ཐ༽ རྟོག་གེ་འབར་བ་ལེགས་ལྡན་གྱིས་མཛད་མིན་ལ་དཔྱད་པ།

ཐ༽ རྟོག་གེ་འབར་བ་ལེགས་ལྡན་གྱིས་མཛད་མིན་ལ་དཔྱད་པ།

༡༽ རྟོག་གེའི་སྐད་དོད་དང་གོ་དོན།

 

དེ་ཡང་ཡོངས་རྫོགས་པཎྜི་ཏ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་འཕགས་པ་ཡབ་སྲས་ཀྱི་དགོངས་པ་དབུ་མ་རང་རྒྱུད་དུ་བཀྲལ་བའི་རང་གཞུང་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་ཞེས་མཚན་གྱི་ཆ་ནས་ཞུས་ན། རྟོག་གེ་ཞེས་པའི་མིང་ཚིག་ནི་ཧ་ཅང་རྙིང་པ་ཞིག་དང་། མིང་ཚིག་འདི་ཉིད་རྒྱལ་བའི་བཀའ་འགྱུར་ཁོ་ནར་ལན་ ༡༣༢ ཙམ་གསལ་ཞིང་།

རྟོག་གེའི་སྐད་དོད་ལ་ལེགས་སྦྱར་དུ་ཏརྐཿདང་། ཏརྐྲ་ཞེས་འབྲི་ཚུལ་ཅུང་ཟད་མི་འདྲ་བ་གཉིས་བྱུང་ཡང་དོན་ལ་མཚུངས་པར་མ་ཟད། དེ་ཡང་རྟོག་གེ་ཞེས་པ་ནི་ལེགས་སྦྱར་གྱི་ཏརྐཿ ཟུར་ཆག་པ་ལས་གྲུབ་པ་ཞིག་ཡིན་ནམ་སྙམ། རྟོག་གེའི་མིང་ནི། སྙེ་ཐང་པ་བློ་གྲོས་བརྟན་པ་བཞི་པས་ (འཁྲུངས་གཤེགས་ཀྱི་ལོ་ཚིགས་མི་གསལ།) མཛད་པའི་ཚིག་གཏེར་གྱི་ཊཱིཀ་ལས[1]། གསུམ་པ་ལུང་དུ་སྟོན་པའི་སྒྲའི་རྣམ་གྲངས་རྒྱས་པར་བཤད་པ་ལ་ཉི་ཤུ་རྩ་དགུ་ལས། དང་པོ་རྟོག་གེའི་མིང་ནི།

རྟོག་གེ་རིག་པ་དོན་བསྟན་བཅོས། །

ཞེས་གསུངས་ཏེ། གཏན་ཚིགས་ལ་བརྟེན་ནས། དོན་འཚོལ་བའི་རྟོག་གེ་དང་། རྟོག་གེའི་རིག་པ་དང་། དེ་སྟོན་པའི་དོན་གྱི་བསྟན་བཅོས་ཞེས་བྱའོ། །ཞེས་གསུངས་པ་ལྟར་གཏན་ཚིགས་ལ་བརྟེན་ནས་དངོས་པོའི་དོན་གཏན་ལ་འབེབས་པའི་ཐོས་བསམ་ལ་རྟོག་གེ་ཞེས་བྱ་ཞིང་། རྟོག་གེའི་དབྱེ་བ་དང་དེ་དག་གི་མཚན་གཞི་སོགས་ནི། མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ་ལས[2]། གྲོལ་བ་དོན་གཉེར་ལ་ལྟོས་ཏེ་དགོས་མེད་ཀྱི་ལོག་རྟོག་དགག་པ་དང་། ཡུལ་གྱི་ཁྱད་པར་ལ་ལྟོས་ཏེ་དགོས་མེད་ཀྱི་ལོག་རྟོག་དགག་པ་དང་། དགོས་པ་ཡོད་ཀྱང་དམན་པར་འདོད་པ་དགག་པའོ། །དང་པོ་ནི། ཁ་ཅིག་ན་རེ། ཚད་མའི་བསྟན་བཅོས་འདི་དག་གྲོལ་བ་དོན་གཉེར་ལ་ཉེ་བར་མཁོ་བ་མ་ཡིན་ཏེ། རྟོག་གེའི་བསྟན་བཅོས་ཡིན་པས་ནང་རིག་པའི་སྡེ་སྣོད་ལས་ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་བཤད་པར་བྱ་སྟེ། དེ་ཡང་འདི་ལྟར་རྟོག་གེ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པས་རྟོག་པས་བཏགས་པ་ཙམ་གྱི་སྒོ་ནས་བཞག་པའི་རྟོག་གེ་དང་། ཡང་ ༼རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་༽ མདོའི་སྡེ་རྒྱན་ལས[3]།

རྟོག་གེ་རྟེན་ཅིང་མ་ངེས་ལ། །མ་ཁྱབ་ཀུན་རྫོབ་སྐྱོ་བ་ཅན། །

བྱིས་པ་ལ་ནི་བརྟེན་པར་འདོད། །

ཅེས་བཤད་པ་ལྟར། དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་གཟུང་བའི་སྒོ་ནས་རྟོག་པས་ངེས་དགོས་ཀྱི། མངོན་དུ་མ་གྱུར་པ་ལ་རྟོག་གེར་བྱས་པའོ། །དེའི་ཕྱིར་དེ་དག་སྟོན་པའི་བསྟན་བཅོས་ལ་ནི་རྟོག་གེའི་བསྟན་བཅོས་ཞེས་བྱའོ། །ཚད་མའི་བསྟན་བཅོས་འདི་དག་འཇོག་མཚམས་སྔ་མའི་དབང་དུ་བྱས་པའི་རྟོག་གེའི་བསྟན་བཅོས་ཡིན་པར་ནི་ཁྱེད་རང་ཡང་མི་འདོད་ལ། རིགས་པས་ཀྱང་མ་གྲུབ་སྟེ། རང་གི་སྟོན་པ་ཐམས་ཅད་མཁྱེན་པའི་རྗེས་སུ་འབྲངས་ནས་བཞག་པའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །འཇོག་མཚམས་གཉིས་པའི་དབང་དུ་བྱས་པའི་རྟོག་གེ་ཡིན་པས། གྲོལ་བ་དོན་གཉེར་ལ་མི་མཁོ་བར་འདོད་ན་སྦྱོར་ལམ་ཆོས་མཆོག་མན་ཆད་གྲོལ་བ་དོན་གཉེར་ལ་མི་མཁོ་བར་འགྱུར་ཏེ། ཆོས་ཉིད་དོན་སྤྱིའི་ཚུལ་གྱིས་ཡུལ་དུ་བྱེད་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་བཞིན་མཁས་གྲུབ་རྗེའི་ཊཱིཀ་ཆེན་རིགས་པའི་རྒྱ་མཚོ་དང་། རྗེ་དགེ་འདུན་གྲུབ་ཀྱི་ཚད་མ་རིགས་རྒྱན་གཉིས་སུའང་ཚིག་རིས་དེ་དང་འདྲ་མཚུངས་སུ་བྱུང་ལ། གཞན་ཡང་སློབ་དཔོན་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་ཞིབ་མོ་རྣམ་པར་འཐག་པ་ལས[4]།

རྟོག་གེ་ཤེས་པའི་ང་རྒྱལ་གྱིས། །གང་ཞིག་རྩོད་པར་མངོན་འདོད་པ། །

དེ་ཡི་ང་རྒྱལ་སྤང་བའི་ཕྱིར། །ཞིབ་མོ་རྣམ་འཐག་བཤད་པར་བྱ། །

ཞེས་གསུངས་པ་ལྟར། ཀླུ་སྒྲུབ་ཀྱི་ཞིབ་མོ་རྣམ་པར་འཐག་པའི་མདོ་ལས་ཀྱང་ཚིག་རིས་དེ་ཇི་ལྟ་བ་བཞིན་བྱུང་། ཡང་མཁས་གྲུབ་ཆོས་རྗེའི་ (1385-1438) དཔལ་ལྡན་ས་གསུམ་མ་ལས[5]།

རྟོག་གེ་ལ་སྦྱངས་རྒོལ་བ་མཐའ་དག་གིས། །ལན་བརྒྱར་དཔྱད་ཀྱང་མགོན་པོ་ཁྱོད་ཀྱི་གསུང་། །

ཆ་ཙམ་རྣམ་པ་གཞན་དུ་གཡོ་བ་སྤངས། །དག་པའི་ཐུགས་མངའ་ཁྱོད་ལ་གསོལ་བ་འདེབས། །

ཞེས་གསུངས་པ་ལྟར་གཏན་ཚིགས་རིག་པ་དང་། མཚན་ཉིད་རིག་པ། རྩོད་པའི་རིག་པ་སོགས་ལ་འཇུག་པར་གསུངས་ལ། དེ་མིན་རྟོག་གེ་ཞེས་པ་ནི། རྟོག་དཔྱོད་དམ། རྟོག་དཔྱོད་བྱེད་པ། དཔྱད་པ་བྱེད་པ་སོགས་ལ་འཇུག་པ་སྟེ། དེ་ཡང་དཔལ་ལྡན་ཟླ་བ་གྲགས་པས་ (c.600-650)  མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱ་ཆེར་འགྲེལ་པ་ལས[6]། དེའི་ཕྱིར་རྟོག་གེ་བ་རྣམས་ཀྱིས། རྟོག་གེ་བྱེད་པའི་ངལ་བ་དོན་མེད་པ་ཉིད་དུ་རྟོགས་སོ། །ཞེས་བྱུང་ལ། ཁ་ཆེའི་པཎྜི་ཏ་ཛ་ཡ་ཨཱ་ནན་དས་ (དུས་རབས་11པ།) མཛད་པའི་རྟོག་གེ་ཐོ་བའི་ཚིག་ལེའུར་བྱས་པ་ལས[7]།

ཡུལ་དངོས་སྟོབས་ཀྱིས་ཞུགས་པ་ཡི། །ཚད་མས་དེ་ཉིད་རྟོགས་སོ་ཞེས། །

ཆོས་ཀྱི་གྲགས་པའི་རྗེས་འབྲང་བའི། །རྟོག་གེ་བ་རྣམས་སྨྲ་བ་བྱེད། །

ཅེས་བྱུང་བ་ལྟར་རྟོག་གེ་བྱེད་པ་ཞེས་པ་རྟོག་དཔྱོད་བྱེད་པར་གོ་དགོས་སམ་སྙམ་མོ།།

རྟོག་གེ་འབར་བའི་སྒྲ་བཤད་ནི། རྟོག་གེ་བ་ཞེས་པ་གཏན་ཚིགས་ལ་བརྟེན་ནས་ལྐོག་དོན་སྨྲ་བ་སྟེ་རྟོག་པས་བཏགས་པའི་རིགས་པའམ། དངོས་པོའི་གནས་ལུགས་ཇི་བཞིན་མ་མཐོང་བར་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་མཁན་གྱི་རིག་པ་སྨྲ་བ་པོར་འཇོག་པ་ལྟར་བསྟན་བཅོས་འདི་ཉིད་ལ་རྟོག་དཔྱོད་ཤིན་ཏུ་འབར་བའམ་རྒྱས་པས་རྟོག་གེ་འབར་བ་ཞེས་བརྗོད་པར་སེམས། གཞན་ཡང་རང་ལྟ་མཆོག་འཛིན་ཤས་ཆེ་བའི་རྟོག་གེ་པ་ལ་རྟོག་གེ་མགོ་མཁྲེགས་དང་། དངོས་པོའི་གནས་ལུགས་ཇི་བཞིན་མ་མཐོང་བར་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་མཁན་གྱི་རིགས་པ་སྨྲ་བ་པོ་ལ་རྟོག་གེ་པ། མཚན་ཉིད་པ་ལྟ་བུ་རྟོག་དཔྱོད་མཁན་གྱིས་ཤེས་པར་བྱ་བའི་གནས་ལ་རྟོག་གེའི་སྤྱོད་ཡུལ། གཏན་ཚིགས་རིགས་པའི་བསྟན་བཅོས་ལ་རྟོག་གེའི་བསྟན་བཅོས་དང་། དངོས་པོའི་དེ་ཁོ་ན་ཉིད་དོན་སྤྱི་ཙམ་དུ་རྟོག་བཏགས་ཀྱི་སྒོ་ནས་གཏན་ལ་ཕབ་པའི་བསྟན་བཅོས་ལ་རྟོག་གེའི་གཞུང་སོགས་བརྗོད་ཚུལ་བོད་རྒྱ་ཚིག་མཛོད་ཆེན་མོར་[8]གསལ་བ་ལྟར་རོ།།

 

༢༽ ཐོག་མའི་གླེང་གཞི།

དེ་ཡང་སློབ་དཔོན་ལེགས་ལྡན་འབྱེད་ (c.500-570) རང་ཉིད་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མའི་མཛད་བྱང་ལས[9]། ཐེག་པ་མཆོག་གི་ཚུལ་སྒྲུབ་པར་བྱེད་པ། ལྟ་བ་ངན་པའི་དྲི་མ་སེལ་བར་བྱེད་པ། རྗེས་སུ་དཔག་པ་དང་། སུན་དབྱུང་བའི་གསལ་བ་དང་། དེ་ཁོ་ན་ཉིད་སྟོན་པ། སློབ་དཔོན་ལེགས་ལྡན་འབྱེད་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་དམ་པ་མཆོག་བརྙེས་པ། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱེད་པར་བྱོན་པ། རིགས་སྔགས་འཆང་གྲུབ་པའི་གནས་ཁྱད་པར་དུ་གཤེགས་པ། སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེའི་གདན་བགྲོད་པའི་ཐུགས་དམ་ཅན། ཞེས་གསུངས་པ་ལྟར་སློབ་དཔོན་དེ་ཉིད་ལྷ་མིན་གྱི་ཕོ་བྲང་དུ་གཤེགས་ནས་འགོག་པར་བཞུགས་ཏེ། མ་འོངས་པའི་སངས་རྒྱས་རྗེ་བཙུན་བྱམས་པ་མགོན་པོ་འཇིག་རྟེན་དུ་བྱོན་པའི་དུས་ན། རྗེ་བཙུན་བྱམས་མགོན་གྱིས་མཛད་པའི་འབྱེད་རྣམ་གཉིས་ཏེ་དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་སོགས་སུ་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་ལུགས་ལྟར་གསུངས་པ་རྣམས། རིགས་པས་དཔྱད་ན་ད་དུང་སྐྱོན་དང་བཅས་པར་གཟིགས་ནས། དེའི་མཐར་ཐུག་གི་དགོངས་པ་གང་ཞིག་ཡིན་པ་རྒྱལ་བ་བྱམས་པ་མགོན་པོར་དངོས་སུ་འདྲི་བའི་དམ་བཅའ་མཛད་པ། ཕྱི་རུ་ཕྱི་རོལ་གྲངས་ཅན་པའི་ཆ་ལུགས་མཛད་ཅིང་། ནང་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་རྒྱ་ཆེར་སྤེལ་བར་མཛད་དོ།།

སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་གསུང་བཟང་ལ་མཚོན་ན། དང་པོ། དབུ་མའི་སྐོར་ལ་འཕགས་མཆོག་ཀླུ་སྒྲུབ་ཀྱི་དབུ་མ་རྩ་བའི་ཚིག་ལེའུར་བྱས་པའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མ་སྙིང་པོའི་ཚིག་ལེའུར་བྱས་པ། དེའི་རང་འགྲེལ་རྟོག་གེ་འབར་བ། དབུ་མ་རིན་པོ་ཆེའི་སྒྲོན་མ། དབུ་མའི་དོན་བསྡུས་པ་བཅས་ལྔ་དང་། གཉིས་པ། རྒྱུད་ཀྱི་སྐོར་ལ་སྒྲོན་མ་གསལ་བར་བྱེད་པའི་དཀའ་བ་བཏུས་པའི་འགྲེལ་པ་དང་། སྒྲོན་མ་གསལ་བར་བྱེད་པའི་དགོངས་པ་རབ་གསལ་ཞེས་བྱ་བ་བཤད་པའི་ཊཱིཀཱ །རིམ་པ་ལྔ་པའི་དཀའ་འགྲེལ་བཅས་གསུམ། གསུམ་པ། འདུལ་བའི་སྐོར་ལ་སྡེ་པ་ཐ་དད་པར་བྱེད་པ་དང་རྣམ་པར་བཤད་པ་བཅས་ཆོས་ཚན་ཁག་ ༩ བཞུགས་སོ།།

དེ་ལྟར་གསུང་བཟང་མང་དུ་བརྩམས་པའི་ཁྲོད་ནས་བསྟན་བཅོས་སྔ་མ་གཉིས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་ལ་དོགས་པ་མ་མཆིས་ཀྱང་། དབུ་མ་སྙིང་པོའི་རང་འགྲེལ་རྟོག་གེ་འབར་བ་འདི་ཉིད། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་མིན་ཐད་རྒོལ་བ་རྟོག་ལྡན་ལ་སྐྱེ་སྲིད་པའི་དོགས་གནད་མང་དུ་མཆིས་ཤིང་། དོགས་གཞི་དེ་དག་ལ་བརྟེན་ནས་རྟོག་གེ་འབར་བ་འདི་ཉིད་དབུ་མ་སྙིང་པོའི་རང་འགྲེལ་མིན་པར་དེའི་རྗེས་འབྲང་ཞིག་གིས་ཕྱིས་སུ་བརྩམས་པར་བཞེད་པ་དང་། ལེགས་ལྡན་ཆེ་ཆུང་ངམ་སྔ་ཕྱི་གཉིས་བྱོན་པར་འདོད་ནས་ལེགས་ལྡན་ཆུང་བའམ་ཕྱི་མས་བརྩམས་པར་བཞེད་པ་སོགས་བྱུང་ཚུལ་གོང་དུའང་སོང་ཟིན་ལ། དེ་དག་ལ་རྒྱ་དཀར་ནག་བོད་དང་བཅས་པའི་ཆོས་འབྱུང་ལོ་རྒྱུས་དང་། རྟོག་གེ་འབར་བའི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཁྱད་ཆོས། འཕགས་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་རྟོག་གེ་འབར་བ་རང་འགྲེལ་དུ་བཞེད་མིན། དེ་དག་རྒྱ་གར་འཕགས་ཡུལ་གྱི་རང་འགྲེལ་ཚད་ལྡན་གྱི་སྤྱི་འགྲོས་དང་མཐུན་མིན། དེང་དུས་ཀྱི་རྒོལ་བ་རྟོག་ལྡན་དག་གི་ཐུགས་ལ་འཁྲུངས་པའི་དོགས་གཞི་དང་། དོགས་གནད་དེ་དག་ལ་ཅུང་ཟད་དཔྱད་དེ་ལན་བརྗོད་པ་སོགས་རགས་ཙམ་སྤྲོས་ཏེ་བརྗོད་པར་བྱའོ།།

 

༣༽ རྟོག་གེ་འབར་བའི་བརྗོད་བྱ།

དེ་ཡང་བསྟན་བཅོས་རྟོག་གེ་འབར་བའི་བརྗོད་བྱ་གང་ཞེ་ན། དེ་ཡང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོའི་ཚིག་ལེའུར་བྱས་པ་ལས[10]།

བྱང་ཆུབ་སེམས་ནི་མི་གཏོང་དང་། །ཐུབ་པའི་རྟུལ་ཞུགས་ཡང་དག་བརྟན། །

དེ་ཉིད་ཤེས་པ་ཚོལ་བ་ནི། །དོན་ཀུན་སྒྲུབ་པའི་སྤྱོད་པ་ཡིན། །

ཞེས་སོགས་སྤྱི་སྡོམ་དུ་གསུངས་པ་ལྟར་རྟོག་གེ་འབར་བ་ནི་དབུ་མ་སྙིང་པོའི་རང་འགྲེལ་ཡིན་ལ། རྩ་འགྲེལ་གཉིས་ཀར་ལེའུ་བཅུ་གཅིག་ཡོད་པ་ལས། ལེའུ་དང་པོ། བྱང་ཆུབ་ཀྱི་སེམས་མི་གཏོང་བ་དང་། ལེའུ་གཉིས་པ། ཐུབ་པའི་བརྟུལ་ཞུགས་ལ་ཡང་དག་པར་བརྟེན་པ། ལེའུ་གསུམ་པ། དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བ། ལེའུ་བཞི་པ། ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པ། ལེའུ་ལྔ་པ། རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ། ལེའུ་དྲུག་པ། གྲངས་ཅན་གྱི་དེ་ཁོ་ན་ཉིད་ལ་འཇུག་པ། ལེའུ་བདུན་པ། བྱེ་བྲག་པའི་དེ་ཁོ་ན་ཉིད་ལ་འཇུག་པ། ལེའུ་བརྒྱད་པ། རིག་བྱེད་ཀྱི་མཐའ་རྒྱུར་སྨྲ་བའི་དེ་ཁོ་ན་ཉིད་ལ་འཇུག་པ། ལེའུ་དགུ་པ། དཔྱོད་པའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པ། ལེའུ་བཅུ་པ། ཐམས་ཅད་མཁྱེན་པ་ཉིད་དུ་གྲུབ་པར་བསྟན་པ། ལེའུ་བཅུ་གཅིག་པ། བསྟོད་པ་དང་མཚན་བསྟན་པ་བཅས་ཡིན་ནོ།།

འོན་ཀྱང་རྣལ་འབྱོར་སྤྱོད་པ་བའམ་སེམས་ཙམ་པའི་ལུགས་རྒྱས་པར་བཀག་སྟེ། ཕྱི་རོལ་གྱི་དོན་ཡོད་པ་དང་། ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་། དོན་དམ་པར་རང་བཞིན་ནམ་རང་གི་མཚན་ཉིད་ཀྱིས་མ་གྲུབ་ཅེས་ཁས་བླངས་པའི་ལུང་རིགས་རྒྱས་པ་ནི་རྟོག་གེ་འབར་བར་བྱུང་བ་ལས། དབུ་མ་ཤེས་རབ་སྒྲོན་མར་འདི་ལྟ་བུའི་རྒྱས་བཤད་མི་འབྱུང་བས། དཔལ་ལྡན་ཟླ་བ་གྲགས་པས་དོན་དམ་གྱི་ཁྱད་པར་སྦྱོར་མི་དགོས་པར་ཐ་སྙད་དུའང་རང་གི་མཚན་ཉིད་དམ་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ལུང་རིགས་ཀྱིས་རྒྱས་པར་གཏན་ལ་ཕབ་པའི་ཕྱོགས་སྔའི་གཙོ་བོའང་རྟོག་གེ་འབར་བ་ཉིད་ཡིན་པར་འདུག་གོ།

དེ་ལྟར་རྟོག་གེ་འབར་བའི་བརྗོད་བྱའི་ཐད། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་གྲུབ་མཐའ་ལས[11]། བསྟན་འགྱུར་མདོ་ ༼ཛ༽ པའི་ནང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བོད་ཡིག་ཏུ་བསྒྱུར་གནང་བའི་རྟོག་གེ་འབར་བ་ཞེས་པ་དེའི་ནང་རྒྱ་གར་གྱི་གྲུབ་མཐའ་མི་འདྲ་བའི་ལྟ་བ་མང་པོ་གསལ་པོ་འཁོད་ཡོད་ལ། སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་མུ་སྟེགས་པའི་ལྟ་བ་མི་འདྲ་བ་བཅོ་བརྒྱད་ཚང་མ་གསལ་པོ་བཤད་ཡོད། ཅེས་གསུངས་པ་ལྟར། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱི་དེབ་ཐེར་སྔོན་པོ་ལས[12]། རྟོག་གེ་འབར་བ་ནག་ཚོས་བསྒྱུར་བ་ལས་རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ན་ཉིད་གཏན་ལ་དབབ་པའི་ལེའུ་ལ་འགྱུར་བཅོས་མཛད་པ་པོའི་མཁས་བཙུན་ཤེས་རབ་འོད་གསལ་གཉིས་ཀྱིས་བསྒྱུར་ཟེར་བའི་ཡ་གཅིག་ཀྱང་ཁོང་ཡིན་པ་འདྲ། ཞེས་གསུངས་སོ[13]།།

 

༤༽ རྟོག་གེ་འབར་བ་རང་འགྲེལ་དུ་བཞེད་པའི་ལུགས།

༡) རྒྱ་གར་མཁས་པས་རང་འགྲེལ་དུ་བཞེད་ཚུལ།

དེ་ཡང་རྒྱ་དཀར་ནག་བོད་དང་བཅས་པའི་ཆོས་འབྱུང་དང་། ནང་དོན་རིག་པའི་གཞུང་ལུགས་ཁག་ཏུ་སློབ་དཔོན་འདི་ཉིད་ཀྱི་རྣམ་ཐར་ཇི་གསལ་ཞིབ་ཕྲ་གོང་དུ་བཀོད་ཟིན་ལ། འདིར་རྒྱ་གར་མཁས་པས་མཛད་པའི་གཞུང་ལུགས་རྩ་འགྲེལ་གྱི་ཁུངས་ལ་བརྟེན་ནས་བྱུང་རིམ་ཅུང་ཟད་བརྗོད་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཐོག་མར་དབུ་སྙིང་པོ་མཛད་ཅིང་། དེ་རྗེས་དབུ་མའི་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་མཛད་པ་ནི། སློབ་དཔོན་ལེགས་ལྡན་འབྱེད་རང་ཉིད་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས[14]། དཔྱད་པ་རྒྱས་པར་ནི་དབུ་མའི་སྙིང་པོའི་དེ་ཁོ་ན་ཉིད་ལ་འཇུག་པའི་སྐབས་ནས་རྣལ་འབྱོར་སྤྱོད་པ་བ་དག་དང་ལྷན་ཅིག་བྱེད་པར་འགྱུར་རོ། །ཞེས་དབུ་མ་སྙིང་པོར་ཞལ་འཕངས་མཛད་པས་གྲུབ་པའམ། ཡང་ན། བྱེད་པར་འགྱུར་རོ། །ཞེས་མ་འོངས་པའི་ཚིག་སྨྲས་པས་དེ་དུས་རྩོམ་པའི་ཐུགས་འདུན་ཡོད་པ་བསྟན་པས་ཤེར་སྒྲོན་གྱི་རྗེས་སུ་དབུ་མ་སྙིང་པོ་བརྩམས་པར་འདོད་མཁན་ཡང་ཡོད།

འོན་ཀྱང་རྟོག་གེ་འབར་བ་ནི་དེའི་རྗེས་སུ་མཛད་པར་མངོན་ཏེ། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་ཤེས་རབ་སྒྲོན་མ་རྒྱ་ཆེར་འགྲེལ་པ་ལས[15]། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་གི་གཞུང་མི་འཐད་པར་དཔྱད་པ་རྒྱས་པར་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མའི་རྩ་བའི་ཚིག་ལེའུར་བྱས་པ་དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ཞེས་བྱ་བའི་ནང་ནས་རྣལ་འབྱོར་སྤྱོད་པ་པའི་དེ་ཁོ་ན་ལ་འཇུག་པ་ཞེས་བྱ་བའི་སྐབས་ནས་སྟོན་པར་འགྱུར་རོ་ཞེས་བྱ་བར་ཡང་སྦྱར་རོ། །ཞེས་ཞལ་འཕངས་མཛད་དེ་རྟོག་གེ་འབར་བ་གསར་དུ་བསྣན་པས། ཤེས་རབ་སྒྲོན་མ་མཛད་པའི་དུས་སུ་དབུ་མ་སྙིང་པོ་ལས་དེའི་འགྲེལ་པ་མ་སྨོས་པས་ནི་སྐབས་དེར་རང་འགྲེལ་རྟོག་གེ་འབར་བ་མཛད་མ་ཟིན་པ་ཚིག་གི་ནུས་པས་རྟོགས་ནུས་ལ། ལྷག་པར་དཔྱད་པ་རྒྱས་པར་གསུང་ས་རྟོག་གེ་འབར་བ་དང་། མཛད་པ་པོ་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པར་གསལ་བས་ཤེས་རབ་སྒྲོན་མ་དང་རྟོག་གེ་འབར་བ་གཉིས་མཛད་པ་པོ་གཅིག་ཡིན་པར་མ་ཟད། སྤྱན་རས་གཟིགས་བརྟུལ་བཞུགས་ཀྱིས་རྟོག་གེ་འབར་བ་ལེགས་ལྡན་གྱིས་རང་འགྲེལ་ཡིན་པར་ཞལ་གྱིས་བཞེས་པ་ཤིན་ཏུ་གསལ་ལོ།།

