཉན་ཁྲོད་འགྲིམ། །བྱད་འགྲོལ་ཞུས་པས་བཀྱིག་ཐག་བཀྲོལ་བར་རྨིས། །ཕྱི་ནངས་ལངས་ནས་ཕྱག་འཚལ་ཐུབ་པ་བྱུང་། །སྐྱབས་མགོན་པདྨ་རྒྱ་མཚོའི་སྐུ་ཚབ་ཏུ། །ངེས་རྙེད་གླུ་ཕུལ་དེ་ཡི་བཀའ་ལན་གནང་། །ཕར་ལ་རྟ་ཁྱུང་སྐུ་གསུམ་མཁའ་འགྲོ་ཕུལ། །གཏང་རག་བསུན་བཟློག་སྐབས་སུ་མཚོ་རྒྱལ་གྱིས། །ལོ་ལྔར་མི་སྐྱོན་སྐུ་ཁག་ཁུར་གསུངས་ཟེར། །དོན་སྨིན་མ་ཟད་ན་རྒྱུའང་ཆུང་དུ་སོང་། །རྟེན་གསུམ་དང་བཅས་ང་ཡི་རྣམ་ཐར་ཞུས། །བྱང་ཆུབ་རྡོ་རྗེས་ཡེ་ཤེས་བླ་མ་ཁྲིད། །ཨ་རིག་སྤྲུལ་སྐུ་ཀུན་བཟང་བླ་མ་ཡི། །ཞལ་ལུང་བཀའ་གནད་མཁན་པོའི་གསུང་ཁྲིད་ཞུས། །
སྟག་ལོར་གསུང་རབ་གླིང་གི་བླ་མའི་མདུན། །བཀའ་འགྱུར་འཇིགས་བྱེད་དཔའ་གཅིག་ལམ་རིམ་ཞུས། །མཁན་པོ་ངག་ནོར་དམ་ཚིག་གསོ་བའི་ཕྱིར། །ཡོས་ལོར་གྲུབ་ཆེན་གདན་དྲངས་སྨན་སྒྲུབ་ཚུགས། །ལྷ་ཞུགས་སྒྲུབ་པའི་གྲོགས་བྱས་ལུང་བསྟན་བརྒྱབ། །སྙན་རྒྱུད་ཆེ་ཆུང་འཇིགས་གླིང་གསུང་འབུམ་ཞུས། །སྲིད་སྐྱོང་རྭ་སྒྲེང་ལྷོ་ནས་འདིར་ཕེབས་ནས། །ལོ་ངོ་ག་སོང་དགུང་ལོ་ག་ཙམ་ཡིན། །ཐུགས་དམ་མཐིལ་གང་ཡིན་དྲིས་གསུངས་ལན་དུ། །འདི་གར་སླེབས་དུས་སོ་ཡོད་སྐྲ་ནག་ཡིན། །ད་ལྟ་སོ་མེད་སྐྲ་ཡང་དཀར་པོར་འདུག །ཐུགས་དམ་རྭ་སྟོན་ཡིན་ཞེས་ཐོལ་བྱུང་སྨྲས། །ཡང་དྲི་མི་གནང་གདོན་གྱིས་གནོད་པར་གོ །སྒྲོལ་དཀར་ཚེ་དབང་གཤོག་རླབས་ཞལ་ཤེས་ཕུལ། །ཚེ་ཐར་འབུམ་གྱི་ཞལ་བཞེས་མ་ཎི་དང་། །གང་བློའི་འགྲེལ་ཞུས་ཐུགས་བརྩེ་བཞིན་དུ་ཕེབས། །སྐབས་ཤིག་ཟངས་ཡག་བྲག་ལ་སྡོད་སྐབས་སུ། །འཁྲུལ་ཞིག་རྗེ་ཡིས་ཐ་མའི་ཉེས་དམིགས་བསྐུལ། །གསུངས་ནས་སངས་རྒྱས་བྱང་ཆུབ་གཉིས་བསླབས་བཏང་། །དགེ་བསྐུལ་ཆེར་བྱུང་ལྷ་ལྡན་དུ་སོང་བས། །རྒྱུད་སྟོད་གྲྭ་ཚང་ཁྲི་བཤམས་ཐང་སྐུ་བཀྲམ། །ཆོས་གོས་དང་བཅས་ཚོགས་སར་ཁོང་གཉིས་སོང་། །འགྲོ་མ་ནུས་ལོག་ང་སོང་མ་ཎི་བསྐུལ། །ཉེས་དམིགས་བཤད་ནས་སྣ་རུ་མང་པོ་ཕུལ། །ལྷ་ཀླུ་སོགས་ལ་བདུན་གཅིག་རིང་བཤད་པས། །མ་ཎི་དུང་ཕྱུར་བཅུ་གསུམ་དགེ་བསྐུལ་བྱུང་། །ཡང་ན་ཚེ་འཕྲང་ཐུག་པས་གང་ཤར་གྱིས། །མ་ཅིག་སྐུ་བཞེངས་གསུངས་པས་ལྷ་ལྡན་སོང་། །སྐུ་གསུམ་ནང་ནས་འདི་ཉིད་ངོ་མཚར་ཟེར། ཤུག་གསེབ་གདན་ཞུས་གྲོག་པོ་ན་ཁ་ནས། །ས་གཡོ་འཇའ་ཟུག་མེ་ཏོག་ཆར་པ་བབས། །ང་ཤི་ཚར་སོང་ཟེར་ཡང་དབྱེར་མེད་ཉམས། །ཡེ་ཤེས་དངོས་བཞུགས་བྱུང་བས་རིམ་པར་དྭངས། །ཨ་མའི་འཁྲུངས་རྟགས་སྡུག་བསྔལ་རང་གྲོལ་ཟུང་། །འཇམ་དབྱངས་མི་ཚད་ལ་སོགས་མང་པོ་དང་། །འཇམ་དབྱངས་དཔལ་མོའི་ཕྱུ་པ་གཞི་བྱས་ནས། །གསུང་རྟེན་ཞབས་དཀར་ཆོས་སྤྱོད་ཆ་ཚང་དང་། །སྐུ་གསུམ་མཁའ་འགྲོ་དྲག་པོ་རྟ་ཁྱུང་སྐོར། །ནམ་སྤྲུལ་གཅོད་དང་ངེས་ཤེས་སྒྲོན་མེ་དང་། །སྙན་རྒྱུད་ཆུང་ངུ་བླ་མ་ཡང་ཏིག་ཁྲིད། །བསམ་མྱུར་སྤྱི་བཤགས་བསྔོ་སྨོན་འགྲེལ་བཤད་དང་། །ཀར་གླིང་བར་དོ་དྲུག་ཁྲིད་ཨོ་རྒྱན་གྱི། །སྤྲུལ་པའི་གླེགས་བམ་ལ་སོགས་མང་དུ་བཞེངས། །གླིང་ཚང་རྒྱལ་པོ་ཕེབས་ནས་རྟེན་འབྲེལ་ལེགས། །ཙཎྜ་ལི་ཞུས་བཞི་ཆ་སུམ་བྲལ་གསུངས། །སྒྲོལ་དཀར་ཚེ་དབང་ལུང་ཕུལ་དགྱེས་བཞིན་ཕེབས། །
ལྕགས་སྦྲུལ་གྲུབ་ཆེན་གདན་དྲངས་དཔལ་སྤྲུལ་གྱི། །གསུང་འབུམ་མཁའ་འགྲོའི་འགྲེལ་ཆེན་ལྗགས་ལུང་ཞུས། །ཆུ་རྟར་པོད་དྲུག་ཞི་ཁྲོའི་དབང་རྒྱས་པ། །བར་དོ་དྲུག་ཁྲིད་ཡེ་ཤེས་བླ་མ་ཞུས། །རྒན་པ་དྲུག་ཅུའི་སྐོར་ལ་རུ་ཤན་ཁྲིད། །གཞོན་པ་གསར་བུ་སྲིད་པ་བར་དོ་སྦྱངས། །ཉམས་རྒྱུགས་ཕུལ་ནས་ཉི་གྲགས་གཏེར་ཆོས་ཀྱི། །སྐལ་བཟང་སངས་རྒྱས་སྟོང་དབང་རྒྱས་པ་ཞུས། །ཉེར་དགུར་ཆིབས་བསུ་འབྱོར་མཚམས་ངས་སྔོན་དུ། །ཁྱུང་སྤྲུལ་ཉེར་དགུར་ཕེབས་པས་གཤེགས་པ་ལྟར། །ཁྱེད་ཀྱང་ད་ནས་ཨེ་མཇལ་ཞུས་པས་བཞུགས། །གནས་སྡེ་ཐུབ་འོད་ཕྲེང་ལྕམ་བདེ་སྐྱོང་ཟུང་། །གྲོགས་སྦྲན་ཞབས་བརྟན་ཞལ་བཞེས་ནན་ཏན་ཞུས། །བརྒྱ་རྩ་སྡོད་རྒྱུ་ཁས་བླངས་མཆེད་ལྕམ་གྱིས། །མཐུན་འགྱུར་ཞུས་ཤིང་བསོད་ཆོས་ཞལ་གདམས་སྤྲིངས། །ངག་དབང་ཆོས་ཉིད་ཞལ་གདམས་ཞུས་ལན་བྱས། །སྟག་ལུང་མ་སྤྲུལ་ཕེབས་ཤིང་ཚེ་དབང་དང་། །རྟེན་གསུམ་ཕར་ཚུར་ཕུལ་གནང་བྱས་ནས་ཕེབས། །མ་ནང་མ་ཎི་པདྨས་སྨན་སྒྲུབ་ཚུགས། །ཀུན་བཟང་བླ་མའི་ཁྲིད་ལུང་རྒྱས་པར་བཤད། །ས་ཡོས་ལྕོག་བཀྲས་ལྕམ་བཅས་ཕེབས་ཆོས་ཞུས། །ཞལ་གདམས་ཞུས་ལེན་ཞིབ་པར་སོ་སོར་བཤད། །བདེ་རབ་སྲས་མོ་ཚེ་རིང་སྒྲོལ་དཀར་དང་། །ལྕོག་བཀྲས་ཡུམ་བཅས་ཕུང་པོ་ཞིག་ཀྱང་སླེབས། །ངེས་འབྱུང་སྐྱེས་ནས་སྐྲ་བཅད་དགོས་ཟེར་བས། །བཀའ་སྐོར་བྱེད་བཅུག་ཤུག་གསེབ་ཆོས་ཞུགས་བྱས། །སྐྱབས་སྡོམ་ཆོས་མིང་བདེ་ཆེན་ཆོས་ཉིད་གཏགས། །དེས་རྐྱེན་མི་རྗེ་ལྕམ་སྐུ་སྲས་ལ་སོགས། །སྐུ་འཁོར་ཕེབས་ནས་དབང་ལུང་བཀའ་ཁྲིད་ཞུས། །འདུ་ཁང་སྟེང་ཤོད་བཞུགས་གདན་དུང་རྒྱ་བཞག །སིདྡྷི་དཔལ་ཆེན་སྨན་སྒྲུབ་ཕོན་ཆེར་བཙུགས། །སྲས་སྐུ་ཡེ་ཤེས་ལགས་ལ་ཞལ་གདམས་བཤད། །ཆ་སྒམ་མཆོད་གཤོམ་ཉམས་གསོ་གསར་སྐྲུན་མཛད། །རྗེས་སུ་བར་ཆད་སྟོབས་བཙན་དབང་དུ་སོང་། །འོན་ཀྱང་སྨོན་ལམ་ཡང་དག་བྱེད་ཀྱིན་ཡོད། །མི་རྗེར་ཞལ་གདམས་ཡན་ལག་བདུན་པ་གནང་། །སྐབས་ཤིག་གྲུབ་ཆེན་བཤེས་སྤྲིངས་ཁྲིད་གསུངས་ནས། །སྐུ་ཞབས་འཕྲིན་ལས་ལགས་ནས་རྒྱུགས་སྤྲོད་སྐབས། །སྐད་མ་གོ་ཡང་ཕྲག་གཡོན་བུད་མེད་ཅིག །གསུང་ལྷ་བྱོན་ཞིང་འོད་ལྔའི་ལོ་ཏོག་གསེབ། །གྲུབ་ཆེན་འོད་ལུས་དབུ་ལ་སྦྲུལ་མགོ་སྐྱེས། །གང་གསུང་ཀླུ་སྒྲུབ་ངོ་མ་ཡིན་སྙམ་པར། །སེམས་ཉིད་གོང་མས་འགྲེལ་པ་ཞུས་གསུངས་བརྩམས། །ཞི་ཁྲོའི་ལྷ་ཚོགས་སྐུར་ཤར་མ་བཞུགས་སྐབས། །ཆོས་བཤད་དབང་བསྐུར་བསྙེན་པ་མགུར་དབྱངས་ཐོས། །བདེ་ཆོས་ལགས་ལ་སྙིང་ཐིག་ཡོངས་རྫོགས་གནང་། །བདེ་ཆེན་ཆོས་འཕེལ་ན་བས་གྲུབ་ཆེན་རྗེ། །གདན་དྲངས་རྭ་སྒྲེང་རྡོར་སེམས་སྨན་སྒྲུབ་དང་། །ཐུབ་བསྟན་ཟླ་བའི་མ་ཎིའི་སྒྲུབ་པ་ཚུགས། །ཡང་ཏིའི་རྟ་ཕག་མུན་མཚམས་ཞེ་དགུར་བསྡད། །ངེས་ཤེས་སྐྱེས་ཏེ་གསོལ་འདེབས་མགུར་གླུ་བླངས། །བདེ་ཆོས་ཡོན་དོ་སྤྲུལ་སྐུ་སོ་སོ་རུ། །སྙིང་ཐིག་ཡ་བཞིའི་དབང་ལུང་བྱས་རྗེས་སུ། །གྲུབ་ཆེན་ཡར་འབྲོག་ལ་ཕེབས་ལྷ་ཀླུའི་ཡུམ། །ལོ་ལྟར་ཁྲི་ཚོགས་ཕུལ་ལན་གླུ་རུ་བླངས། །རྫ་རོང་འཁྲུལ་ཞིག་ལན་གཉིས་ཕེབས་ཤིང་མཉེས། །ཐུགས་ཐིག་སྐོར་བཞི་སྙིང་ཐིག་ཡ་བཞི་བཤད། །ཚེ་དབང་ཐུགས་ཆེན་གཅོད་ཀྱི་རྣམ་བཤད་ཞུས། །སྨོན་ལམ་མགུར་གནང་གསོལ་འདེབས་གླུ་ཕུལ་ཕེབས། །ཆམ་ཚད་ན་བས་ཨོ་རྒྱན་ཚེ་རིང་ནས། །གསུང་བརྟག་ཡིག་བརྒྱ་སོ་སོར་འབུམ་རེ་བསགས། །ལྕོག་བཀྲས་ཕུར་པ་བདེ་རབ་ཁ་ཊཱཾ་ཕུལ། །གནས་སྡེས་ཚོགས་ཕུལ་གྲུབ་ཆེན་གདན་འདྲེན་ཞུས། །ཞབས་བརྟན་བསུན་བཟློག་ཕུལ་བས་ལྷག་མེད་དྭངས། །ཉམས་སྣང་གཡུ་སྒྲོན་འོ་མ་སྨན་སྦྱར་སྤྲད། །ཟན་ཞིག་རྡོར་འགྱུར་ཀུན་གྱིས་ངོ་མཚར་གླེང་། །ཀརྨ་པ་ཕེབས་ངོ་སྤྲོད་ཚེ་དབང་དང་། །དབུ་ཞྭ་ལན་གསུམ་སྒྲོན་ཚེ་དབང་ཞུས། །སྔོན་ནས་ཡུམ་གྱི་དགོངས་རྫོགས་བུམ་སྒྲུབ་ཚུགས། །སྐྱིད་ཟུར་མ་ཎི་སིདྡྷི་དུང་སྒྲུབ་དང་། །ལྷུན་རབ་ཤར་ལྷོ་མ་ཎི་སིདྡྷི་ཚུགས། །རྒྱལ་བའི་ཡབ་ཕེབས་མ་ཎིའི་ཀླག་ལུང་ཕུལ། །ཉི་གྲགས་མཁན་ཆུང་པདྨ་རབ་བརྟན་ཕེབས། །ཡོན་མཛོད་ཁྲིད་སྦྱངས་ཡིད་བཞིན་མཛོད་ཁྲིད་ཞུས། །མཁར་རྡོ་སྤྲུལ་སྐུས་ཚོགས་བཏང་རྟ་ཕག་ཕུལ། །བར་ཆད་ཆེ་བས་ལོ་གསུམ་མཚམས་བཞུགས་ཞུས། །དྷརྨ་སེངྒེའི་ཞལ་ཆེམས་རྟེན་འབྲེལ་གྱིས། །རྒྱལ་རྩེ་ཚོང་ཁང་ཐང་སྐུ་རྡོར་དྲིལ་དང་། །བ་སོའི་ཚེ་བུམ་ཌ་རུ་རྟེན་ཁེབས་འབྱོར། །ས་འདུ་འགྱུར་མེད་མ་ཎི་དུང་སྒྲུབ་དང་། །འབྲང་སྟོད་ལྕམ་སྐུས་བདུད་རྩི་སྨན་སྒྲུབ་ཚུགས། །གདན་སའི་འཁྲུལ་ཞིག་ཐུགས་ཐིག་སྐོར་བཞི་དང་། །ཟབ་དོན་སྙིང་པོ་རྒྱ་སེའི་དབུ་ཞྭ་ཕུལ། །གནམ་རུ་སྒར་ཟུར་ངེས་དོན་གྱིས་ཞུས་ངོར། །ཚེ་ཐར་བརྒྱ་ཕུལ་གྲུབ་ཆེན་གདན་འདྲེན་ཞུས། །ཞེ་ཆེན་རབ་འབྱམས་སྦུད་བསྒོམ་སྤྲུལ་སྐུ་ཕེབས། །ཀློང་ཆེན་སྙིང་ཐིག་དབང་རྣམས་ཡོངས་རྫོགས་ཞུས། །སྐུ་ཞབས་འཕྲིན་ལས་ཞེ་ཆེན་ཐུགས་བརྟག་ཞུས། །ལོ་མཚམས་རྡོར་སེམས་ཚོགས་འབུམ་རྩ་གསུམ་གྱི། །ཚེ་སྒྲུབ་ཁྲི་ཚོགས་སྨན་ཆོག་སྟོང་ཚར་ཕེབས། །ཚེ་དབང་བསྐུར་ནས་གཏེར་མཛོད་གནང་དུ་ཕེབས། །གྲུབ་ཆེན་འབྱོར་ནས་ཚེ་ཐར་སྟོང་ལྷག་ཕུལ། །རྡོར་སེམས་ཚོགས་འབུམ་རྩ་གསུམ་ཁྲི་ཚོགས་དང་། །བསུན་བཟློག་ཕུལ་ནས་བདེ་རབ་ལྕམ་ཆུང་གིས། །རྡོར་སེམས་སྒྲུབ་པ་ཚུགས་ནས་བྱང་ཤར་གྱི། །མཆོད་རྟེན་ཉམས་གསོ་གསར་བཞེངས་བརྩམ་སྐབས་སུ། །མཐར་ཕྱིན་དབང་མོ་ལྷ་ཕེབས་ཞལ་འདེབས་སློང་། །ཊཾ་རྡོ་བརྒྱ་ལྷག་གཞི་བྱས་འཕྲུལ་གསེར་གྱི། །ཆོས་འཁོར་བཅུ་གསུམ་རྡོ་ཤིང་ལས་གྲྭ་ཚུགས། །ང་ཕོད་ལྷ་ལྕམ་འབྲུ་ཁལ་ལྔ་བརྒྱ་སོགས། །རྩ་གསུམ་ཚོགས་འབུམ་ཕན་ཐོགས་ཆེ་བར་བྱུང་། །ནུབ་ཏུ་བྱང་ཆུབ་མཆོད་རྟེན་ཆེ་བ་དང་། །སྔར་ཤུལ་ཁང་བུ་བརྩེགས་པའི་མཆོད་རྟེན་གྲུབ། །སྲོག་ཤིང་འདོད་གསོལ་རང་གིས་ངག་བརྩམས་བྱས། །གཞན་རྣམས་དགེ་བཤེས་དྲི་མེད་བཀོད་པ་གནང་། །ཇི་ལྟར་སྔོན་གྱི་རྒྱལ་བའི་གཤེགས་ཤུལ་དུ། །ཇི་བཞིན་བདག་གི་བྱ་བ་རྗེས་འགྲོ་ཞིང་། །ཇི་བྱས་བྱང་ཆུབ་སྤྱོད་པ་རླབས་པོ་ཆེ། །ཇི་སྨོན་མྱུར་འགྲུབ་འགྲོ་ཀུན་སངས་རྒྱས་ཤོག །ཅེས་སོ། །
