ཉ༽ སངས་རྒྱས་བསྐྱངས་ཀྱི་སྐུ་ཚེ་སྨད་ཀྱི་རྣམ་ཐར།

ཉ༽ སངས་རྒྱས་བསྐྱངས་ཀྱི་སྐུ་ཚེ་སྨད་ཀྱི་རྣམ་ཐར།

 

མདོར་ན། སྡེ་སྣོད་གསུམ་དང་རྒྱུད་སྡེ་སོགས་ལ་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱིས་དམ་པའི་ངང་ཚུལ་དགུ་དང་ལྡན་ཞིང་། ལྷག་པར་ཕྱི་ནང་གྲུབ་མཐའ་རྒྱ་མཚོའི་ཕ་མཐར་སོན་ཏེ་མཁས་པའི་ཁྱུ་མཆོག་ཏུ་གྱུར་ནས་སློབ་དཔོན་འཕགས་པ་ཀླུ་སྒྲུབ་ཀྱི་ཉེ་བའི་ཐུགས་སྲས་གསུམ་གྱི་ཡ་གྱལ་དུའང་གྱུར།

དེ་ནས་ཐུགས་མཉམ་པར་བཞག་པའི་སྒྲུབ་པ་ཁོ་ན་ལྷུར་བླངས་པས་ལྷག་པའི་ལྷ་མཆོག་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྙིང་ལ་ཞུགས་ཏེ། ལམ་རིམ་གྱི་དྲོད་རྟགས་མངོན་རྟོགས་འཕེལ་ཞིང་། འཕགས་པའི་ས་ལ་ཞུགས་པའི་སྐྱེས་བུ་ཆེན་པོ་འདི་ཉིད་དམ་པའི་འབྲས་རྟགས་ཡང་དག་པ་ཚང་བའོ།།

ཕྱི་རབས་གདུལ་བྱའི་དོན་དུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་ཕྱིན་ཅི་ལོག་པའི་དྲི་མ་ཐམས་ཅད་སེལ་བར་བྱེད་པ་ཐེག་པ་ཆེན་པོའི་ཟབ་གནད་མཐར་ཐུག་པའི་ངེས་དོན་གྱི་དགོངས་པ་ལྟ་བའི་གཞུང་ཆེན་མོ་དབུ་མ་རྩ་བ་ཤེས་རབ་བྱ་བའི་བསྟན་བཅོས་དེ་ལ་རིགས་པའི་རྣམ་གྲངས་བརྒྱ་ཕྲག་མང་པོས་གསལ་བར་བསྟན་པའི་རྩ་ཤེར་འགྲེལ་པར་བུདྡྷ་པཱ་ལི་ཏ་ཞེས་བྱ་བའི་རང་ཉིད་ཀྱི་མཚན་ལས་དྲངས་ནས་བཏགས་པར་མཛད་པ་དེ་རྗེས་འཇུག་རྣམས་ཀྱི་ནང་ནས་རྒྱ་ཆེར་བཤད་པ་དང་པོ་ཡིན་ནོ།།

སློབ་དཔོན་འདི་ཉིད་སྐུ་ཚེ་སྨད་དུ་རྒྱ་གར་ལྷོ་ཕྱོགས་ཀྱི་དནྚ་པུ་རིའི་གཙུག་ལག་ཁང་དུ་བཞུགས་ནས་ཆོས་འཁོར་མང་དུ་བསྐོར་བར་མཛད་དེ། དམ་པ་གང་གི་ཐུགས་སྲས་ནི་སློབ་དཔོན་ཀ་མ་ལ་བུདྷི་[1]སོགས་མཁས་པ་དང་གྲུབ་པའི་བདག་ཉིད་ཅན་དམ་པ་མང་པོ་བྱོན་པ་ཡིན་ཏེ། རྗེ་བཙུན་གྲགས་པ་རྒྱལ་མཚན་ (1147-1216) གྱིས་མཛད་པའི་མདོ་སྔགས་བསྟན་པ་རིན་པོ་ཆེའི་ཆོས་ཀྱི་བྱུང་ཚུལ་ལས་བརྩམས་པའི་ལོ་རྒྱུས་དང་རྣམ་ཐར་ལས[2]། ཊི་བི་ཤར་རྒྱལ་པོ་ཟླ་སྲུང་གི་ཁྱིམ་དུ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ནས་ཆོས་བསྟན་ཅིང་། ཐེག་པ་ཆེན་པོ་ཐོག་མར་སྣང་བར་བྱས། དེ་ནས་བཙུན་པ་ཨ་བི་ཏརྐ་སོགས་རྣམ་རིག་སྨྲ་བའི་སློབ་དཔོན་ལྔ་བརྒྱ་ཙམ་བྱོན་ཅིང་། ཤིན་ཏུ་རྒྱས་པའི་སྡེ་སྣོད་རྣམས་ཀྱང་མི་ཡུལ་དུ་བྱུང་། དེ་ནས་བྲམ་ཟེ་སྒྲ་གཅན་འཛིན་བཟང་པོ་བྱོན། དེའི་སློབ་མ་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཀྱིས་ཤེར་ཕྱིན་དངོས་བསྟན་དབུ་མའི་ལམ་སྲོལ་རྒྱ་ཆེར་ཕྱེ། དེའི་སློབ་མ་ནཱ་ག་ཧཱ་སྟེ་ཀླུས་བོས་དང་། ཨཱརྱ་དེ་ཝ་སྟེ་འཕགས་པ་ལྷ་དང་། ནཱ་ག་བོ་དྷི་ཀླུའི་བྱང་ཆུབ་སོགས་བྱོན། ཨཱརྱ་དེ་ཝའི་སློབ་མ་དམངས་རིགས་པ་སྒྲ་གཅན་འཛིན་བཟང་པོ་དང༌། སློབ་དཔོན་དཔའ་བོའི་ཞབས་སོ།།

