ཐ༽ སངས་རྒྱས་བསྐྱངས་ཤིང་རྟའི་སྲོལ་འབྱེད་ཡིན་མིན།
དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཛད་པའི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་བསྟོད་པ་ལས[1]།
ཡོད་མེད་མཐའ་བྲལ་བཀྲལ་བར་གཞུང་གི་མཆོག །དཔལ་ལྡན་རྩ་བ་ཤེས་རབ་ཅེས་བྱའི་དོན། །
འཕགས་པའི་དགོངས་པ་ཇི་བཞིན་འགྲེལ་མཛད་པ། །གྲུབ་མཆོག་སངས་རྒྱས་བསྐྱངས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་ལས[2]། སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་བུདྡྷཿཔཱ་ལི་ཏར་རྩ་བར་བཤད་པའི་རིགས་པ་རྣམས་ཀྱི་དོན་ཐལ་འགྱུར་མང་པོ་མཛད་ནས་བཀྲལ་ཞིང་། རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་དོ། །དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་ལ་སྐྱོན་མང་དུ་བཟུང་ནས་རང་རྒྱུད་ཀྱི་གཏན་ཚིགས་འགོད་དགོས་པའི་རྒྱུ་མཚན་མང་དུ་བཤད་དེ། རང་རྒྱུད་དུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་པར་མཛད་དོ། །དེའི་འོག་ཏུ་དཔལ་ལྡན་ཟླ་བ་གྲགས་པས་ནི་སངས་རྒྱས་བསྐྱངས་ལ་སྐྱོན་དེ་རྣམས་མི་འཇུག་པ་དང་། རང་རྒྱུད་ཀྱི་གཏན་ཚིགས་ཁས་ལེན་པ་ལ་གནོད་བྱེད་དང་། ཁས་ལེན་མི་རིགས་པ་ལ་སྒྲུབ་བྱེད་མང་དུ་བསྟན་ནས་འཕགས་པའི་དགོངས་པ་དབུ་མ་ཐལ་འགྱུར་དུ་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་པར་མཛད་དོ། །དེའི་ཕྱིར་འདི་རྣམས་ལ་ཕྱོགས་འཛིན་པའི་དབུ་མ་པ་ཞེས་གྲག་གོ།
དེ་ལྟར་ན་སྟོང་ཐུན་ཆེན་མོ་ལས་དེའི་རྗེས་སུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་མཛད་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཐལ་འགྱུར་དུ་བཀྲལ་ཞིང་། ཞེས་གསུངས་པའི་དོན་དུ་བསམས་ནས་སངས་རྒྱས་བསྐྱངས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་རང་རེའི་མཁས་པ་ཁ་ཅིག་བཞེད་མོད། དེ་ནི་རྗེ་བདག་ཉིད་ཆེན་པོའི་དགོངས་པར་མ་སོན་ཏེ། སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པར་ཐལ་འགྱུར་ཙམ་གྱི་སྒོ་ནས་གཞུང་དོན་འགྲེལ་བར