དེ་ནས་ཡང་ཞེ་ཆེན་རབ་འབྱམས་ཕེབས་ཕུར་པ་རྒྱུད་ལུགས་ཀྱི་དབང་ཆེན་ལྷ་མོ་ཙཎྜ་ལིའི་དབང་གནང་། གངས་ཐོད་ལ་ཕེབས་ནས་མར་ལམ་མཆོད་རྟེན་ལ་རབ་གནས་གནང་། གསེར་ཀོང་ཕུལ་སྨོན་ལམ་རྩོམ། ང་ལ་པྲ་ཕབ་ཐུགས་བརྟག་ཞུས་པས་གྲུབ་ཆེན་རིན་པོ་ཆེའི་གཟིམ་ལམ་དང་མཐུན་པར་ཕུར་པའི་སྐུ་འབུམ་ལོ་མ་གསར་གོང་དུ་སྒྲུབ། དམ་སྲི་དང་དགྲ་སྲི་མནན་པ་ཚད་ལྡན་མ་བྱས་ན་ཤིན་ཏུ་འཚུབ་གསུངས། ཁོང་དང་གངས་རིའི་སློབ་དཔོན་ལ་གནང་རོགས་ཞུས་པས་གཟིམ་ལམ་དུ་དམ་སྲི་ཤོར་སོང་ངས་ཕན་མི་ཐོགས་གྲུབ་ཆེན་རིན་པོ་ཆེར་ཞུས་ན་ཕན་ཐོགས་འདུག་གསུངས་པས་དེར་ཞུས། ཕུར་སྐུ། ཀ་དག་སྟོང་ཉིད་རྡོ་རྗེ་ལ། །ལྷུན་གྲུབ་ཡེ་ཤེས་གཞོན་ནུ་ཤར། །འོད་གསལ་བར་མེད་འཁོར་ལོ་སྐོར། །འཁོར་འདས་ཀུན་ལ་ཡེ་རྒྱས་འདེབས། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭ་ཧཱ། ཞེས་པ་དང་སྦྲགས་ཏེ་བཞེངས་དགོས་པར་གྲུབ་ཆེན་རིན་པོ་ཆེས་སཙྪ་པར་བླུག་རྒྱུ་སྡེབ་རྒྱུ་སོ་བཏང་ཚོན་བྱུག །ཕྱིའི་ལྷ་ཁང་བཅས་ཤོག་པར་སྡོམ་འབུམ་གཉིས་ཀི་ལ་ཡ་འབུམ་བཅས་ཉི་མ་མ་ལོག་བར་ལེགས་པར་གྲུབ། ཡང་སྐབས་ཤིག་དབུ་ཟུར་རིག་འཛིན་བསོད་ནམས་འོད་ཟེར་ནས་བདག་འདྲ་བློ་རྨོངས་རྣམས་དད་གུས་ཀྱི་རྟེན་ཕྱི་རབས་རྗེས་འཇུག་ཀུན་གྱི་ཐུགས་རྒྱུད་ལ་ཕན་ཕྱིར་ཞལ་གདམས་ཚིག་ཉུང་ལ་དོན་ཟབ་པ་བྱིན་རླབས་ཆེ་ལ་བསྒོམ་བདེ་བ་ཞིག་བཀའ་སྩལ་དུ་གསོལ་ཟེར་བས་འདི་ལྟར་སྨྲས་སོ། །
སྐྱབས་ཀུན་འདུས་བླ་མ་རྗེ་ལ་འདུད། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །ཐོག་མ་རུ་འགྲོ་ཀུན་ཕ་མར་ཤེས། །ཆགས་སྡང་དང་མ་འདྲེས་བྱང་སེམས་བསྐྱེད། །སངས་རྒྱས་ཀྱི་ས་ལ་ཀུན་ཀྱང་སྦྱོར། །བར་དུ་ནི་བསམ་མཁན་སྟོང་གསལ་གཤིས། །མི་དམིགས་པར་རིག་པ་རང་ཚོ་བཟུང་། །ཐ་མ་ནི་འཁོར་གསུམ་མི་དམིགས་པར། །དགེ་རྩ་ཀུན་བསྔོ་སྨོན་རྒྱས་ཐོབ་ལ། །མོས་གུས་དང་སྙིང་རྗེ་ངེས་འབྱུང་གསུམ། །བློ་ལྡོག་བཞིས་དགེ་བསྐུལ་བློ་སྣ་སྟུང་། །དོན་གཉིས་ལྷུན་གྲུབ་ཀྱི་རྣལ་འབྱོར་མ། །རྐྱེན་ཐུབ་སྣང་གསུམ་ཀུན་གྲོལ་ངེས་མཛོད། །སྐྱེ་བ་དང་ཚེ་རབས་ཀུན་འབྲལ་མེད་སྨོན། །ཅེས་རིག་འཛིན་བསོད་ནམས་འོད་ཟེར་གྱིས། །བསྐུལ་བའི་ངོར་མ་ཎི་ལོ་ཆེན་མས། །སྨྲས་པའི་དགེས་ཀུན་གྱིས་རྒྱུད་ཕན་ཞིང་། །མ་ལུས་ཀུན་གྲོལ་བའི་རྒྱུར་གྱུར་ཅིག །ཅེས་སྨྲས་སོ། །
ཡང་སྐབས་ཤིག་གང་ཤར་རིན་པོ་ཆེའི་གསང་ཡུམ་ཚེ་གཡང་དམ་པའི་དགོངས་རྫོགས་མ་ཎི་དུང་སྒྲུབ་ཟབ་རྒྱས་ཚུགས། དེ་ནས་མི་རིང་བར་རིན་པོ་ཆེ་སྐུ་གཤེགས་པས་མྱུར་བྱོན་ཞུས། སྤྲུལ་སྐུ་ཞེ་ཆེན་རིན་པོ་ཆེ་ལ་ཞུས་པས་ཀུན་མཁྱེན་འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་ཞུ་ཡོང་གསུངས། ཡང་གྲུབ་ཆེན་རིན་པོ་ཆེས་བྱང་ནས་མི་མིན་གྱི་ཌཱཀྐི་མ་ཨ་ཅེ་དཔལ་མཚོ་བརྒྱུད་ཀུན་མཁྱེན་ཞལ་ལུང་ཡུམ་བཀའི་གཅོད་དབང་རྒྱས་པ་ཞི་ཁྲོ་རྩ་རླུང་གི་དབང་བཅས་དྲུག་བརྒྱ་ཡོད་པ་ཚར་གསུམ་ཞུས། ཡང་དེ་སྐབས་རག་ཤག་རྗེ་བཙུན་ཡེ་ཤེས་ལགས་ནས་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །
རྗེ་བླ་མ་རྣམས་ལ་གསོལ་བ་འདེབས། །བློ་ཆོས་ལ་ཕྱོགས་པར་བྱིན་གྱིས་རློབས། །སྙན་གསོན་དང་རྗེ་བཙུན་ཡེ་ཤེས་ལགས། །ཁྱེད་ཆུང་ནས་ཆོས་ཀྱི་བློ་སྐྱེས་ནས། །རྟེན་དལ་འབྱོར་ཐོབ་ནས་རབ་ཏུ་བྱུང་། །ཚེ་མི་རྟག་དྲན་ནས་དབེན་རིར་འགྲིམ། །ལས་བསླུ་མེད་ཤེས་ནས་དགེ་བ་སྒྲུབ། །གནས་འཁོར་བར་ངེས་འབྱུང་ཆོས་བློ་སྐྱེས། །དེ་ལྟར་དུ་མཛད་ལ་རྗེས་ཡི་རང་། །འོན་ཀྱང་ནི་དམ་ཆོས་སྒྲུབ་པའི་དུས། །ཐོག་མར་ནི་སྦྱོར་བ་རྣམ་པར་དག །མ་སེམས་ཅན་སངས་རྒྱས་འཐོབ་ཐབས་ལ། །རང་འདོད་ཀྱི་ནད་རོ་མ་ལྡང་ཞིག །ཆགས་སྡང་གི་དབང་དུ་ཤོར་ཉེན་ཡོད། །སྨོན་འཇུག་དོན་དམ་གྱིས་ཟིན་པ་གནད། །བར་དུ་ནི་རང་སེམས་ངོ་ཤེས་ནས། །ཡེངས་མེད་ལ་བསྒོམ་བྲལ་རང་ཚོ་ཟིན། །མ་བཅོས་བློ་འདས་ཀྱི་གནད་གསང་ལ། །གཉིས་འཛིན་ཡིད་དཔྱོད་ཀྱིས་མ་སླད་ཅིག །ཐེ་ཚོམ་གྱིས་རང་ཞལ་སྒྲིབ་ཉེན་ཡོད། །མི་དམིགས་ལ་གདེངས་ཡིད་ཆེས་པ་དགོས། །ཐ་མ་ནི་དགེ་བ་མ་ལུས་པ། །འགྲོ་བ་ཀུན་སངས་རྒྱས་ཐོབ་ཕྱིར་བསྔོས། །འཁོར་གསུམ་རྣམ་དག་ལ་སྤྲོས་པ་བྲལ། །དུག་ཅན་གྱི་དམིགས་པས་མ་སླད་ཅིག །གསེར་སྒྲོག་གིས་རྐང་པ་འཆིང་ཉེན་ཡོད། ཀུན་བཟང་གི་སྤྱོད་པ་ལ་འཇུག་གལ་ཆེ། །སྦྱོར་དངོས་རྗེས་གསུམ་གྱི་གདམས་པ་དེ། །འདི་ཕྱི་བར་དོ་ཀུན་གྲོལ་ཐབས་ཡིན། །མན་ངག་ཏུ་ཤེས་ནས་ཉམས་སུ་ལོངས། །གོང་མིང་བས་ནན་ཏན་དུ་བསྐུལ་ངོར། །ཤུག་གསེབ་མ་ཎི་བས་བྲིས་པ་དགེ །ཞེས་སོ། །
ཡང་ནོར་འཛིན་དབང་མོས་ཞལ་གདམས་དགོས་པར་ནན་དུ་བསྐུལ་ངོར་འདི་ལྟར་སྨྲས་སོ། །རྗེ་བསླུ་མེད་གཏན་སྐྱབས་བླ་མ་ལ། །སྙིང་ཐག་པ་ནས་འདུད་དོ་བྱིན་གྱིས་རློབས། །སྙན་གསོན་དང་རིག་པ་འཛིན་པའི་གདུང་། །ཆོས་བྱེད་མ་ནོར་འཛིན་དབང་མོ་ལགས། །དུས་ད་ལྟ་ལང་ཚོ་དར་བབས་ཤིང་། །ལོ་ཆུང་གི་གཞོན་ཚུལ་རབ་ལྡན་ཡང་། །འདུས་བྱས་རང་གཤིས་རྟག་པ་མེད། །སྐད་ཅིག་གིས་མེ་ཏོག་སད་ཁྱེར་བཞིན། །འཆི་བ་དེ་ནམ་ཡོང་མི་ཤེས་པས། །ལེ་ལོ་རུ་མ་ལུས་བློ་སྣ་སྟུང་། །ལས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ལ། །བློ་ཐུབ་པའི་དགེ་བའི་གྲོགས་དཀོན་པས། །སོ་སྐྱེ་ཡི་བྱིས་གྲོགས་ཀྱིས་གཉིས་ཀ་བསླུ། །མཉན་པར་ཐེམ་མེད་རྡོ་རྗེ་མཛོད། །སྐྱབས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །གཅིག་བསྡུས་དཔལ་ལྡན་བླ་མ་ལ། །བློ་རྩེ་གཅིག་མོས་གུས་དྲག་པོ་ཡིས། །གསོལ་བཏབ་རྗེས་རང་དང་གཉིས་མེད་བསྲེས། །རང་རིག་པ་ཡེ་ཤེས་རྡོ་རྗེར་འགྲོགས། །དབེན་པའི་རིར་སྒྲུབ་པ་ལ་ཞུགས་དུས། །བྱང་ཆུབ་སེམས་རྒྱལ་སྲས་རྗེས་བསྐྱངས་ནས། །རང་འདོད་ཀྱི་མི་དགེའི་བསླུ་བྲིད་ཀུན། །ཁྲེལ་མེད་ཀྱི་རྡོ་རྗེས་ཕྱི་ཐག་སྟུང་། །བློ་ཕུག་ཆོས་གཏད་ན་བསླུ་མེད་རྙེད། །ཆོས་ཕུག་སྤྲང་གཏད་པས་ཁེངས་སེམས་ཞི། །སྤྲང་ཕུག་ཤི་གཏད་ན་ཆོས་མཐར་འཁྱོལ། །ཤི་ཕུག་ནི་གྲོག་སྟོང་ལ་ཆགས་ཞེན་མེད། །ཚེ་འདི་ཆེས་བོར་བས་མི་གྲལ་བུད། །སྡིག་གྲོགས་དང་མ་མཐུན་ཁྱི་གྲལ་སྙེག །བློ་ཆོས་ལ་འགྱུར་བས་ལྷ་གྲལ་ཐོབ། །སེམས་རང་ངོ་ཤེས་ལ་རིག་པ་ཟེར། །མ་རིག་པའི་རྨོངས་ཆ་ཀ་དག་དགོས། །རང་བྱུང་གི་སྐུ་གསུམ་ལྷུན་གྲུབ་ལ། །ཡོན་ཏན་ཀུན་རྫོགས་པས་ཟད་སར་སྐྱོལ། །ཐོག་མ་ནས་ཀུན་སློང་རྣམ་པར་དག །བར་དུ་ནི་མི་དམིགས་ཡེ་རྒྱས་ཐེབས། །མཐར་འཁོར་གསུམ་རྣམ་དག་བསྔོ་སྨོན་གསུམ། །ཉམས་བླངས་ཚད་འབྲེལ་བར་གོམས་སུ་ཆུག །སེམས་ཆགས་ཞེན་གྱིས་དབེན་པ་དོན་གྱི་གནས། །དོན་རིག་ཞལ་མཇལ་བ་བླ་མའི་རབ། །རྐྱེན་ཤར་གྲོལ་མཉམ་དག་ཉམས་ལེན་རྩེ། །དུས་ནམ་ཡང་འོད་གསལ་ཁོར་ཡུག་སྐྱོང་། །རང་དོན་དུ་འཆི་ཁར་དགའ་ཡལ་ལེ། །གཞན་དོན་དུ་ཕན་སྤྱོད་སྤྲོ་སེང་ངེ་། །གཉིས་དོན་དུ་གཉིས་མེད་བདེ་ཁྱུག་གེ །འདི་ཆོས་ཀྱི་མཛད་མའི་ལུགས་སྲོལ་ཡིན། །དོན་གཉིས་ལྷུན་གྲུབ་ཅིག་ཁྱོད་ལ་རེ། །རེ་ས་ནས་མ་བསླུ་བླ་མ་ཡིས། །ཇི་གསུངས་བཞིན་ཉམས་སུ་བླང་བ་ན། །ཚེ་རིང་ཞིང་གཏན་བདེ་རྙེད་པར་འགྱུར། །མ་འགྲོ་ཀུན་རྣམ་མཁྱེན་མཆོག་ཐོབ་ཤོག །ནན་བསྐུལ་ངོར་མ་ཎི་རྒན་མོས་ཕུལ། །
སྐབས་ཤིག་ཤག་བྱང་ལྕམ་རིག་འཛིན་བདེ་སྐྱོང་ནས་ཞལ་གདམས་དགོས་ཞེས་ཞུ་དོན་གླུར་ཕུལ་བའི་ལན་དུ་འདི་སྐད་སྨྲས་སོ། །རྗེ་བསླུ་མེད་གཏན་སྐྱབས་དཀོན་མཆོག་གསུམ། །དོན་གཅིག་བསྡུས་དཔལ་ལྡན་བླ་མ་མཆོག །རྗེ་ཁྱབ་བདག་པདྨ་རྒྱ་མཚོ་ལ། །སྙིང་ཐག་པ་ནས་གསོལ་འདེབས་བྱིན་གྱིས་རློབས། །སྙན་གསོན་དང་རིག་འཛིན་བདེ་སྐྱོང་མ། །ཐོག་མེད་ནས་མ་རིག་འཁོར་བར་འཁྱམས། །དེ་ཤེས་ནས་འཁྱམས་མཁན་རིག་ངོར་ལྟོས། །མ་རྙེད་ན་མ་བཅོས་དེའི་ངང་ཞོག །ལུས་དལ་འབྱོར་ཐོབ་ཀྱང་མྱུར་དུ་འཇིག །ལས་གང་ལའང་སྙིང་པོ་མི་འདུག་ན། །ཕྱག་སྐོར་དང་ཁ་ཏོན་བྱམས་སྙིང་སྒོམས། །སུ་གང་ལའང་མ་ཆགས་དམ་ཆོས་སྒྲུབས། །བཟང་ངན་ཀུན་ཤི་ཤུལ་བཞིན་ཆམ་གྱིས་སྐྱུར། །བློ་ཆོས་ལ་མོས་ན་བྱིན་རླབས་ཞུགས། །དེ་བྱ་ཤོར་མ་བྱེད་མཐར་འདོན་མཛོད། །ལེ་ལོ་དང་ཕྱི་བཤོལ་དབང་མ་གཏོང་། །ཕ་བླ་མ་སྤྱན་རས་གཟིགས་སུ་སྒོམས། །ལྷ་སྐལ་ནི་རྗེ་བཙུན་འཕགས་མ་སྟེ། །དེ་བརྟག་ན་བླ་མ་ལས་གུད་དུ་མེད། །བླ་མའི་ཐུགས་ཇི་ལྟར་བཙལ་ན་ཡང་། །བདེན་གྲུབ་ཀྱི་ངེས་པ་མ་རྙེད་པར། །སྟོང་གསལ་གཤིས་རང་གྲོལ་མ་བཅོས་པར། །བརྗོད་བྲལ་གྱི་ཁང་བུར་ངལ་གསོར་རྟེན། །དོན་བློ་ལས་འདས་པ་ལྟ་བ་ལ། །དེ་ཡེངས་མེད་རྐྱེན་ཐུབ་བསྒོམ་པ་ཡིན། །ལས་ཅི་བྱས་གྲོལ་བ་སྤྱོད་པ་སྟེ། །དེ་ལག་ལེན་དོན་སྨིན་འབྲས་བུའི་མཆོག །སྐྱེ་བ་དང་ཚེ་རབས་མ་ལུས་པ། །ད་ལྟ་བཞིན་འབྲལ་མེད་སྨོན་ལམ་འདེབས། །ཐོག་མ་ནས་ཀུན་སློང་རྣམ་པར་དག །བར་དུ་ནི་དངོས་གཞི་རིག་ཚོ་ཟིན། །ཐ་མ་རུ་དམིགས་མེད་ཡེ་རྒྱས་ཐོབ། །དམ་པ་གསུམ་མཐར་ཕྱིན་ཀུན་གྲོལ་ཤོག །ལྷ་གོས་དང་སྲང་འཁོར་རིགས་ཀྱི་གྲངས། །མོས་གུས་ཀྱིས་བསྐུལ་ངོར་མ་ཎི་བ། །སྤྲང་རིག་འཛིན་ཆོས་ཉིད་བཟང་མོ་ཡིས། །སྨྲས་པའི་དགེས་དུས་གསུམ་བདེ་ལེགས་ཤོག །ཅེས་སོ། །