སྟོན་པ་འདས་ནས་ལོ་དགུ་བརྒྱ་ན་སློབ་དཔོན་ཐོགས་མེད་སྐུ་མཆེད་བྱོན། གཅེན་གྱིས་དགའ་ལྡན་དུ་ཕེབས་ཏེ་བྱམས་མགོན་ལས་ཆོས་ཀྱི་བདུད་རྩི་གསོལ། སླར་མི་ཡུལ་དུ་ཕེབས་ཏེ་ཐེག་པ་ཆེན་པོའི་སེང་གེའི་སྒྲ་བསྒྲགས། དེའི་སློབ་མའི་མཆོག་གཅུང་བཱ་སུ་བནྡྷུས་ཐེག་པ་ཆེ་ཆུང་གི་མངོན་པ་སོགས་གསལ་བར་མཛད། སློབ་མ་ཕྱོགས་གླང་། ཡོན་ཏན་འོད། བློ་གྲོས་བརྟན་པ། འཕགས་པ་རྣམ་གྲོལ་སྡེ་བཞི་ནི། ཚད་མ་འདུལ་མངོན་ཕར་ཕྱིན་བཞིར་རང་ལས་མཁས་པ་བཞི་ཞེས་གྲགས། ཀླུ་སྒྲུབ་ཀྱི་སློབ་མ་དགེ་སྲུང་ལས་ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་གཉིས་བྱོན་ཏེ་རང་ཐལ་གྱི་སྲོལ་གསར་དུ་དབྱེ། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷིའི་སློབ་མ་ཟླ་བ་གྲགས་པས་ཐལ་འགྱུར་གྱི་སྒྲ་ཕྱོགས་བཅུར་བསྒྲགས་ཤིང་། འདིའི་ཚེ་དགེ་བསྙེན་ཙནྡྲའི་ཞབས་ཀྱང་བྱོན་ཏེ་སློབ་དཔོན་བློ་གྲོས་བརྟན་པའི་སློབ་མ་ཡིན། ཟླ་གྲགས་དང་ནཱ་ལེནྡྲར་ལོ་བདུན་དུ་ཆོས་ཀྱི་བརྒལ་བརྟག་མཛད་ཅིང་སློབ་དཔོན་སོ་སོས་ཀླུ་ཐོགས་ཀྱི་གཞུང་བཟུང་། ཕྱིས་པོ་ཏ་ལར་གཤེགས་པར་གྲགས།

སློབ་དཔོན་ཕྱོགས་ཀྱི་གླང་པོ་སོགས་ཀྱི་སློབ་མ་ནཱ་ལེནྡྲའི་མཁན་པོ་ཆོས་སྐྱོང་ཞེས་བྱ་བ་བྱོན། དབུ་མ་བཞི་བརྒྱ་པ་རྣམ་རིག་ཏུ་བཀྲལ་བ་སོགས་བསྟན་བཅོས་མང་དུ་མཛད། དེའི་སློབ་མ་བྷུ་སུ་ཀུའི་སྤྱོད་པ་ཅན་སློབ་དཔོན་ཆེན་པོ་ཞི་བ་ལྷ་དང་། དཔལ་ལྡན་ཆོས་སྐྱོང་སྟེ་ཕྱིས་བི་རཱུ་པར་གྲགས་པ་གཉིས་ཡིན། ཕྱོགས་ཀྱི་གླང་པོའི་སློབ་མ་རྒོལ་བ་དབང་ཕྱུག་སྡེ་ལས་ཚད་མ་དང༌། སློབ་དཔོན་ཆོས་སྐྱོང་ལས་སྡེ་སྣོད་གསུམ་གྱི་ཟིལ་དངར་བཞེས་པ་དཔལ་ཆོས་ཀྱི་གྲགས་པ་ནི་ཕྱོགས་ཀྱི་གླང་པོ་གཉིས་པར་གྱུར། དཔལ་ཧེ་རུ་ཀ་ལས་ཕྱོགས་ལས་རྣམ་རྒྱལ་གྱི་དངོས་གྲུབ་ཐོབ། དེ་ལྟར་ན། ཀླུ་སྒྲུབ། ཐོགས་མེད། ཕྱོགས་གླང་གསུམ་གཞུང་བྱེད་པ་པོ་དང་། ཨཱརྱ་དེ་ཝ། དབྱིག་གཉེན། ཆོས་གྲགས་གསུམ་ནི་འགྲེལ་པ་བྱེད་པ་པོ་སྟེ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ཏུ་གྲགས་ཀྱི། མཆོག་གཉིས་ལ་སོགས་པའི་ཐ་སྙད་ནི་འཕགས་ཡུལ་དུ་མི་སྣང་།

