ཏ༽ སངས་རྒྱས་བསྐྱངས་རྒྱ་ནག་ཏུ་བྱོན་པའི་རྣམ་ཐར།
༡༽ བོད་ཡིག་ཐོག་གསལ་བའི་རྣམ་ཐར།
སློབ་དཔོན་སངས་རྒྱས་བསྐྱངས་[1]ནི། རྒྱ་གར་ལྷོ་ཕྱོགས་ཏམྦ་ལའི་ཡུལ་གྱི་བྱེ་བྲག་ངང་པས་རྩེ་བ་ཞེས་པར་སྐུ་འཁྲུངས། ནང་པའི་བསྟན་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་ཀླུ་སྒྲུབ་དང་། ཀླུ་བཤེས་ཀྱི་སློབ་མ་དགེ་འདུན་སྲུང་སོགས་ལས་གཞུང་གསན་པས་རང་གཞན་གྱི་གྲུབ་མཐའ་མ་ལུས་པ་མཁྱེན་ཅིང་། མདོ་སྔགས་ཀྱི་མན་ངག་ཡོངས་སུ་རྫོགས་པ་ལྟར་སྒྲུབ་པ་མཛད་པས།
འཇམ་དཔལ་དབྱངས་ཀྱི་ཞལ་དངོས་སུ་བསྟན་ཅིང་། གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ནས་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་ཟབ་མཐར་ཐུག་པའི་དོན་རྣམས་རིགས་པ་བརྒྱ་ཕྲག་དུ་མས་གསལ་བར་བྱེད་པའི་རྩ་ཤེའི་འགྲེལ་པ་མཛད་དེ། དེ་ལ་ནི་རྩ་ཤེའི་འགྲེལ་པ་བུདྡྷ་པཱ་ལི་ཏར་གྲགས། རྩ་ཤེའི་འགྲེལ་པ་ཡོད་དོ་ཅོག་གི་ནང་ནས་རྒྱལ་མཚན་གྱི་ཏོག་ལྟར་ཆེས་ཁྱད་པར་དུ་འཕགས་པ་ཞིག་ཡིན་པར་ཟླ་བ་གྲགས་པ་དང་། རྗེ་ཙོང་ཁ་པས་བསྔགས་བརྗོད་མཛད་ཅིང་། གཞན་ཡང་མདོ་རྒྱུད་དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་མཛད་དེ། འཇམ་མགོན་ཙོང་ཁ་པས་འགྲེལ་པ་འདིར་གཟིགས་ནས་ཟབ་མོ་དབུ་མའི་ལྟ་རྙེད་པའི་མཛད་པ་བསྟན་པ་ཡིན་ནོ།།
དེ་ལྟར་འཕགས་བོད་ཀྱི་ཆོས་འབྱུང་སོགས་དེབ་ཐེར་ཕལ་མོ་ཆེར་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་པའི་རྣམ་ཐར་སྐོར་གཏན་ནས་མི་གསལ་ཡང་། ལྕང་སྐྱ་རོལ་པའི་རྡོ་རྗེ་ཡེ་ཤེས་བསྟན་པའི་སྒྲོན་མེས་ (1717-1786) མཛད་པའི་རི་བོ་རྩེ་ལྔའི་གནས་བསྟོད་དང་འབྲེལ་བའི་མགུར་འཇམ་དཔལ་དགྱེས་པའི་མཆོད་སྤྲིན་ལས[2]།
རྒྱལ་སྲས་ཀྱི་ཁྱུ་མཆོག་བི་མ་ལ། །མ་ག་ཏའི་གནས་བརྟན་བརྒྱ་ཕྲག་ཚོགས། །
ཡུལ་འཕགས་པའི་གནས་ནས་འདིར་བྱོན་ཏེ། །ཁ་ཅིག་ནི་ཡེ་ཤེས་སྐུ་རུ་གྱུར། །
སར་གནས་ཀྱི་དཔའ་བོ་སངས་རྒྱས་བསྐྱངས། །འཇམ་དཔལ་གྱི་བཀའ་བསྒྲུབས་གནས་འདི་ཡི། །