ཡང་སྐབས་ཤིག་སྟོད་ལུང་ར་དགོན་ཨ་རྣམས་ནས་བསྐུལ་ངོར་ཚོགས་གླུ་འདི་ལྟར་སྨྲས་སོ། །ཨ་ཧོ་ཡེ། སྟེང་ཕྱོགས་ལྷ་ལམ་ཡངས་པའི་དཀྱིལ་འཁོར་གྱི་དབུས་ན། །བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་གྱི་རྒྱ་མཚོ། །དངོས་འབྱོར་ཡིད་སྤྲུལ་ཚོགས་ཀྱི་མཆོད་པ་རྣམས་བཞེས་ལ། །བསོད་ནམས་ཚོགས་ཆེན་རྫོགས་པའི་དངོས་གྲུབ་ཅིག་ཞུ་འོ། །ངེས་འབྱུང་རྣམ་པར་དག་པའི་ཞིང་ས་ཡི་གཞི་ལ། །རིན་ཆེན་བྱང་ཆུབ་ཚད་མེད་རྣམ་བཞི་ཡི་མྱུ་གུ། །གཞན་ཕན་བྱིན་རླབས་ལོ་ཏོག་ཚོགས་མཆོད་ཅིག་ཕུལ་བས། །ལམ་འབྲས་ས་བཅུར་འགོད་པའི་དངོས་གྲུབ་ཅིག་ཞུ་འོ། །རྣམ་ཐར་སུམ་ལྡན་ཡུམ་ཆེན་དཀྱིལ་འཁོར་གྱི་ཀློང་ན། །ཁས་ལེན་སྤྲོས་པ་ཀུན་བྲལ་ཚོགས་མཆོད་ཅིག་ཕུལ་བས། །མཆོད་བྱ་མཆོད་བྱེད་འཁོར་གསུམ་བདེན་མེད་ཀྱི་ངང་ནས། །ཡང་དག་ལྟ་བ་དབུ་མའི་དངོས་གྲུབ་ཅིག་ཞུའོ། །བདག་ཅག་འདིར་འདུས་མཆེད་ལྕམ་རྡོ་རྗེ་ཡི་སྤུན་ཚོགས། །དམ་ཚིག་རྣམ་དག་ཚིམས་པ་དྲུག་ལྡན་གྱི་ཚོགས་མཆོད། །ཕུལ་བས་གདན་གསུམ་ལྷ་ཡི་དཀྱིལ་འཁོར་ལ་རོལ་བས། །མཐར་ཐུག་མཁའ་སྤྱོད་ཞིང་དུ་ཆབ་གཅིག་ཏུ་བསྒྲོད་ཤོག །ཅེས་སོ། །
ཡང་སྐབས་ཤིག་ངག་དབང་འཕྲིན་ལས་ཀྱི་རྨི་ལམ་དུ་ཐང་བདེ་བར་ཀུན་གཞི་སྦྲ་གུར་གྱིས་ཁྱབ་པར་རྟོག་ཚོགས་བཀའ་འགྱུར་འདོན། དྲང་དོན་ཆོས་ཚིག་དགེ་འདུན་མང་པོས་དྲན་ཤེས་ཟིན་པ་ཕྱག་འཚལ་ཆོས་བློ་སྐྱེས། ཕྱིར་སྐོར་ལན་གསུམ་བྱས་རྟེན་འབྲེལ་ལུགས་ལྡོག་འཇའ་འོད་ཀྱིས་གང་བའི་ལམ་ཆོས་ཀྱི་ཡོན་ཏན་དུ་སོང་བས་ཆར་ཆེན་པོ་བབས་བཟང་རྐྱེན་གྱིས་གདུང་བ་པས་ཆར་ཡིབ་བྱེད་སྙམ་ཙ་ན་འཇིགས་སྐྱོབ་མགོན་ཚོལ་བ། ཁྱི་ཆེན་པོ་གསུམ་སྲུང་མ་འདུག །བུད་མེད་གསུམ་དྲན་ཤེས་བག་ཡོད། ཌ་དྲིལ་བཅས་གདམས་ངག་གི་ཚིགས་བསུས་སྒོ་ཕྱེས་བློ་ལྡོག་གིས་མི་དགེ་བ་ལྡོག་ཆོས་བློ་སྐྱེས་པའི་ནང་དུ་ཀློང་ཆེན་རིག་པའི་སེངྒེ་དྲན་རིག་གི་ངོ་བོ་གཞོན་ཚུལ་བགྲེས་རྒུད་མེད་པ་གཅེར་བུ་སྒྲིབ་གཡོག་དང་བྲལ་བ་རུས་རྒྱན་ཕྱིན་དྲུག་རྟོག་པ་གཟི་བརྗིད་འབར་བ་འོད་གསལ་ཤིང་ཟླུམ་ཐིག་ལེ་ཉག་གཅིག་དབུས་སུ་བཞུགས་པ་གསུང་སྙན་པས་དགག་མེད་གྲགས་སྟོང་བུད་མེད་བདེ་སྟོང་གི་འཕྲུལ་ཅིག་ལ་ཆོས་གསུངས། རྩ་ཐིག་རླུང་གི་གནད་བཅུན་པ་མཇལ་ངེས་དོན་གྱི་སྒོར་ཞུགས་དད་པ་སྐྱེས་ཟབ་དོན་ལ་བཟོད་པ་ངའི་བླ་མ་དྲན་རིག་ས་ར་ཧའི་མདའ་མཁན་དྲང་པོ་དབུ་མ་སྤྲུལ་པ་རྩལ་ཐུགས་རྗེ་ཀུན་ཁྱབ་ཡིན་བསམས་རང་སེམས་ཧ་གོ་བ་ཕྱག་འཚལ་མཆོད་དེ་གནང་བར་གསོལ་བ་བཏབ་གྲོ་ཐོག་གི་མཚོན་བྱེད་ཚིག་གི་ངོ་སྤྲད་པས་སྤྱན་ཧར་རེ་གཟིགས་མངོན་སུམ་རང་ངོ་ལ་ལྟོས། ད་ལྟ་འདིར་མ་ཡོང་རྒྱུད་ལ་མྱོང་སྟེ་གོམས་ཆུག་ཕྱིས་ཁྱོད་སོགས་ཀུན་ལ་སྟེར་གོམས་ན་ཀུན་ལ་ཕན་པ་དེ་དུས་ཟོལ་ཟོག་རང་འདོད་ཐེ་ཚོམ་ལོག་ལྟ་སྤོངས་ཤིག་གསུངས། བཤེས་གཉེན་བསྟེན་ཚུལ་བསྒྲུབས་ན་དངོས་གྲུབ་ཐུགས་རྒྱུད་ཀྱི་དགོངས་པ་ལོང་ཡོང་གསུངས། ཐ་ཚིག་སྐུ་ལ་བུད་མེད་དེས་ན་བཟའ་སྒྲོན་གནས་སྐབས་གསང་བ་སྒྲིབ་པ་ཕྱི་འགྲོས་ཀྱིས་སོང་རྟོག་ཚོགས་ལུགས་ལྡོག་པས་སྒོ་གསུམ་བཅད་དུས་གསུམ་ཞེན་རྟོག་པའང་བླ་མས་སྡིགས་མཛུབ་དུག་གསུམ་གཉིས་སྣང་ནང་དུ་བལྟས་པས་རོ་གཅིག་ཏུ་བརྡ་བསྟན་གནང་བས་ཆོས་ཉིད་ཀྱི་སྒོ་བྱེ་དེ་ཡན་རྟོག་ཚོགས་ཞེ་གཉིས་གྲོལ་བའི་བརྡ་དོན་ནོ། །གཉིད་སད་པས་རིག་པ་དྭངས་དགེ་སྦྱོར་འཕེལ་གྲུབ་ཆེན་རིན་པོ་ཆེ་ལ་སྔོན་ཐོབ་མ་མྱོང་བའི་གདམས་པ་མ་མཁའ་འགྲོའི་ཁ་རླངས་ཐོལ་ལེ་བ་ཞིག་ཡོད་འདྲ་བ་གནང་རོགས་ཞུས་པས་སྐུ་མདུན་གྱི་ཟབ་གཏེར་དཀྲོལ་རན་པའི་བརྡ་ངས་བསྟན་པ་ཡིན་པས་ནན་ཏན་དུ་ཞུས་གསུངས་ལྟར་ཡང་ཡང་དུ་ཞུས་ངོར་རྩ་གསུམ་ཌཱཀྐིའི་སྲོག་སྒྲུབ་གཏན་ལ་ཕབ། ཐོག་མར་སྐལ་ལྡན་སོ་བདུན་ལ་དབང་བསྐུར། ཡང་ངག་འཕྲིན་གྱིས་སྔ་ཕྱི་གཉིས་ལ་ནན་དུ། བསྐུལ་ངོར་འདི་ལྟར་སྨྲས་སོ། །
དཔལ་ཁྱབ་བདག་འཁོར་ལོའི་མགོན་མཆོག་རྗེ། །སྐུ་སྣང་སྟོང་མཚན་དཔེའི་ཕུང་པོ་ཅན། །གསུང་གྲགས་སྟོང་ཚངས་དབྱངས་འགགས་མེད་ཤར། །ཐུགས་མ་བཅོས་འོད་གསལ་ཕྱོགས་བཅུར་བཀྲ། །དུས་འབྲལ་མེད་ཡིན་ནོ་རིགས་ཀྱི་བུ། །དུས་ད་ལན་གྱི་བླ་མ་རང་རིག་ཀློང་། །ཕྱིས་མྱུར་དུ་མཇལ་བར་སྨོན་ལམ་འདེབས། །རྟག་བརྟན་གྱི་བློ་སྣ་ཐུང་ངུར་སློབ། །བློ་བླ་མར་གཏད་ན་དུས་ཀུན་བདེ། །ཆོས་དགེ་བ་བསྒྲུབས་ན་ཐར་པ་ཐོབ། །དགེ་གང་སྒྲུབ་དམ་པ་གསུམ་དང་སྦྱོར། །མྱོང་གྲོལ་གྱི་བདུད་རྩི་རིལ་བུ་བཅས། །མ་རྒན་མོས་མཚམས་མལ་ངང་ནས་ཕུལ། །སྐྱབས་གཅིག་བསྡུས་ཁྱབ་བདག་འཁོར་ལོའི་མགོན། །རྗེ་གཅིག་ཆོག་པདྨ་རྒྱ་མཚོར་འདུད། །ཡིད་དད་ལྡན་གྱི་མོས་པ་ཇི་བཞིན་དུ། །ཚེ་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། །ཐོག་མ་རུ་མར་གྱུར་འགྲོ་བ་ཀུན། །སངས་རྒྱས་ཀྱི་གོ་འཕང་ཐོབ་བྱའི་ཕྱིར། །ཡིད་ལྷག་བསམ་རྣམ་དག་གི་ཀུན་སློང་བསྐྱེད། །དེས་དགེ་བ་ཐབས་ཀྱིས་ཟིན་པར་བྱེད། །ལུས་རྟེན་བཟང་འདི་འདྲ་རྙེད་དཀའ་བས། །འདི་ཆུད་ཟོས་མ་གཏོང་སྙིང་པོ་ལོངས། །འདུས་བྱས་ཀུན་མི་རྟག་གློ་བུར་བ། །ཆོས་ཕྱིར་བཤོལ་དུ་མ་བཞག་བློ་སྣ་སྟུང་། །ལས་དགེ་སྡིག་རྒྱུ་འབྲས་བསླུ་བ་མེད། །ཡིད་ཆེས་ངེས་ཀྱིས་སྤང་བླང་མིག་ལྟར་སྲུངས། །འཁོར་བ་ཀུན་སྡུག་བསྔལ་ཁོར་མོ་ཡུག །མེ་འོབ་ལྟར་ཤེས་ནས་ངེས་པར་དབྱུང་། །སྐྱབས་བསླུ་མེད་མཆོག་གསུམ་ཡིད་ཆེས་ནས། །མ་འགྲོ་ཀུན་སངས་རྒྱས་ས་ལ་སྦྱོར། །ཚོགས་གཉིས་བསགས་སྒྲིབ་གཉིས་སྟོབས་བཞིས་སྦྱོངས། །རྒྱལ་ཀུན་འདུས་བླ་མ་ཚུལ་བཞིན་བསྟེན། །དེ་སྔོན་འགྲོ་ཡིན་པས་མེད་ཐབས་མེད། །བར་དུ་ནི་སྣང་ཚད་ཡེ་སྟོང་ལྷ། །གོ་ཚད་ཀུན་གྲགས་སྟོང་འཛབ་བཟླས་དབྱངས། །དྲན་ཚད་ཀུན་རིག་སྟོང་སྐུ་གསུམ་གཤིས། །དག་སྣང་གི་ཤར་གྲོལ་རིས་མེད་སྦྱོངས། །མི་དམིགས་པར་བློ་འདས་རིག་ཚོ་བཟུང་། །རྗེ་གོང་མའི་རྣམ་ཐར་རང་ཐོག་སྦྱོར། །དེ་བཞིན་དུ་ཉམས་ལེན་ཆོས་མཐར་སྐྱོལ། །ཚེ་བློ་ཡིས་ཐོངས་ཐབས་ངེས་འབྱུང་སྒོམས། །ཕ་རྗེས་བུས་ཟིན་ཐབས་བཀའ་བཞིན་སྒྲུབ། །ཆོས་མང་པོ་གཅིག་འདུས་རང་རིག་སྐྱོངས། །མི་མེད་པར་ངེས་འབྱུང་སྐྱོ་ལྷང་ངེ་། །གང་ཤར་ཚད་མོས་གུས་ཡིད་དུང་ངེ་། །རྣམ་རྟོག་ཀུན་ཤར་གྲོལ་དུ་སྟོང་སང་ངེ་། །ཀུན་མཐུན་པར་དམ་ཚིག་གཙང་སེང་ངེ་། །དེ་ལྟ་བུར་ཚེ་དང་སྒྲུབ་པ་མཉམ། །དུས་ཀུན་ཏུ་འབྲལ་མེད་སྨོན་ལམ་འདེབས། །འདི་ངག་དབང་འཕྲིན་ལས་ཀྱིས་བསྐུལ་ངོར། །སྤྲང་མ་ཎི་བས་བྲིས་པ་དགེ་གྱུར་ཅིག །ཅེས་སོ། །
ཡང་བདེ་རབ་ལྕམ་ཆུང་རིག་འཛིན་ཡེ་ཤེས་ཆོས་སྒྲོན་ནས་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །སྐྱབས་བསླུ་མེད་རིན་ཆེན་རྣམ་པ་གསུམ། །དོན་གཅིག་བསྡུས་ཁྱབ་བདག་འཁོར་ལོའི་མགོན། །རྗེ་རིག་འཛིན་པདྨ་རྒྱ་མཚོ་ལ། །སྙིང་ཐག་པ་ནས་འདུད་དོ་བྱིན་རླབས་སྩོལ། །སྙན་གསོན་དང་རིག་འཛིན་ཡེ་ཆོས་སྒྲོན། །ལུས་དལ་འབྱོར་ཐོབ་དཀའ་དྲན་གྱིས་ལ། །བདེ་ཆོད་པར་ཆོས་ཀྱི་སྙིང་པོ་ལོན། །ཚེ་མི་རྟག་འཆི་བས་རྒྱུད་བསྐུལ་ནས། །མགོ་མེ་ཤོར་ལྡོག་ལྟའི་བརྩོན་འགྲུས་གྱིས། །ལས་བདེ་སྡུག་བསླུ་མེད་ཡིད་ཆེས་ནས། །རྒྱུ་དགེ་སྡིག་སྤང་བླང་ལག་ལེན་གྱིས། །འཁོར་བ་ཀུན་སྡུག་བསྔལ་གྱི་མཚང་དྲན་ནས། །ངེས་འབྱུང་གིས་དཀའ་སྤྱད་སྙིང་རུས་མཛོད། །རྐྱེན་ངན་པས་བསྐུལ་བའི་ངེས་འབྱུང་དེ། །ངལ་གསོས་ནས་འཇིག་རྟེན་ལ་མ་འགྱུར་བར། །བློ་འགྱུར་མེད་ཆོས་ལ་བརྟན་ཐུབ་པའི། །ཆོས་དམ་བཅའ་མཐའ་རུ་ཐོན་པར་གྱིས། །དུས་སྙིགས་མའི་ཆོས་པ་ཕལ་ཆེ་བ། །བླ་མའི་མདུན་གནས་ཚེ་ཆོས་ལ་མོས། །གྲོང་ཡུལ་དུ་སླེབས་ཚེ་འཇིག་རྟེན་དྲན། །མཐར་ཆོས་མཇུག་འཁྱོལ་བ་ཡོང་དཀའ་བས། །ཚེ་སྒྲུབ་པ་མཉམ་འཆི་ཁར་བློ་བདེ་མཛོད། །སྤྱིར་འདུས་བྱས་རྟག་པ་མེད་པ་དེ། །སྒོས་རང་ཐོག་ཏུ་བབ་པ་ཤེས་པར་གྱིས། །སྐྱབས་བསླུ་མེད་དཀོན་མཆོག་ཡིད་ཆེས་ནས། །བློ་རྩེ་གཉིས་མེད་པའི་མོས་གུས་གྱིས། །མ་འགྲོ་ཀུན་སྙིང་རྗེའི་སྨོན་འཇུག་གི །སངས་རྒྱས་ཐབས་བྱང་སེམས་མཐར་འདོན་མཛོད། །ཚོགས་བསགས་དང་སྒྲིབ་སྦྱངས་དཔུང་བསྐྱེད་ལ། །སྒོ་གསུམ་པོ་ཐུགས་བདེ་ཆོད་ངེས་མཛོད། །རྗེ་བླ་མ་སངས་རྒྱས་སུ་ཤེས་ནས། །བཀའ་མི་བཅག་པར་ཚེ་དང་སྒྲུབ་པ་སྙོམས། །སེམས་སྟོང་གསལ་རང་གྲོལ་གནས་ལུགས་གཤིས། །ངོ་ཤེས་ནས་ཐག་ཆོད་གདེང་ཐོབ་མཛོད། །ཐོག་མ་རུ་སྦྱོར་བ་སེམས་བསྐྱེད་ཅིང་། །བར་དུ་ནི་ཡེངས་མེད་འཁྲུལ་བ་བྲལ། །རྗེས་སུ་ནི་འཁོར་གསུམ་རྣམ་དག་སྦྱོངས། །གཞན་ཟེར་གྱིས་ཆོས་བློ་དགུང་ལ་སྤོར། །རང་ཐག་ཆོད་འཆི་ཁར་བློ་བདེ་མཛོད། །མང་པོ་རུ་བཤད་ཀྱང་མདོ་དོན་གཅིག །སེམས་རྒྱུད་ཐུལ་སྟོང་ཉིད་སྙིང་རྗེ་གོམས། །རྣམ་རྟོག་རྗེས་འབྲང་ན་འཁོར་བར་སྐྱུར། །མི་རྟོག་གཤིས་གོམས་ཚེ་རྒྱུད་ཀུན་གྲོལ། །ཆོས་མཐར་འཁྱོལ་སངས་རྒྱས་འགྲུབ་པར་ཤོག །ཅེས་སོ། །
ཡང་བདེ་རབ་སྲས་སྐུ་ཡུམ་བཅས་ནས་ཡིག་ལམ་དུ་སློབ་སྟོན་དྲིས་ལན་དུ་འདི་ལྟར་སྨྲས་སོ། །སྐྱབས་བསླུ་མེད་ཀུན་འདུས་བླ་མ་མཁྱེན། །རྒྱུད་ཆོས་དང་འདྲེས་པར་བྱིན་གྱིས་རློབས། །དད་དམ་ཚིག་བློ་གྲོས་མཆོག་ལྡན་པ། །སྲས་སྐུ་ཞབས་ཡེ་ཤེས་ཡུམ་སྐུ་ཟུང་། །མི་ཕྱུགས་སོགས་དར་གུད་མ་ལུས་པ། །ཚེ་མི་རྟག་སྟོན་པའི་སློབ་དཔོན་ཡིན། །རྒྱུད་བརྩོན་འགྲུས་དམ་པའི་ཆོས་ལ་འབུངས། །ལེ་ལོ་དང་ཕྱིར་བཤོལ་རྣམ་གཡེང་གི །དབང་མ་གཏོང་དམ་པ་སུམ་ལྡན་མཛོད། །དཔལ་ཟན་ཡང་ལྷུན་གྲུབ་གཙུག་ལག་ཁང་། །མཇལ་ཚད་ཀྱི་བཤན་པའང་ཐར་གསུངས་ན། །རྒྱ་མཚོའི་འགྲམ་སྐོམ་པས་མི་གདུང་བར། །དོན་སྙིང་པོ་ལོན་ངེས་ཕྱག་ལེན་མཛོད། །རྟེན་མ་མཇལ་སྐྱེ་འགྲོ་བྱེ་རྡུལ་ལྟར། །ཀུན་ཐར་པ་ཐོབ་པའི་སྨོན་ལམ་མཛོད། །ཚེ་འདི་ཡི་དོན་ལ་ཇི་མཁས་ཀྱང་། །དོན་བརྟགས་ན་གར་མཁན་ལག་པ་ལྟར། །གཉིད་སད་པའི་རྨི་ལམ་ལ་སུ་ཞིག་འཛིན། །མ་འགྲོ་ཀུན་རྣམ་མཁྱེན་ཐོབ་བྱའི་ཕྱིར། །སྨོན་འཇུག་གི་བྱང་སེམས་མཐར་འདོན་མཛོད། །གཤིས་དམིགས་མེད་རང་རིག་ཡེ་ཤེས་དོན། །རྐྱེན་ཇི་བྱུང་ངོ་ཤེས་རང་གྲོལ་གྱིས། །རྗེས་བསྔོ་བ་སྨོན་ལམ་ཡེ་རྒྱས་ཐོབ། །འཁོར་གསུམ་པོ་བདེན་མེད་རིག་ཚོ་བཟུང་། །དོན་འཆི་ཁར་མི་འགྱོད་བློ་བདེ་བ། །གདེང་ཐུབ་པ་ཞིག་མཐར་འདོན་ཅིས་ཀྱང་ཞུ། །བྱིན་མདུད་བཅས་མ་ཎི་རྒན་མོས་ཕུལ། །ཅེས་སོ། །