དེ་ནས་རྣམ་སྣང་བཟང་པོ་ལས་ཤེར་ཕྱིན་གསན་ཅིང་། མ་ཕམ་པས་དབུགས་དབྱུང་བ་སློབ་དཔོན་སེང་གེ་བཟང་པོ་དང་། དེའི་སློབ་མ་སངས་རྒྱས་ཡེ་ཤེས་ཞབས་སོགས་ཀྱིས་ཕར་ཕྱིན་དང་། ཡོན་ཏན་འོད་ཀྱི་སློབ་མ་ཤཱཀྱ་འོད་དང༌། དྷརྨ་མི་ཏྲ་དང་། དགྲ་བཅོམ་ས་གའི་ལྷ་སོགས་ཀྱིས་འདུལ་བསྟན་སྤེལ། སྤྱིར་འདུལ་བ་ལ་བཤེས་གཉེན་དྲུག་དང་། ཕར་ཕྱིན་ལ་བཀའ་བབ་དྲུག་ཅེས་ཀྱང་གྲགས། ཕྱི་ཞིག་ན་བི་ཀྲ་མ་ཤཱི་ལར་ཉི་ཟླ་ལྟ་བུའི་མཁས་པ་སྒོ་དྲུག་ཅེས། ཤནྟི་པ་ཤར་ཤེར་འབྱུང་སྦས་པ། ངག་དབང་གྲགས་པ། ནཱ་རོ་པ་བྱང་བྲམ་ཟེ་རིན་ཆེན་རྡོ་རྗེ། དབུས་ཛྙཱ་ན་ཤྲཱི་མི་ཏྲ་རྣམས་བྱོན། དེ་རྗེས་ཇོ་བོ་རྗེ་དཱི་པཾ་ཀཱ་ར་དང་། དེ་ནས་རྡོ་རྗེ་གདན་དུ་ཨ་བྷ་ཡ་ཀ་ར། མ་ཧཱ་པཎྜི་ཏ་ཤཱཀྱ་ཤྲཱི་སོགས་ཀྱིས་བསྟན་པ་བཟུང་། དེའི་སྐབས་སུ་ཏུ་རུཥའི་རྒྱལ་པོ་ཟླ་བས་དམག་གི་སྦྱོར་བ་ཚན་ཆེ་བ་ལྷགས་ཏེ་ཡུལ་དབུས་ཀྱི་གཙུག་ལག་ཁང་ཕལ་ཆེར་བཤིག །མཁས་ཤིང་གྲུབ་པའི་དབང་པོ་རྣམས་ཀྱང་ཕྱོགས་གཞན་དུ་འཁྱལ་ནས་བསྟན་པའི་དངོས་གཞི་ནུབ་ཀྱང་། རྒྱལ་ཕྲན་འདྲས་ཆོས་གཞི་ཅུང་ཟད་བཙུགས་ཏེ་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་དང་། ཤཱ་རི་སུ་ཏྲ་དང་། སྒྲ་གཅན་འཛིན་བཟང་པོ་སོགས་ཀྱིས་རང་སྟོབས་གང་ཡོད་ཀྱིས་བསྟན་པ་ལ་བྱ་བ་མཛད་ནའང་། དེང་སང་ནི་ཡུལ་དབུས་སུ་ནང་པའི་བསྟན་པ་འགའ་ཡང་མེད་པར་མངོན་ནོ།།