རྡོ་རྗེ་ཡི་ཕུག་ཏུ་ཞུགས་ནས་ཀྱང་། །རིག་འཛིན་གྱི་མཁའ་སྤྱོད་བརྙེས་ཞེས་བཤད། །
ཅེས་གསུངས་པ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་བསྒྲུབས་པའི་གནས་དང་། སྒྲུབ་ལ་གཞོལ་བའི་གནས་མཆོག་རི་བོ་རྩེ་ལྔའི་རྡོ་རྗེ་ཕུག་ཡིན་པར་མ་ཟད། རིག་འཛིན་གྱི་གནས་སུ་གཤེགས་ཡུལ་སོགས་རི་བོ་རྩེ་ལྔར་ཡིན་ཚུལ་གསུངས་སོ།།
ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་རི་བོ་དྭངས་བསིལ་[3]གྱི་དཀར་ཆག་ལས་[4]ཀྱང་། ལྷོ་བལྟས་རི་ (ཚེ་ཡང་ལིང་) ནི། རིའི་ལྷོ་ནུབ་རྒྱང་གྲགས་སུམ་ཅུའི་ས་ན་ཡོད། གྲུབ་ཆེན་སངས་རྒྱས་བསྐྱངས་ལ་འཕགས་པ་འཇམ་དཔལ་གྱི་ཞལ་གཟིགས་པའི་གནས་ཡིན་ཅིང་། འདི་ན་གཙུག་ཏོར་རྣམ་རྒྱལ་གྱི་མཆོད་རྟེན་ (ཅིུན་ཤེང་ཋྤེད) ཡང་ཡོད་ལ། ཚི་ཡང་ཧུ་ཞེས་པའི་ཆུ་ཀླུང་ཆེན་པོ་ཡང་འདི་ནས་རྡོལ་བར་སྣང་། ཞེས་གསུངས་པ་ལྟར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྗེ་བཙུན་འཇམ་དབྱངས་ཀྱི་ཞལ་གཟིགས་བྱུང་ས་རི་བོ་རྩེ་ལྔའི་ལྷོ་བལྟས་ཚེ་ཡང་ལིང་རི་བོར་ཡིན་པར་གསུངས་སོ།།
ཡང་དེ་ཉིད་ལས[5]། རྡོ་རྗེའི་ཕུག་ (ཀྱན་ཀང་ཞུ་) ནི། བ་གམ་ལྟ་བུའི་སྡིངས་ཀྱི་ཤར་ངོས་ཀྱི་རིའི་ལྡེབས་ན་ཡོད། སངས་རྒྱས་སྲས་དང་བཅས་པའི་གསང་བའི་དཀྱིལ་འཁོར་ཡིན་ལ། སྔོན་གྱི་ཡིག་རྙིང་དུ། རྒྱལ་བ་རྣམས་ལ་མཆོད་པའི་ཡོ་བྱད་འཇིག་རྟེན་གསུམ་ན་གནས་པའི་གྲུབ་པའི་རྫས་རྣམས་མ་ཚང་བ་མེད་པར་གཏེར་དུ་བཞུགས་པ་དང་། སངས་རྒྱས་འོད་སྲུང་གི་དུས་སུ་ལངྐའི་ཡུལ་གྱི་སྲིན་པོའི་རྒྱལ་པོས་རོལ་མོའི་ཡོ་བྱད་དང་། གསེར་དངུལ་གྱི་གླེགས་བུ་ལ་བྲིས་པའི་སྡེ་སྣོད་གསུམ་སོགས་མདོ་རྒྱུད་ཀྱི་གླེགས་བམ་དུ་མ་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་གྲུབ་པའི་སྐྱེ་བོ་རྣམས་ཀྱིས་འདིར་གཏེར་དུ་བཅུག་པར་བཤད་ལ། གྲུབ་ཐོབ་ཆེན་པོ་སངས་རྒྱས་བསྐྱངས་ཕུག་པ་འདིར་བཞུགས་ནས་རིག་འཛིན་བརྙེས་ཏེ་ཐུན་མོང་གི་སྣང་ངོར་ཕྱིར་མ་འཐོན་པར་བཤད་དོ། །ཞེས་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་ནག་རི་བོ་རྩེ་ལྔའི་རྡོ་རྗེ་ཕུག་ཏུ་སྒྲུབ་ལ་གཞོལ་ཚུལ་གསལ་ལོ།།
འོ་ན་སློབ་དཔོན་སངས་རྒྱས་བསྐྱངས་ཅིའི་ཕྱིར་རྒྱ་ནག་ཏུ་བྱོན་པ་དང་། དུས་ནམ་བྱོན་པ། རྗེ་བཙུན་འཇམ་དབྱངས་དང་ཞལ་མཇལ་བྱུང་ཚུལ་ཇི་ལྟར་ཡིན་སྙམ་ན། དེ་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ (1717-1786) མཛད་པའི་རི་བོ་དྭངས་བསིལ་གྱི་དཀར་ཆག་གི་ས་བཅད་བཞི་པ། དད་ལྡན་རྣམས་ལ་འཕགས་པས་སྣང་བ་ཁྱད་པར་ཅན་སྩལ་ཚུལ་གྱི་སྐབས་ལས[6]། སངས་རྒྱས་བསྐྱངས་རྡོ་རྗེ་ཕུག་ཏུ་བཞུགས་པ་ནི། སུང་གུར་གྱི་དུས་སུ། རྒྱ་གར་གྱི་སློབ་དཔོན་སངས་རྒྱས་བསྐྱངས་རྗེ་བཙུན་དང་མཇལ་བའི་ཆེད་དུ་ལུས་སྲོག་ལ་མི་ལྟོས་པའི་དཀའ་བ་མཛད་ནས་བྱོན་ཏེ་རི་བོ་རྩེ་ལྔར་སླེབས་མ་ཐག་ནུབ་རིའི་ཕྱོགས་སུ་ཕྱག་བཙལ་ནས་ངུ་ཞིང་གསོལ་བ་བཏབ་པ། སྟོན་པ་མྱ་ངན་ལས་འདས་ཤིང་འཕགས་ཆེན་རྣམས་ཀྱང་མི་སྣང་བར་གྱུར་པ་ན། འཕགས་པ་འཇམ་དཔལ་ཉིད་ཚད་མེད་པའི་སྙིང་རྗེ་ཆེན་པོས་རི་བོ་འདིར་སེམས་ཅན་རྣམས་ཀྱི་འདྲེན་པར་བཞུགས་ན། ཁོ་བོ་ནི་རྗེ་བཙུན་གྱི་སྐུ་མཐོང་འདོད་པས་ཆེས་ཆེར་གདུང་ལགས་ན། སྙིང་རྗེ་ཆེན་པོས་དགོངས་ནས་སྐུའི་དཀྱིལ་འཁོར་བསྟན་ཅིང་རྒྱལ་བའི་དགོངས་དོན་སྟོན་པར་མཛད་དུ་གསོལ། ཞེས་གསོལ་བ་བཏབ་པ་ན། གློ་བུར་དུ་རི་སུལ་ནས་རྒན་པོ་ཞིག་བྱུང་ནས་སཾ་སྐྲི་ཏའི་སྐད་ཀྱིས། ཁྱོད་བླ་ན་མེད་པའི་ཆོས་ཚུལ་སེམས་ལ་བཞག་ནས་ས་ཐག་རིང་པོ་ནས་རྩད་བཅད་ཀྱིན་ཡོང་ཟེར་མོད་ཀྱི་རྒྱ་ནག་གི་སེམས་ཅན་སྡིག་པ་སྤྱོད་ཆེས་མང་ཞིང་། བཙུན་པ་བསླབ་ཁྲིམས་འཆལ་བའང་མི་ཉུང་། དེ་ལ་ཕན་པའི་རྣམ་རྒྱལ་མའི་གཟུངས་རྒྱ་གར་ན་ཡོད་པ་ཁྱོད་ཀྱིས་ཁྱེར་ཏེ་ཡོང་ངམ་བྱས་པས། ཁྱེར་མ་འོངས་ཞུས་པ་དང་། རྒན་པོས་ཁྱོད་མྱུར་བར་སོང་ལ་གཟུངས་དེ་གདན་དྲངས་ལ་སེམས་ཅན་མང་པོ་ལ་ཕན་པ་བྱས་པ། སངས་རྒྱས་མང་པོའི་ཡང་ཞལ་མཐོང་ན། འཇམ་དབྱངས་གཅིག་པུ་ལྟ་ཅི་སྨོས་བྱས་པར། སངས་རྒྱས་བསྐྱངས་རབ་ཏུ་དགའ་ནས་རྒན་པོ་དེའི་རྐང་པ་ལ་ཕྱག་འཚལ་ཏེ་མགོ་བོ་ཡར་བཏེགས་པ་ན་རྒན་པོ་མི་སྣང་བར་གྱུར་ཏོ།།