ཡང་སྐབས་ཤིག་བྱང་ཆུབ་འཁོར་ནས་མཚམས་པ་དཀོན་མཆོག་རྒྱལ་མཚན་ནམ་སངས་རྒྱས་རིན་པོ་ཆེ་ནས་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །འཕྲལ་ཡུན་གཏན་དུ་བསླུ་མེད་དཀོན་མཆོག་གསུམ། །གཅིག་བསྡུས་ཁྱབ་བདག་དྲིན་ཅན་བླ་མ་ལ། །གུས་པས་འདུད་དོ་རྒྱུད་དགྲོལ་བྱིན་གྱིས་རློབས། །ཀུན་སློང་ཀུན་སྤྱོད་ལྡན་པས་གསོན་མཛོད་ཀྱཻ། །ཐོག་མར་འགྲོ་ཀུན་མར་ཤེས་དྲིན་དྲན་ཞིང་། །དྲིན་གཟོ་བྱམས་སྙིང་ལྷག་བསམ་རྣམ་དག་གིས། །སངས་རྒྱས་ས་ལ་སྦྱོར་བའི་སྨོན་དང་འཇུག ། སྦྱོར་བ་སེམས་བསྐྱེད་དམ་པས་གཞི་བཟུང་ལ། །བར་དུ་བླ་མའི་ཐུགས་དང་རང་གི་སེམས། །སྟོང་གསལ་གཉིས་མེད་སྨྲ་བསམ་བརྗོད་འདས་གཤིས། །ངོ་ཤེས་ཐག་ཆོད་གདེང་ཐོབ་མ་བཅོས་པར། །དངོས་གཞི་དམིགས་མེད་སྣང་བཞི་ཟད་སར་སྐྱོལ། །ཐ་མར་དགེ་བ་རྒྱུ་བཞིས་མ་བསླད་པར། །འཁོར་གསུམ་དམིགས་མེད་བསྔོ་བའི་གནད་ཤེས་ནས། །དགེ་བ་མི་ཟད་དབྱིངས་ཀློང་གཏེར་དུ་སྦོས། །གོང་ནས་གོང་འཕེལ་ཡིད་བཞིན་ནོར་བུ་ལྟར། །མི་རྟག་བློ་སྣ་སྟུང་ལ་ཚེ་བློས་ཐོངས། །གང་འདོད་འཁྲི་བ་ཟད་པའི་ངེས་འབྱུང་གིས། །སྣང་གསུམ་སྒྱུ་མའི་རང་བཞིན་ཀ་ནས་དག །རྩ་གསུམ་གསང་བ་སྙིང་ཐིག་ཉམས་སུ་ལོངས། །མཁས་པའི་གཟིམ་མལ་བླུན་རོ་མི་འབྱུང་བར། །ཚེ་དང་སྒྲུབ་པ་མཉམ་པ་གལ་ཆེའང་། །དེ་ལས་གྲོལ་ཚད་ཟིན་པ་རབ་ཏུ་གཅེས། །དེ་སྐད་ཤུག་གསེབ་མ་ཎི་རྒན་མོ་ལ། །སངས་རྒྱས་རིན་པོ་ཆེ་ཡིས་བསྐུལ་བའི་ངོར། །གང་དྲན་འཕྲལ་དུ་གདམས་པ་དགེ་གྱུར་ཅིག །
ཡང་སྐབས་ཤིག་འོལ་ཁར་དགེ་བསྙེན་བཟང་མོས་ངའི་སར་མི་དཀར་པོ་ཞབས་ཞུ་བགྱིས་མི་ཞིག་འདུག་ཟེར་བས་རྐྱེན་བྱས་མི་དམར་པོ་ཇོ་ཇོའི་གཟུགས་ཤིག་བྱུང་། བྱས་པས་ང་མི་མཁྱེན་ནམ་སྔར་ནས་དུས་རྒྱུན་ཞབས་ཞུ་བྱས་གང་དགོས་ཐམས་ཅད་ངས་སྒྲུབ་པ་ཡིན་ཟེར། དགེ་བཟང་ནས་ཟེར་བ་དེ་མིན་ནམ་བསམས་ངས་མིག་གིས་མི་མཐོང་བྱས་བལྟས་པས་སྐྲ་ཟིང་ངེ་བ་འདུག །ང་ལ་རྩམ་པ་དང་མར་མེད་པས་སྒྲུབས་ཤིག་སྨྲས་པས་སྒྲུབ་ཡོང་ཟེར། ལེགས་བཤད་ཟླ་བའི་སར་འགྲོ་གི་ཡོད་དམ་བྱས་པས་ཆོས་བྱེད་སུ་ཡིན་ཐམས་ཅད་ཀྱི་ཞབས་ཞུར་འགྲོ་གི་ཡོད་ཟེར། སྐྲ་བྲེགས་མི་ནག་ལྟ་བུར་འདུག་བྱས་པས་མིག་མི་མཐོང་སྐྲ་ཟིང་ངེ་ཟེར་ནས་དགོད་ཤོར་སོང་དམ་ཅན་ཡིན་པ་འདྲ། དེ་ནས་ཞལ་འདོན་སྐོར་ཐོག་མར་ཨོཾ་སྭ་སྟི་བདག་ནི་བག་མེད་མི་བྱ་སོགས་རླུང་རོ་འབུད། སྔོན་འགྲོ་ཐུབ་ཆོག་བྱང་སྡོམ་ཟབ་ཏིག་སྒྲོན་མ། རིག་འདུས་རྟ་ཁྱུང་ཡུམ་བཀའ་ཐུགས་ཆེན་ཡང་གསང་ཕུར་པ་རྒྱུད་ལུགས་རྒྱུན་ཁྱེར་ལེའུ་བདུན་པ་སྐུ་གསུམ་མཁའ་འགྲོ་རྒྱུན་ཁྱེར་ཆུ་གཏོར་གསུར་ལྷ་བསངས་བཅས། རྡོར་སེམས་མངོན་དགའི་ཞིང་སྦྱོང་རྒྱས་པ་ཚེ་དབང་སྦྱངས་ཆོག་བཅས། བླ་མ་ཡང་ཏིག་སྙན་རྒྱུད་ཆུང་ངུ་ཆོས་དབྱིངས་མཛོད་ལེའུ་རེ་ཞི་ཁྲོའི་བཏགས་གྲོལ་མ་མགོན་སོགས་བསྲུང་བསྐང་ཡོངས་རྫོགས་བཟང་སྤྱོད་སྒྲོལ་མ་སེམས་ཀློང་མན་ངག་སྡེའི་རྒྱུན་ཁྱེར་བཅས་ཆག་མེད་ཁར་ཚེས་གཅིག་ལ་ཡོན་མཛོད་ལེའུ་བཞི། ཕྱིས་སུ་ཚེས་གསུམ་ལ་འཇིགས་གླིང་བླ་སྒྲུབ། ལྔ་ལ་ཡང་ཏིག་བརྒྱད་ལ་གསོ་སྦྱོང་། ཞབས་དཀར་ཆོས་སྤྱོད། སྨན་ཆོག་རྒྱས་བསྡུས། རྫོགས་ཆེན་སྟོན་ཆོག་བླ་སྒྲུབ་ཚོགས་ལས། བཅུ་ལ་བླ་མ་མཆོད་པའི་བདག་འཇུག་རིགས་འདུས་སྐུ་གསུམ་མཁའ་འགྲོ་རྒྱས་པ། བཅུ་བཞི་ལ་རྡོ་གྲུབ་མི་ལའི་བླ་སྒྲུབ། བཅོ་ལྔ་ལ་གསོ་སྦྱོང་སྤྱོད་འཇུག་ལེའུ་བཞི། བཙན་གསོལ། དཔལ་ཆེན། བཅོ་བརྒྱད་ལ་ཀུན་མཁྱེན་ཆོས་སྤྱོད་ཡང་གསང་རྒྱལ་རོང་ནམ་སྤྲུལ་དགོངས་གཏེར་གཅོད། ཉེར་བཞི་ལ་སྒྲོལ་ཆོག་རྒྱས་པ། ཉེར་ལྔ་ལ་ཡུམ་བཀའི་བདག་འཇུག་སྦྱང་བ་བསུན་བཟློག་སྐུ་གསུམ་མཁའ་འགྲོ་རྒྱས་པ། ཉེར་དགུ་ལ་དཀོན་མཆོག་སྤྱི་འདུས། གནམ་གང་ལ་གསོ་སྦྱོང་བཙན་གསོལ་སྡུག་བསྔལ་རང་གྲོལ། ཟླ་བ་བཞི་པར་སྨྱུང་གནས་ཆ་བརྒྱད། ལྔ་པའི་ཉེར་ལྔ། གཉིས་པའི་བཅུ་བདུན་ལ་རྟ་ཕག་ཞི་ཁྲོ་རྒྱས་པ་བཏང་།
ལུག་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་གྲུབ་ཆེན་རིན་པོ་ཆེར་ཚེས་བརྒྱད་ནམ་ཤར་དངུལ་སྲང་ལྔ་བཅུ་རེ་ཕུལ་བ་དང་རྗེས་སུ་བླ་མའི་རྣལ་འབྱོར་གྱི་ཚོགས་ལས་ཚེས་བརྒྱད་བཙུགས། ཡང་ཆུ་པ་ཡིན་སྨྲས་པས་དེ་ལྟར་རྟེན་དོད་བཅས་ཆག་མེད་དུ་གནང་བས་ལྕགས་ཡོས་ཟླ་བ་དགུ་པའི་ཚེས་བརྒྱད་ལ་ཊཾ་རྡོ་བརྒྱ་ཐམ་པ་ཟིན་པ་ཡོད། ཡང་ང་སྔོན་ལྟེ་བ་ཕུག་ཏུ་སྡོད་སྐབས་རྫ་བུམ་ནང་དུ་ཆུ་ལེན་དུ་སོང་ནས་ཆུ་ཁུར་ཡོང་སྐབས་སླེབས་ལ་ཁད་དུ་ལུང་ཐག་ཆད་ནས་མར་འདྲིལ་ནས་རྗེས་སུ་མགྱོགས་པོར་སོང་བས་ཆུ་ཡང་མ་བོ་རྫ་ཡང་མ་ཆག་པར་བསྡད་པས་ཡང་ཁུར་ཡོང་ངོ་། །
ཡང་སྔོན་ནས་གང་ཤར་རིན་པོ་ཆེའི་གསང་ཡུམ་ཚེ་གཡང་ནས་ནན་དུ་བསྐུལ་ངོར་འདི་ལྟར་སྨྲས་སོ། །ཨེ་མ་ཧོ། བདག་སོགས་འགྲོ་བའི་རེ་སྐོང་རྡོ་རྗེ་འཆང་། །ཕ་མཆོག་དྲན་པས་གདུང་སེལ་ཐམས་ཅད་མཁྱེན། །མི་འབྲལ་སྤྱི་བོའི་གཙུག་གི་རྒྱན་དུ་བཞུགས། །མོས་ལྡན་བློ་སྣ་ཆོས་ལ་སྒྱུར་དུ་གསོལ། །དལ་བའི་རྟེན་ལ་སྙིང་པོ་ལྷ་ཆོས་གཅེས། །ལྷ་ཆོས་རྩ་བ་རང་རྒྱུད་འདུལ་བ་ཡིན། །རང་རྒྱུད་འདུལ་ཐབས་བདག་པས་གཞན་གཅེས་ཡིན། །སངས་རྒྱས་རྩ་བ་དག་སྣང་མོས་གུས་ཡིན། །མོས་གུས་རྩ་བ་བཀའ་དྲིན་རྗེས་དྲན་དགོས། །ཉམས་ལེན་རྩ་བ་དྲན་པ་ཤེས་བཞིན་དགོས། །དྲན་ཤེས་བག་ཡོད་འཆི་བ་དྲན་ལ་ཡོང་། །གནས་ལུགས་རྩ་བ་འཁྲུལ་གྲོལ་གདོང་འདེད་ཡིན། །འཁྲུལ་གྲོལ་རྐྱེན་ངན་ལམ་དུ་ལོང་ན་ཡོང་། །དམ་སྡོམ་རྩ་བར་རང་རྩིས་ཆུང་ལ་ཡོང་། །རང་རྩིས་ཆུང་བ་ཆོག་ཤེས་བཟང་ལ་ཡོང་། །ཆོས་ལ་ཡིད་ཆེས་རང་ངོ་འཕྲོད་ན་ཡོང་། །རང་ངོ་འཕྲོད་པ་རང་སེམས་རྟོགས་ན་ཡོང་། །མ་བཅོས་རྗེན་པའི་ཉམས་ལེན་དེ་ལྟར་ཡིན། །ཡང་གཅིག་གསོན་དང་དད་ལྡན་ཤེས་རབ་མ། །གཅིག་ཏུ་མི་རྟག་འཆི་བ་ཏུ་རེ་སྒོམས། །གཉིས་སུ་བླ་མ་འབྲལ་མེད་སྤྱི་བོར་སྒོམས། །གསུམ་དུ་མོས་གུས་དག་སྣང་སྙིང་རྗེ་སྒོམས། །དེ་གསུམ་བསྒོམ་པ་གསུམ་ཡིན་མ་བརྗེད་ཅིག །རང་ཁ་ནང་དུ་ལོག་ལ་ཅེར་རེ་ཞོག །བདེ་སྡུག་གང་སྐྱེས་རྩིས་མེད་རང་སར་ཞོག །མ་ཡེངས་ཙམ་ལས་བསྒོམ་མེད་ངང་དུ་ཞོག །དེ་གསུམ་ཞོག་ལུགས་ཡིན་པས་ཐུན་དུ་ཟིན། །ཐུན་མཚམས་བག་ཡངས་སྒོ་གསུམ་འཁྲུལ་མ་བཅུག །རང་འདོད་མེད་པའི་གཞན་ཕན་སེམས་བསྐྱེད་དང་། །གསོལ་འདེབས་དང་འབྲེལ་བསྔོ་སྨོན་གང་ཤེས་ཀྱི། །དགེ་སྦྱོར་རྒྱུན་བསྲིངས་འཆི་དུས་མི་འགྱོད་མཛོད། །དེ་སྐད་ཐུགས་ལ་ཞོག་ཅིག་ཚེ་གཡང་ལགས། །ཨ་མ་རྒན་མོའི་སྙིང་གི་གདམས་པའོ། །ཞེས་དང་ཡང་ཨེ་མ། རྙེད་དཀའ་འཇིག་སླ་དལ་འབྱོར་མི་ལུས་ཐོབ། །ལས་དབང་བཟང་པོས་དམ་ཆོས་མཇལ་སྐབས་འདིར། །ཤ་ཚའི་གྲོས་འདེབས་རང་གིས་མ་བྱས་ན། །གཉེན་བཤེས་གཞན་གྱིས་སྐྱོབ་པར་མི་ནུས་ཀྱི། །སྤྱིར་ཡང་དག་དང་མ་དག་རང་སྣང་ཙམ། །རང་སྐྱོན་དག་ན་གཞན་སྐྱོན་མཐོང་མི་སྲིད། །དེ་ཕྱིར་རང་སྐྱོན་ཁོ་ན་གཅེར་གྱིས་ལྟོས། །བླ་མ་ཆོས་གྲོགས་རྣམས་ལ་དག་སྣང་དང་། །ཕ་མའི་དྲིན་ལན་ཆོས་ཀྱིས་མཇལ་དུས་འདིར། །མི་ལས་ལྷར་གྱུར་ངོ་མཚར་ཆེ་བ་ལྟར། །བསླབ་བྱ་དེ་རྣམས་སྙིང་ལ་བཅངས་ནས་ནི། །རང་གཞན་དོན་གཉིས་སྒྲུབ་མཛོད་སྐུ་ཚེ་རིང་། །ཞེས་མ་ཎི་ལོ་ཆེན་གྱིས་བྲིས་པ་དགེ་ཡང་། །དཀོན་མཆོག་ཀུན་འདུས་བླ་མ་ལྷར། །ཡིད་ཆེས་དད་པས་གསོལ་འདེབས་བྱ། །དལ་འབྱོར་རྙེད་པར་དཀའ་བ་དང་། །རྟག་ཏུ་འཆི་བ་དྲན་པར་མཛོད། །བསམ་པ་རྒྱ་ཆེ་བྱང་སེམས་དང་། །བསླབ་བྱ་དཀར་ནག་བླང་དོར་བྱ། །སེམས་གཡེང་འཁྲུལ་བར་མི་འབྱམས་ཤིང་། །དྲན་པས་མ་བརྗེད་མ་ཡེངས་པར། །ལྷ་ཕྱག་ན་པདྨོའི་བསྙེན་སྒྲུབ་ནི། །ཡི་གེ་དྲུག་མ་ཐུགས་དམ་མཛོད། །འདི་བདེ་ཕྱི་སྐྱིད་ངོ་མཚར་ཆེ། །ད་རེས་དམ་པའི་ཆོས་དང་མཇལ། །ཆོས་ལ་སྙིང་རུས་ཆེ་བར་བྱ། །རང་མགོ་ཆོས་ཀྱིས་ཅི་ཐོན་དང་། །བསྔོ་བ་སྨོན་ལམ་ཡང་ཡང་ཐོབ། །རྗེ་ཀློང་ཆེན་གྱི་སྒྲུབ་གནས་གངས་ཤུག་ནས། །མ་རྒན་མོས་བསམ་བཟང་གི་མཆོད་སྤྲིན་འདི། །མཐོང་ཐོས་དྲན་རེག་གི་འབྲེལ་ཐོག་ལ། །ཕན་བདེའི་དགའ་སྟོན་གྱི་ཉམས་རྟོགས་ཞུའོ། །ཞེས་མ་ཎི་ལོ་ཆེན་གྱིས་བྲིས་པ་དགེའོ། །
ཡང་མཆེད་གྲོགས་རྒྱལ་པོ་ནས་སྐུ་ཞབས་འཕྲིན་ལས་ལགས་བརྒྱུད་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །ཨ་ཧོ། དྲིན་འཁོར་ཐབས་མེད་པའི་བླ་མ་མཁྱེན། །བུའི་སེམས་ཉིད་རྟོགས་པར་བྱིན་གྱིས་རློབས། །ཁྱེད་ཚད་མ་གསུམ་གྱི་ལམ་མཆོག་ནས། །སེམས་འབྱུང་གནས་འགྲོ་གསུམ་མེད་མཐོང་བ། །དོན་ཆོས་སྐུའི་མཁའ་ལ་སེམས་སྤྲིན་དྭངས། །གཞི་ཐ་མལ་ཤེས་པ་ཉི་བཞིན་གསལ། །དེའི་ངང་དུ་ཡུལ་སྣང་གོ་མ་འགགས། །དེ་སྣང་ཡང་འཛིན་པ་མེད་པས་སྟོང་། །དོན་རིག་པ་རྐྱང་འདེད་ལྟ་བའི་ངང་། །ལམ་གཡེང་མེད་འཛིན་མེད་བསྒོམ་ནུས་ན། །སེམས་རྩ་བ་ཆོད་ན་སྒྱུ་ལུས་དང་། །རྩལ་དུག་ལྔའི་རྟོག་པ་ཤུགས་ལ་ཆོད། །དོན་འཆི་མེད་གཉུག་མའི་བཙན་ས་ཟིན། །འབྲས་ལྷུན་གྲུབ་ཡོང་བའི་སྨོན་ལམ་ཞུ། །མ་རྒན་མོའི་གོ་དོན་དེ་ལྟར་ལགས། །བུ་དད་ལྡན་མཆོག་གི་ཐུགས་ལ་བསྟིམ། །བཀྲ་ཤིས་པའི་ལྷ་གོས་དང་བཅས་ཕུལ། །