་མཛད་མོད་ཀྱང་དེ་ཙམ་གྱིས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་མི་རུང་བའི་ཕྱིར། དེ་ཡང་ཡིན་ཏེ། ལུགས་དེ་དང་དེའི་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པ་ལ་ལུགས་དེ་འཐད་པའི་སྒྲུབ་བྱེད་དེ་དང་། དེ་ལས་གཞན་དུ་དྲང་དུ་མི་རུང་བའི་རྒྱུ་མཚན་གསལ་བར་གཏན་ལ་ཕབ་པ་ཅིག་དགོས་པའི་ཕྱིར།
སྤྱིར་ཤིང་རྟའི་སྲོལ་འབྱེད་ངོས་འཛིན་པའི་སྐབས་སུ་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་སྙིང་པོ་ལས[3]། དེ་ཡང་ངེས་དོན་གྱི་གསུང་རབ་ཀྱི་དོན་གཞན་དུ་འདྲེན་པ་ལ་གནོད་བྱེད་དང༌། གཞན་དུ་དྲང་དུ་མི་རུང་བར་དོན་དེར་ངེས་པའི་སྒྲུབ་བྱེད་ཀྱི་རིགས་པས་ལེགས་པར་གཏན་ལ་ཕབ་པ་ཅིག་གི་རྗེས་སུ་འབྲངས་ནས་དགོངས་པ་འཚོལ་དགོས་པས། ཞེས་གསུངས་པའི་ཕྱིར་དང་། ཚུལ་དེ་འདིར་ཡང་འདྲ་བའི་ཕྱིར་རོ། །དེ་བཞིན་དུ་རྣམ་བཤད་སྙིང་པོའི་རྒྱན་དང་། སྟོང་ཐུན་ཆེན་མོ་ལས་ཀྱང་ཤིང་རྟའི་སྲོལ་འབྱེད་ཀྱི་དོན་དེ་ལྟར་བཤད་དེ་མངས་ཀྱིས་དོགས་ནས་མ་བྲིས་སོ། །དེ་ལྟར་ཤིང་རྟའི་སྲོལ་འབྱེད་ཀྱི་དོན་ངོས་ཟིན་ན་རྗེ་བཙུན་བྱམས་པ་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་དུ་མི་འཇོག་པ་དང༌། མགོན་པོ་ཀླུ་སྒྲུབ་ཁོ་ན་དབུ་མ་པའི་ཤིང་རྟའི་སྲོལ་འབྱེད་ཡིན་པ་ཡང་ཤེས་པར་སླའོ།།
གཞན་ཡང་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེ་བ་ཡིན་ན་ལེགས་ལྡན་འབྱེད་ཀྱིས་རང་ཉིད་དང་། སངས་རྒྱས་བསྐྱངས་གཉིས་རང་རྒྱུད་པ་ཡིན་པ་ལ་ཁྱད་པར་མེད་པར་བཞེད་པའི་རྒྱུ་མཚན་ཅི་ཡང་མེད་པར་འགྱུར་རོ། །ལེགས་ལྡན་གྱིས་དེ་ལྟར་བཞེད་པར་ཅིས་མངོན་ཞེ་ན། འདི་ནི་རྗེ་བདག་ཉིད་ཆེན་པོས་གསལ་བར་བཤད་དེ། ལེགས་བཤད་སྙིང་པོ་ལས[4]། ལེགས་ལྡན་ལ་ཡང་སངས་རྒྱས་བསྐྱངས་དང་རང་ཉིད་རང་རྒྱུད་ཁས་ལེན་མི་ལེན་མི་མཐུན་སྙམ་པ་མི་འདུག་གི་རང་རྒྱུད་ཁས་ལེན་པ་འོས་མེད་དུ་བྱས་པའི་ལུགས་སུ་སྣང་ངོ༌།།