དེ་ནས་སངས་རྒྱས་བསྐྱངས་ཀྱིས་སེམས་རྩེ་གཅིག་པས་ཕྱིར་ལོག་སྟེ་གཟུངས་གདན་དྲངས་ནས་ཆང་ཨན་མཁར་དུ་འོངས་ཏེ་རྒྱལ་པོ་ལ་ཞུས་པས། རྒྱལ་པོ་ཐུགས་དགྱེས་ཏེ་བཙུན་པ་སན་ཙང་ངམ་ཐང་སན་བླ་མ་དང་ལྷན་དུ་ཆོས་བསྒྱུར་དུ་བཅུག་ཅིང་བྱ་དགའ་ཆེན་པོ་ཡང་གནང་། ཡི་གེ་ཕྱི་མོ་ཡང་འདིར་ཞོག་ཅིག་གསུངས་པ་ན། སངས་རྒྱས་བསྐྱངས་སྤྱན་ཆབ་བཏོན་ནས་སྤྲང་བཙུན་བདག་གིས་ལུས་སྲོག་ལ་མ་ལྟོས་པར་གཟུངས་འདི་དྲངས་པ་ནི་སེམས་ཅན་མང་པོ་ལ་ཕན་པའི་དོན་ཡིན། རེ་བ་གཞན་གཏན་ནས་མེད། གོང་མ་ཉིད་ཀྱིས་བརྩེ་བས་ཀུན་ལ་སྤེལ་བར་མཛད་ན་ཅི་མ་རུང་ཞུས་པས། རྒྱལ་པོ་ཐུགས་ཤིན་ཏུ་རངས་ནས་ཕྱི་མོ་ཕྱིར་ལ་གནང་། ཤི་མིང་སིའི་དགོན་པར་ཧྭ་ཤང་ཀྱིང་ཤུན་དང་ལྷན་དུ་བསྒྱུར་བར་མཛད། ཕྱིས་རི་བོ་རྩེ་ལྔར་བྱོན་ནས་རྡོ་རྗེ་ཕུག་ཏུ་བཞུགས་ཏེ་ཕྱིར་མ་བྱུང་ངོ་། །ཞེས་ཐང་སན་དང་དུས་མཉམ་པར་ཡང་གསལ་ལོ།།
དེ་བཞིན་སེ་ཀྲི་ངག་དབང་བསྟན་དར་གྱིས་བརྩམས་པའི་དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད་[7]དུའང་བྱུང་རབས་གཅིག་མཚུངས་སུ་གསལ་བ་ལྟར་ལྕང་སྐྱ་རོལ་པའི་རྡོ་རྗེའི་མགུར་མ་དང་། རི་བོ་རྩེ་ལྔའི་གནས་བཤད། ངག་དབང་བསྟན་དར་གྱིས་བརྩམས་པའི་དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད་བཅས་ཁག་གསུམ་ནང་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་ནག་ཏུ་བྱོན་པ་དང་། རི་བོ་རྩེ་ལྔར་རྗེ་བཙུན་འཇམ་དབྱངས་ཀྱིས་ཞལ་གཟིགས་བྱུང་བ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་རྗེ་བཙུན་འཇམ་དབྱངས་ཞལ་མཇལ་བའི་གནས་ཀྱི་མཆོད་རྟེན་ཡོད་པ། རི་བོ་རྩེ་ལྔའི་རྡོ་རྗེ་ཕུག་ཏུ་སྒོམ་སྒྲུབ་མཛད་པས་རིག་འཛིན་བརྙེས་པ་སོགས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྣམ་ཐར་སྤྱི་དང་མཐུན་ལ། མཚན་གྱི་ཆ་ནས་གྲུབ་ཆེན་སངས་རྒྱས་བསྐྱངས་ཡིན་པར་ཞལ་གསལ་དུ་བྱུང་ངོ་།།