ཡང་། ཨ་ཧོ། དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཚུངས་མེད་ཀྱི་བླ་མ། །འབྲལ་མེད་བདེ་ཆེན་འཁོར་ལོའི་རིགས་བདག་ཏུ་བཞུགས་ནས། །བདག་སོགས་འགྲོ་བའི་འདིར་སྣང་འཁྲུལ་པ་ཀུན་ཞིག་སྟེ། །ཁྱེད་ཀྱི་གསང་གསུམ་ཐུགས་རྗེའི་བྱིན་འོད་ཅིག་ཕོབས་ཤོག །ཨེ་མ་སྐལ་ལྡན་རིགས་བཟང་དད་ཅན་ཁྱེད་གསོན་དང་། །སྔོན་ཚེ་བསོད་ནམས་བསགས་པའི་རྟེན་བཟང་ཞིག་ཐོབ་ཀྱང་། །ལང་ཚོ་མི་རྟག་དབྱར་ཁའི་མེ་ཏོག་དང་འདྲ་བར། །དགོངས་ནས་ཕྱི་མའི་རྒྱགས་ཕྱེ་ལྷ་ཆོས་ལ་རེམ་མཛོད། །ཆོས་སྤྱོད་གང་འགྲུབ་སྦྱོར་བ་སེམས་བསྐྱེད་དད་ལྡན་པའི། །དངོས་གཞི་འབྱུང་གནས་འགྲོ་གསུམ་ཐག་ཆོད་ཅིག་མཛོད་ནས། །གཟུང་འཛིན་སྤྲོས་པས་མི་གཡོ་ཞི་གནས་ལ་གནས་ན། །ལྷག་མཐོང་ང་བདག་རྩད་ཆོད་མི་མཐོང་བའི་དོན་མཐོང་། །དེ་ཡི་རང་མདངས་རང་ལ་དྲིན་ཐོབ་ཀྱི་བླ་མར། །སངས་རྒྱས་ཀུན་འདུས་ཅི་གསུང་བཀའ་བཞིན་དུ་བསྒྲུབས་ནས། །གྲོགས་མཆེད་ཀུན་ལ་སྔར་བཞིན་དག་སྣང་ཞིག་སྦྱངས་ཏེ། །དགེ་བ་སྒྲུབ་ཚད་མ་རྒན་རྫོགས་བྱང་ལ་འགོད་ཕྱིར། །ཀུན་བཟང་རྩ་བརྒྱུད་བླ་མའི་ཡོངས་བསྔོ་ལྟར་བསྔོས་ན། །ཁྱེད་ཀྱི་འདི་ཕྱིའི་དོན་ཀུན་འབད་མེད་དུ་འགྲུབ་འོང་། །དེ་སྐད་ལྷ་གོས་རིན་གཉིས་འཁོར་ལོ་དང་བཅས་ཏེ། །བཀས་སྐུལ་ལྡོག་མེད་ཆོས་མེད་སྤྲང་མོ་ནས་ཕུལ་བས། །མཐར་ཐུག་ཚོམ་བུའི་དཀྱིལ་འཁོར་ལྷན་ཅིག་ཏུ་ཚོགས་ནས། །རང་གཞན་དོན་གཉིས་འགྲུབ་པའི་སྨོན་འདུན་ཞིག་ཞུའོ། །
ཡང་། རྗེ་རྒྱལ་ཀུན་འདུས་ཞལ་བླ་མ་མཁྱེན། །བུས་མ་ལ་གདུང་བཞིན་འབོད་པ་ལ། །ཞིང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱིས། །ཐུགས་རྗེ་ཡི་ནུས་པ་མ་ལུས་པ། །གཅིག་བསྡུས་ཏེ་དད་ལྡན་སློབ་བུ་ཡི། །རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །སྙན་གསོན་དང་དམ་ལྡན་རྒྱལ་པོ་ལགས། །སྔོན་བྱོན་གྱི་རྒྱ་བོད་པཎ་གྲུབ་དང་། །ད་ལྟ་ཡི་བླ་མའི་བར་ཉིད་ཀྱང་། །རྟག་འཛིན་གྱི་གདུལ་བྱ་འདུལ་བའི་ཕྱིར། །སྐུ་མྱ་ངན་འདའ་བའི་ཚུལ་དུ་བསྟན། །རང་རེའང་དེ་ལས་མ་འདས་པར། །དེ་བསམས་ནས་མི་རྟག་རྒྱུད་བསྐུལ་མཛོད། །དེ་སྔ་མོ་ནས་བླ་མ་འདྲིས་ཆེ་བས། །འདས་ཉམས་དང་ཞོར་ཉམས་ཕོག་སྲིད་པས། །སྟོབས་བཞི་ཡི་ཏིང་འཛིན་ཤུགས་དྲག་པོས། །ཚེ་རབས་ཀྱི་བསགས་པའི་སྡིག་ལྟུང་སྦྱོངས། །དོན་དམ་པར་བླ་མ་འདུ་འབྲལ་མེད། །རང་རིག་པ་བརྗོད་མེད་གནས་ལུགས་ཀྱི། །དོན་ཡང་ནས་ཡང་དུ་བསྒོམས་གྱུར་ན། །སྐྱོ་གྲོགས་ལ་འདི་ལས་ཟབ་པ་མེད། །རེ་འགའ་ནི་རང་གི་བླ་མ་དེ། །དུས་གསུམ་གྱི་རྒྱལ་བས་སྐོར་ཏེ་བཞུགས། །མོས་གུས་ཀྱི་གསོལ་འདེབས་བགྱིས་པའི་མཐུས། །དེ་གཅིག་ཞལ་ཐིམ་གཉིས་ཐིམ་བླ་མར་ཐིམ། །དེ་རང་ལ་ཐིམ་པས་རྐྱེན་བྱས་ནས། །བླ་མ་ཡི་སྐུ་གསུང་ཐུགས་གསུམ་དང་། །བདག་གཞན་གྱི་ལུས་ངག་ཡིད་གསུམ་པོ། །དབྱེར་མེད་དུ་བསྲེས་ལ་མཉམ་པར་ཞོག །སྐྱེ་མེད་ཀྱི་ཀློང་ན་སྐྱེ་འཆི་མེད། །དེའི་ངོ་བོ་རྒྱུན་དུ་མ་ཡེངས་པར། །གཡེང་མེད་ཀྱི་དྲན་པས་རྒྱུན་དུ་བཟུང་། །དྲི་མེད་ཀྱི་ལྷག་བསམ་ཤེལ་ལྟ་བུས། །བཞུགས་དང་ཁྱད་མེད་ཞབས་འཇུག་སྐྱོངས། །མཆོག་གསུམ་གྱི་མཐུ་དང་མ་རྒན་གྱིས། །འཕགས་མ་ལ་གསོལ་བཏབ་ཚེ་མཇུག་ཏུ། །རང་བདེ་ཞིང་གཞན་དོན་འབད་མེད་དུ། འགྲུབ་ཡོང་ངོ་དད་ལྡན་སྙིང་ལ་ཆོངས། །བློ་མ་མང་བློ་སྣ་གཅིག་ཏུ་གཏོད། །མ་རྒན་མོའང་རང་སེམས་འདུ་འབྲལ་མེད། །དགེ་ཅི་བྱས་སྦྱོར་དངོས་རྗེས་གསུམ་དང་། །མ་འབྲལ་བར་རྫོགས་བྱང་ཐོབ་ཕྱིར་བསྔོས། །ཞེས་པ་འདི་སྐུ་ཞབས་འཕྲིན་ལས་བརྒྱུད་ཞལ་གདམས་ཤིག་དགོས་ཞེས་ལྷ་རེག་ཨ་ཤེ་དང་དངུལ་སྲང་བཅོ་ལྔ་བཅས་ནན་ཏན་ཆེན་པོས་བསྐུལ་ངོར་གངས་ཐོད་ཤུག་གསེབ་ནས་མ་རྒན་མོས་གདམས་པའོ། །
ཡང་ས་གླང་ཟླ་བ་ལྔ་པའི་ཚེས་ཉེར་ལྔ་ནས་བཟུང་གྲུབ་ཆེན་རིན་པོ་ཆེའི་སྐུ་མདུན་ནས་དགེ་བ་གསུམ་གྱི་དོན་ཁྲིད། ཁྲིད་རྐང་རེ་ལ་ཞག་གཉིས་རེ་བྱས་ཏེ་ཞག་ཉིས་བརྒྱ་དང་བརྒྱད་ཅུ་གྱ་དྲུག་བར་མ་ཆད་པར་བྱས། རྒྱུད་སྡེ་བཞིའི་བསྐྱེད་རིམ་སྐབས་ལྷ་དེ་རྣམས་ལམ་ལམ་དུ་ཤར། དེའི་བསྙེན་པ་རྣམས་ཐོན། ཉམས་ལེན་ལ་བོགས་སྐྱེད་ཆེ་བར་བྱུང་། དེ་ལྟར་ཉམས་སུ་ལེན་མཁན་ཨེ་བྱུང་རེ་བ་བྱས་ཀྱང་ངག་དབང་ཆོས་ཉིད་ལས་གཞན་ཞུ་མཁན་མ་བྱུང་། ཡང་གཏེར་སྟོན་པད་རྒྱལ་གླིང་པ་ཕེབས་ནས་ཁོང་རང་གི་གཏེར་ཆོས་པདྨ་རྒྱལ་པོའི་ཁྲོས་ནག་གི་དབང་ཞུས། ཡང་རྒྱལ་རོང་ནམ་སྤྲུལ་རིན་པོ་ཆེའི་སྐུ་མཆེད་དགེ་ཚ་སྤྲུལ་སྐུ་ཕེབས། ནམ་སྤྲུལ་རིན་པོ་ཆེའི་གཏེར་ཆོས་མནྡ་ར་བའི་ཚེ་དབང་ཞུས། ཡང་གཡོན་རུ་དཔོན་ཕེབས་ནས་རྟོག་རྒྱུགས་ལེགས་པར་གནང་བས་སེམས་ལ་བོགས་སྐྱེད་ཀྱང་ཆེ་བར་བྱུང་།
ས་གླང་ལོར་ཤུག་གསེབ་ནུབ་ཏུ་བྱང་ཆུབ་ཆེན་པོའི་མཆོད་རྟེན་བཞེངས་སྐབས་རང་སློབ་མཚོ་རྒྱལ་བཟང་མོ་མཁའ་འགྲོའི་བསྙེན་པ་གྲུབ། སེང་གདོང་མའི་བསྙེན་མཚམས་སྡོད་རྒྱུ་མ་རྙེད་བར་ནུབ་ཆུ་མགོར་རྦབ་རྡོས་བསད་པས་རྐྱེན་བྱས་ཀུན་རྫོབ་དགེ་བ་ལ་ཡིད་བརྟན་མེད་པར་མཐོང་ནས་ཡིད་ཤིན་ཏུ་ཕམ་སྟེ་བསྲེག་སྦྱངས་བསྔོ་སྨོན་བྱས་པས་ལྷོ་ནུབ་ཏུ་ཌཱཀྐིའི་ཞིང་དུ་སྐྱེས་ནས་བདེན་པ་མཐོང་བའི་རྟགས་མཚན་གསལ། སྔོན་གྱི་མཆོད་རྟེན་ཆོས་འཁོར་བཅུ་གསུམ་གྱི་ཟངས་ཕྲན་བུའི་ལྷག་འཕྲོས་གཞི་བྱས་མཆོད་རྟེན་ཞིག་བཞེངས་པར་བརྩམས་པས་སྔོན་གྱི་བྱ་བས་བསུན་ནས་ས་རྡོའི་བྱ་བ་བྱེད་མི་དགོས་པར་གསེར་ཟངས་ཀྱི་མཆོད་རྟེན་ཞིག་བཞེངས་བསམས་ཏེ་ལྕགས་སྟག་ཟླ་བ་གཉིས་པའི་ཚེས་ཉེར་བདུན་ལ་བུ་བདེ་ཆེན་ཆོས་འཕེལ་ལྷ་ལྡན་དུ་བཏང་། ཞོལ་གཉེར་ཆུང་ཆིབས་དྲུང་གིས་བཞེངས་རོགས་བྱས། དུས་འདས་ཕུན་ཚོགས་རབ་རྒྱས་ཀྱིས་དགེ་རྩར་ཟངས་དོས་གཅིག གཞན་ཙག་ཙིག་ཕུལ་བས་གཞི་བྱས། གང་ཤར་རིན་པོ་ཆེའི་ཕྱག་མཛོད་མཆེད་རྒྱལ་པོ་ལགས་ནས་བརྡུང་ཆ་རྣམས་བྱང་དུ་བརྡུངས། ལྟོ་སོགས་ཁོང་རང་གིས་སྤྲད་ནས་ལྷ་སར་འབྱོར། གསེར་དང་ཕྲ་སོགས་ས་དབང་ང་ཕོད་དང་སྤང་མདའ། ཀ་ཤོད། འབྲང་སྟོད། ཕ་ལྷ། ཀུན་བཟང་རྩེ། ཕྲེང་རིང་། སྐྱིད་སྨད། ཚ་རོང་། བསམ་ཕོ། ཁྱུང་རམ། ལྕེ་བདེ་བ། ཁྲོ་དགའ་བོ། ཟུར་ཁང་། ལྷ་ཡུམ། དཔལ་རི། ཤར་ཚོང་། ཕིང་ཚོང་། ཨ་ཅག་མིག་དམར། སོ་ལས་རྒན་པདྨ་ཆོས་འཕེལ་བཟའ་ཚང་། ཆིབས་དྲུང་ཚེ་རིང་ཆོས་འཕེལ། སྙིང་སྙིང་ཆོས་སྒྲོན་སོགས་ནས་ཕུལ་བའི་གསེར་དམར་རིལ་བརྗིད་ཡན་ཕྲ་གཡུ་བྱུར་དངུལ་ཞོ་གང་ཡན་གྱི་ཐོ་འབྱོར། ཤུག་གསེབ་ནས་གྲུབ་ཆེན་ཟླ་བ་རྡོ་རྗེ་དང་རྒན་འཕྲིན་ལས་ཆོས་སྒྲོན། སྐུ་ཞབས་བདེ་ཆོས་ལགས། རིག་འཛིན་དཔལ་མཆོག །ནོར་འཛིན་དབང་མོ། མི་དབང་རྣམ་རྒྱལ། ཕུན་ཚོགས་ཆོས་སྒྲོན་བཅས་ནས་ཞལ་འདེབས་བྱུང་བ་རྣམས་བསྔོ་སྨོན་གྱིས་མཚམས་སྦྱོར་བྱས། ཟླ་བ་བཞི་པར་གསེར་ཟངས་ཀྱི་རྣམ་རྒྱལ་མཆོད་རྟེན་ཕྲ་བཀོད་སྤུས་ལྡན་ཐོག་ཚད། གསེར་ཟངས་ཀྱི་གུ་རུ་པདྨ་སམྦྷ་ལོ་བརྒྱད་ཙམ་ཐུགས་རྒྱན་བཅས་འབྱོར། གཟུངས་རབ་གནས་སོགས་སྨིན་གླིང་ལུགས་ལྟར་ཚད་ལྡན་བྱས། ངོ་མཚར་བའི་ལྟས་ཀྱང་བྱུང་། ཡོང་སོང་སོགས་རྩིས་ཞིབ་པར་གྲུབ། སྨོན་ལམ་རྣམ་པར་དག་པས་རྒྱས་བཏབ་བོ། །
ཡང་སྔོན་ངས་ཞུས་པའི་ཡོན་ཏན་མཛོད་ཀྱི་ཚིག་འགྲེལ་དེ་འཕྲོ་སྐྱོང་རོགས། དབུ་དེ་ངའི་སློབ་མ་དྲག་ཤོས་ཀུན་ལ་ཞུས་སྨྲས་ཀྱང་རྗེས་སུ་ཟེར་བ་ལས་ཞུ་མཁན་མི་འདུག །མཐར་ཕྱིན་དབང་མོ་གཅིག་པུས་ཁས་བླངས་སོང་བས་མོ་ལ་བཀའ་བབས་ཡོད་པ་འདྲ། ང་ཤི་ན་ལམ་སེལ་དང་གསོན་ན་ངའི་བཀའ་སྒྲུབ་པ་ཐམས་ཅད་དེས་ཡོང་བ་ཡོད། སང་ནས་འགོ་ཚུགས། དེ་གྲུབ་ན་ངའི་བསམ་པ་ཐམས་ཅད་དེས་རྫོགས་པ་ཡིན་གསུངས། ཞི་ཁྲོའི་བར་དོ་དྲུག་ཁྲིད་དེ་པར་ཡང་བརྐོས། དབང་ཁྲིད་ཀྱང་ང་རང་གིས་ཞུས་པས་ལོ་རེ་ལ་ཚར་རེ་མ་གསུངས་ཐབས་མི་འདུག །ངས་ཞུས་ཟེར་གྱི་ཡིན། ནངས་པར་ནས་དབུ་ཚུགས་སྨྲས་མཎྜལ་རྟེན་དོད་བཅས་ཕུལ་བས་དེ་ལྟར་མཛད། ཨ་བ་གཡུ་སྒྲོན་ལགས་ལ་མཁའ་ལྡིང་གཤོག་རླབས་ཁྲིད། དེ་ཉམས་སུ་བླངས་ན་རྒྱལ་སྲས་བྱང་ཆུབ་སེམས་མ་མིང་དང་དོན་མཐུན་པ་ཡོང་། བློ་མ་གྱུར་ན་མོ་ད་ལྟ་ནི་དད་པ་དགའ་རབ་ཡོད་སྨྲས་ཤིང་རང་གིས་ཁྲིད་ནས་གྲུབ་ཆེན་རིན་པོ་ཆེའི་མདུན་དུ་ཞུས་སྨྲས་བཞིན་ཞུས། ཡང་སྐབས་ཤིག་སྐུ་ཞབས་འཕྲིན་ལས་ལགས་འདིར་ཕེབས་སྐབས་སྔོན་ལས་ལྟ་བུས་སེམས་སྤྲུལ་ཡུམ་སྐུས་ང་ལ་བྱམས་སྐྱོང་བྱིས་པ་ཆུང་ངུ་ལྟར་མཛད་བྱུང་སྨོན་ལམ་གང་དྲག་ཞུས་ཡོད། ཁྱེད་རང་ཚོའི་སྣང་ངོར་ང་ན་བ་མཐོང་ངམ། ན་བ་བློས་བཏགས་རིག་པ་གཞི་མེད་ལ་སྐུ་ཁམས་གང་འདྲ་འདུག་ཟེར་བ་ངོ་ཚ་ཧ་ཧ་གསུངས། ཡང་ཉིན་གཅིག་སྐུ་མདུན་པ་རྣམས་ནས་མཚན་གཟིམ་མ་ཁུག་ཟེར། ཞུས་པས་ང་རང་གི་སྣང་བ་ལ་ནུབ་བ་ལང་སྤྱོད་ལ་སོང་། གུ་རུ་དྷེ་ཝ་ཧ་རི་དྷེ་ཝ་སོགས་ལ་རྩལ་སྦྱངས་སྤྲུལ་སྒྱུར་བྱས་པ་ཡིན་བཤད།
ས་གླང་ཟླ་བ་དྲུག་པར་ཐོག་ཁར་ནུབ་ཀྱི་མཆོད་རྟེན་ལ་རབ་གནས་སོང་། མིག་གིས་རབ་རིབ་ཙམ་ལས་མ་མཐོང་ཡང་ལྷ་མང་པོས་མེ་ཏོག་གཏོར་བ་དང་མ་ཅིག་བཞད་མོ་མཛད་དེ་བཞུགས་པ་མཐོང་། ལྕགས་སྟག་ཟླ་བ་གཉིས་པར་བདེ་རབ་ཡུམ་སྐུ་འབྱོར་བརྟན་བཞུགས་པ་བཞུགས་ཕུལ་རྗེས་སུ་ཕེབས་ཁར་ད་ནས་མཇལ་མི་ཡོང་སྨྲས། སྙིང་དྲུང་ནས་མཆེད་བཀྲ་ཤིས་ལགས་སྙུང་སར་གྲུབ་ཆེན་རིན་པོ་ཆེ་ཕེབས་ཞུས་བཞིན་ཕེབས་ཁར་ཁྱེད་རང་ཚུར་མ་ཕེབས་བར་བླ་མ་མེད་སར་ང་འཆི་མི་ཡོང་ཞེས་ཁས་བླངས། མཆེད་གྲོགས་འདས་ནས་མཆོད་བསྔོ་ཡོང་ཚེ་རྨི་ལམ་དུ་དེར་སོང་བས་ལུང་པ་དེ་སྨུག་པས་བསྒྲིབས་ཏེ་མ་མཐོང་ཡང་གྲུབ་ཆེན་རིན་པོ་ཆེ་སྤང་སྟེང་གུར་ནང་དུ་མཇལ་བར་རྨིས། དེ་མཚམས་ཉ་ཁོག་ཏུ་བཞུགས་ཡོད་ཟེར།