དེའི་གནད་ཀྱིས་ཀྱང་རང་ཉིད་དང་སངས་རྒྱས་བསྐྱངས་གཉིས་ལ་ཆོས་དང་གང་ཟག་ལ་རང་བཞིན་འགོག་པའི་དགག་བྱ་ལ་ཡང་ཁྱད་པར་ཡོད་པར་མི་བཞེད་དོ། །ཞེས་གསུངས་པའི་ཕྱིར། དེས་ན་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་པ་པོ་དེ་རང་རྒྱུད་པ་ཡིན་ནོ་ཞེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བཞེད་དོ། །ཞེས་སྨྲ་བ་ལས་འབྲེལ་མེད་པ་ཅི་ཞིག་སྨྲར་ཡོད། ཐལ་འགྱུར་བའི་སྲོལ་འབྱེད་ཟླ་བའི་ཞབས་ཡིན་པ་ནི་རྗེ་བདག་ཉིད་ཆེན་པོས་མཛད་པའི་དྲང་ངེས་ལས[5]། ཚིག་གསལ་ལས་སངས་རྒྱས་བསྐྱངས་རང་རྒྱུད་མི་བཞེད་པ་དང་། དབུ་མ་པས་རང་རྒྱུད་བྱ་མི་རིགས་པའི་སྒྲུབ་བྱེད་དང་། བཟློག་ཕྱོགས་ལ་གནོད་བྱེད་མང་དུ་བསྟན་ནས་ཤིང་རྟའི་སྲོལ་ཕྱེ་ལ་ཞེས་པས་གསལ་བར་གསུངས་སོ།།
དེ་ལ་ཡང་ཁ་ཅིག་ལུང་དེའི་དོན་གནོད་བྱེད་སྟོན་མཁན་ཟླ་གྲགས་ཡིན་ལ་སྲོལ་འབྱེད་མཁན་སངས་རྒྱས་བསྐྱངས་ཡིན་པར་བཤད་པ་ཡིན་ནོ། །ཞེས་ཟེར་བ་ནི་ཆེས་འབྲེལ་མེད་པར་བློ་གྲོས་དང་ལྡན་ན་གོ་བར་སླའོ། །འོ་ན་སྟོང་ཐུན་ལས་སངས་རྒྱས་བསྐྱངས་ཀྱིས་རྩ་ཤེའི་འགྲེལ་པ་མཛད་ནས་འཕགས་པའི་དགོངས་པ་ཐལ་འགྱུར་དུ་བཀྲལ་བར་གསུངས་པའི་དོན་ཅི་ཡིན་ཞེ་ན། དེ་ནི་སྔར་བཤད་པ་ལྟར་གཞུང་གི་དོན་འཆད་པ་ན་རང་རྒྱུད་ཀྱི་གཏན་ཚིགས་མ་བཤད་པར་ཐལ་འགྱུར་ཙམ་གྱི་སྒོ་ནས་གཞུང་དོན་བཀྲལ་བ་ལ་བྱ་ཡི་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་བཤད་པ་མིན་ནོ། །ཞེས་གསུངས་སོ།།
ཡང་མཁས་པ་འགའ་ཤས་ཀྱིས་སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་མ་གསུངས་པར་ཐལ་འགྱུར་ཙམ་གྱི་སྒོ་ནས་ཤིང་རྟའི་སྲོལ་འབྱེད་དུ་འཇོག་པ་ནི་མི་འཐད་དེ། ཤིང་རྟའི་སྲོལ་འབྱེད་དུ་འཇོག་པ་ལ་ལུགས་དེ་དང་དེ་འཐད་པའི་སྒྲུབ་བྱེད་དང་། དེ་ལས་གཞན་དུ་དྲང་དུ་མི་རུང་བའི་རྒྱུ་མཚན་གསལ་པོར་གཏན་ལ་ཕབ་པ་ཞིག་དགོས་པ་ཡིན། ལར་ནས་དབུ་མ་པ་ཞེས་པའི་ཆོས་སྐད་འདི་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སྲོལ་ཕྱེ་བ་ཡིན་ཅིང་། དེའི་གོང་རོལ་གྱི་གཞུང་གང་དུའང་ཆོས་སྐད་འདི་མི་གསལ། དེ་ཡང་ཤེས་རབ་སྒྲོན་མ་ལས། གནས་མ་བུའི་སྡེ་པ་དག །གང་ཟག་ནི་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པས་ཇི་སྐད་དུ་སྨོས་པའི་སྐྱོན་མེད་པའི་ཕྱིར་མྱ་ངན་ལས་འདས་པ་གྲུབ་བོ་ཞེས་ཟེར་ན། དེ་ནི་བཟང་པོ་མ་ཡིན་ཏེ། གང་ཟག་རྟག་པ་དང་། མི་རྟག་པ་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པ་ཞིག་རྫས་སུ་ཡོད་པ་ཉིད་དུ་གྲུབ་ཏུ་ཟིན་ན་ཡང་དོན་དམ་པར་ཐར་པ་མི་འཐད་དེ། བརྟེན་ཏེ་གདགས་པའི་ཕྱིར། དཔེར་ན། བུམ་པ་བཞིན་པས་རྗེས་སུ་དཔག་པས་གནོད་པར་འགྱུར་རོ། །གང་རྫས་ཡིན་པ་དེ་ནི་མི་རྟག་སྟེ། དཔེར་ན། གཟུགས་ལ་སོགས་པ་བཞིན་པས་རྫས་ཉིད་དུ་རྗེས་སུ་དཔོགས་པས། མི་རྟག་པ་ཉིད་དང་། བརྗོད་པར་བྱ་བ་ཉིད་ཀྱིས་དེ་དག་ཏུ་བརྗོད་པར་བྱ་བ་ཉིད་མ་ཡིན་པ་བསལ་བའི་ཕྱིར། རྫས་སུ་ཡོད་པ་ཉིད་དུ་སྨྲ་བའི་དམ་བཅས་པ་ལ་ཆོས་ཅན་གྱི་ཁྱད་པར་བསལ་བའི་སྐྱོན་ཡོད་དོ། །གཞན་ཡང་ཕུང་པོའི་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ཀྱི་སྐད་ཅིག་མ་ལ་གལ་ཏེ་གང་ཟག་ཡོད་ན་ནི་རྟག་པ་ཉིད་ཀྱི་སྐྱོན་དུ་འགྱུར་ལ། གལ་ཏེ་མེད་ན་ནི་ཆད་པ་ཉིད་ཀྱི་སྐྱོན་དུ་འགྱུར་རོ། །ཡོད་པ་དང་མེད་པ་ཉིད་དུ་བརྗོད་པར་བྱ་བ་ཉིད་མ་ཡིན་ན་ནི་དབུ་མ་པ་སྨྲ་བ་དང་མཐུན་པར་སྨྲ་བ་ཡིན་ནོ། །ཞེས་འདོད་དོ།།
གཞན་ཡང་མཁས་དབང་ཟམ་གདོང་རིན་པོ་ཆེའི་བཤེས་སྤྲིང་གི་བཀའ་ཁྲིད་ཡང་དག་ལམ་གྱི་འཚོ་ཐབས་ལས[6]། ཀླུ་སྒྲུབ་ལ་སློབ་མའི་ཆ་ནས་དངོས་བརྒྱུད་ཀྱི་སློབ་མ་གྲངས་མེད་པ་ཞིག་བྱུང་ཡོད་པ་སྨོས་མེད་ཀྱང་། གཙོ་བོར་གྱུར་པ་ནི་ཤཱཀྱ་མི་ཏྲ་དང་། ནཱ་ག་བོ་དྷི། ཨཱརྱ་དེ་ཝ། མ་ཏངྒི་པ། སློབ་དཔོན་དཔའ་བོ་སོགས་ནང་པའི་མངའ་ཁོངས་ཡོངས་ཀྱི་གཙུག་གི་ནོར་བུ་ལྟ་བུའི་སྐྱེས་བུ་དམ་པ་དག་ཡིན། སངས་རྒྱས་བསྐྱངས་དང་། ལེགས་ལྡན་འབྱེད། ཟླ་བ་གྲགས་པ་སོགས་ཀྱང་ཀླུ་སྒྲུབ་ཀྱི་དངོས་སློབ་ཏུ་ངོས་འཛིན་བྱས་པ་མང་ཡང་། དེ་དག་ཀླུ་སྒྲུབ་ཀྱི་དངོས་ སློབ་ཡིན་པར་ཚན་རིག་དང་མཐུན་པའི་སྒྲུབ་བྱེད་ཤིན་ཏུ་དཀོན་སྟབས། མཐའ་གཅིག་ཏུ་དེ་དག་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པ་ཐག་གཅོད་མི་ཐུབ་པར་མ་ཟད། དེ་དག་གིས་ཀླུ་སྒྲུབ་ཀྱི་ཞབས་ཟིན་མེད་པའི་སྒྲུབ་བྱེད་ཤིན་ཏུ་མང་། ཇོ་བོ་རྗེས་ལེགས་ལྡན་འབྱེད་དང༌། ཟླ་གྲགས་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་ཚུལ་གསུངས་འདུག །བོད་དུ་རྗེ་བདག་ཉིད་ཆེན་པོས་ཀྱང་ལམ་རིམ་ཆེན་མོ་དང་། རིམ་ལྔ་གསལ་སྒྲོན་སོགས་སུ་ཟླ་བས་ཀླུ་སྒྲུབ་ཀྱི་ཞབས་ཟིན་པར་གསུངས་པ་ནི། གཙོ་བོ་ཇོ་བོ་རྗེའི་རྗེས་སུ་འབྲངས་ནས་གསུངས་པ་ཞིག་རེད་སྙམ།
གང་ལྟར་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རྩ་ཤེས་ཀྱི་དགོངས་པ་ཚད་མཐོ་ཤོས་ནས་འགྲེལ་མཁན་དེ་འཕགས་པ་ལྷ་དང༌། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་བཅས་ཡིན་ཅིང་། ལེགས་ལྡན་འབྱེད་ཀྱིས་རྩ་ཤེས་ཀྱི་དགོངས་པ་བཀྲལ་སྟངས་དེ་རང་རྒྱུད་པའི་ལུགས་སུ་ཕྱེས་ནས་བཀྲལ་སྟབས། མཁས་པ་མང་པོས་དེ་རྩ་ཤེས་ཀྱི་དགོངས་པ་མཐར་ཐུག་མ་ཡིན་པར་འདོད་བཞིན་ཡོད། དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་ཀས་ཀླུ་སྒྲུབ་དང་འཕགས་པ་ལྷ་གཉིས་ནི་རང་རང་གི་གཞུང་ཕྱི་མོའི་དབུ་མ་པར་བཀུར་བཞིན་ཡོད་སྟབས། ཕྱོགས་གཉིས་ཀའི་རྒྱུད་ འཛིན་སློབ་དཔོན་ཚང་མས་ཁོང་གཉིས་ཚད་མར་འཛིན་པ་ཡིན། མ་ཟད་དབུ་མ་ཐལ་འགྱུར་བའི་རྗེས་རབས་པའི་སློབ་དཔོན་ཚང་མས་ཀླུ་སྒྲུབ་ཡབ་སྲས་ཙམ་མ་ཟད་སངས་རྒྱས་བསྐྱངས་དང་། ཟླ་བ་གྲགས་པ་གཉིས་ཀྱང་ཀླུ་སྒྲུབ་ཡབ་སྲས་ལྟར་ཚད་མར་འཛིན་ན་ཡང་། ལེགས་ལྡན་འབྱེད་ཀྱིས་ནུས་པ་ཡོད་ཚད་ཀྱིས་སངས་རྒྱས་བསྐྱངས་ལ་མཐའ་གཅིག་ཏུ་དགག་སྒྲུབ་ཀྱིས་རང་རྒྱུད་པའི་ཕྱོགས་རྩ་ཤེས་ཀྱི་དགོངས་པ་མཐར་ཐུག་ཡིན་པར་བསྒྲུབས།
བོད་དུའང་ཕྱྭ་པ་ཆོས་སེང་གིས་ཟླ་གྲགས་ལ་དགག་སྒྲུབ་མཛད་པར་མ་ཟད། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཀྱང་སེམས་ཙམ་པའི་ཕྱོགས་བཟུང་ནས་ཟླ་གྲགས་ལ་དགག་པ་ཤུགས་ཆེན་བྱས་པ་མང་ཡང་། ཕྱིས་སུ་ཁོང་གིས་སེམས་ཙམ་པའི་གྲུབ་མཐའ་གཡུགས་ནས་ཇོ་ནང་པའི་གྲུབ་མཐར་ཞུགས་པ་རེད། འདི་ནི་ཁོང་གི་མི་ཚེར་འགྱུར་ལྡོག་ཆེ་ཤོས་ཐེངས་གསུམ་བྱུང་བའི་མཐའ་མ་དེ་རེད།
དབུ་མ་ཐལ་འགྱུར་བའི་རྗེས་རབས་པའི་ཁྲོད་སངས་རྒྱས་བསྐྱངས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་འདོད་མཁན་དང༌། ཟླ་གྲགས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་འདོད་མཁན་གཉིས་ཀ་ཡོད་ཀྱང་། དེ་གཉིས་ཀྱི་ཕྱོགས་སོ་སོར་བཟུང་ནས་རྩོད་གླེང་ཤུགས་ཆེན་བྱེད་པའི་ལམ་སྲོལ་དེ་བོད་ལ་མ་གཏོགས་བྱུང་མེད་པ་འདྲ། ཤིང་རྟའི་སྲོལ་ཕྱེས་དང་མ་ཕྱེས་དེ། ཤིང་རྟའི་སྲོལ་རྒྱ་ཆེན་པོ་དང་གཏིང་ཟབ་པོའི་ཐོག་ནས་ཕྱེས་དང་མ་ཕྱེས་ཀྱི་ཁྱད་པར་མིན་པར། གཙོ་བོ་ཤིང་རྟའི་སྲོལ་ཕྱེས་ཡོད་མེད་དེ་ཡིན་སྟབས། སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་གཞུང་ཐོག་མར་བརྩམས་ནས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེས་ཡོད་སྟབས། ཀུན་མཁྱེན་ འཇམ་དབྱངས་བཞད་པ་དང༌། མཁས་གྲུབ་བསྟན་དར་སོགས་ཀྱིས་སངས་རྒྱས་བསྐྱངས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་བཟུང་བ་དང་། ཡང་རང་རྒྱུད་འཐད་དང་མི་འཐད་ཀྱི་རྣམ་གཞག་རྒྱས་པ་ཟླ་གྲགས་ཀྱིས་ཐོག་མར་གསུངས་པ་ཡིན་སྟབས། པཎ་ཆེན་བསོད་ནམས་གྲགས་པ་དང༌། སེ་ར་རྗེ་བཙུན་པ་སོགས་ཀྱིས་ཟླ་གྲགས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་བཟུང་ཡོད།
མངོན་རྟོགས་རྒྱན་ལྟ་བུར་མཚོན་ན་ལྟ་བའི་ཆ་ནས་དེ་ཙམ་གསལ་པོར་བཟོས་མེད་སྟབས། གཞུང་དེ་སེམས་ཙམ་པའི་ལུགས་སུ་འགྲེལ་མཁན་དང༌། རང་རྒྱུད་པའི་ལུགས་སུ་འགྲེལ་མཁན་ཡོད་པར་མ་ཟད། ཐལ་འགྱུར་བའི་ལུགས་སུ་བཀྲལ་བའང་ཡོད། ཡིན་ན་ཡང་། དབུ་མ་རྩ་ཤེས་ལྟ་བུར་མཚོན་ན། ལྟ་བའི་ཆ་ཅང་གསལ་པོ་དང་རྒྱས་པོ་ཡོད་སྟབས། གཞུང་དེ་ལུགས་འདྲ་མིན་དུ་བཀྲལ་བ་དེ་ཙམ་མི་ཡོང་དགོས་པ་འདྲ་ཞིག་ཡོད་ན་ཡང་། གཞུང་དེ་ཡང་ཐལ་འགྱུར་བ་དང་། རང་རྒྱུད་པའི་ལུགས་སུ་བཀྲལ་བ་ཡོད་པར་མ་ཟད། སེམས་ཙམ་པའི་ལུགས་སུ་ བཀྲལ་བའང་ཡོད། ཆོས་ཕྱོགས་ནས་བཤད་ན། དེར་འགྲེལ་ལུགས་མི་འདྲ་བ་དེ་ཙམ་ཡོང་དགོས་པ་དེ་གདུལ་བྱ་རྗེས་སུ་འཛིན་པའི་ཆེད་དུ་ཡིན་སྲིད་པ་ཞིག་རེད།