གཞན་རྒྱ་གར་གྱི་ཡུལ་ཕྲན་སོ་སོར་ཇི་ལྟར་དར་བའི་ཚུལ་རྒྱས་པར་ཡི་གེས་འཇིགས་ཀྱང་། འཕགས་ཡུལ་ཤར་ཕྱོགས་དང་། བྱང་ཤར་ཤར་ཁར་ཁམ་དང༌། བིཏྱ་ན་ག་ར་སོགས་སུ་སྔར་ནས་ཡོད་པ་དང་། མ་ཧཱ་དྷཱ་སོགས་སུ་བསྟན་པ་ནུབ་པས་རྐྱེན་བྱས། གསར་དུ་བཅོས་པའི་རྒྱུན་དེང་སང་ཡང་ཡོད་པར་གྲགས་ཤིང་། གཙོ་བོར་ཐེག་ཆེན་པའི་རིང་ལུགས་འཛིན་པའོ། །སིངྒ་ལའི་གླིང་དང་། དྷ་ན་ཤྲཱིའི་གླིང་སོགས་སུ་ནི་ཉན་ཐོས་པ་དར་ཆེ་བར་མངོན། །ཞེས་ཀླུ་སྒྲུབ་ཀྱི་སློབ་མ་དགེ་སྲུང་ལས་ལེགས་ལྡན་འབྱེད་དང་སངས་རྒྱས་བསྐྱངས་གཉིས་བྱོན་པ་དང་། སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྡྷི་སོགས་པཎ་གྲུབ་སྙན་གྲགས་ཅན་ཇི་ལྟར་བྱོན་གསལ་བར་བྱུང་བ་ལྟར་རོ།།

མཐར་རིག་སྔགས་འཆང་གྲུབ་པའི་གནས་སུ་གཤེགས་པར་མཛད་པ་སྟེ། ཀུན་མཁྱེན་འཇམ་དབྱངས་བཞད་པས་ (1648-1722) མཛད་པའི་གྲུབ་མཐའ་ཆེན་མོ་ལས[3]། སློབ་དཔོན་སངས་རྒྱས་བསྐྱངས་འདི་ནི་རྗེ་བཙུན་འཇམ་དབྱངས་གྲུབ་པ་བསྟན་བཅོས་དུ་མའི་རྣམ་བཤད་མཛད་ཅིང་རིག་འཛིན་གྱི་སར་གཤེགས་པ་ཡིན་ཏེ། སློབ་དཔོན་སངས་རྒྱས་བསྐྱངས་ (C.230-330) རང་ཉིད་ཀྱིས་མཛད་པའི་དབུ་མ་རྩ་བའི་འགྲེལ་པའི་མཛད་བྱང་ལས[4]། སློབ་དཔོན་བཙུན་པ་སངས་རྒྱས་བསྐྱངས་འཕགས་པ་འཇམ་དཔལ་གྱི་བཀའ་གྲུབ་པ་བསྟན་བཅོས་དུ་མའི་རྣམ་པར་བཤད་པ་མཛད་པ། ཐེག་པ་ཆེན་པོ་ཡང་དག་པར་ཞུགས་པ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པས་མཛད་པ། ཞེས་དང་། མཁས་གྲུབ་རིན་པོ་ཆེས་ (1385-1438) མཛད་པའི་རྒྱུད་སྡེ་སྤྱི་རྣམ་ལས་[5]ཀྱང་། སངས་རྒྱས་བསྐྱངས་ནི་རིག་འཛིན་གྱི་ས་བརྙེས་པར་བྱེད་དོ། །ཞེས་གསུངས་པ་ལྟར་སྐུ་ལུས་མ་སྤངས་པར་རིག་འཛིན་གྱི་གནས་མཁའ་སྤྱོད་དུ་གཤེགས་པས་ན། རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་དབུ་མ་དགོངས་པ་རབ་གསལ་གྱི་མཆོད་བརྗོད་ལས་[6]ཀྱང་།

རྗེ་བཙུན་འཇམ་པའི་དབྱངས་ཀྱི་བཀའ་གྲུབ་ཅིང༌། །འཕགས་པའི་དགོངས་པ་མཐར་ཐུག་གསལ་བར་མཛད། །

གྲུབ་པའི་རིག་འཛིན་གནས་སུ་གཤེགས་གྱུར་པ། །སངས་རྒྱས་བསྐྱངས་ཀྱི་ཞབས་ལ་མགོས་ཕྱག་འཚལ། །

ཞེས་གསུངས་པ་ལྟར་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་བཀའ་གྲུབ་པ་དང་གཅིག །བསྟན་བཅོས་དུ་མའི་རྣམ་བཤད་མཛད་པ་དང་གཉིས། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དང་གསུམ། རིག་སྔགས་འཆང་གྲུབ་པའི་གནས་ཁྱད་པར་ཅན་དུ་གཤེགས་པ་དང་བཅས་མཛད་ཆེན་བཞི་དང་། ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་གནས་བསྟོད་བཅས་སུ་གསལ་བར་བསྟན་པ་འདི་དག་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་མཛད་རྣམ་གྱི་སྙིང་པོ་ལགས་སོ།།

དེ་ལྟར་སློབ་དