མ༽ སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་གྱི་སྙིང་པོ།

མ༽ སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་གྱི་སྙིང་པོ།

 

ལྷོ་རུ་འཁྲུངས་ཤིང་ཀླུ་སྒྲུབ་ཐུགས་སྲས་གྱུར། །

ཐལ་འགྱུར་གཞུང་མཆོག་བུདྡྷ་པཱ་ལི་མཛད། །

འཇམ་དབྱངས་ཞལ་གཟིགས་རིལ་བུའི་དངོས་གྲུབ་བརྙེས། །

གྲུབ་ཆེན་སངས་རྒྱས་བསྐྱངས་ཀྱི་ཞབས་ལ་འདུད། །

ཅེས་བསྟོད་ཕྱག་སྔོན་དུ་བཏང་སྟེ། སློབ་དཔོན་འདིའི་ལེགས་སྦྱར་གྱི་མཚན་ལ་བུདྡྷཿཔཱ་ལི་ཏ་ (बुद्धापलिता) (Buddhapālita) དང་། རྒྱའི་སྐད་དུ་ (佛護) བོད་སྐད་ཀྱི་མཚན་ལ་སངས་རྒྱས་བསྐྱངས་ཞེས་ཞུ་ཞིང་། ཕྱི་ལོ་ ༤༧༠ ཙམ་ལ་རྒྱ་གར་ལྷོ་ཕྱོགས་ཏམྤ་ལའི་བྱེ་བྲག་ངང་པས་རྩེ་བར་དམངས་རིགས་སུ་སྐུ་འཁྲུངས་ཏེ། བླ་མ་མགོན་པོ་ཀླུ་སྒྲུབ་དང་། སློབ་དཔོན་འཕགས་པ་ལྷ། སློབ་དཔོན་དགེ་འདུན་སྲུང་སོགས་བསྟེན་ནས་མཁས་པར་གྱུར་ཏེ་ལེགས་བཤད་ཀྱི་བསྟན་བཅོས་རྩ་ཤེའི་འགྲེལ་པ་གྲགས་ཅན་བརྒྱད་ཀྱི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟ་བུ་བུདྡྷཿཔཱ་ལི་ཏ་བརྩམས་ཤིང་དབུ་མ་ཐལ་འགྱུར་བའི་སྲོལ་བཟང་བཏོད། སྐུ་ཚེ་སྨད་ལ་རྒྱ་ནག་ཏུ་ལན་གཉིས་བྱོན་ནས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས་ཤིང༌། རྣམ་རྒྱལ་གཟུངས་རིང་རྒྱའི་སྐད་དུ་བསྒྱུར་ནས་འགྲོ་དོན་མཛད། གདན་ས་དཔལ་ནཱ་ལེནྡྲ་དང་། དཎྜ་པུ་རིའི་གཙུག་ལག་ཁང་དུ་གཙོ་བོར་མཛད་པར་མ་ཟད། གྲགས་ཅན་གྱི་སློབ་མ་ཀ་མ་ལ་བུདྷི་སོགས་མང་དུ་བསྐྱངས། མདོ་རྒྱུད་ཀྱི་དགོངས་པ་འགྲེལ་པའི་བསྟན་བཅོས་མང་དུ་མཛད་པ་དང་། རྒྱ་དཀར་ནག་ཏུ་བསྟན་འགྲོའི་མཛད་པ་བསྐྱངས། མཐར་རྒྱ་ནག་རི་བོ་རྩེ་ལྔར་སྒྲུབ་ལ་རྩེ་གཅིག་གཞོལ་ནས་རི་ལུའི་དངོས་གྲུབ་བསྒྲུབས་པས་གྲུབ་སྟེ་གྲུབ་ཆེན་སངས་རྒྱས་བསྐྱངས་སུ་གྲགས། ཕྱི་ལོ་ ༥༤༠ ཙམ་ལ་རི་བོ་རྩེ་ལྔར་ཞི་བར་གཤེགས་ཏེ་སྐུ་གདུང་རི་བོ་རྩེ་ལྔར་བཞུགས་ལ། ཀླུ་སྒྲུབ་ཀྱི་ཉེ་བའི་ཐུགས་སྲས་གསུམ་གྱི་ཡ་གྱལ་དང་། པཎ་གྲུབ་བཅུ་བདུན་ལས་གསུམ་པ་ཡིན་པ་བཅས་སོ།། །།

 

Leave a Reply

Your email address will not be published. Required fields are marked *