ལོ་རྒྱུས་ཁྱད་པར་པ་ཞིག་གཞི་རྩར་བཟུང་ནས་བཤད་ན། རྗེ་བདག་ཉིད་ཆེན་པོའི་ཐུགས་རྒྱུད་ལ་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏར་བརྟེན་ནས་དབུ་མ་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་འཁྲུངས་པར་བལྟས་ན། སངས་རྒྱས་བསྐྱངས་ཀྱིས་བུདྡྷ་པཱ་ལི་ཏར་ཐལ་འགྱུར་བའི་ལྟ་བ་ལེགས་པར་བཀྲལ་ཡོད་པ་གསལ་པོར་རྟོགས་ཐུབ་པ་ཞིག་རེད། གལ་སྲིད་གཞུང་དེས་ཐལ་འགྱུར་བའི་ལྟ་བ་གཏིང་ཟབ་ས་ནས་བཀྲལ་ཐུབ་མེད་ན། ཐལ་འགྱུར་བའི་ལྟ་བ་གཏིང་ཟབ་ས་ནས་བཀྲལ་ཐུབ་མེད་པའི་གཞུང་ཞིག་ལ་བརྟེན་ནས་རྗེ་བདག་ཉིད་ཆེན་པོའི་ཐུགས་རྒྱུད་ལ་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་འཁྲུངས་ཐུབ་བམ། གལ་སྲིད་ཐུབ་པར་འདོད་ན། རང་རྒྱུད་པའི་གཞུང་དང༌། མདོ་སྡེ་པའི་གཞུང༌། བྱེ་བྲག་སྨྲ་བའི་གཞུང་སོགས་ལ་བརྟེན་ནས་ཀྱང་ཐལ་འགྱུར་བའི་ལྟ་བ་མཐར་ཐུག་རྟོགས་ཐུབ་པ་འདོད་དགོས་པ་མ་ཡིན་ནམ། དེར་བརྟེན་སངས་རྒྱས་བསྐྱངས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་དུ་བཞག་པ་ནི་ཤིན་ཏུ་ནས་ཀྱང་འོས་པ་ཞིག་རེད་སྙམ། ཞེས་བྱུང་ངོ་།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] གམ་བཅར་ཕན་བདེ་ལེགས་བཤད་གླིང་གི་ཤེས་ཡོན་ལྷན་ཚོགས་ནས་གསོལ་འདེབས་ཞུས་པ་ལྟར། ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་ཏཱ་ལའི་བླ་མས། རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ཟླ་ ༡༠ ཚེས་ ༩ ཕྱི་ལོ་ ༢༠༢༠ ཟླ་ ༡༡ ཚེས་ ༢༣ ཉིན་སྦྱར་བའོ།།
[2] ལྕང་སྐྱ་གྲུབ་མཐའ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༨༩ ལོ། ཤོག་གྲངས་ ༡༩༦
[3] དྲང་ངེས་ལེགས་བཤད་སྙིང་པོ། བློ་གསལ་གླིང་དཔེ་མཛོད། ༡༩༩༡ ལོ། ཤོག་གྲངས་ ༣
[4] དྲང་ངེས་ལེགས་བཤད་སྙིང་པོ། བློ་གསལ་གླིང་དཔེ་མཛོད། ༡༩༩༡ ལོ། ཤོག་གྲངས་ ༡༧༠
[5] དྲང་ངེས་ལེགས་བཤད་སྙིང་པོ། བློ་གསལ་གླིང་དཔེ་མཛོད། ༡༩༩༡ ལོ། ཤོག་གྲངས་ ༡༧༠
[6] ཡང་དག་ལམ་གྱི་འཚོ་ཐབས། བོད་བརྒྱུད་ནང་བསྟན་ཞིབ་དཔྱོད་ཁང་། ༢༠༡༦ ལོ། ཤོག་གྲངས་ ༣༠
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༢༩ ནས་ ༢༣༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།