དེ་བཞིན་རྟོག་གེ་འབར་བ་ལས[16]། གལ་ཏེ་ཁོ་བོས་བསྒྲུབས་པའི་ཚུལ་གྱིས་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་བཀག་པས་མེད་པའི་ངོ་བོ་ཉིད་བསྒྲུབས་པར་གྱུར་ན་ནི་དེ་ལྟར་ཡང་འགྱུར་བ་ཞིག་ན་གང་གི་ཕྱིར་ཁོ་བོ་མཐའ་གཉིས་སྤང་བའི་ཚུལ་གྱིས་དབུ་མའི་ལམ་སྟོན་པའི་ཤེས་པ་རྟོགས་པར་འདོད་པ་དེའི་ཕྱིར་མེད་པ་ཉིད་ཀྱང་འགོག་པར་བྱེད་དེ།

དངོས་རྣམས་མེད་ཅེས་བྱ་བའི་བློ། །དོན་བཞིན་ཡིན་པར་མི་འདོད་དེ། །

རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར། །མཐོ་ཡོར་ལ་ནི་མི་བློ་བཞིན། །

ཞེས་གསུངས་པ་འདི་དང་འདི་ལྟ་བུ་དག་གིས་རྩ་འགྲེལ་རྩོམ་པ་པོ་གཅིག་ལྟ་བུར་བསྟན་ཡོད་དོ།།

གཞན་ཡང་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་པདྨ་བཀའ་ཡི་ཐང་ཡིག་ལས[17]། སློབ་དཔོན་བྷ་བྱའི་རྟོག་གེ་འབར་བ་དང་༔ སངས་རྒྱས་བསྐྱངས་ཀྱི་བུདྡྷ་པཱ་ལི་དང་༔ ཟླ་བ་གྲགས་པའི་དབུ་མ་ལ་འཇུག་པ༔ ཡེ་ཤེས་སྙིང་པོའི་བདེན་གཉིས་རྣམ་འབྱེད་དང་༔ སློབ་དཔོན་ཞི་བ་ལྷ་(འཚོ)ཡི་དབུ་མ་རྒྱན༔ ཀ་མ་ཤཱི་ལའི་དབུ་མ་སྣང་བ་སོགས༔ ཞེས་དང་། དེ་བཞིན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་ (982-1054) མཛད་པར་གྲགས་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས་[18]ཀྱང་། སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་དབུ་མ་རྟོག་གེ་འབར་བ་དང༌། ཤེས་རབ་སྒྲོན་མ་ལ་སོགས་པ་མཛད་དོ། །དེ་ལ་དབུ་མའི་རྩ་བ་ཤེས་རབ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང༌། སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་ཚིག་དོན་གསལ་བ་དང༌། སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་མཛད་པའི་ཤེས་རབ་སྒྲོན་མ་དང༌། གནས་བརྟན་བུདྡྷ་པཱ་ལི་ཏས་མཛད་པའི་བུདྡྷ་པཱ་ལི་ཏ་དང༌། སློབ་དཔོན་བློ་བརྟན་གྱིས་མཛད་པ་དང་། སློབ་དཔོན་གུ་ཎ་མ་ཏི་དང༌། སློབ་དཔོན་གུ་ཎ་ཤྲཱི་དང༌། ཨཱ་ཙཱརྱ་གུ་ཎ་ད་ཏས་མཛད་པ་རྣམས་སོ། །དེ་ལ་ཤེས་རབ་སྒྲོན་མ་ལ་ཊཱི་ཀ་ཆེན་པོ་གཉིས་ཡོད་དེ། ཨཱ་ཙཱརྱ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང༌། ཨཱ་ཙཱརྱ་དེ་བ་ཤརྨས་མཛད་པའི་དབུ་མ་དཀར་པོ་འཆར་བའོ། །ཞེས་གསུངས་པ་ལྟར་ཇོ་བོ་རྗེས་ཀྱང་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་ཡིན་པར་གསུངས་སོ།།

ཡང་སློབ་དཔོན་ལེགས་ལྡན་འབྱེད་ (c.500-570) རང་ཉིད་ཀྱིས་མཛད་པའི་དབུ་མ་ཤེས་རབ་སྒྲོན་མའི་མཇུག་བྱང་ལས[19]། བདག་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱེད་པ་བྱོན་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་དུ་གཤེགས་པ། སྐུ་ཚེ་འདི་ཉིད་ཀྱིས་རྡོ་རྗེའི་གདན་བགྲོད་པའི་ཐུགས་དམ་ཅན་གྱིས་ཉེ་བར་སྦྱར་བ་རྫོགས་སོ། །ཞེས་བྱུང་བ་དང་། དབུ་མ་རིན་ཆེན་སྒྲོན་མའི་མཇུག་[20]ཏུ། བཀའ་མ་ལུས་པའི་སྙིང་པོ་བསྡུས་པ། དེ་ཁོ་ན་ཉིད་གསལ་པོར་སྟོན་པ་དབུ་མ་རིན་པོ་ཆེའི་སྒྲོན་མ། བདག་དང་གཞན་ཐམས་ཅད་ཀྱི་གྲུབ་པའི་མཐའ་རྒྱ་མཚོ་ལྟ་བུ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ། སྐུ་ཚེ་འདི་ཉིད་ལ་སྐུ་ལུས་རིག་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་དུ་མཛད་པ་རྫོགས་སོ། །ཞེས་ཤེས་རབ་སྒྲོན་མ་དང་འདི་གཉིས་ཀྱི་མཛད་བྱང་གི་ཚིག་རིས་ཀྱང་མཐུན་པས་མཛད་པ་པོ་གཅིག་ཡིན་མིན་ལ་དོགས་གཞི་གནང་མཁན་ཡོད་ལ། ཚིག་རིས་ལྟར་ན་གཅིག་ཡིན་པའི་རྟགས་སུ་མངོན་ནའང་། མཛད་བྱང་ཁག་མང་པོར་ཞེ་སའི་ཚིག་དང་། རང་གིས་རང་ལ་བྱེད་མི་འོས་པ་ལྟ་བུའི་ཆེ་བསྟོད་ལྟ་བུ་མང་དུ་སྣང་བས་མཛད་བྱང་རྣམས་མཐའ་གཅིག་ཏུ་རྩོམ་པ་པོས་རང་ཉིད་ཀྱིས་བཀོད་པའི་ངེས་པ་མ་མཆིས་ཀྱང་དཔྱད་གཞིར་བསམས་ནས་བཀོད་པའོ།།

 

༢) བོད་མཁས་པས་རང་འགྲེལ་དུ་བཞེད་ཚུལ།

1} ས་བཀའ་བུ་ལུགས་གསུམ་གྱི་བཞེད་ཚུལ།

དེ་ཡང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་གི་གསང་བ་འཛིན་པ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ (1186-1271) གྱི་གསུང་འབུམ་ལས[21]། སློབ་དཔོན་བྷ་ཝ་པས་རྟོག་གེ་འབར་བ་ལས། ཐམས་ཅད་ཡོད་པར་སྨྲ་བ་དེ་ནི་རྣམ་པ་གཉིས་ཏེ། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པ་སྨྲ་བ་ཞེས་བྱའོ་ཞེས་གསུངས་སོ། །ཞེས་གསུངས་པ་ལྟར་རྗེ་བཙུན་གྲགས་པ་རྒྱལ་མཚན་མཆོག་གིས་རྟོག་གེ་འབར་བ་རང་འགྲེལ་དུ་བཞེད་ལ། དེ་བཞིན་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་ (1405-1477) གྱིས་མཛད་པའི་གྲུབ་མཐའ་ཀུན་ཤེས་ལས་[22]ཀྱང་། ཀླུ་སྒྲུབ་ཞབས་ཀྱིས་རིན་ཆེན་ཕྲེང་བ་དང་། ལེགས་ལྡན་གྱི་རྟོག་གེ་འབར་བ་དང་། ཞི་བ་ལྷས་སྤྱོད་འཇུག་ཏུ་ལེགས་པར་བསྒྲུབས་ཏེ། ཞེས་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པར་བཞེད། ཡང་དེ་ཉིད་ལས། ཕྱི་དར་གྱི་སྟོད་ལ་ཇོ་བོ་རྗེས་ཀྱང་ཟླ་གྲགས་ཀྱི་ལུགས་ལ་ཤིན་ཏུ་དགྱེས་ཀྱང་རྒྱ་ཆེར་སྤེལ་མ་ནུས་པར། ལེགས་ལྡན་གྱི་རྟོག་གེ་འབར་བ་གསར་དུ་བསྒྱུར། ཞེས་གསུངས་ཏེ་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གཞུང་དུ་བཞེད་ལ། འགོས་ལོ་གཞོན་ནུ་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[23]། ཇོ་བོ་སྙེ་ཐང་ན་བཞུགས་པའི་ཚེ་ཇོ་བོ་ལ་ཆོས་མང་དུ་གསན། ཐུགས་རྒྱུད་ཤིན་ཏུ་བཟང་བས་ཇོ་བོའི་སློབ་མ་སུ་དང་ཡང་མི་མཐུན་པ་མེད། དེར་ལོ་པཎ་གཉིས་ལ་རྟོག་གེ་འབར་བ་བསྒྱུར་བའི་ཞུ་བ་ཕུལ། ཇོ་བོས་གནང་ནས་ནག་ཚོས་ཚར་ཕྱིན་པ་ལྷ་སར་བསྒྱུར། ཞེས་གསུངས་སོ།།

དེ་བཞིན་ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་དཔལ་བཟང་པོས་ (1367-1449) མཛད་པའི་དབུ་མ་རྩ་བའི་རྣམ་བཤད་ཟབ་མོའི་དེ་ཉིད་སྣང་བ་ལས་[24]ཀྱང་། ལེགས་ལྡན་འབྱེད་ཀྱིས་རང་རྒྱུད་ཀྱི་ཚུལ་དུ་སྟོན་པ་ལ་ཚིག་གི་འགྲེལ་པ་ཤེས་རབ་སྒྲོན་མེ། དོན་གྱི་འགྲེལ་པ་དབུ་མ་སྙིང་པོ་དང་། དེའི་འགྲེལ་པ་རྟོག་གེ་འབར་བ་མཛད་དོ། །ཞེས་གསུངས་པ་ལྟར་དཔལ་ས་སྐྱ་པའི་མཁས་གྲུབ་ཆེན་པོ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། བུ་སྟོན་ཐམས་ཅད་མཁྱེན་པ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཀུན་མཁྱེན་རོང་སྟོན་ཤཱཀྱ་རྒྱལ་མཚན་བཅས་ཀྱིས་བསྟན་བཅོས་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་དུ་བཞེད་དོ།།

གཞན་ཡང་མཁས་པ་ལྡེའུས་ (དུས་རབས་12པ།) མཛད་པའི་རྒྱ་བོད་ཆོས་འབྱུང་རྒྱས་པ་ལས[25]། སྟོན་པ་འདས་ནས་ལོ་ནི་བཞི་བརྒྱ་ན་ཞེས་པ། སློབ་དཔོན་གཉིས་ཀྱིས་དབུ་མ་དང་སྔགས་དང༌། གསོ་བ་རིག་པའི་བསྟན་ཆོས་བརྩམས་ཚུལ་འཆད་དོ། །དེ་ཡང་སྟོན་པ་འདས་ནས་ལོ་བཞི་བརྒྱ་ཙམ་ན། བྲམ་ཟེ་ས་ར་ཧ་དང༌། འཕགས་པ་ཀླུ་སྒྲུབ་གཉིས་བྱོན་ཏེ། བྲམ་ཟེ་ཆེན་པོ་ས་ར་ཧ་པས། ཕྱག་རྒྱ་ཆེན་པོ་དོ་ཧ་ཆེ་འབྲིང་རྣམས་དང༌། སྔགས་དང་མཚན་ཉིད་ཀྱི་བསྟན་ཆོས་འགའ་བརྩམས། འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱིས་མཚན་ཉིད་ཀྱི་བསྟན་བཅོས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་ཉིད་མེད་པའི་ཆོས་ཀྱི་དོན་འགྲེལ་དབུ་མའི་བསྟན་བཅོས་བརྩམས་ཏེ། སློབ་དཔོན་ཉིད་ཀྱིས་རྩ་བ་ཤེས་རབ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རྩོད་པ་ཟློག་པ། ཞིབ་མོ་རྣམ་པར་འཐག་པ། རིན་པོ་ཆེའི་ཕྲེང་བ། ག་ལས་འཇིགས་མེད་ལ་སོགས་པ་མཛད། ཨཱརྱ་དེ་བས་བཞི་བརྒྱ་པ་མཛད། ཟླ་གྲགས་ཀྱིས་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་དང༌། བཞི་བརྒྱ་པའི་འགྲེལ་པ་དང༌། འཇུག་པའི་འགྲེལ་པ། རིགས་པ་དྲུག་ཅུ་པ། སྟོང་ཉིད་བདུན་ཅུ་པ། རིན་པོ་ཆེའི་ཕྲེང་བ་དེ་རྣམས་ཀྱི་འགྲེལ་པ་མཛད། སངས་རྒྱས་ཞབས་ཀྱིས་ཀྱང་རྩ་ཤེས་ཀྱི་འགྲེལ་པ་མཛད། ལེགས་ལྡན་འབྱེད་ཀྱིས་ཀྱང་རྩ་ཤེའི་འགྲེལ་པ་སྒྲོན་མ་མཛད། དེའི་འགྲེལ་པ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད། ལེགས་ལྡན་འབྱེད་ཀྱིས་རྟོག་གེ་འབར་བ་མཛད་དོ། །དེ་རྣམས་ནི་རིགས་པའི་ཚོགས་སམ། གཞུང་ཕྱི་མོ་ཞེས་བྱའོ། །དེ་ནས་ལེགས་ལྡན་འབྱེད་ཀྱི་རྗེས་སུ་འབྲངས་པ་ཡེ་ཤེས་སྙིང་པོས་བདེན་གཉིས་མཛད། ཐོགས་མེད་ཀྱི་རྗེས་སུ་འབྲངས་པ་ཞི་བ་འཚོས་དབུ་མ་རྒྱན་མཛད། ཀ་མ་ལ་ཤཱི་ལས་དབུ་མ་སྣང་བ་མཛད་དོ། །དེ་གསུམ་ལ་དབུ་མ་ཤར་གསུམ་ཞེས་བྱ་སྟེ། རང་རྒྱུད་པ་ཞེས་བྱའོ། །དེ་རྣམས་ནི་ཕར་ཕྱིན་དང་ལྟ་བ་མཐུན་པས་དབུ་མའི་བསྟན་བཅོས་སོ། །ཞེས་གསུངས་པ་ལྟར་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་གྱིས་མཛད་པར་གསུངས་སོ།།