ཡང་ལྕགས་སྟག་ཟླ་བ་དགུ་པར་ཁམས་ཕྱོགས་ལ་དམག་ཟིང་ཡོད་འདྲ། དེ་སྐབས་ཐུགས་འགྱུར་བའི་རྣམ་འགྱུར་གྱི་མགོན་པོ་དང་འཁོར་བཙན་དེ་གར་འདུག །སངས་རྒྱས་ཀྱི་བསྟན་པ་སྲུང་མི་ཁྱེད་རྣམས་མིན་ནམ་ཞེས་གསུང་དྲག་པོས་བོས་ཏེ་ཕྱག་དཔེ་སོགས་འཕངས། གཞན་ཡང་སྲུང་མ་རྣམས་མི་དང་མི་ལབ་ལབ་སྣང་། སྐབས་རེ་ཞབས་ཞུ་བགྱིས་ཏེ་བཀའ་མོལ་འདྲི་རྟོག་མཛད་པ་ཐོས། རྒྱལ་རྩེ་ཚོང་ཁང་ནས་དྷརྨ་སེངྒེས་སྒྲུབ་པའི་རིན་ཆེན་རིལ་བུ་ཕུལ་བ་བོར་བརླག་ཞག་གཉིས་གསུམ་བར་སོང་། མི་དང་མི་མིན་སུའི་ལག་ཏུ་ཡོད་ཀྱང་ཁྱེར་ཤོག་གསུངས་པས་གཡུ་སྒྲོན་མས་མངོན་སུམ་ཕུལ་ཡོད་གསུངས། ཡང་ཤྭ་མོ་བརླགས་པས་ཞག་ཁ་ཤས་ནས་ཕྱག་ཏུ་ཕུལ་ཏེ་སླེབས་པ་སོགས་མང་དུ་བྱུང་། ཡང་སྔོན་ཟངས་ཡག་བྲག་ཏུ་བཞུགས་སྐབས་གཅུང་འཇམ་དབྱངས་བློ་གྲོས་མཆེད་གྲོགས་ཚུལ་ཁྲིམས་སར་ཇ་ཁུ་ཕོས་ནས་དེའི་ཚབ་ལྕི་བ་བཏབ་པ་གསན་ནས་རས་ཁུག་ནང་བཞག་གནམ་ལ་བཏགས་ནས་སྐོར། དྲག་མོའི་ཚུལ་གྱིས་ཕྱག་འབེབས་གནང་། ད་ཨ་ཅག་སར་མར་སྤགས་ཟས་ཏེ་སྡོད་དམ་ཕྱི་རོལ་ཆར་པའི་དཀྱིལ་དུ་སྡོད་གསུངས། མཇལ་ཚེ་སྤྱན་གསུམ་ཁྲ་ལམ་མེར་གཟིགས་པས་ཟིལ་མ་བཟོད་པས་ཕྱི་རོལ་འགྲོ་ཆོག་པ་ཞུས།
ཡང་སྔོན་མ་ཅིག་གི་སྐུ་ལ་ཐོད་སྐམ་ལས་མེད་པ་ལས་ཕྱིས་སྐུ་ཞབས་གཡང་སྒྲོལ་ལགས་ལ་པྲོག་ཞུ་ཞིག་ཕུལ་ན་ལེགས་པར་ཡོད་གསུངས་པས་རྐྱེན་བྱས་བདེ་རབ་ལྕམ་སྐུ་ལ་ཞུས་པས་མགར་བ་ཞིག་ཀྱང་འབྱོར་བ་བཅས་གསེར་ཟངས་པྲོག་ཞུ་ལ་རིན་པོ་ཆེའི་ཕྲ་ལེགས་སྤུས་ལྡན། སྐུ་ཞབས་བདེ་ཆོས་ལགས་ནས་མགུལ་ཕྲེང་ན་བཟའ་སོགས་ཕུལ། བསོད་ནམས་བསགས་པ་ལ་རྗེས་སུ་ཡི་རང་དང་བསྔོ་སྨོན་གྱིས་རྒྱས་བཏབ། ཡང་གཏེར་སྟོན་ཆོས་ཉིད་གླིང་པ་ཕེབས། ཁོང་རང་གི་གཏེར་ཁའི་ཚེ་དབང་ཞུས། ཁང་པའི་ནང་ནས་རྡོར་སེམས་སྐུ། གངས་རི་ནས་འཇམ་དབྱངས་སྐུ། སྒྲུབ་ཕུག་ནས་ཕུར་པ་བཅས་གཏེར་བཏོན། རྡོ་བཅད་དང་ནད་བཅོས་གྲུབ་རྟགས་སྣ་ཚོགས་མཛད་འདུག་ཟེར། གཏད་རུལ་སོགས་སྒྲུབ། ཡང་དགེ་བཤེས་བསོད་རྒྱལ་རིན་པོ་ཆེ་ཕེབས་ཁར་ཕྱག་དབང་བཅར་ཚེ་ང་ལ་སྣང་མཆེད་ཐོབ་གསུམ་གྱི་སྣང་བ་ཤར་ཡོད་མངོན་དགའི་ཞིང་དུ་སླེབས་པ་ཡིན་སྨྲས། གྲུབ་ཆེན་རིན་པོ་ཆེ་འབྱོར། རྭ་སྒྲེང་གསོལ་དཔོན་དང་རིགས་བཟང་ཆོས་འཕེལ་ལྷན་ནས་ཞལ་གདམས་དགོས་པར་འཕྲིན་དུ་བསྐུལ་ངོར་འདི་ལྟར་སྨྲས་སོ། །
ཨ་ཧོ། ཀུན་ལ་ཕན་ཕྱིར་སེམས་བསྐྱེད་མི་རྟག་སྒོམས། །དལ་འབྱོར་རྙེད་དཀའ་ལས་འབྲས་སྤང་བླང་སྲུངས། །འཁོར་བའི་སྡུག་བསྔལ་དྲན་ནས་སྐྱབས་སུ་སོང་། །བླ་མར་མོས་གུས་གསོལ་འདེབས་ཐུགས་ཡིད་བསྲེས། །རང་སེམས་མ་བཅོས་བསྔོ་སྨོན་རྣམ་དག་མཛོད། །འཆི་ཁར་མི་འགྱོད་ལག་ལེན་ཐེབས་ངེས་རེམ། །གསོལ་དཔོན་རིགས་བཟང་ཆོས་འཕེལ་ཟུང་གི་ངོར། །ཤུག་གསེབ་མ་ཎི་རྒན་མོས་གདམས་པ་དགེ །ཡང་གྲུབ་ཆེན་རིན་པོ་ཆེ་ལ་ང་ན་ནས་ཤི་མ་ཐུབ། ཁྱེད་བསྒུགས་ནས་གསོལ་བ་བཏབ་ཀྱིན་བསྡད་ཡོད། ཁྱེད་རང་མ་སླེབས་ཚེ་ང་ཤི་ན་ངའི་རོ་ཁྱེད་མ་གཏོགས་སུ་གང་གིས་རེག་ཆོག་མི་ཡོང་ཟེར་ནས་ཁ་ཆེམས་འཇོག་དགོས་བསམས་བྱུང་སྨྲས། ཞབས་པད་བརྟན་དགོས་གསུངས་བྱུང་བས་ད་རྡོར་སེམས་ཚེ་དབང་ཉིན་ལྟར་བསྐུར་ན་ང་འཆི་ཐུབ་ཨེ་ཡོང་ན་ཧེ་ཧེ་སྨྲས། ཡང་ཀར་ཆོས་ནས་གྲུབ་ཆེན་རིན་པོ་ཆེ་བརྒྱུད་ཞལ་གདམས་དགོས་པར་བསྐུལ་ངོར་འདི་ལྟར་སྨྲས་སོ། །
བླ་མར་གུས་འདུད་སེམས་བསྐྱེད་སྡིག་བློ་ལྡོག །ཚེ་དང་སྒྲུབ་པ་སྙོམས་ལ་རིག་ཚོ་བཟུང་། །བསྔོ་སྨོན་རྣམ་དག་རང་རྒྱུད་ཐུལ་ངེས་མཛོད། །ཀར་ཆོས་བསྐུལ་ངོར་མ་ཎི་རྒན་མོས་སོ། །ཞེས་སོ། །བསུན་བཟློག་སྐབས་སྙུང་གཞི་འཁྲུགས་ཏེ་མཁའ་འགྲོ་མང་པོ་ཟིང་ཟིང་བྱེད་བཞིན་ལུས་ཡང་འཕར། ངག་ཡང་སྣ་ཚོགས་སྨྲ་ཞིང་བཟོད་མི་ཐུབ་པར་འདོན་པ་མཚམས་འཇོག་དགོས་པ་ཡང་ཡང་བྱུང་། ཡང་སྐབས་ཤིག་ངག་དབང་ཆོས་ཉིད་ལ་ད་ང་གྲུབ་ཆེན་རིན་པོ་ཆེའི་མདུན་དུ་ལོ་བརྒྱ་སྡོད་རྒྱུ་བྱས་ཀྱང་ལུས་པོས་མི་འཕེར་བར་འདུག་པས་དགོངས་པ་ཞུ་དགོས། ཕུང་པོ་མ་ལུས་ན་དགའ་འམ་ལུས་ན་དགའ་གསུངས། ཞུ་ཚོད་མ་ཐིག་པས་ཅུང་ཟད་བཞག་ན་མི་དགའམ་གསུངས། ཡང་རྡོར་སེམས་བདག་འཇུག་འབུལ་སྐབས་ད་ངའི་ནད་འདི་ལ་སྨན་དང་ཞབས་བརྟན་གྱིས་ཕན་མི་ཡོང་བས་སྣང་བ་གང་ཤར་སྤྱོད་པ་བྱུང་རྒྱལ་སྤྱད་པ་དགའ་ཞེས་ཞལ་དབུགས་བསགས་པ་སོགས་སྙུང་ཆེར་སོང་། ཡང་སྙུང་མེད་པ་སོགས་ཉིན་རེས་མོས་བྱུང་། ངས་བླ་མ་མང་དུ་བསྟེན་མྱོང་ཡང་དེའི་ནང་ནས་ཞབས་དཀར་སྤྲུལ་སྐུ་དང་སྐྱབས་མགོན་པདྨ་རྒྱ་མཚོ། ཁྱེད་རང་གསུམ་སྙིང་ནས་བློ་གཏད་ས་ཡིན། དེའི་ནང་ད་ལྟ་མངོན་སུམ་བཞུགས་པ་ཁྱེད་རང་ཡིན་པས་ང་འདི་ཕྱི་བར་གསུམ་མཐོ་དམན་གར་གཏོང་ཁྱེད་རང་གིས་ཤེས་ཞེས་གྲུབ་ཆེན་གྱི་ཕྱག་དབུ་ལ་སྦྱར་ཏེ་ཡང་ཡང་སྨྲས། དེ་ནུབ་འདི་ལྟར་ཐོལ་བྱུང་དུ་ཡང་ཡང་སྨྲས་ཏེ།
སྐུ་གསུམ་ངོ་བོ་ཚོགས་དྲུག་རང་གྲོལ་ཞབས། །རྩ་བའི་བླ་མ་པདྨ་རྒྱ་མཚོ་དང་། །
གྲུབ་པའི་དབང་ཕྱུག་ཟླ་བ་རྡོ་རྗེ་ལ། །གསོལ་བ་འདེབས་སོ་ཐུགས་ཡིད་དབྱེར་མེད་ཤོག །
ཅེས་ཐམས་ཅད་ཀྱིས་ཐོན་གསུངས་ལ་ཟིན་བྲིས་བཏབ་བཅུག་ཀྱང་། །ཆོས་དབྱིངས་ཀློང་ཡངས་ཀུན་བཟང་ཡངས་པ་ནས། །མ་བཅོས་མིང་དང་མཐུན་པའི་རྣལ་འབྱོར་ང་། །སོགས་གསུངས། ཡང་དཔལ་སྤྲུལ་ཕེབས། ཚིགས་གསུམ་གནད་རྡེག་གི་ཁྲིད་གསུངས། བསུན་བཟློག་འབུལ་སྐབས་ལྷོང་ཟིང་མང་དུ་བྱུང་། ཡང་སྔོན་ནས་སྨིན་གླིང་སློབ་དཔོན་རིན་པོ་ཆེ་ཕེབས་ནས་བསམ་པ་ལྷུན་གྲུབ་ལུང་དང་ཚེ་དབང་ཞུས། སྐབས་ཤིག་གྲུབ་ཆེན་རིན་པོ་ཆེར་རྩ་བསྟན་པས་ཆུ་ངོ་འདུག་ཟེར། བདེ་རབ་ཡབ་ནས་སྨན་རྩིས་ཁང་བསྟེན་གསུངས་ཀྱང་མ་བསྟེན་དབྱིན་སྨན་བསྟེན། སྤྲུལ་སྐུ་རིན་པོ་ཆེ་སོགས་རྟ་ཁྱུང་སྒྲུབ་པ་བཞུགས་ནས་དབང་ཞུས། གྲུབ་ཆེན་རིན་པོ་ཆེར་པྲ་ཕོབས་ཞུས་པས་པྲ་བརྟག་འཚུབ་པས་དེའི་ནང་རྒྱ་ཅན་གྲོ་ལོད་གཏོར་བཟློག་ཞག་བཅོ་ལྔ་དང་། དམ་སྲི་གླུད་རྫོངས་སྐབས་དམ་སྲི་ཐམས་ཅད་སྐྲ་ཟིང་ཟིང་བྱས་ནས་གླུད་དང་མཉམ་དུ་འགྲོ་བ་མཐོང་། གཅོད་ཚོགས་འབྱུང་བཞི་གཟེར་བུ་སོགས་རེས་མོས་དགོང་མོ་དང་ཁྲུས་ཆོག་བཀའ་བསྡུད་སྲི་བཟློག་ཉིན་ལྟར་བསྒྲུབས། ཞལ་རས་ལྷ་ཁང་དུ་རྫ་ཆུ་བླ་མ་སོགས་ནས་གཅོད་འཛིན་པ་རང་གྲོལ་གཅོད་འདུལ་ཞག་དགུ་བསྒྲུབས། འདུ་ཚོགས་ནས་འབུམ་བཀའ་འགྱུར་ཚོགས་འབུམ་སོགས་དང་ལྷ་བསངས་སྣོལ་བསངས་སོགས་ཡང་ཡང་བསྒྲུབས། རྒན་འཕྲིན་ལས་ལགས་དང་ཨ་བ་གཡུ་སྒྲོན་གཉིས་ནས་ཁྲི་ཚོགས་བཅས་ཕུལ། ཡང་༸གོང་ས་༸རྒྱལ་དབང་ཐམས་ཅད་མཁྱེན་པ་མཇལ་བར་མོས་ཤིང་། གྲུབ་ཆེན་རིན་པོ་ཆེས་སྲི་བཟློག་དྲག་སེང་ཞག་བཅོ་ལྔའི་བར་བསྒྲུབས། གནས་ཆུང་ཆོས་སྐྱོང་ལ་བརྟག་ལུང་ཞུས་པས་བཟང་ངན་གང་ཡང་གསུངས་མི་འདུག །སྐུ་དབེན་པར་མོས་པས་རིག་འཛིན་དཔལ་མཆོག་གི་སྦྱིན་བདག་བྱས་ནས་ཤེལ་སྒྲོམ་བཟོས། མཇལ་ཁ་བཀག །རྒྱ་མཁར་ནང་པའི་སྒྲུབ་པ་ཞག་བཅུ་ཙམ་ཚུགས་ཅུང་སྙུང་དྭངས། བདེ་ཆེན་ཆོས་འཕེལ་ལྷ་ལྡན་དུ་འགྲོ་ཁར་མྱུར་དུ་ཤོག་ང་དང་འཕྲད་མི་ཡོང་སྨྲས། ཡང་གནས་གྲྭ་འཇིགས་མེད་ལགས་ཀྱིས་གྲྭ་པ་གྲྭ་རྐྱང་གི་དངུལ་རྡོ་ཚད་དྲུག་ཅུ་བདུན་ཅུ་སྒྲུབ་པ་བཏང་བས་དེ་ཆུད་ཟོས་མེད་པ་དང་། ང་དེའི་བར་མི་འཆི་བའི་ཞལ་བཞེས་གནང་དགོས་གྲུབ་ཆེན་ལ་ཞུས་པས་ཞལ་བཞེས་གནང་། སྨན་རྩིས་ཁང་ནས་དབྱངས་འཆར་དགོངས་དོན་བཀའ་འགྱུར་ཕུལ། འཇིགས་མེད་ལགས་ནས་སྒྲུབ་པའི་སྐབས་ཞལ་བཞུགས་པའི་ཞལ་བཞེས་ཞུས་པས་ཚེ་མ་ཟད་བར་དུ་མི་འཆི་སྨྲས།
ཡང་ཚེས་བཅུ་གཅིག་ཉིན་གྲུབ་ཆེན་རིན་པོ་ཆེ་ཕེབས་ཞུས་ནས་ད་ང་སྔོན་ནས་ལོ་བརྒྱའི་བར་དུ་སྡོད་རྒྱུ་དགོངས་པ་གནང་རོགས་ཞེས་ཕྱག་རྒྱབ་མདུན་ཐམས་ཅད་ལ་བཞག །ང་བསྡད་ཀྱང་མིག་ནི་མེད། རྐང་པ་ནི་མེད། རྣ་བས་ནི་མི་ཐོས། སྐད་ནི་མི་ཐོན་པས་ཕན་མེད། ང་ལོ་ཆུང་ཆུང་བྱས་ནས་མྱུར་དུ་སླེབས་འོང་། དེ་ཚེ་ང་ལ་ཀ་ཁ་སློབས། ངེད་གཉིས་མཉམ་དུ་ཆོས་འཆད་ཉན་བྱེད། ང་ཤི་ཡང་དམྱལ་བར་ནི་མི་ལྟུང་བས་འགྱོད་པ་མེད་ཀྱང་ངའི་བུ་དང་བུ་མོ་ཕྲུ་གུ་མང་པོ་འདི་མགོ་མི་ཐོན་པར་འདུག་པས་ཁྱེད་ཀྱི་ཐུགས་རྗེས་གཟིགས་སྨྲས་ནས་མཐེ་བོང་བསྟན། ཅིས་ཀྱང་འདི་རྣམས་མགོ་མ་ཐོན་བར་བཞུགས་གྲུབ་པ་གསུངས་ཀྱང་ཡང་གསར་པ་མང་དུ་སྐྱེ་ཡོང་། རྫོགས་དུས་མི་ཡོང་སྨྲས། ང་ཤི་ནས་ཞག་གསུམ་བར་འདོན་པ་མ་འདོན། མཆོད་པ་མ་འབུལ། ཁང་པའི་ནང་དུ་མི་གཅིག་མ་གཏོང་། སྒོ་རྒྱོབ། ལྡེ་མིག་ཁྱེད་རང་གིས་ཁྱེར་ནས་སྡོད། གཅིག་བྱས་ན་ཕུང་པོ་ལྷག་མེད་དུ་སངས་ཡོང་། གཅིག་བྱས་ན་རུས་དུམ་སྤར་གང་ལུས་ཡོང་། དེ་མེར་བསྲེག་ཆུར་བསྐུར་རང་དགར་འཇོག་པ་ཅི་བྱེད་ཁྱེད་རང་གིས་ཤེས་སྨྲས། ཅིས་ཀྱང་མ་བཞུགས་ན་ཡང་སྲིད་གར་འཁྲུངས་ཡོང་གསུངས་པས་མཛུབ་མོ་ཐུགས་ཀར་གཏད་དེ་ང་ཁྱོད་ཀྱི་སྙིང་ནང་དུ་སྐྱེ་ཡོང་ལན་གསུམ་སྨྲས།
ཡང་རྒྱལ་པོ་གཡུ་སྣའི་ལོ་རྒྱུས་ཐམས་ཅད་བཤད། ཡང་ཁྱབ་གདལ་ཆེན་པོར་བསྒོམ་དང་མ་བསྒོམ་མེད། གསུངས་པས་ཁྱེད་རྣམས་ལ་བསྒོམ་རྒྱུ་འདུག་གམ་གསུངས་མི་འདུག་ཞུས། མི་བསྒོམ་རྒྱུ་འདུག་གམ་གསུངས། མི་འདུག་ཟེར། ཧ་ཧ་ང་དེ་ཡིན། ང་ལ་ན་ཚ་གཏན་ནས་མེད་པར་དྭངས་སང་ངེ་འདུག་སྨྲས། ཞབས་པད་བརྟན་དགོས་གསུངས་པས་རྟག་འཛིན་དེ་ལྟར་མ་ཁྱེད་ང་ལ་སྐྱེ་འཆི་མེད་ཡང་ཡང་སྨྲས། ཡང་རྨི་ལམ་དུ་གྲྭ་པ་ཡ་སོས་མ་མཆུ་མནན་པ་ཞིག་ལ་ཁྱོད་སྔོན་ནས་ངོ་ཤེས་པས་ད་བར་གར་སོང་སྨྲས་པས་གྲྭ་པ་སྒྲུབ་ཏུ་སོང་ཟེར། དེ་ལ་ཆང་བུ་དང་གདོན་ཚོགས་དགུ་མ་གསུངས་ཞུས། ཡང་སྔོན་ནས་ལྷ་ཐོག་བླ་མ་ལེགས་བཤད་ཟླ་བ་སོགས་བླ་མ་རྣམས་ནས་འདུ་ཁང་དུ་གཅོད་འདུལ་ཞག་བདུན་མཐའ་རྟེན་མེ་མཆོད་བཅས་བྱས།