འདི་ནི་ཏུན་ཧོང་བྲག་ཕུག་ནས་རྙེད་པའི་སློབ་དཔོན་སངས་རྒྱས་བསྐྱངས་རྒྱ་ནག་ཏུ་ཕེབས་ཏེ་
རྗེ་བཙུན་འཇམ་དབྱངས་དང་ཞལ་མཇལ་བའི་རྣམ་པ་ཅན་གྱི་འདྲ་རིས་ཡིན།[8]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཆོས་འབྱུང་ནོར་བུའི་ཕྲེང་བ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༩༣
[2] ལྕང་སྐྱ་རོལ་པའི་རྡོ་རྗེའི་གསུང་འབུམ། ༼ང༽ ཤིང་དཔར། དཔེ་གཟུགས། ཤོག་གྲངས་ ༣ན༣
[3] ཡོངས་གྲགས་རྒྱ་ནག་རི་བོ་རྩེ་ལྔ་ཞེས་འབོད་པ་ནི། རྒྱ་ནག་ཧྲན་ཤིས་ཞིང་ཆེན་གྱི་ཁོངས་སུ་ཡོད་ཅིང་། དེ་ནི་གནས་སྒོ་ཕྱེ་ནས་མི་ལོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པའི་གནས་རྙིང་གྲགས་ཅན་ཞིག་ཡིན་པར་མ་ཟད། སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་གནས་ཆེན་དུ་བཞེད་པ་ལྟར་འཛམ་གླིང་ཡོངས་དང་། བོད་གངས་ཅན་གྱི་ལྗོངས་སུའང་སྔར་ནས་རྒྱ་ནག་གི་ནང་པའི་གནས་མཆོག་ཨང་དང་པོར་བརྩི་བའི་སྙན་གྲགས་ཧ་ཅང་ཆེན་པོ་ཡོད་པ་ཞིག་གོ།
[4] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༣༩༥
[5] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༤༠༥
[6] གནས་ཡིག་ཕྱོགས་བསྒྲིགས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༥༠༧
[7] དྭངས་བསིལ་རི་བོ་རྩེ་ལྔའི་གནས་བཤད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༡༤ ལོ། ཤོག་གྲངས་ ༡༣༡
[8] Buddhapālita meeting an incarnation of Mañjuśrī, detail of the Panoramic View of Mount Wutai on the west wall of Mogao Cave 61, Mid-10th Century. Reproduced by permission of The Commercial Press (Hong Kong) Limited from the publication of Art of Dunhuang Caves 12 (敦煌石窟全集12, ISBN: 9620752732).
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༠༡ ནས་ ༢༠༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།