དེ་བཞིན་བུ་སྟོན་ཐམས་ཅད་མཁྱེན་པས་ (1290-1364) མཛད་པའི་བུ་སྟོན་ཆོས་འབྱུང་ལས[26]། སློབ་དཔོན་ལེགས་ལྡན་བྱེད་ཀྱིས་མཛད་པའི་དབུ་མའི་སྙིང་པོ་བསྡུས་པ་ཤུ་ལོ་ཀ་བརྒྱད་ཅུ། དེའི་འགྲེལ་པ་རྟོག་གེ་འབར་བ། དབུ་མའི་དོན་བསྡུས་པ་རྣམས་ནག་ཚོའི་འགྱུར། དབུ་མ་རིན་པོ་ཆེའི་སྒྲོན་མ། རྒྱ་བརྩོན་སེང་དང་ནག་ཚོའི་འགྱུར། ཞེས་གསུངས་པ་ལྟར་རྟོག་གེ་འབར་བ་ལེགས་ལྡན་གྱིས་མཛད་པར་གསུངས་པར་མ་ཟད། རྒྱལ་བའི་བཀའ་ཡི་དགོངས་པ་འགྲེལ་བའི་བསྟན་འགྱུར་གྱི་གཞུང་གི་སྒྲིག་རིམ་ལྟར་ནའང་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བརྩམས་ཆོས་ཀྱི་ཁུངས་སུ་འཇོག་གནང་མཛད་ཡོད་པ་བཅས་སོ།།

 

2} རི་བོ་དགེ་ལྡན་པའི་མཁས་པ་དག་གི་བཞེད་ཚུལ།

དེ་ཡང་རྗེའི་གསུང་དབུ་མ་དགོངས་པ་རབ་གསལ་དུ་ལུང་འདྲེན་ལན་གསུམ་དང་། ལམ་རིམ་ཆེན་མོར་ལུང་འདྲེན་ལན་གཉིས། དྲང་ངེས་ལེགས་བཤད་སྙིང་པོར་ལུང་འདྲེན་ལན་གྲངས་བདུན། ལེགས་བཤད་གསེར་ཕྲེང་དུ་ལུང་འདྲེན་ལན་གཉིས་བཅས་མཛད་དེ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བཞེད་པ་བཀོད་པ་ན། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། རྟོག་གེ་འབར་བ་གཉིས་ཁོ་ན་འདྲེན་པར་མཛད་པ་སྟེ། དྲང་ངེས་ལེགས་བཤད་སྙིང་པོ་ལས[27]། དབུ་མ་རང་རྒྱུད་པས་འཕགས་པའི་གཞུང་ཇི་ལྟར་བཀྲལ་བའི་ཚུལ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཇི་ལྟར་བཀྲལ་བ་དང་། ཞི་བ་འཚོ་ཡབ་སྲས་ཀྱིས་བཀྲལ་ཚུལ་གཉིས་ཀྱི་ནང་ནས། ལེགས་ལྡན་འབྱེད་ཀྱིས་འཕགས་པའི་དགོངས་པ་བཀྲལ་བ་ལ་དོན་དམ་པ་བདག་མེད་གཉིས་ཇི་ལྟར་གཏན་ལ་འབེབས་པ་བཤད་པའི་སྐབས་སུ་རྩ་ཤེར་གྱི་འགྲེལ་བ་ཤེས་རབ་སྒྲོན་མ་དང་། རྟོག་གེ་འབར་བ་གཉིས་ཤེས་བྱེད་དུ་དྲངས་ཤིང་། རྗེའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[28]། ལེགས་ལྡན་འབྱེད་ཀྱིས་རང་བཞིན་མེད་པ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་ཁུངས་འགོད་པའི་སྐབས་སུ། རང་བཞིན་མེད་པ་ལ་ཡང་དག་པ་སོགས་ཀྱི་ཁྱད་པར་སྦྱོར་བ་ནི། ཤེས་རབ་སྒྲོན་མ་དང་། རྟོག་གེ་འབར་བ་གཉིས་སུ་ཡང་མང་དུ་གསུངས་ལ། ཞེས་ཞལ་འཕངས་མཛད་པ་སོགས་ཤིན་ཏུ་མང་བས། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བསྟན་པའི་སྲོལ་འབྱེད་རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གཞུང་ཁུངས་མར་བཞེད་ནས་རང་གཞུང་རྣམས་སུ་ཡང་ཡང་འདྲེན་པར་མཛད་ལ། ལྷག་པར་རྟོག་གེ་འབར་བའི་བསྟན་བཅོས་འདི་ནི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་བསྟན་བཅོས་ཚད་ལྡན་དུ་བཞེད་པ་བཅས་རྗེ་བདག་ཉིད་ཆེན་པོས་རྟོག་གེ་འབར་བ་ལེགས་ལྡན་འབྱེད་ཀྱིས་མཛད་པར་བཞེད་པའོ།།

དེ་བཞིན་རྒྱལ་ཚབ་རྗེས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་རྣམ་བཤད་རྒྱལ་སྲས་འཇུག་ངོགས་ལས[29]། རྟོག་གེ་འབར་བ་ནས་བཤད་པ་ལྟར་རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་ལས་འབྱུང་བ་ཁོ་ན་སྐྱོད་མེད་པ་སྟེ། རྣམ་འགྲེལ་གྱི་རྣམ་བཤད་དུ་བཤད་ཟིན་ཏོ། །ཞེས་དང་། ཚད་མ་མདོའི་རྣམ་བཤད་དུའང་རྟོག་གེ་འབར་བའི་ལུང་འདྲེན་གྱིས་ཁུངས་སུ་མཛད་པར་མ་ཟད། མཁས་གྲུབ་རྗེའི་ (1364-1432) གསུང་ཟབ་མོ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རབ་ཏུ་གསལ་བར་བྱེད་པའི་བསྟན་བཅོས་སྐལ་བཟང་མིག་འབྱེད་ལས[30]། ལེགས་ལྡན་གྱིས་རང་དགར་བརྩམས་པའི་གཞུང་རྩ་བ་དབུ་མ་སྙིང་པོ་དང་། རང་འགྲེལ་རྟོག་གེ་འབར་བ་དང་བཅས་པ་ཡང་མཛད་དེ་རང་རྒྱུད་པའི་ལྟ་བ་དང་བྱང་ཆུབ་སེམས་དཔའི་ཐབས་ཀྱི་ཆ་དག་ཀྱང་རྒྱས་པར་འཆད་དོ། །དེའི་རྗེས་སུ་སློབ་དཔོན་ཡེ་ཤེས་སྙིང་པོས་རང་རྒྱུད་ཀྱི་གཞུང་དབུ་མ་བདེན་གཉིས་མཛད་དེ། འདི་དང་ལེགས་ལྡན་གཉིས་ཀ་ཡང་ཐ་སྙད་དུ་ཕྱི་དོན་ཞལ་གྱིས་བཞེས་ཤིང་རང་རིག་ཞལ་གྱིས་མི་བཞེས་པའི་ལུགས་སོ། །ཞེས་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རང་འགྲེལ་ཡིན་པར་གསུངས་སོ།།

ཡང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ (1903-1951) མཛད་པའི་གཏམ་རྒྱུད་གསེར་གྱི་ཐང་མ་ལས[31]། རི་ཕུག་ནས་རྒྱ་དཔེ་རྣམས་གདན་དྲངས་ཏེ་མཇལ་བས་པོད་ཆེ་ཆུང་བཞི་བཅུ་ཞེ་གཉིས་ཀྱི་ནང་དུ་ཏརྐཛཱལཱ་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་གྱིས་མཛད་པ་ཆ་ཚང་། འདི་རྩ་བ་དབུ་མ་སྙིང་པོ་རང་ཡིན་གྱི་འགྲེལ་པ་མིན། ཞེས་བྱུང་བས། དབུ་མ་སྙིང་པོའི་མིང་ལ་རྟོག་གེ་འབར་བ་གསུང་སྒྲོས་ཡོད་པ་ལྟར་སྣང་ནའང་། དབུ་མ་སྙིང་པོ་ཡིན་ཚེ། མདྷཡམཀཧྲིདཡ་འདི་འབྱུང་དགོས་པ་མ་གཏོགས་ཏརྐཛཱལཱ་འདི་འདྲ་བྱུང་དོན་མེད། པཎྜི་ཏ་རཱཧུལ་གྱིས་བཀོད་པའི་ནང་དུའང་། ཏརྐཛཱལཱ་མདྷཡམཀཧྲིདཡ་ཞེས་བཀོད་དེ་གཉིས་ཀ་གཞུང་གཅིག་གི་མཚན་ཡིན་པ་ལྟ་བུར་བྱས་འདུག་ཀྱང་། དོན་དུ་རྩ་བ་དབུ་མ་སྙིང་པོ་དང་རང་འགྲེལ་རྟོག་གེ་འབར་བ་གཉིས་ཀ་གླེགས་བམ་གཅིག་ཏུ་བཞུགས་པ་ཡིན་པས་ན་དེ་ལྟར་གསུངས་པ་ཞིག་ཡིན་འདུག་པས། འདིའི་དོན་རྟོག་གེ་འབར་བའི་གླེགས་བམ་ཡིན་ཤག་བྱས་འདུག་ཀྱང་དེ་མིན་པར་དབུ་མ་སྙིང་པོ་རང་ཡིན་འདུག །ཅེས་པའི་དོན་གང་ཡིན་ད་དུང་དཔྱད་དགོས་སོ།།

གཞན་ཡང་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་ (1713-1793) གྱིས་མཛད་པའི་བཀྲ་ཤིས་བསམ་གཏན་གླིང་གི་བཀའ་བསྟན་རིན་པོ་ཆེའི་དཀར་ཆག་ཐུབ་བསྟན་གསལ་བྱེད་ལས[32]། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེའི་འགྲེལ་པ་ཤེས་རབ་སྒྲོན་མེ་དང༌། དབུ་མ་སྣང་བ་དང་། རྟོག་གེ་འབར་བ་སོགས་བསྟན་བཅོས་མང་དུ་མཛད། ཅེས་གསུངས་ལ། དེ་བཞིན་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་བརྩམས་པའི་དེབ་དམར་མཆན་འགྲེལ་ལས[33]། སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལ། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་སོང་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བརྩམས་པའི་རྟོག་གེ་འབར་བ་དང་། སློབ་དཔོན་དབྱིག་བཤེས་ཀྱིས་བརྩམས་པའི་སྡེ་པ་ཐ་དད་དུ་འབྱེད་པ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་དྲུག་ཅུ་ན་ཡིན་ཞེས་བཤད། ཅེས་པ་ལེགས་ལྡན་གྱིས་བརྩམས་པ་ཟེར་རྒྱུ་ཡིན་པ་ལ་དབྱིག་བཤེས་ཀྱིས་བརྩམས་ཞེས་ཡིག་ནོར་ཞིག་བྱུང་འདུག་གོ །ཞེས་རྟོག་གེ་འབར་བ་ལེགས་ལྡན་གྱིས་མཛད་པར་བཞེད་དོ།།

 

3} རང་འགྲེལ་གྱི་སྤྱི་འགྲོས་དང་མཐུན་ཚུལ།

རྟོག་གེ་འབར་བའི་བརྗོད་བྱ་དང་རྗོད་བྱེད་ཀྱི་ཁྱད་ཆོས་རྣམས་རྒྱ་གར་འཕགས་ཡུལ་གྱི་རང་འགྲེལ་ཚད་ལྡན་དག་གི་སྤྱི་འགྲོས་དང་མཐུན་པ་སྟེ། སྤྱིར་རང་འགྲེལ་དང་གཞན་འགྲེལ་གཉིས་ལ་མི་འདྲ་བའི་ཁྱད་པར་ཞིག་ཡོད་པ་ནི། རང་འགྲེལ་གྱི་ནང་དུ་རྩ་བས་དངོས་སུ་མ་བསྟན་པའམ་ཡོངས་སུ་རྫོགས་པར་མ་བསྟན་པའི་བརྗོད་དོན་མང་པོ་ཞིག་ཁ་གསབ་ཀྱི་ཚུལ་དུ་གསུངས་པ་ནི། དཔེར་ན། མཛོད་རྩ་བར་གནས་བརྒྱད་ལས་མེད་ཀྱང་། རང་འགྲེལ་དུ་ཁ་གསབ་གནང་སྟེ་གནས་དགུར་འགྱུར་བ་ལྟ་བུ་མང་དུ་ཡོད་མོད། གཞན་འགྲེལ་ལ་དེ་ལྟར་མི་འབྱུང་སྟེ། རྩ་བའི་ཚིག་དོན་འགྲེལ་བ་ལས། རྩ་བའི་ཚིག་དོན་དང་འབྲེལ་མེད་ཀྱི་གསར་བསྣན་སོགས་མི་མཛད་པ་མྱོང་བས་གྲུབ་པ་དེ་ལྟར་ལགས་མོད། འོན་ཏེ་རྟོག་གེ་འབར་བ་ལ་ནི་རང་འགྲེལ་གྱི་ཁྱད་ཆོས་དེ་དག་མཆིས་ཏེ། གཞུང་འདིའི་གོང་འོག་ཀུན་ཏུ་རྩ་བར་མེད་པའི་བརྗོད་བྱ་དང་། སྒྲུབ་བྱེད་ཀྱི་རིགས་པ་སོགས་གསར་དུ་བསྣན་པ་ཤིན་ཏུ་མང་བའི་ཕྱིར་ཏེ། དཔེར་ན། དབུ་མ་སྙིང་པོ་རྩ་བའི་ལེའུ་བཞི་པ་ཉན་ཐོས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་ཤླཽཀ་བདུན་ཅུ་དོན་བཞི་དང་ཚིག་རྐང་གཅིག་གི་ནང་དུ་མ་བསྟན་པའི་ཐེག་ཆེན་བཀར་སྒྲུབ་བྱེད་ཀྱི་རིགས་པའི་རྣམ་གྲངས་མང་པོ་ཞིག་གསར་དུ་བསྣན་པ་ལྟ་བུས་མཚོན་གོང་འོག་ཀུན་ཏུ་དེ་འདྲ་བ་མང་དུ་མཆིས་པས་སོ།།

གཞན་ཡང་སློབ་དཔོན་ལེགས་ལྡན་འབྱེད་ (c.500-570) རང་ཉིད་ཀྱིས་མཛད་པའི་ཤེས་རབ་སྒྲོན་མའི་རབ་བྱེད་བཅོ་བརྒྱད་པ་ལས[34]། འདི་ལྟར་ཁོ་བོ་ཅག་གི་ལུང་ལས་ཀྱང་། བདག་གི་སྒྲ་རྣམ་པར་ཤེས་པ་ལ་ནི་དོན་ཇི་ལྟ་བ་བཞིན་ཡིན་ལ། སྐྱེ་བ་ལ་སོགས་པ་དག་ལ་ནི་ཉེ་བར་བཏགས་པ་ཡིན་ཏེ། དཔེར་ན་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་གདགས་པར་འདོད་པ་བཞིན་དུ། ཕུང་པོ་ལ་བརྟེན་ནས་སེམས་ཅན་དུ་གདགས་པར་འདོད་ལ། རྣམ་པར་ཤེས་པ་ནི་ཡང་འབྱུང་བའི་སྲིད་པ་ལེན་པའི་ཕྱིར་བདག་ཅེས་བརྗོད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ཁོ་བོས་གསུངས་པའི་ལུང་ན་རྣམ་ཤེས་ལ་བདག་སྒྲ་དངོས་དང་། ཕུང་པོའི་སྟེང་གི་སྐྱེ་བ་སོགས་ལ་བདག་སྒྲ་བཏགས་པ་བར་འཇུག་ཚུལ་བཤད་ཡོད་པར་གསུངས་པས། དེ་ནི་རྟོག་གེ་འབར་བ་ཡིན་ཏེ། རྟོག་གེ་འབར་བ་ལས[35]། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལ་བདག་གི་སྒྲ་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ་ཞེས་ལུས་དང་དབང་པོའི་ཚོགས་དག་ལ་ཉེ་བར་འདོགས་པའི་ཕྱིར་ཏེ། ཇི་སྐད་དུ།

དཔེར་ན་ཡན་ལག་ཚོགས་པ་ལ། །ཤིང་རྟ་ཞེས་ནི་དྲན་པ་ལྟར། །

དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་ཏུ་ནི་སེམས་ཅན་བརྗོད། །

ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་འདི་ཡིན་པ་ལྟ་བུར་མངོན་པས། དེས་ན་ཁོ་བོ་ཅག་གིས་གསུངས་པ་ལྟར་གཞུང་འདི་ཉིད་མཛད་པ་པོ་གཅིག་ཡིན་པར་འགྱུར་ལ། ཡང་ཁོ་བོ་ཅག་གི་ལུང་ལས་ཞེས་པའི་ཁོ་བོ་ཅག་གིས་ཁས་ལེན་པའི་མདོ་ལས་ཞེས་པ་ཡིན་པར་སྣང་ཞིང་། གཞུང་གཞན་དུའང་འདི་འདྲ་སྣང་ལ། ལུང་ཞེས་པ་མདོ་ལ་གོ་བ་ཤས་ཆེ་བས་དཔྱད་པར་འཚལ།།

དེས་ན་གཞུང་གི་གསུང་ཚུལ་རྣམས་གོང་འོག་བསྒྲིགས་ཏེ་དཔྱད་པ་ན། རྟོག་གེ་འབར་བ་རྩོམ་པ་པོ་དེ་ཉིད་ཤེས་རབ་སྒྲོན་མ་རྩོམ་པ་པོ་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པའི་ཕྱོགས་སུ་གོ་ནུས་པ་ནི། སྤྱིར་གོང་བཀོད་རིགས་པ་དེ་དག་དང་། ལྷག་པར་རྗེ་བདག་ཉིད་ཆེན་པོས་དྲང་ངེས་ལེགས་བཤད་སྙིང་པོ་སོགས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་འཕགས་པའི་དགོངས་པ་བཀྲལ་ཚུལ་དང་། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའི་འདོད་ཚུལ་བཀོད་པ་ན། ཤེས་རབ་སྒྲོན་མ་དང་རྟོག་གེ་འབར་བ་གཉིས་དྲངས་ཡོད་པ་དང་། མཛད་བྱང་དུ་གཞུང་དེ་རྩོམ་པ་པོ་བཀོད་པ་དེ་ཉིད་གཞུང་དེ་རྩོམ་པ་པོ་ཡིན་མིན་ལ་དོགས་པ་ཡོད་ན། དེ་ལ་གསལ་བཤད་གསུངས་རིགས་པ་རྣམས་ལ་དེ་ལྟར་གསུངས་ཡོད་ཀྱང་། རྟོག་གེ་འབར་བ་འདི་ལ་ཟུར་ཙམ་ཡང་མ་བྱུང་བས་རྗེ་བླ་མས་རང་འགྲེལ་དུ་ཞལ་གྱིས་བཞེས་པར་འདྲའོ།།

 

༥༽ རང་འགྲེལ་མིན་པར་འདོད་པའི་ལུགས།

དེ་ཡང་མཁན་པོ་ཡེ་ཤེས་སྡེས་ (དུས་རབས་8པ།) མཛད་པའི་ལྟ་བའི་ཁྱད་པར་ལས[36]། ཕྱི་རོལ་གྱི་དོན་ཡོད་པར་སྨྲ་བ་ལ་སོགས་པའི་ལྟ་བའི་བྱེ་བྲག་དང༌། ཐེག་པ་གསུམ་དང་སྐུ་གསུམ་ལ་སོགས་པ་མཁན་པོ་དག་ལས་ཐོས་པ་དང༌། གསུང་རབ་མདོ་སྡེ་དང༌། བསྟན་བཅོས་ལས་བྱུང་བའི་དོན་མདོ་ཙམ་ཞིག་བརྗེད་བྱང་དུ་བྱས་པ། ཨཱ་ཙཱརྱ་ནཱ་གཱ་རྫུ་ནས་དབུ་མའི་ཀཱ་རི་ཀཱ་མཛད་པའི་འགྲེལ་པ་ཤེས་རབ་སྒྲོན་མ་ཞེས་བྱ་བ་དང༌། དབུ་མའི་སྙིང་པོ་ཞེས་བྱ་བ་མཛད་པ་དང༌། བར་གྱི་མཁན་པོ་ཤཱནྟ་རཀྵི་ཏ་ཞེས་བྱ་བས་ཨཱཙཱརྱ་ཨ་སཾ་གས་རྣམ་པར་ཤེས་པ་ཙམ་དུ་བཤད་པའི་བསྟན་བཅོས་རྣལ་འབྱོར་སྤྱོད་པ་མཛད་པ་ལ་བརྟེན་ཏེ། ཀུན་རྫོབ་ཏུ་དེའི་ལུགས་དང་མཐུན་པར་རྣམ་པར་ཤེས་པ་ཙམ་དུ་བསྒྲུབས་ལ། དོན་དམ་པར་རྣམ་པར་ཤེས་པ་ཡང་རང་བཞིན་མེད་པར་བཤད་པའི་དབུ་མའི་བསྟན་བཅོས་དབུ་མའི་རྒྱན་ཞེས་བྱ་བ་ཞིག་མཛད་དེ། དབུ་མའི་བསྟན་བཅོས་ལུགས་ཅུང་ཟད་མི་མཐུན་པ་གཉིས་བྱུང་བས། ཨཱ་ཙཱརྱ་བྷ་བྱས་མཛད་པ་ལ་ནི་མདོ་སྡེ་པའི་དབུ་མ་ཞེས་བཏགས། ཨཱ་ཙཱརྱ་ཤཱནྟ་རཀྵི་ཏས་མཛད་པ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་ཞེས་བཏགས་སོ། །ཞེས་གསུངས་པ་ལྟར་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཤིང་རྟའི་སྲོལ་འབྱེད་པའི་བསྟན་བཅོས་ལ་ཤེས་རབ་སྒྲོན་མ་དང་། དབུ་མ་སྙིང་པོ་གཉིས་ལས་མ་གསུངས་པས་རྟོག་གེ་འབར་བ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་ན་ངེས་པར་འགོད་དགོས་རྒྱུ་ལ་དེ་ལྟར་མ་བཀོད་པས་ཀྱང་རྩ་འགྲེལ་བྱེད་པ་པོ་ཐ་དད་དམ་ལེགས་ལྡན་གྱིས་མཛད་པ་མ་ཡིན་པའི་ཕྱོགས་སུ་འགྲོ་བར་སྣང་ངོ་།།

 

༦༽ ཁ་ཅིག་གི་འདོད་པ་དང་རང་ལུགས་ཀྱི་ལན།

དེང་གི་རྒོལ་བ་རྟོག་ལྡན་དག་གི་ཐུགས་ལ་འཁྲུངས་པའི་དོགས་པ་དང་། དོགས་པ་དེ་དག་ལ་ཅུང་ཟད་དཔྱད་དེ་བརྗོད་པ་ལ། ཁ་ཅིག་གི་འདོད་པ་བཀོད་པ་དང་། དེའི་ལན་གཉིས་ལས། དང་པོ། ཁ་ཅིག་གི་འདོད་པ་བཀོད་པ་ནི། ལ་ལ་ན་རེ། དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བའི་མཛད་པ་པོ་སློབ་དཔོན་ལེགས་ལྡན་འབྱེད་མ་ཡིན་ཏེ། དབུ་མ་སྙིང་པོ་ནི་ལེགས་ལྡན་འབྱེད་ཀྱིས་མཛད་པར་རྩོད་མེད་ཡིན་ལ། གལ་ཏེ་རྟོག་གེ་འབར་བ་རང་འགྲེལ་ཡིན་ན། དབུ་མ་སྙིང་པོའི་རྩ་བ་དྲངས་པ་ན། སློབ་དཔོན་གྱིས་བཤད་པ། ཞེས་རང་གིས་རང་ལ་སློབ་དཔོན་དུ་འབོད་པ་མི་འཐད་པའི་ཕྱིར་ཞེས་ཟེར་རོ།།

དེ་ཡང་རྟོག་གེ་འབར་བ་ལས[37]། འདིར་སློབ་དཔོན་གྱིས་བཤད་པ།

གལ་ཏེ་བདག་སྒྲ་དོན་བཞིན་ཏེ། །འགའ་ལ་ཉེ་བར་གདགས་པའི་ཕྱིར། །

སེང་གེའི་སྒྲ་དང་འདྲ་ཞེ་ན། །བདག་ནི་གྲུབ་པ་ཉིད་མི་འགྱུར། །

ཞེས་དབུ་མ་སྙིང་པོའི་ལུང་དྲངས་པ་དང་། དེའི་དོན་འགྲེལ་པ་ན་སློབ་དཔོན་གྱིས་བཤད་པ་དང་། སློབ་དཔོན་གྱིས་སྨྲས་པ། སློབ་དཔོན་གྱིས་ལན་སྨྲས་པ། སློབ་དཔོན་བདག་ཉིད་བསྟན་པ་ཡིན་ནོ་ཞེས་སོགས་གསལ་བས། ཕྱོགས་སྔའི་འདོད་པ་མིན་པ་རང་རྩོམ་ལ་རང་ཉིད་ཀྱིས་རང་འགྲེལ་བྱེད་སྐབས་རང་གིས་རང་ལ་སློབ་དཔོན། ཞེས་གསུང་སྲོལ་མེད་ལ། དེ་ལྟར་བརྗོད་པའི་གཞུང་གཞན་ད་བར་མ་མཇལ་བས། དབུ་མ་སྙིང་པོའི་གཞུང་བྱེད་པོ་སློབ་དཔོན་གཞན་ཞིག་ཡིན་པ་བསྟན་པ་ལྟ་བུར་མངོན་ཞིང་། དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ནི། དཔལ་ལྡན་ཟླ་བའི་རྗེས་སུ་བྱུང་ཞིང་། ཟླ་བ་གྲགས་པའི་རྗེས་སུ་འབྲང་བའི་སློབ་དཔོན་བྷ་བྱ་འམ་ལེགས་ལྡན་བྱ་བ་ཞིག་གིས་མཛད་པ་ཡིན་གྱི། ཟླ་བའི་སྔོན་དུ་བྱུང་བའི་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་། དབུ་མ་སྙིང་པོ་སོགས་ཀྱི་མཛད་པ་པོའི་ལེགས་ལྡན་འབྱེད་ཀྱིས་མཛད་པ་མིན་ནོ་ཞེས་ཟེར་རོ།།

དེའི་ལན་ལ་གཉིས་ལས། དེ་ལ་འདོད་པ་དང་པོ་མི་འཐད་པར་སྒྲུབ་པ་ནི། འདོད་པ་དང་པོ་ནི་རྣམ་དཔྱོད་དང་ལྡན་པའི་དོགས་པ་ཡིན་མོད། འོན་ཀྱང་དེ་ལ་ཁྱབ་པ་ནི་མེད་དེ། དེ་ལྟར་ན་མཛོད་རང་འགྲེལ་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་མ་ཡིན་པར་འགྱུར་ཏེ། མཛོད་རང་འགྲེལ་དུ་རང་གིས་རང་ལ་སློབ་དཔོན་ཞེས་འབོད་པའི་ཕྱིར་ཏེ། མཛོད་རང་འགྲེལ་གྱི་མཛོད་གནས་དང་པོའི་བཤད་པ་ལས[38]། ཡང་ཅིའི་ཕྱིར་ཆོས་མངོན་པ་བསྟན། འདི་དང་པོ་ཉིད་དུ་སུས་བསྟན་ན། འདི་ལྟར་སློབ་དཔོན་ཆོས་མངོན་པའི་མཛོད་འཆད་པར་གུས་ཤེ་ན།

ཆོས་རྣམས་རབ་ཏུ་རྣམ་འབྱེད་མེད་པར་ཉོན་མོངས་རྣམས། །གང་ཕྱིར་ཉེ་བར་ཞི་བར་བྱ་བའི་ཐབས་མེད་ལ། །

ཉོན་མོངས་པས་ཀྱང་འཇིག་རྟེན་སྲིད་མཚོ་འདིར་འཁྱམས་ཏེ། །དེ་བས་དེ་ཕྱིར་འདི་ནི་སྟོན་པས་གསུངས་སོ་ལོ། །

ཞེས་བྱ་བ་སྨོས་ཏེ། ཞེས་དང་། ཡང་དེ་ཉིད་ལས[39]། དེ་ནི་རྣམ་རིག་བྱེད་མིན་ཞེས་བྱ་བ་ལ། དེ་ནི་ཞེས་བྱ་བའི་སྒྲ་ནི་དེའི་མིང་ཤེས་པར་བྱ་བའི་ཕྱིར་ཏེ། གཟུགས་དང་བྱེད་པའི་རང་བཞིན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་གཞན་དག་ལ་རྣམ་པར་རིག་པར་བྱེད་པ་མ་ཡིན་པས་རྣམ་པར་རིག་བྱེད་མ་ཡིན་པའོ། །བརྗོད་ཅེས་བྱ་བ་ནི་སློབ་དཔོན་གྱི་ཚིག་ཡིན་པར་སྟོན་པའོ། །ཞེས་གསུངས་པས། མཛོད་རང་འགྲེལ་ཡང་སློབ་དཔོན་དབྱིག་གཉེན་གྱིས་མཛད་པ་མིན་པར་དབང་མེད་དུ་ཁས་ལེན་དགོས་པར་མི་འགྱུར་རམ།

དེས་ན་རྟོག་གེ་འབར་བ་ལས[40]། འདིར་སློབ་དཔོན་གྱིས་བཤད་པ།

གལ་ཏེ་བདག་སྒྲ་དོན་བཞིན་ཏེ། །འགའ་ལ་ཉེ་བར་གདགས་པའི་ཕྱིར། །

སེངྒེའི་སྒྲ་དང་འདྲ་ཞེ་ན། །བདག་ནི་གྲུབ་པ་ཉིད་མི་འགྱུར། །

ཞེས་བྱ་བ་ནི། ཞེས་དང་། འདིར་ཕ་རོལ་པོའི་རྒོལ་བའི་སྐབས་སྣང་ནས་སློབ་དཔོན་གྱིས་བཤད་པ།

གལ་ཏེ་བུམ་སོགས་སྐྱེས་མཐོང་བས། །མཐོང་ལ་གཏན་ཚིགས་དོན་མེད་དེ། །

མངོན་སུམ་དང་ནི་གྲགས་པ་ཡི། །གནོད་པས་གནོད་པར་འགྱུར་ཞེ་ན། །

ཞེས་སོགས་དབུ་མ་སྙིང་པོའི་ལུང་འདྲེན་པ་ན་སློབ་དཔོན། ཞེས་སྨོས་པ་དེ་ཉིད་རྟོག་གེ་འབར་བ་ལེགས་ལྡན་འབྱེད་ཀྱིས་མཛད་པའི་བསྟན་བཅོས་ཤིག་མིན་པའི་སྒྲུབ་བྱེད་དུ་ནི་མི་འགྲོ་སྟེ། རྒྱ་གར་གྱི་རང་འགྲེལ་དག་ན་རང་ལ་སློབ་དཔོན་ཞེས་པའི་མཚན་འདོགས་སྲོལ་མཆིས་པ་ནི། རང་རེ་འཕགས་བོད་ཀྱི་སློབ་དཔོན་དག་གིས་མཛད་པའི་རྩོམ་བྱང་དུ་མཛད་པ་པོ་རང་ཉིད་ལ་ཆེ་བསྟོད་སྔོན་དུ་སོང་བའི་མཚན་འདོགས་སྲོལ་མཆིས་པ་དང་སྒོ་ཀུན་ནས་མཚུངས་ལ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས[41]། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཉེ་བར་སྦྱར་བ། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་ལས། རྐྱེན་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་དང་པོ་འོ། །ཞེས་སོགས་ཤེར་སྒྲོན་ལེའུ་རེ་རེའི་མཇུག་ཏུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཉེ་བར་སྦྱར་བ་སོགས་བྱུང་ངོ་།།

གཞན་ས་སྡེའི་མཛད་བྱང་ལས་ཀྱང༌[42]། རྣལ་འབྱོར་སྤྱོད་པའི་ས་འདི་ནི་འཕགས་པ་ཐོགས་མེད་བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་བྱོན་པ་ཆོས་ཀྱི་རྒྱུན་གྱི་ཏིང་ངེ་འཛིན་བྱང་བར་བརྙེས་པ་འཕགས་པ་མི་ཕམ་པའི་ཞབས་ཀྱི་པདྨ་རྙོག་པ་མེད་པའི་ཟེའུ་འབྲུ་སྤྱི་བོས་ལེན་པས་མཛད་པ་སྟེ། རྣལ་འབྱོར་པ་བདག་དང་གཞན་གྱི་དོན་སྒྲུབ་པར་བྱེད་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་ཕྱིར་གོ་ཆ་ཆེན་པོ་བགོས་པ་རྣམས་ཀྱིས་དང་དུ་བླང་བར་བྱའོ། །ཞེས་དང་། རྗེ་བླ་མའི་ལེགས་བཤད་གསེར་ཕྲེང་གི་མཛད་བྱང་དུའང་[43]། བདག་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་ཀྱང་ཁེངས་པ་དང་བྲལ་ཞིང་ཐུབ་པའི་དབང་པོའི་བརྟུལ་ཞུགས་ལ་ལེགས་པར་གནས་པ། ཡུལ་གངས་ཅན་གྱི་མཐར་སྐྱེས་པའི་མང་དུ་ཐོས་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། བློ་གསལ་ཞིང་དོན་དུ་གཉེར་བའི་འདུན་པ་དང་ལྡན་པའི་བཤེས་གཉེན་མང་པོས་ཡུན་རིང་མོ་ནས་གསོལ་བ་བཏབ་པའི་དོན་དུ། བདེ་བར་གཤེགས་པའི་གསུང་རབ་འགྱུར་རོ་འཚལ་བཞུགས་པའི་གཙུག་ལག་ཁང་ཆེན་པོ། ཚལ་ཡང་དགོན་དུ་ཕལ་ཆེར་གྲུབ་པར་བྱས་ཤིང་། མཁས་གྲུབ་བར་མ་ཆད་དུ་བྱོན་པའི་ཆོས་གྲྭ་ཆེན་པོ་བདེ་བ་ཅན་དུ་རབ་བྱུང་གི་ལོ་སྣྲོན་གྱི་ཟླ་བ་ལ་མཇུག་ཡོངས་སུ་རྫོགས་པར་སྦྱར་བའི་ཡི་གེ་པ་ནི། ལམ་བཟང་པོ་འདི་ལ་ཤེས་ནས་མོས་པ་ཐོབ་པ་ཤར་མདོ་སྨད་པ་ལྡོང་སྟོན་ཛྙཱ་ན་ཤྲཱིའོ། །ཞེས་མཛད་པ་པོ་རང་ཉིད་ལ་ཆེ་བསྟོད་དང་བཅས་ཏེ་གསུངས་པ་སོགས་ཀྱང་ཁེངས་སྐྱུང་ཞིང་། ཞི་དུལ་གྱི་ཡང་རྩེར་བཞུགས་པའི་སྐྱེས་བུ་དམ་པ་འདི་དག་ལ་ནི་ཐུགས་ལ་ང་རྒྱལ་གྱི་དྲི་མས་གོས་པ་མི་མངའ་ཡང་། བསྟན་བཅོས་ཀྱི་མཛད་པ་པོའི་ཆེ་བ་མཐོང་ནས་གདུལ་བྱ་རྣམས་གུས་པ་སྐྱེ་བ་དང་། ཡང་ན་ཡི་གེ་པས་བསྣན་པ་ལྟ་བུར་གོ་བ་ལེན་ཆོག་པས། རྟོག་གེ་འབར་བ་དང་མཛོད་རང་འགྲེལ་ལྟ་བུའང་གསུང་པ་པོ་ནི་སློབ་དཔོན་ལེགས་ལྡན་འབྱེད་དང་། མཁས་མཆོག་དབྱིག་གཉེན་སོགས་ཡིན་ཡང་། ཡི་གེ་བ་ཞིག་གིས་ཡིག་ཐོག་ཏུ་ཕབ་པ་ཞིག་ནི་ཡིན་ངེས་པས། འདིའི་རྩ་བའི་གཞུང་ཐམས་ཅད་ལ་སློབ་དཔོན་ཞེས་མ་སྨོས་ཤིང་། རྟོག་གེ་འབར་བར་ལན་གཉིས་ཙམ་དང་། མཛོད་རང་འགྲེལ་དུའང་མཛད་པ་པོར་སློབ་དཔོན་ཞེས་ལན་གཉིས་ཙམ་སྨོས་པས་ནི། སྐབས་འགར་ཡི་གེ་བས་ཆེད་དུ་སློབ་དཔོན་ཞེས་བསྣན་པའང་ཡིན་སྲིད་པ་ནི་སྨོས་པའི་གྲངས་ཀ་ཉུང་བ་དང་མཛད་བྱང་ལས་ཀྱང་རྟོགས་པར་ནུས་སོ།།

གཞན་ཡང་། གལ་ཏེ་རྟོག་གེ་འབར་བར་དབུ་མ་སྙིང་པོའི་མཛད་པ་པོར་སློབ་དཔོན་ཞེས་འབོད་པས་རྟོག་གེ་འབར་བ་རང་འགྲེལ་མིན་པར་འགྱུར་ན། འོ་ན་དབུ་མ་སྙིང་པོའི་འདོད་པར་སློབ་དཔོན་གྱིས་བཞེད་པ་ཞེས་མ་སྨོས་པར་ཁོ་བོའི་འདོད་པ་ཞེས་སྨྲས་ན་འདི་རང་འགྲེལ་ཡིན་པར་ཁས་ལེན་དགོས་པ་ནི་ཀུན་ནས་མཚུངས་པས། དེ་ལྟར་ན། རྟོག་གེ་འབར་བ་འདིའང་རང་འགྲེལ་ཉིད་དུ་གྲུབ་སྟེ། རྟོག་གེ་འབར་བ་ལས[44]། ཁོ་བོས་ཀུན་རྫོབ་ཁོ་ནར་ཚད་མ་རྣམ་པར་གཞག་པ་བྱས་ཀྱི་དོན་དམ་པར་ནི་མ་ཡིན་ཏེ། དེ་ནི་བརྗོད་དུ་མེད་པ་ཡིན་པའི་ཕྱིར་རོ། །ཞེས་དང་། ཡང་དེ་ཉིད་ལས[45]། བསྟན་བཅོས་ཉིད་དུ་ཁོ་བོས་སྔར་སྡུག་བསྔལ་དེ་བདག་དང་གཞན་དང་གཉི་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་པར་བསྟན་ཟིན་པས་སྐྱེ་བ་མེད་པ་ནི་ཆོས་བསྟན་པ་དེའི་འབྲས་བུ་མ་ཡིན་ནོ། །ཞེས་དང་། ཡང་དེ་ཉིད་ལས[46]། གལ་ཏེ་ཁོ་བོས་བསྒྲུབས་པའི་ཚུལ་གྱིས་དངོས་པོ་རྣམས་ཀྱི་ཡོད་པ་ཉིད་བཀག་པས་མེད་པའི་ངོ་བོ་ཉིད་བསྒྲུབས་པར་གྱུར་ན་ནི་དེ་ལྟར་ཡང་འགྱུར་བ་ཞིག་ན་གང་གི་ཕྱིར་ཁོ་བོ་མཐའ་གཉིས་སྤང་བའི་ཚུལ་གྱིས་དབུ་མའི་ལམ་སྟོན་པའི་ཤེས་པ་རྟོགས་པར་འདོད་པ་དེའི་ཕྱིར་མེད་པ་ཉིད་ཀྱང་འགོག་པར་བྱེད་དེ།

དངོས་རྣམས་མེད་ཅེས་བྱ་བའི་བློ། །དོན་བཞིན་ཡིན་པར་མི་འདོད་དེ། །

རྟོག་པའི་སྒོ་ནས་གྲུབ་པའི་ཕྱིར། །མཐོ་ཡོར་ལ་ནི་མི་བློ་བཞིན། །

ཞེས་སོགས་གསུངས་པ་ན། དབུ་མ་སྙིང་པོའི་བཞེད་པ་བཀོད་པ་ཡིན་པས། ཁྱོད་ལྟར་ན་སློབ་དཔོན་གྱིས་ཞེས་སྨོས་རིགས་པ་ལ། དེ་ལྟར་མ་སྨྲས་པར་ཁོ་བོས་ཞེས་གསུངས་པའི་ཕྱིར་རོ།།