ཡང་ཟླ་བ་གསུམ་པའི་ཚེས་ལྔ་ནུབ་རིག་འཛིན་ལགས་ལ་འདི་ལྟར་གསུངས་བྱུང་དེ་བྲིས་གསུངས་པ་ལྟར་ན། འདི་སྣང་འཁོར་བའི་བྱ་བ་ལ་སྙིང་པོ་ཅི་ཡང་མ་མཆིས་པས་ད་ལྟ་བཞིན་མཚམས་རྣམ་དག་བགྱིས་ན་བླ་མ་ལ་སྒྲུབ་པའི་ཞབས་ཏོག །ཕ་མ་ལ་དྲིན་ལན་གསོ་ཐབས། རང་ལ་དལ་འབྱོར་དོན་ལྡན་སོགས་སྟན་ཐོག་གཅིག་ནས་དོན་ཀུན་འགྲུབ་པས་དམ་བཅའ་བརྟན་པར་གྱིས། སྤྲུལ་སྐུ་རིན་པོ་ཆེ་སེམས་ཉིད་གོང་མའི་ཡང་སྲིད་ཕུར་ལྕོག་བྱམས་མགོན་དང་། རྡོ་བྲག་ཆུ་བཟང་རིན་པོ་ཆེའི་ལུང་རང་གི་རྨི་ལམ་མཚུངས་པས་འཁྲུལ་མེད་འདིར་ཁྲི་འདོན་གྱིས་ཤུག་གསེབ་རྩིས་འབུལ་ཞུས་ཡོད། ད་བསྟན་པ་འཛིན་ནུས་ཡོང་བ་འདུག །ང་གློ་བུར་དུ་འཆི་ན། འཆི་བ་འཆི་བ་མ་ཡིན་ཏེ། རྣལ་འབྱོར་སངས་ཆུང་རྒྱ་བ་ཡིན། །ཟེར་བའི་གདེངས་ཙམ་ཡོད་ཁུལ་ཡིན། ཁྱེད་རང་ཡང་དེ་ལྟར་ཡོང་བའི་བརྩོན་འགྲུས་གྱིས། ངས་གདམས་པ་གང་ཡོད་ནི་ཁྱོད་རང་ལ་བྱིན་ཡོད། ང་རིང་པོ་མི་རྟག་ནའང་ལྷ་ཐོག་རིན་པོ་ཆེ་འདི་དོན་གྱི་སྐྱབས་མགོན་ཞབས་དཀར་དངོས་ཡིན་པས་གཞན་གྱི་སྒྲོ་སྐུར་བྱེད་མིའི་ཁ་ལ་མ་ཉན་པར་བཅར། བླ་མ་དེ་འདྲ་ཁམས་བོད་གཉིས་ན་དཀོན་འདུག །གྲུབ་ཆེན་རིན་པོ་ཆེ་ལ་དད་པ་གྱིས་དང་མཁས་གྲུབ་གཉིས་འཛོམས་ཡིན། ལར་གསང་སྔགས་ཀྱི་རྩ་བ་དད་པ་དག་སྣང་ཡིན། ང་ལ་རྣམ་ཐར་ལེགས་ཤོས་མཆོག་དམན་སུ་ལའང་དད་པ་དག་སྣང་ལས་ལོག་ལྟ་སྒྲོ་སྐུར་ཞུ་མ་མྱོང་གསུངས་འདུག་ཟེར།
ཡང་སྐུ་ཁྲག་མང་དུ་སྐྱུག་བཤལ་བས་གྲུབ་ཆེན་ལ་ཡུམ་སྐུ་ཞབས་ནས་པྲ་ཕོབས་གསུངས་པས་སྣ་དུད་ཀྱི་སྒོ་ང་གཉིས་མར་མེ་སྔོ་ལྟེམ་ཞིག་མཐོང་། རྫ་ཆུ་བླ་མ་དང་གྲུ་གུ་བསོད་སྙིང་ཕེབས། ཕྱག་རྩ་མཇལ་བས་སྐྱོན་མི་འདུག་ཟེར་ཁྲུས་སོགས་ཞུས། ཚེས་བཅུ་གསུམ་ཞོགས་པར་གྲུབ་ཆེན་རིན་པོ་ཆེ་ཕེབས་ཚེ་ང་དབྱིངས་རིག་བསྲེ་ཡོད་ཁྱེད་རང་ཡང་བསྲེས་ལུས་པོ་གཡུག་འགྲོ་བས་མར་མནན་སྨྲས། སྐུ་ཁྲུས་ཞུས་བཀའ་བསྒོའི་ནང་གདོད་ནས་དག་པའི་སེམས་ཉིད་འདི། ཐོས་པས་གདོད་ནས་དག་ན་ད་ལྟ་མི་དག་པ་ཅི་ཡིན་དང་། ཉིན་གུང་ཞལ་འདོན་ཆོས་དབྱིངས་མཛོད་ནང་། གཅིག་རྫོགས་ཀུན་རྫོགས་བྱང་ཆུབ་སེམས་སུ་རྫོགས། །ཐོས་པས་ང་ཡང་རྫོགས་ང་ཡང་རྫོགས་སྨྲས། ཡང་སྔོན་ཨ་བ་ངག་རྒྱན་ལ་གསུངས་པའི་འོ་ན་ཡེ་ཧྱ་ཧི་བྷ་ཡ་བྷྱོ༔ བཛྲ་གུ་རུ་གསུངས་འདུག་ཟེར། དེ་ནས་ཚེས་བཅུ་གསུམ་ས་སྲོད་ཙམ་ལ་རྫོགས་པ་ཆེན་པོའི་རྒྱུད་ལས། མངོན་པར་རྫོགས་པ་སངས་རྒྱ་བ་དང་ཡང་དག་པར་རྫོགས་པ་སངས་རྒྱས་པའོ། །དེའི་རྟགས་ནི་སྒྲ་འུར་ཞེས་པ་དང་ཐུག་ཅེས་པ་འུར་གྱིས་གྲགས་ན་ཞག་ལྔ་ན་འཚང་རྒྱའོ། །ཐུག་ཅེས་གྲགས་ན་དེ་མ་ཐག་ཏུ་སངས་རྒྱའོ། །
ཞེས་པ་ལས་ཤར་ལྷོ་ནས་སྒྲ་འུར་ཞེས་གྲགས་པ་དང་ས་བཅུ་གསུམ་ནོན་པའི་རྟགས་སུ་ས་གཡོ་བ་དང་ཕན་ཚུན་ཀུན་ནས་ཞག་ཁ་ཤས་འཇའ་འོད་སྣ་ལྔ་ཕྱོགས་ཐམས་ཅད་ནས་ཟུག་པ་མངོན་སུམ་མཐོང་། སྐུ་གདུང་ཐད་དུ་ཨ་དཀར་པོ་འོད་ཟེར་འཕྲོ་བ་འཁོར་བ་དང་ཞག་གསུམ་ནས་སྤྱན་གཡས་པའི་སྟེང་དུ་དུང་དཀར་གྱི་དབྱིབས་དཀར་པོ་འབུར་དོད་དང་དཔྲལ་བར་རྩ་གསུམ་གྱེན་དུ་སྒྲེང་བར་གསལ་བ་ནི་རབ་སྐུ་ལས་གྲོལ་བའི་རྟགས་སུ་སྐུ་གདུང་འབར་བའི་རྒྱུད་ལས་བཤད་པ་དང་སྐུ་གདུང་ལ་སྟག་ཤམ་རུས་རྒྱན་གྱི་རི་མོ་དངོས་སུ་ཡོད་པ་གཅུང་རིན་པོ་ཆེས་གསུངས་ཤིང་། སྐུ་དང་ཡིག་འབྲུ་རིང་བསྲེལ་ཕྱག་མཚན་སོགས་ནི་གདུང་མ་བཞུས་པས་མ་མངོན། གཞན་རྫོགས་པ་ཆེན་པོའི་འདས་རྟགས་མ་ལུས་མངོན་དུ་གྱུར་ནས་གཞི་སྣང་གཟུགས་སྐུའི་བཀོད་པ་གཞི་དབྱིངས་ཆོས་སྐུ་ནང་གསལ་ཐིམ་ལ་མ་རྨུགས་པར་ཁྱད་ཆོས་དྲུག་གི་ཀློང་དུ་ཐིམ་པར་གྱུར་ཏོ། །
སྨྲས་པ། རྣམ་འགྱུར་གར་མཁན་ལག་ལྟར་འདུས་བྱས་གཤིས། །རྣམ་ཀུན་མཆོག་ལྡན་ཆོས་ཉིད་འདུས་མ་བྱས། །རྣམ་མང་འགྲོ་ཁམས་རྒྱ་མཚོ་སྒྲོལ་བའི་ཕྱིར། །རྣམ་ཐར་སྐུ་ཚེ་ཐ་མའི་མཛད་པ་སྤྲོ། །མཁས་མཁས་སྙན་ཚིག་མཛེས་པའི་རྒྱན་མ་བཏགས། །ཟབ་ཟབ་གྲུབ་ཚུལ་མཐོན་པོའི་ཉམས་མ་ཁེངས། །སྙན་སྙན་མི་ཆོས་ངོ་བསྲུང་ཆོས་བརྒྱད་དོར། །བདེན་བདེན་བླ་མའི་གསུང་ཚིག་བཅོས་མེད་ཡིན། །ཞེ་ཆེན་རབ་འབྱམས་ཕུར་པ་རྒྱུད་ལུགས་དང་། །ཙཎྜ་ལིའི་དབང་གནང་ནས་གངས་ཐོད་ཕེབས། །མར་ལམ་འདིར་ཕེབས་མཆོད་རྟེན་རབ་གནས་གནང་། །གསེར་ཀོང་ཕུལ་ནས་ཐུགས་བརྟག་ཞུས་པ་ཡིས། །ཕུར་སྐུ་འབུམ་བཞེངས་དམ་སྲི་དགྲ་སྲི་མནན། །གྲུབ་ཆེན་ལ་ཞུས་གསུངས་པས་དེ་བཞིན་མཛད། །ཕུར་སྐུ་འབུམ་གཉིས་ཀི་ལ་ཡ་འབུམ་བཅས། །ཕྱི་ནང་ཐམས་ཅད་གྲུབ་ཆེན་རང་གིས་བཞེངས། །རིག་འཛིན་བསོད་ནམས་འོད་ཟེར་ཞལ་གདམས་བཤད། །སྔོན་ནས་གང་ཤར་གསང་ཡུམ་ཚེ་གཡང་གི །དགོངས་རྫོགས་མ་ཎི་དུང་སྒྲུབ་ཟབ་རྒྱས་ཚུགས། །གང་ཤར་སྐུ་གཤེགས་མྱུར་བྱོན་གསོལ་བ་བཏབ། །སྤྲུལ་སྐུ་ཞེ་ཆེན་ཞུས་པས་མཁྱེན་བརྩེའི་མདུན། །ཞུ་གསུངས་གྲུབ་ཆེན་རིན་པོ་ཆེའི་མདུན་ནས། །གཅོད་དབང་བརྒྱ་རྩ་གསར་པ་ལན་གསུམ་ཞུས། །རག་ཤག་རྗེ་བཙུན་ནོར་འཛིན་དབང་མོ་དང་། །ཤག་ལྕམ་ཞུས་ངོར་སོ་སོར་ཞལ་གདམས་བཤད། །ར་དགོན་ཨ་ཎིས་བསྐུལ་ངོར་ཚོགས་གླུ་བླངས། །ངག་འཕྲིན་རྨི་ལམ་དོན་ལྟར་རྩ་གསུམ་གྱི། །ཌཱཀྐིའི་སྲོག་སྒྲུབ་གཏན་ཕབ་སྨིན་གྲོལ་བྱས། །ཞལ་གདམས་གཉིས་བཤད་ཡེ་ཤེས་ཆོས་སྒྲོན་དང་། །བདེ་རབ་སྲས་ཡུམ་དཀོན་མཆོག་རྒྱལ་མཚན་ལ། །སོ་སོར་ཞལ་གདམས་བཤད་ནས་དམ་ཅན་གཟིགས། །ཞལ་འདོན་སྐོར་བཤད་གྲུབ་ཆེན་རིན་པོ་ཆེས། །ཆུ་ལུག་ལྕགས་ཡོས་བར་དུ་ཟླ་རེ་བཞིན། །རྡོ་ཚད་རེ་རེ་ཕུལ་ནས་བརྒྱ་ཟིན་མཚམས། །བླ་མའི་རྣལ་འབྱོར་ཚོགས་ལས་འཛུགས་རྒྱུ་བྱས། །སྔོན་ནས་ལྟེ་ཕུག་སྡོད་སྐབས་རྫ་བུམ་ནང་། །ཆུ་ཁུར་ལུང་ཆད་འདྲིལ་བས་སྐྱོན་མ་བྱུང་། །གང་ཤར་གསང་ཡུམ་མཆེད་གྲོགས་རྒྱལ་པོ་ཡི། །སྔོན་ནས་སོ་སོས་བསྐུལ་ངོར་ཞལ་གདམས་བཤད། །གྲུབ་ཆེན་མདུན་ནས་དགེ་གསུམ་དོན་ཁྲིད་ཞུས། །རྒྱུད་སྡེའི་ལྷ་ཤར་བསྙེན་པ་སོ་སོར་གྲུབ། །ཉམས་ལེན་བོགས་ཐོན་གཏེར་སྟོན་པད་རྒྱལ་ཕེབས། །ཁྲོས་ནག་དབང་དགེ་ཚ་སྤྲུལ་སྐུ་བྱོན། །ནམ་གཏེར་མནྡ་ར་བའི་ཚེ་དབང་ཞུས། །གཡོན་རུ་དཔོན་ཕེབས་རྟོག་རྒྱུགས་ལེགས་པར་གནང་། །མཚོ་རྒྱལ་བཟང་མོ་རྦབ་རྡོས་བསད་པ་ལ། །འགྱོད་ནས་ས་རྡོའི་མཆོད་རྟེན་གྱིས་བསུན་ཏེ། །རྣམ་རྒྱལ་མཆོད་རྟེན་གསེར་ཟངས་ལས་གྲུབ་པ། །པདྨ་སམྦྷ་དང་བཅས་ལྷ་ལྡན་དུ། །བདེ་ཆེན་ཆོས་འཕེལ་རྒྱལ་པོ་ཟུང་ནས་བཞེངས། །འདིར་འབྱོར་གཟུངས་དང་རབ་གནས་ལེགས་པར་གྲུབ། །སྔོན་ནས་གྲུབ་ཆེན་རིན་པོ་ཆེར་ཞུས་པའི། །ཡོན་ཏན་མཛོད་ཀྱི་ཚིག་འགྲེལ་ཟབ་མོ་དེ། །འཕྲོ་སྐྱོང་མཐར་ཕྱིན་དབང་མོར་ཞུས་སྨྲས་ཤིང་། །བར་དོ་དྲུག་ཁྲིད་དང་བཅས་དབུ་ཚུགས་ཤིང་། །ཨ་བ་གཡུ་སྒྲོན་མཁའ་ལྡིང་གཤོག་རླབས་ཁྲིད། །སྐུ་ཞབས་འཕྲིན་ལས་ཕེབས་སྐབས་སེམས་སྤྲུལ་ཡུམ། །ང་ལ་བྱམས་སྐྱོང་བྱས་ཚུལ་སྨོན་ལམ་ཞུས། །ན་བ་བློས་བཏགས་རིག་པ་གཞི་མེད་ལ། །སྐུ་ཁམས་གང་འདྲ་ཟེར་བ་ངོ་ཚ་སྨྲས། །བ་ལང་སྤྱོད་སོང་ཧ་རི་དྷེ་ཝ་དང་། །གུ་རུ་དྷེ་ཝ་མཇལ་ནས་སྤྲུལ་སྒྱུར་བྱས། །
ས་གླང་ཟླ་བ་དྲུག་པར་ཐོག་ཁར་སོང་། །ནུབ་ཀྱི་མཆོད་རྟེན་རབ་གནས་བྱེད་སྐབས་སུ། །མ་ཅིག་བཞད་ཅིང་ལྷ་མང་མེ་ཏོག་གཏོར། །ལྕགས་སྟག་ཟླ་བ་གཉིས་པ་བདེ་རབ་ཡུམ། །བརྟན་བཞུགས་ཕུལ་རྗེས་ཕེབས་ཁར་མི་འཕྲད་སྨྲས། །སྙིང་དྲུང་བཀྲ་ཤིས་སྙུང་སར་གྲུབ་ཆེན་ཕེབས། །བླ་མ་མེད་སར་མི་འཆི་ཞེས་ཁས་བླངས། །འདས་ནས་མཆོད་བསྔོ་ཡོང་ཚེ་རྨི་ལམ་དུ། །ལུང་པ་སྨུག་པས་བསྒྲིབས་ཏེ་སྤང་ཁ་རུ། །གུར་ནང་གྲུབ་ཆེན་གསལ་པོར་མཇལ་བར་རྨིས། །ལྕགས་སྟག་ཟླ་བ་དགུ་པར་ཁམས་ཕྱོགས་ལ། །དམག་ཟིང་ལྟ་བུས་སེམས་འཁྲུགས་མགོན་བཙན་རྣམས། །བསྟན་པ་བསྲུང་ཞེས་དྲག་བརྗོད་དཔེ་ཆ་འཕངས། །སྲུང་མ་རྣམས་དང་ལབ་གླེང་འདྲི་རྟོག་བྱས། །དྷར་སེང་སྒྲུབ་པའི་རིན་ཆེན་རིལ་བུ་བརླག །ཁྱེར་ཤོག་སྨྲས་པས་གཡུ་སྒྲོན་མ་ཡིས་སྤྲད། །ཤྭ་མོ་བརླགས་པའང་འདི་ཡིན་མེད་པས་ཕུལ། །སྔོན་ནས་ཟངས་ཡག་བྲག་ཏུ་བཞུགས་སྐབས་སུ། །འཇམ་དབྱངས་བློ་གྲོས་ཚུལ་ཁྲིམས་ཇ་ཁུ་ཕོས། །ལྕི་བཏབ་གསན་ནས་རས་ཁུག་ནང་བཞག་སྐོར། །ཕྱག་འབེབས་གནང་ནས་ཕྱི་ནང་གར་སྡོད་གསུངས། །སྤྱན་གསུམ་མཐོང་བས་སྐྲག་སྟེ་ཕྱིར་འགྲོ་ཞུས། །མ་ཅིག་ཐོད་སྐམ་ལས་མེད་གཡང་སྒྲོན་ལ། །པྲོག་ཞུ་ཕུལ་ན་སྨྲས་པས་བདེ་རབ་ལྕམ། །ཞུས་པས་གསེར་ཟངས་པྲོག་ཞུ་ཕྲ་རྒྱན་བཅས། །མགར་བ་ཞིག་འབྱོར་སྐུ་ཞབས་བདེ་ཆོས་ནས། །མགུལ་ཕྲེང་ན་བཟའ་བཅས་ཕུལ་སྨོན་ལམ་བཏབ། །དེ་ནས་གཏེར་སྟོན་ཆོས་ཉིད་གླིང་པ་ཕེབས། །ཚེ་དབང་ཞུས་ནས་གཏེར་སྟོན་གྲུབ་རྟགས་བསྟན། །གཏད་རུལ་སྒྲུབ་ཅིང་ནད་བཅོས་སྣ་ཚོགས་བྱས། །དགེ་བཤེས་བསོད་རྒྱལ་ཕེབས་ཁར་སྣང་བ་ལ། །སྣང་མཆེད་ཐོབ་ཤར་མངོན་དགའི་ཞིང་སླེབས་སྨྲས། །གྲུབ་ཆེན་ཕེབས་ནས་རྭ་སྒྲེང་གསོལ་དཔོན་དང་། །རིགས་བཟང་ཆོས་འཕེལ་ཞལ་གདམས་ཞུས་བཞིན་བཤད། །ང་ཤི་མ་ཐུབ་ཁྱེད་བསྒུགས་བསྡད་ནས་ཡོད། །ཁྱེད་རང་མ་ཕེབས་ཚེ་ལ་ང་ཤི་ན། །རོ་དེ་ཁྱེད་རང་མ་གཏོགས་རེག་མི་ཆོག །ཟེར་ནས་ཁ་ཆེམས་འཇོག་དགོས་བསམས་བྱུང་སྨྲས། །ཞབས་པད་བརྟན་དགོས་གསུངས་པས་རྡོར་སེམས་ཀྱི། །ཚེ་དབང་ཉིན་ལྟར་བསྐུར་ཚེ་ཨེ་སྐྱོན་ན། །བྱས་ཤིང་ཀར་ཆོས་ཞལ་གདམས་བསྐུལ་ངོར་སྨྲས། །བསུན་བཟློག་ཞུས་ཚེ་མཁའ་འགྲོ་ཟིང་ཟིང་འཁྲུགས། །ལུས་འཕར་སྣ་ཚོགས་སྨྲ་ཞིང་བཟོད་མི་ཐུབ། །འདོན་པ་མཚམས་འཇོག་དགོས་པ་ཡང་ཡང་བྱུང་། །ངག་ཆོས་ལ་བཤད་གྲུབ་ཆེན་མཆོག་མདུན་དུ། །ལོ་བརྒྱའི་ཁས་ལེན་དགོངས་པ་ཞུ་དགོས་འདྲ། །ཕུང་པོ་ལུས་ན་དགའ་འམ་མ་ལུས་དགའ། །ཅུང་ཟད་མོས་རྟེན་བཞག་ན་མི་དགའམ། །སྨྲས་ཤིང་རྡོར་སེམས་བདག་འཇུག་བསྐུར་སྐབས་སུ། །ནད་འདི་སྨན་དང་རིམ་གྲོས་ཕན་པ་མེད། །སྣང་བ་གང་ཤར་བྱུང་རྒྱལ་སྤྱད་པ་དགའ། །བཤད་ནས་ཉིན་རིམ་འཕར་ལྡང་ཆེས་ཆེར་བྱུང་། ང་ཡིས་བླ་མ་སྤྱི་སྒོས་མང་བསྟེན་ཀྱང་། །ཞབས་སྤྲུལ་པདྨ་རྒྱ་མཚོ་ཁྱེད་རང་གསུམ། ཕུག་གཏད་ས་དེའི་ནང་ཞལ་བཞུགས་པ། །ཁྱེད་རང་ཡིན་པས་འདི་ཕྱི་བར་དོ་གསུམ། །གར་གཏོང་ཁྱེད་ཤེས་གསོལ་འདེབས་ཐོལ་བྱུང་སྨྲས། །དཔལ་སྤྲུལ་ཕེབས་ནས་ཚིགས་གསུམ་གནད་རྡེག་ཁྲིད། །བསུན་བཟློག་འབུལ་སྐབས་ལྷོང་ཟིང་མང་དུ་བྱུང་། །སྔོན་ནས་སྨིན་གླིང་སློབ་དཔོན་མཆོག་ཕེབས་ནས། །བསམ་པ་ལྷུན་གྲུབ་ལུང་དང་ཚེ་དབང་ཞུས། །སྐབས་ཤིག་གྲུབ་ཆེན་རྩ་བསྟན་ཆུ་འདུག་ཟེར། །བདེ་རབ་ཡབ་ཀྱིས་སྨན་རྩིས་ཁང་བསྟེན་ཅེས། །ཟེར་ཡང་དབྱིན་ཇིའི་སྨན་ལས་གཞན་མ་བསྟེན། །སྤྲུལ་སྐུ་རིན་པོ་ཆེ་སོགས་རྟ་ཁྱུང་གི །སྒྲུབ་པ་བཞུགས་ནས་དབང་བསྐུར་གྲུབ་ཆེན་མདུན། །པྲ་ཕབ་པྲ་བརྟག་འཚུབ་པས་གྲོ་ལོད་ཀྱི། །གཏོར་བཟློག་དམ་སྲི་གླུད་རྫོངས་གཅོད་ཚོགས་ཀྱི། །འབྱུང་བཞིའི་གཟེར་བུ་ལ་སོགས་ཁྲུས་ཆོག་དང་། །བཀའ་བསྡུད་སྲི་བཟློག་ལ་སོགས་ཉིན་ལྟར་བསྒྲུབས། །ཞལ་རས་ལྷ་ཁང་རྫ་ཆུ་བླ་མ་སོགས། །འཛིན་པ་རང་གྲོལ་གཅོད་འདུལ་ཞག་དགུ་བསྒྲུབས། །སྐུ་ཞབས་འཕྲིན་ལས་ཨ་བ་གཡུ་སྒྲོན་ནས། །ཁྲི་ཚོགས་ཕུལ་ཞིང་༸གོང་ས་༸སྐྱབས་མགོན་རྗེའི། །ཞབས་རིམ་དྲག་སེང་གཏོར་བཟློག་མང་དུ་ཕུལ། །གནས་ཆུང་ཆོས་སྐྱོང་བརྟག་ལུང་ཞུས་པ་ཡི། །བཟང་ངན་གང་ཡང་མ་གསུངས་ཞབས་བརྟན་གནང་། །དབེན་པར་མོས་པས་རིག་འཛིན་དཔལ་མཆོག་གིས། །སྦྱིན་བདག་ཤེལ་སྒྲོལ་བཟོས་ཏེ་མཇལ་ཁ་བཀག །རྒྱ་མཁར་ནང་པའི་སྒྲུབ་པ་ཞག་བཅུ་ཚུགས། །བདེ་ཆེན་ཆོས་འཕེལ་ལྷ་ལྡན་འགྲོ་ཁ་རུ། །མྱུར་དུ་ཤོག་དང་ང་འཕྲད་མི་ཡོང་སྨྲས། །འཇིགས་མེད་ལགས་ནས་གྲྭ་པ་གྲྭ་རྐྱང་གི །རྡོ་ཚད་དྲུག་ཅུ་བདུན་ཅུ་གཏོང་བ་ལ། །ཆུད་ཟོས་མེད་དང་དེའི་བར་མི་འཆི་བའི། །ཞལ་བཞེས་དགོས་ཞེས་གྲུབ་ཆེན་ཞུས་པས་གནང་། །དབྱངས་འཆར་དགོངས་དོན་བཀའ་འགྱུར་ཞབས་བརྟན་ཕུལ། །འཇིགས་མེད་ལགས་ཀྱི་སྒྲུབ་པ་ཚུགས་སྐབས་སུ། །ཞབས་བརྟན་ཞུས་པས་མི་ཚེ་མ་ཟད་བར། །མི་འཆི་ཞེས་སྨྲས་གྲུབ་ཆེན་ཕེབས་ཞུས་ནས། །སྔོན་གྱི་ཁས་བླངས་དགོངས་པ་གནང་རོགས་ཞེས། །ལུས་རྟེན་བསྡད་ཀྱང་དབང་པོ་སོགས་ནི་མེད། །ལོ་ཆུང་བྱས་ནས་མྱུར་དུ་སླེབས་ཡོང་ལ། །ཀ་ཁ་སློབས་ལ་ཆོས་མཉམ་འཆད་ཉན་བྱེད། །ཤི་ཡང་དམྱལ་བར་འགྲོ་སྙམ་མི་འཇིགས་ཀྱང་། །བུ་དང་བུ་མོ་འདི་རྣམས་མགོ་མི་ཐོན། །ཅི་མཛད་ཁྱེད་ཤེས་ཞུས་ནས་མཐེ་བོང་བསྟན། །འདི་རྣམས་མགོ་ཐོན་བར་དུ་བཞུགས་གྲུབ་པ། །གསུངས་ཀྱང་གསར་སྐྱེ་རྫོགས་དུས་མི་ཡོང་སྨྲས། །ཤི་ནས་ཞག་གསུམ་བར་དུ་དབེན་པར་ཞོག །འདོན་པ་མ་འདོན་མཆོད་པ་འབུལ་མི་དགོས། །མི་གཅིག་མ་གཏོང་སྒོ་རྒྱོབ་ལྡེ་མིག་ཉོར། །གཅིག་ན་ཕུང་པོ་ལྷག་མེད་སངས་པར་འོང་། །གཅིག་ན་རུས་དུམ་སྦར་གང་གཅིག་ལུས་པ། །མེར་བསྲེག་ཆུར་སྐྱུར་ཅི་བྱེད་ཁྱེད་ཤེས་སྨྲས། །ཅིས་ཀྱང་མ་བཞུགས་ཡང་སྲིད་གར་འཁྲུངས་གསུངས། །ཁྱེད་ཀྱི་སྙིང་ནང་སྐྱེ་ཡོང་ལན་གསུམ་སྨྲས། །རྒྱལ་པོ་གཡུ་སྣའི་ལོ་རྒྱུས་རྒྱས་པར་བཤད། །ཁྱབ་གདལ་ཆེན་པོར་བསྒོམ་དང་མ་བསྒོམ་མེད། །གསུངས་པས་བསྒོམ་རྒྱུ་འདུག་དང་མི་འདུག་སྨྲས། །གཉིས་ཀ་མི་འདུག་ཟེར་བས་ང་དེ་ཡིན། །ན་ཚ་གཏན་ནས་མེད་པར་དྭངས་སང་འདུག །ཞབས་པད་བརྟན་གསུངས་རྟག་འཛིན་མ་བྱེད་སྨྲས། །རྨི་ལམ་གྲྭ་པ་ཡ་སོས་མ་མཆུ་མནན། །སྔོན་ནས་ངོ་ཤེས་ད་བར་གར་སོང་སྨྲས། །གྲྭ་པ་སྒྲུབ་སོང་ཟེར་ལ་ཆང་བུ་བཏང་། །སྔོན་ནས་ལྷ་ཐོག་བླ་མ་ལ་སོགས་པས། །འདུ་ཁང་ནང་དུ་གཅོད་འདུལ་མེ་མཆོད་གནང་། །རིག་འཛིན་ལགས་ལ་བསླབ་བྱ་གསུངས་བྱུང་ཟེར། །སྐུ་ཁྲག་མང་སྐྱུག་པྲ་ཕབ་སྒོང་ང་ཤར། །རྫ་ཆུ་བླ་མ་གྲུ་གུ་བསོད་སྙིང་ཕེབས། །ཕྱག་རྩ་མཇལ་ཞིང་ཁྲུས་བྱས་སྐྱོན་མེད་གསུངས། །གྲུབ་ཆེན་ཕེབས་ཚེ་དབྱིངས་རིག་བསྲེས་ལུས་མནན། །གདོད་ནས་དག་དང་ང་ཡང་རྫོགས་ཞེས་སྨྲས། །ཨ་བ་ངག་རྒྱན་སྔགས་བགྲང་གསུངས་འདུག་ཟེར། །དེ་ནས་ཚེས་པ་བཅུ་གསུམ་ས་སྲོད་ལ། །སྒྲ་འུར་ས་གཡོ་འཇའ་ཟུག་ཨ་དཀར་འཁོར། །ཞག་གསུམ་མཚམས་ནས་རྣལ་འབྱོར་པ་རབ་རྣམས། །སྐུ་ལ་གྲོལ་རྟགས་དུང་དཀར་རྩ་གསུམ་གསལ། །རུས་རྒྱན་སྟག་ཤམ་སྐུ་གདུང་རི་མོས་སྤྲས། །རང་བཞིན་རྫོགས་པ་ཆེན་པོའི་གྲོལ་རྟགས་ཀུན། །མངོན་འགྱུར་གཞི་སྣང་གཟུགས་སྐུའི་བཀོད་པ་ཀུན། །གཞི་དབྱིངས་ཆོས་སྐུའི་ཀློང་དུ་ཐིམ་པར་གྱུར། །སྐྱེ་བའི་བཀོད་པ་སྐྱེ་མེད་ཀློང་དུ་བསྡུས། །འཆི་བའི་རྟོགས་པ་འཆི་མེད་དབྱིངས་སུ་ཟད། །ཆོས་ཅན་སྣང་ཚུལ་ཆོས་ཉིད་གཤིས་སུ་རྫོགས། །གདུལ་བྱའི་འགྲོ་ཀུན་འདུལ་བྱེད་གཉིས་མེད་ཤོག །
སྨྲས་པ། དེ་ལྟར་སྔོན་གྱི་རྒྱལ་དང་དེ་སྲས་ཀྱིས། །རྣམ་ཐར་རྟོགས་བརྗོད་བཟང་བས་འགྲོ་བ་ཀུན། །ལས་སྨོན་སོ་སོའི་འདུལ་སྐལ་ཇི་བཞིན་དུ། །བདག་གི་རྣམ་བཤད་དེ་ཡི་རྗེས་འགྲོ་ཞིང་། །མཐོང་ཐོས་དྲན་རེག་ཕ་མར་གྱུར་ཚད་ཀུན། །རྒྱུད་ལ་བྱང་ཆུབ་ས་བོན་ལེགས་པར་ཐེབ། །ཆོས་ཀྱི་བློ་སྣ་མ་སྐྱེས་པ་ཀུན་སྐྱེས། སྐྱེས་པ་མི་ཉམས་གོང་ནས་གོང་འཕེལ་ཤོག །སྲིད་པའི་ཕུན་ཚོགས་དུག་སྦྲུལ་ཚང་ལྟར་མཐོང་། །འདོད་པ་འདུ་འཛི་མེ་ཡི་འོབས་བཞིན་ཤེས། །ཐར་པའི་འཛེག་ལམ་དབེན་པའི་རི་ཁྲོད་དུ། །ཚེ་དང་སྒྲུབ་པ་མཉམ་པའི་དཔལ་ཐོབ་ཤོག །ཉེས་པའི་རྩ་བ་བདག་གཅེས་འཛིན་དུ་ཤེས། །བདེ་ལེགས་གཞི་མ་གཞན་གཅེས་འཛིན་ཐག་ཆོད། །མཉམ་དང་བརྗེ་བའི་བདག་པས་གཞན་གཅེས་ཀྱིས། །རིན་ཆེན་བྱང་ཆུབ་སེམས་མཆོག་མཐར་ཕྱིན་ཤོག །གང་སྣང་མི་ཞེན་སྟོང་གསལ་ལྷ་རུ་དག །ཐོས་པའི་སྒྲ་ཀུན་གྲགས་སྟོང་སྔགས་སུ་རྫོགས། །དྲན་པའི་རྟོག་ཚོགས་འོད་གསལ་ཡེ་སྐུར་སྨིན། །རྡོ་རྗེ་ཐེག་པའི་ལམ་འབྲས་མངོན་གྱུར་ཤོག །མ་རིག་གཞི་མེད་རྩ་བྲལ་ཀ་ནས་དག །རང་རྩལ་ཡོན་ཏན་འབད་མེད་ལྷུན་གྱིས་གྲུབ། །ཐུགས་རྗེས་ཐད་ཀར་རྩད་ཆོད་རང་གྲོལ་གཤིས། །གདོད་མའི་གནས་ལུགས་རྫོགས་པ་ཆེ་ཐོབ་ཤོག །མཐོ་དམན་དགྲ་གཉེན་རེ་དོགས་གཤིས་ལ་སངས། །བྱང་ཆུབ་གཞུང་ལམ་ཆོས་ཕུང་རང་རྩལ་རྫོགས། །དམ་ཚིག་རྣམ་དག་མ་ལུས་ཕྱམ་གཅིག་ཏུ། །ཨ་མ་ཡུམ་གྱི་ཐུགས་ཀློང་གྲོལ་གྱུར་ཅིག །ཅེས་པ་འདི་ལྟར་རང་རྒྱུས་སྔར་གཏམ་ཉབ་ཉོབ་མང་པོ་ཡི་གེར་བཀོད་པ་ལ་དགོས་པ་མ་མཆིས་ཀྱང་སྔོན་ནས་མང་དུ་བསྐུལ་མཁན་བྱུང་བ་བཏང་སྙོམས་སུ་ལུས་ཚེ་མེ་གླང་ལོར་གྲུབ་ཆེན་ཟླ་བ་རྡོ་རྗེ་བཟང་པོས་ནན་ཏན་མང་དུ་སྐུལ་མ་གནང་ཡང་བཏང་སྙོམས་སུ་ལུས་མུར་ས་གླང་ལོར་གྲུབ་ཆེན་རིན་པོ་ཆེས་པར་དུ་སྐྲུན་པ་དང་ལྷན་ཅིག་ནན་ཏན་དུ་མཆེད་གྲོགས་ཁ་ཤས་གྲོགས་སུ་སྦྲན་ཞིང་བསྐུལ་བས་གང་དྲན་སྨྲས་བཞིན་རྒན་འཕྲིན་ལས་ལགས་ནས་ཟིན་ཐོ་བྲིས་ལྟར་གྲུབ་ཆེན་རིན་པོ་ཆེས་ཚང་བར་བྲིས་པ་ཉེས་པ་མཆིས་ན་མཐོལ་ཞིང་དགེ་བས་དུས་གསུམ་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག །
༄༅། །ཨོཾ་སྭ་སྟི། ངེས་འབྱུང་བྱང་སེམས་རིམ་གཉིས་རིག༵་པ་འཛིན༵། །ཆོས༵་ཉིད༵་ཀློང་ནས་ཆོས་ཅན་མ་འདྲེས་སྟོན། །ཀུན་ཏུ་བཟང༵་མོའི༵་སྤྱོད་པས་འགྲོ་ཁམས་སྒྲོལ། །ཁྱབ་བདག་དཔལ་ལྡན་བླ་མའི་རྣམ་ཐར་འདི། །ཞལ་གསུང་དྲི་མེད་ཚིག་གིས་མཚམས་སྦྱར་ཏེ། །ཟླ་བ་རྡོ་རྗེའི་ལྷག་བསམ་མ་དྲོས་མཚོར། །དད་ལྡན་སྐལ་རྒྱལ་འབྱོར་ཚོགས་སྐྱ་བས་དཀྲུགས། །གཅིག་ལས་དུ་མར་འཇོ་བའི་སྲིད་མིག་ཐོན། །ཕན་བདེའི་འོད་འབུམ་མ་རིག་རྨོངས་མུན་སེལ། །ང་ཕོད་སྟངས་དཔྱལ་ཀུན་རྩེ་རྗེ་བཙུན་དང་། །རིག་འཛིན་བསོད་ནམས་འོད་ཟེར་བྱང་སེམས་དང་། །ལྕོག་བཀྲས་སྟངས་དཔྱལ་ཕ་ལ་ཕྱག་མཛོད་པ། །དོན་ལྡན་གཡུ་སྒྲོན་ངག་དབང་ཡེ་ཤེས་དང་། །འཇམ་དཔལ་བློ་ཆོས་ཀུན་སྐྱིད་དཀོན་ཚེ་དབང་། །ཕུན་ཚོགས་ཆོས་སྒྲོན་བདེ་ཆེན་ཆོས་འཕེལ་ཟུང་། །ནོར་འཛིན་དབང་མོ་ཡེ་ཤེས་ཛྙཱ་ན་པ། །ཐུབ་སྦྱིན་ངག་རྒྱན་བཅས་ནས་ཞལ་འདེབས་དང་། །སྐུ་ཞབས་འཕྲིན་ལས་རྒྱ་ནང་སྣེ་སྟོད་ལྕམ། །རྡོ་རྗེ་གཡུ་སྒྲོན་པར་ཤིང་ཞལ་འདེབས་ཕུལ། །ཚེ་བརྟན་དབང་འདུས་བཀྲ་ཤིས་བསོད་ནམས་བརྐོས། །ཆོས་ཉིད་འོད་ཟེར་ངེས་དོན་དབང་མོ་དང་། །ཆོས་ཉིད་དབང་མོ་བཅས་ཀྱིས་ཞབས་གྲས་བྱས། །འདིས་མཚོན་དགེ་ཚོགས་བསིལ་སྦྱིན་རི་བོང་འཛིན། །འགྲོ་ཀུན་ཆོས་བསམ་ཀུ་མུཏྟ་འབྱེད་ནས། །ཕན་བདེའི་དྲི་བསུང་ངད་པ་འཐུལ་བ་ཡིས། །རྫོགས་ལྡན་གསར་པའི་རྐང་དྲུག་མགྲོན་དུ་ཁུག །ཀ་དག་ཁྲེགས་སུ་ཆོད་པའི་ཀེ་ཏ་ཀ །ལྷུན་གྲུབ་མི་ནུབ་དྷཱ་ཛའི་རྩེར་བཀོད་ནས། །ཇི་སྙེད་རང་གྲོལ་སྨོན་པའི་བྱི་དོར་གྱིས། །ཇི་ལྟའི་དགོངས་ཀློང་མ་ལུས་ཀུན་གྲོལ་ཤོག །དགེའོ། །དགེའོ། །དགེའོ།།[1] །།

[1] ཨརྱ་ཏཱ་རེའི་དཔེ་ཚོགས། འཕགས་བོད་སྐྱེས་ཆེན་མ་དག་གི་རྣམ་པར་ཐར་བ་པདྨ་དཀར་པོའི་ཕྲེང་བ། ༼༩༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༡༢༢ ནས་ ༣༣༨ བར་དང་། ཤུག་གསེབ་རྗེ་བཙུན་མའི་གསུང་རྣམ་སོགས། གངས་ཅན་སྐྱེས་མའི་དཔེ་ཚོགས། ༼༧༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༥ ལོ། ཤོག་གྲངས་ ༡ ནས་ ༢༦༨ བར་བཞུགས་པ་ལས་བཏུས་པའོ།།

དཔལ་ནཱ་ལེནྡྲ། བྱོན་པ་ལེགས།