འདོད་པ་གཉིས་པ་མི་འཐད་པར་སྒྲུབ་པ་ནི། དེ་ཡང་མ་དྷྱ་མ་ཀ་རཏྣ་པྲ་དཱི་པཾ་སྟེ། དབུ་མ་རིན་པོ་ཆེའི་སྒྲོན་མའི་མཛད་པ་པོར་མཚན་གཡར་བའི་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱཿཞེས་པ་ནི་བོད་སྐད་དུ་ལེགས་ལྡན་ཞེས་པའི་དོན་ཡིན་ལ། འདི་དང་བྷཱ་བི་བི་ཀཿལེགས་ལྡན་བྱེད་དང་། བྷཱ་བ་བི་བེ་ཀཿསྟེ་ལེགས་ལྡན་འབྱེད་རྣམས་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་མཚན་གྱི་རྣམ་གྲངས་ཡིན་མོད། འོན་ཀྱང་དབུ་མ་རིན་པོ་ཆེའི་སྒྲོན་མའི་མཛད་པ་པོ་དངོས་ནི་སློབ་དཔོན་བྷ་བྱས་མ་ཡིན་གྱི། སློབ་དཔོན་བྷ་བྱའི་མཚན་གཡར་བ་ཙམ་ཡིན་ཏེ། གལ་ཏེ་ལེགས་ལྡན་འབྱེད་ལས་ལོགས་སུ་སློབ་དཔོན་མཁས་པ་ཆེན་པོ་བྷ་བྱ་ཞུ་བ་ཞིག་ཡོད་ཕྱིན་ངེས་པར་དུ་དཔལ་ལྡན་ཟླ་བའི་རྗེས་དང་། སློབ་དཔོན་སྤྱན་རས་གཟིགས་བརྟུལ་བཞུགས་ཀྱི་སྔོན་དུ་ཡིན་དགོས་མོད། དེ་འདྲ་ཡོད་པ་རྒྱ་དཀར་ནག་བོད་དང་བཅས་པའི་ཆོས་འབྱུང་ཁུངས་མ་གང་ལས་ཀྱང་མ་བྱུང་བའི་ཕྱིར་རོ།།

དེ་ལ་གལ་ཏེ། བྷ་བྱཿསྟེ་ལེགས་ལྡན་དང་། བྷཱ་བ་བི་བེ་ཀཿསྟེ་ལེགས་ལྡན་འབྱེད་གཉིས་གང་ཟག་ཐ་དད་ཡིན་པས་རྟོག་གེ་འབར་བའི་མཛད་པོ་ནི་བྷ་བྱཿསྟེ་ལེགས་ལྡན་ཡིན་ལ། ཤེར་སྒྲོན་གྱི་མཛད་པ་པོ་ནི་བྷཱ་བ་བི་བེ་ཀཿསྟེ་ལེགས་ལྡན་འབྱེད་ཡིན་ཞེ་ན། འོ་ན་དབུ་མ་སྙིང་པོའང་སློབ་དཔོན་བྷཱ་བ་བི་བེ་ཀཿསྟེ་ལེགས་ལྡན་འབྱེད་ཀྱིས་མཛད་པ་མ་ཡིན་པར་ཐལ། བྷ་བྱཿསྟེ་ལེགས་ལྡན་གྱིས་མཛད་པ་ཡིན་པའི་ཕྱིར་ཏེ། དབུ་མ་སྙིང་པོ་ལས[47]། དབུ་མའི་སྙིང་པོ་ཚིག་ལེའུར་བྱས་པ་སློབ་དཔོན་ཆེན་པོ་བྷ་བྱས་མཛད་པ་རྫོགས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན་མི་འཐད་དེ། དབུ་མ་ཤེས་རབ་སྒྲོན་མའི་རབ་བྱེད་ཉེར་ལྔ་པ་ལས[48]། དཔྱད་པ་རྒྱས་པར་ནི་དབུ་མའི་སྙིང་པོའི་དེ་ཁོ་ན་ལ་འཇུག་པའི་སྐབས་ནས་རྣལ་འབྱོར་སྤྱོད་པ་བ་དག་དང་ལྷན་ཅིག་བྱེད་པར་འགྱུར་རོ། །ཞར་ལ་བཤད་པས་ཆོག་སྟེ། འདི་ནི་མངོན་པར་བརྩོན་པ་རྣམས་རང་གི་སྡེ་པ་དག་དང་ལྷན་ཅིག་རིགས་པ་དང་མ་ཡིན་པ་རྟོག་པའི་ཕྱོགས་ཙམ་ཞིག་བསྟན་པ་ཡིན་ནོ། །ཞེས་དབུ་མ་སྙིང་པོ་དང་རྟོག་གེ་འབར་བ་གཉིས་ཀ་བྷ་བྱས་མཛད་པས་རྟོག་གེ་འབར་བ་རང་འགྲེལ་ཉིད་ཡིན་ནོ།།

གལ་ཏེ་རྟོག་གེ་འབར་བའི་མཛད་པ་པོར་གྱུར་པའི་ལེགས་ལྡན་གཉིས་པ་ཞིག་བྱུང་ན་ནི་ངེས་པར་དུ་ཟླ་བ་གྲགས་པའི་རྗེས་དང་། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་སྔོན་དུ་ཡིན་དགོས་ཏེ། དབུ་མ་རིན་པོ་ཆེའི་སྒྲོན་མ་ལས[49]། ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ།

གཟུགས་ནི་དབུ་བ་རྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །

འདུ་ཤེས་སྨིག་རྒྱུ་འདྲ་བ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །

རྣམ་པར་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །

ཞེས་གསུངས་སོ། །འདིའི་དོན་རྒྱས་པར་སློབ་དཔོན་ཟླ་བ་གྲགས་པའི་ཞལ་སྔ་ནས་མཛད་པའི་དབུ་མ་ཕུང་པོ་ལྔ་པ་དང་། བདག་གིས་བཀོད་པ་རྟོག་གེ་འབར་བ་ལ་སོགས་པར་བལྟ་བར་བྱའོ། །ཞེས་གསུངས་པར་མ་ཟད། དབུ་མ་རིན་པོ་ཆེའི་སྒྲོན་མའི་ནང་དུ་དཔལ་ལྡན་ཟླ་བའི་གཞུང་ཡང་ཡང་ལུང་འདྲེན་མཛད་པས། གལ་ཏེ་རྟོག་གེ་འབར་བ་དེས་མཛད་པ་བདེན་ན། ཟླ་བའི་རྗེས་སུ་ཡིན་དགོས་པར་ཤིན་ཏུ་གསལ་ཞིང་། རྟོག་གེ་འབར་བ་འདི་ལ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པའི་དབུ་མ་ཤེས་རབ་སྒྲོན་མའི་འགྲེལ་ཆེན་དུའང་ཞལ་འཕངས་མཛད་དེ། དབུ་མ་ཤེས་རབ་སྒྲོན་མའི་འགྲེལ་ཆེན་ལས[50]། རྣམ་པར་ཤེས་པ་ཙམ་དུ་སྨྲ་བ་དག་གི་གཞུང་མི་འཐད་པར་དཔྱད་པ་རྒྱས་པར་ནི། སློབ་དཔོན་ལེགས་ལྡན་འབྱེད་ཉིད་ཀྱིས་དབུ་མའི་རྩ་བའི་ཚིག་ལེའུར་བྱས་པ་དབུ་མའི་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ཞེས་བྱ་བའི་ནང་ནས་རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ན་ལ་འཇུག་པ་ཞེས་བྱ་བའི་སྐབས་ནས་སྟོན་པར་འགྱུར་རོ་ཞེས་བྱ་བར་ཡང་སྦྱར་རོ། །ཞེས་གསུངས་པས། གལ་ཏེ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་སྔོན་དུ་རྟོག་གེ་འབར་བ་བརྩམས་མ་ཟིན་ན་ཤེར་སྒྲོན་འགྲེལ་ཆེན་དུ་ཇི་ལྟར་ཞལ་འཕངས་མཛད་སོམས་ཤིག

ཡང་གལ་ཏེ་ཟླ་བ་གྲགས་པའི་རྗེས་དང་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱི་སྔོན་དུ་བྱུང་བའི་བྷ་བྱ་སྟེ་ལེགས་ལྡན་བྱ་བ་ཞིག་གིས་མཛད་དོ་ཟེར་ན་ནི་མི་འཐད་དེ། དཔལ་ལྡན་ཟླ་བ་གྲགས་པ་ནི་ཕྱི་ལོ་ ༦༠༠ ནས་ ༦༥༠ བར་དུ་ཕེབས་པའི་སྐྱེས་བུ་དམ་པ་ཞིག་ཡིན་ལ། སློབ་དཔོན་སྤྱན་རས་གཟིགས་བརྟུལ་ཞུགས་ནི་ཕྱི་ལོ་ ༦༨༠ ཙམ་ལ་རྒྱ་གར་དུ་ཞལ་བཞུགས་པའི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་སློབ་དཔོན་ཞིག་ཡིན་པས། ཟླ་བ་གྲགས་པ་ཞལ་བཞུགས་པའི་དུས་སུ་འཁྲུངས་ཟིན་པར་ངེས་པས། ཟླ་བ་གྲགས་པ་ཞལ་བཞུགས་དུས་ཀྱི་སློབ་མའམ་དེའི་རྗེས་ཀྱི་དེ་མ་ཐག་ཏུ་བྱུང་བའི་སློབ་མ་ཞིག་ཡིན་ཕྱིན། སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་དེ་ལྟར་ཡིན་པར་མི་མཁྱེན་པར་མི་སྲིད་པས། ཟླ་བའི་སློབ་མ་བྷ་བྱཿདང་སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་གཉིས་ནོར་བ་མི་སྲིད་དོ། །དེར་མ་ཟད་རྟོག་གེ་འབར་བའི་ལེའུ་ལྔ་པ་རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ན་ལ་འཇུག་པ་དེ་ཉིད། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་འགོག་པའི་གཞུང་གཙོ་བོ་ཡིན་པར་གསུངས་པས། གལ་ཏེ་ཟླ་བ་གྲགས་པའི་རྗེས་འབྲང་ཞིག་གིས་བརྩམས་པ་ཡིན་ན། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པས་རྣམ་པར་རིག་པ་ཙམ་དུ་སྨྲ་བ་རྣམས་འགོག་པའི་གཞུང་དུ་ཇི་ལྟར་འགྱུར་རམ། ལྷག་པར་སློབ་དཔོན་ལེགས་ལྡན་འབྱེད་སློབ་དཔོན་ཟླ་བ་གྲགས་པའི་སྔོན་དུ་བྱོན་ཟིན་པ་དབུ་མའི་ཐལ་ཟློག་གི་ནང་དུ་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་དགག་པ་མཛད་པ་དང་། ལེགས་ལྡན་ལ་ཟླ་གྲགས་ཀྱིས་དགག་པ་མཛད་པ་གསལ་ཡོད་ལ། ཡང་སྒོས་དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་དབུ་མ་ཚིག་གསལ་ལས[51]།

སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་མཐོང་ནས་ལེགས་ལྡན་འབྱེད་ཀྱིས་ལེགས་བཤད་གང་། །ཞེས་སློབ་དཔོན་ལེགས་ལྡན་གྱི་མཚན་དངོས་སུ་བྱུང་བས་ན། མཁན་ཆེན་ཞི་འཚོའི་རྗེས་སུ་བྱུང་དོན་གཏན་ནས་མེད་ལ། ལྷག་པར་ཞི་བ་འཚོ་བརྒྱ་ཕྲག་བརྒྱད་པའི་མཁས་པ་ཡིན་པ་ཡོངས་གྲགས་ཡིན་པས་ལེགས་ལྡན་འབྱེད་ཞི་འཚོའི་རྗེས་སུ་བྱོན་ན། སློབ་དཔོན་ལེགས་ལྡན་འབྱེད་ནི་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པའང་རྗེ་བླ་མས་ཀུན་གཞི་རྒྱ་ཆེར་འགྲེལ་ལས་གསུངས་པས་ལོ་རྒྱུས་དོན་དངོས་དང་མཐུན་དཀའ་བས་འདི་ཡང་བསམ་དགོས་པ་ཞིག་གོ།

 

༧༽ ཐོགས་མེད་སྐུ་མཆེད་ཀྱི་བཞེད་པ་དགག་པས་མིན་ཚུལ།

དེ་ལྟར་མཁས་པ་རྣམས་ཀྱིས་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་ཡིན་མིན་ལ་ཐེ་ཚོམ་སྐྱེ་དགོས་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། ཞེ་ཕུགས་སུ་སློབ་དཔོན་ལེགས་ལྡན་འབྱེད་དེ་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་ཞེན་པས། གལ་ཏེ་རྟོག་གེ་འབར་བ་ལེགས་ལྡན་འབྱེད་ཀྱིས་མཛད་པར་ཁས་བླངས་ན། རྟོག་གེ་འབར་བ་ལས[52]། ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་། དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། ས་རབ་ཏུ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་། ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་པ་ཤེས་ཤིང་། མཁས་པར་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩིར་འཇུག་པ་སྟེ། རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི། དབུ་མར་སྨྲ་བ་པ་རྣམས་ཀྱིས་ནི་མ་ཡིན་ཞེས་ཟེར་རོ། །ཞེས་གསུངས་པ་འདིས་ལེགས་ལྡན་འབྱེད་དེ་འཕགས་པ་ཐོགས་མེད་དང་། སློབ་དཔོན་དབྱིག་གཉེན་རྣམ་གཉིས་ཀྱི་རྗེས་སུ་བྱུང་བར་འབད་མེད་དུ་གྲུབ་པ་སྟེ། ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1722) མཛད་པའི་གྲུབ་མཐའ་ཆེན་མོ་ལས་[53]ཀྱང་། དེས་ན་བྱང་ཆུབ་སེམས་འགྲེལ་སོགས་སློབ་དཔོན་གྱིས་སེམས་ཙམ་པ་བྱུང་ནས་བརྩམ་པར་མངོན་པས། སློབ་དཔོན་ལེགས་ལྡན་དང་སློབ་དཔོན་ཟླ་བ་གཉིས་ཕྱི་ཆར་གྱི་སློབ་མར་འཐད་ཅིང་ལོ་དྲུག་བརྒྱར་བཞུགས་པའང་ལེགས་པར་གྲུབ་བོ། །ཞེས་སོགས་གསུངས་པ་འདི་ཉིད་ཐུགས་ལ་མ་བདེ་བ་ཡིན་མོད། དེ་ལྟར་ན་ནི། དབུ་མ་སྙིང་པོའང་ལེགས་ལྡན་འབྱེད་ཀྱིས་མཛད་པ་མིན་པར་ཁས་ལེན་དགོས་པར་འགྱུར་ཏེ། འདིའི་ཐད་ཀྱི་དབུ་མ་སྙིང་པོའི་ལེའུ་ལྔ་པ་ལས[54]།

རང་གི་ལུགས་ཀྱི་ང་རྒྱལ་གྱིས། །མཁས་པར་རློམ་གཞན་འདི་སྐད་སྨྲ། །

དེ་ཉིད་བདུད་རྩིར་འཇུག་པ་དང་། །རྣལ་འབྱོར་སྤྱོད་པས་ལེགས་བསྟན་ཟེར། །

ཞེས་གསུངས་པས། མཚན་དངོས་སུ་མ་སྨྲས་པ་ཙམ་ལས་དོན་ལ་རྣལ་འབྱོར་སྤྱོད་པར་ལེགས་བསྟན་ཟེར་མཁན་ནི་ཐོགས་མེད་དང་དབྱིག་གཉེན་ལ་གོ་དགོས་པར་མ་ཟད། དབུ་མའི་སྙིང་པོའི་ལེའུ་ལྔ་པ་རྣལ་འབྱོར་སྤྱོད་པ་བའི་དེ་ཁོ་ན་ཉིད་གཏན་ལ་དབབ་པ་ལ་འཇུག་པའི་གཞུང་ཡོངས་སུ་རྫོགས་པ་འཕགས་པ་ཐོགས་མེད་དང་སློབ་དཔོན་དབྱིག་གཉེན་གྱི་བཞེད་པ་དགག་པའི་གཞུང་ཡིན་པས་སོ།།

 

༨༽ མཇུག་བསྡུ།

དེ་ཡང་ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1722) མཛད་པའི་གྲུབ་མཐའ་ཆེན་མོ་ལས[55]། དེས་ན་དབུ་མ་རང་རྒྱུད་པ་འདི་དག་གིས་མཐའ་གཉིས་བཀག་པ་ནི། སེམས་ཙམ་པ་དང་ཆེས་མི་འདྲ་བར་འཕགས་པ་ཡབ་སྲས་ཀྱི་རིགས་ལམ་ནས་དྲངས་ཏེ་མཐའ་གཉིས་སྤོང་ལུགས་ཐལ་འགྱུར་བ་དང་ཤིན་ཏུ་ཉེ་བ་གཅིག་ཡོད་ལ། དེའི་ནང་ནས་ཀྱང་སློབ་དཔོན་ལེགས་ལྡན་ཡབ་སྲས་ཀྱིས་མི་གཙང་བས་སྦགས་ནས་འཁྲུ་བ་ལས་མ་སྦགས་པ་བཟང་བ་ལྟར། སེམས་ཙམ་པ་དང་མ་བསྲེས་པར་དབུ་མ་རང་རྒྱུད་བཀྲལ་བ་འདི་ཐལ་འགྱུར་བའི་སྐབས་སུའང་དཔལ་ལྡན་ཟླ་བ་གྲགས་པའི་གསུང་དང་ཕལ་ཆེར་ཤིན་ཏུ་མཐུན་པའི་གནད་ཀྱིས་འཇིག་རྟེན་གྱི་མིག་གཅིག་པུ་མཉམ་མེད་ཇོ་བོ་ཆེན་པོས་ཀྱང༌། རྒྱ་གར་དུའང་རྟོག་གེ་འབར་བ་ལན་མང་དུ་གསུངས་ཤིང༌། བོད་དུའང་དེ་ལྟར་གསུངས་ལ། རྗེ་རིན་པོ་ཆེས་ཀྱང་དེ་ལྟར་དགོངས་པས་སོ། །ཞེས་གསུངས་པ་ལྟར། དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་ཆེན་མོ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རང་རྐང་དུ་བརྩམས་པའི་དབུ་མ་སྙིང་པོ་དང་། དེའི་རང་འགྲེལ་རྟོག་གེ་འབར་བ་གཉིས་དང་། དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་སོགས་མཛད་ཅིང་། ཁྱད་པར་དུ་རྟོག་གེ་འབར་བའི་གཞུང་ལེའུ་བཅུ་གཅིག་ལས། ཕྱི་རོལ་པའི་གྲུབ་མཐའ་སོ་སོ་དང་ནང་པའི་གྲུབ་མཐའི་བར་གྱི་ཁྱད་པ་རྣམ་པ་མང་པོ་དང་། ཉན་ཐོས་ཀྱི་སྡེ་པ་དང་། རྣལ་འབྱོར་སྤྱོད་པའི་གྲུབ་མཐའི་སྐྱོན་རྣམས་བསྟན་ཏེ་ལེགས་པར་བཀག་ནས། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་སྒོམ་སྤྱོད་པའི་གནད་འགག་རྣམས་ལུང་དང་རིགས་པའི་ལམ་ནས་རྒྱས་པར་གཏན་ལ་ཕབ་པས། མཉམ་མེད་ཇོ་བོ་ཆེན་པོས་ཀྱང་རྒྱ་གར་དང་བོད་དུ་རྟོག་གེ་འབར་བའི་བཤད་པ་ལན་མང་དུ་མཛད་ཅིང་། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས་ཀྱང་དབུ་མ་དགོངས་པ་རབ་གསལ་དང་། ལམ་རིམ་ཆེན་མོ། དྲང་ངེས་ལེགས་བཤད་སྙིང་པོ། ལེགས་བཤད་གསེར་ཕྲེང་སོགས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རང་གཞུང་ཁུངས་མར་བརྩིས་ཏེ་འདྲེན་པར་མཛད་པས་ཡིད་ཆེས་པའི་གནས་སུ་འདུག་གོ།[56]  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། མངོན་བརྗོད། མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ ལོ། ཤོག་གྲངས་ ༡༢༦

[2]  སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༩

[3]  བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼ཕི༽ དེབ་ཨང་། ༧༠ པ། ཤོག་གྲངས་ ༨༠༦

[4]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༥༩

[5]  ཆོས་སྤྱོད་རབ་གསལ། འབྲས་སྤུངས་བློ་གསལ་གླིང་། ༡༩༩༤ ལོ། ཤོག་གྲངས་ ༣༧༩

[6]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། པོད། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༡༢༨༡

[7]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་། ༦༠ པ། ཤོག་གྲངས་ ༡༨༧༦

[8]  བོད་རྒྱ་ཚིག་མཛོད་ཆེན་མོ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ ལོ། ཤོག་གྲངས་ ༡༠༧༦

[9]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༤༥༣

[10]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པ། ཤོག་གྲངས་ ༣

[11]  དུང་དཀར་གྲུབ་མཐའ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༡ ལོ། ཤོག་གྲངས་ ༣༨༤

[12]  དེབ་ཐེར་སྔོན་པོ། སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༣༧༦

[13]  འདི་ཉིད་དགོན་པ་བའི་བུ་བཞིའི་ཡ་གྱལ་ཡིན་ཅིང་། རབ་བྱུང་དང་པོའི་མེ་བྱ་ (༡༠༥༧) ལོར་ལན་པ་མདར་སྐུ་འཁྲུངས། རབ་ཏུ་བྱུང་བའི་མཚན་ལ་ཤེས་རབ་འོད་ཞུ། ཕྱིས་དགོན་པ་བ་མཇལ་དུ་བྱོན་པས། དགོན་པ་བས་ཆོས་དང་ཟང་ཟིང་གཉིས་ཀས་བསྐྱངས། མངོན་པར་རྟོགས་པའི་ཡོན་ཏན་ཡང་ཚད་མེད་པ་དང་ལྡན་པ་ཡིན། ཐུགས་རབ་ཀྱང་ཤིན་ཏུ་ཆེ། འདི་ཉིད་ཀྱིས་ཀ་མ་དགོན་པ་བཏབ། དགེ་འདུན་བདུན་བརྒྱ་ཙམ་འཚོགས། ཕྱི་རོལ་གྱི་དངོས་པོ་ངན་པ་རྣམས་བཟང་པོར་བསྒྱུར་ནུས་པའི་ཏིང་ངེ་འཛིན་བརྟན་པོ་ཡང་མངའ། མཐར་དགུང་ལོ་བདུན་ཅུ་དོན་ལྔ་པ་རབ་བྱུང་གཉིས་པའི་ལྕགས་ཕག་ (༡༡༣༡) ལོར་སྐུ་གཤེགས་ཚུལ་དུང་དཀར་ཚིག་མཛོད་ཆེན་མོར་གསལ་ལོ།།

[14]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༤༢༥

[15]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཟ༽ དེབ་ཨང་། ༥༩ པ། ཤོག་གྲངས་ ༡༦༥༩

[16]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པ། ཤོག་གྲངས་ ༢༩༤

[17]  པདྨ་བཀའ་ཡི་ཐང་ཡིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་གྲངས་ ༢༡༤

[18]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་། ༦༤ པ། ཤོག་གྲངས་ ༡༧༤༥

[19]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༤༥༣

[20]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༦༠

[21]  ས་སྐྱའི་བཀའ་འབུམ་དཔེ་བསྡུར་མ། པོད། ༼༡༽ བལ་ཡུལ་རྒྱལ་ཡོངས་ས་ཆེན། ༢༠༠༦ ལོ། ཤོག་ ༡༠བ༤

[22]  དཔལ་ལྡན་ས་སྐྱ་པའི་གསུང་རབ་པོད། ༼༡༠༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༤ ལོ། ཤོག་གྲངས་ ༡༠༧

[23]  དེབ་ཐེར་སྔོན་པོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། སྟོད་ཆ། ༡༩༨༤ ལོ། ཤོག་གྲངས་ ༡༠༧

[24]  རོང་སྟོན་གསུང་འབུམ། ༼ཆ༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༢༩༡

[25]  རྒྱ་བོད་ཆོས་འབྱུང་རྒྱས་པ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་གྲངས་ ༡༧༥

[26]  བུ་སྟོན་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༨ ལོ། ཤོག་གྲངས་ ༢༣༤

[27]  དྲང་ངེས་ལེགས་བཤད་སྙིང་པོ། རྣམ་གྲྭ་ཤེས་ཡོན་ལྷན་ཚོགས། ༢༠༠༥ ལོ། ཤོག་གྲངས་ ༧༢

[28]  བྱང་ཆུབ་ལམ་རིམ་ཆེན་མོ། དགའ་བྱང་། ཐེ་ཝན་པར་མ། ༡༩༩༩ ལོ། ཤོག་གྲངས་ ༦༧༡

[29]  རྒྱལ་ཚབ་རྗེའི་གསུང་འབུམ། ༼ང༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༢༥༥

[30]  སྟོང་ཐུན་སྐལ་བཟང་མིག་འབྱེད། གསུང་འབུམ་པོད། ༼ཁ༽ དཔེ་རིང་། ཤོག་གྲངས་ ༣༧བ༦

[31]  གཏམ་རྒྱུད་གསེར་གྱི་ཐང་མ། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༤

[32]  ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱི་གསུང་འབུམ། ༼༡༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་ ༣༤༧

[33]  དེབ་ཐེར་དམར་པོའི་གལ་ཆེའི་ཚིག་འགྲེལ་གནད་བསྡུས། མི་རིགས་དཔེ་སྐྲུན་ཁང་། ༡༩༨༡ ལོ། ཤོག་གྲངས་ ༡༧༤

[34]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༡༢༥༤

[35]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་ ༥༨ པ། ཤོག་གྲངས་ ༢༠༠

[36]  བསྟན་འགྱུར་དཔེ་བསྡུར་མ། སྣ་ཚོགས། ༼ཇོ༽ དེབ་ཨང་། ༡༡༦ པ། ཤོག་གྲངས་ ༥༦༡

[37]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༢༠༠

[38]  བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་། ༧༩ པ། ཤོག་གྲངས་ ༦༨

[39]  བསྟན་འགྱུར་དཔེ་བསྡུར་མ། མངོན་པ། ༼ཀུ༽ དེབ་ཨང་། ༧༩ པ། ཤོག་གྲངས་ ༧༧

[40]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༢༠༠

[41]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༩༥༠

[42]  བསྟན་འགྱུར་དཔེ་བསྡུར་མ། སེམས་ཙམ། ༼འི༽ དེབ་ཨང་། ༧༥ པ། ཤོག་གྲངས་ ༡༨༣

[43]  ལེགས་བཤད་གསེར་གྱི་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༡༡༡༢

[44]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ ཤོག་གྲངས་ ༢༤༨

[45]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༢༧༨

[46]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༢༩༤

[47]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༩༦

[48]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༤༢༥

[49]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཚ༽ དེབ་ཨང་། ༥༧ པ། ཤོག་གྲངས་ ༡༥༠༥

[50]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཟ༽ དེབ་ཨང་། ༥༩ པ། ཤོག་གྲངས་ ༡༦༥༩

[51]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཡ༽ དེབ་ཨང་ ༦༠ པ། ཤོག་གྲངས་ ༤༨༡

[52]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༤༨༥

[53]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༡༩༩༩ ལོ། ཤོག་གྲངས་ ༣༧༦

[54]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཛ༽ དེབ་ཨང་། ༥༨ པ། ཤོག་གྲངས་ ༤༦

[55]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༦༤

[56]  དཔྱད་རྩོམ་འདི་ཉིད་ལི་ཐང་བཞག་པ་དགེ་ལེགས་མཁས་གྲུབ་མཆོག་གིས་མཛད་པའི་རྟོག་གེ་འབར་བ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་ཡིན་མིན་ལ་ཅུང་ཟད་དཔྱད་པ་ལེགས་བཤད་རིན་ཆེན་སྤུངས་པ་གཞི་རྩར་བཟུང་ཐོག་ལྷ་རམས་པ་ཏྲེ་ཧོར་ཟླ་བ་ཚེ་རིང་དང་། དགྲ་ལྷ་བཅས་ཀྱིས་བརྩམས་པ་ལས་ཁ་སྣོན་དང་། ལུང་ཁུངས་གསར་འཚོལ། ལེ་ཚན་གོ་རིམ་བརྗེ་བསྒྱུར་སོགས་ཞུས་ཏེ་ཕྱོགས་གཅིག་ཏུ་ལེགས་བསྒྲིགས་ཞུས་པའོ།།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༣༥ ནས་ ༣༧༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *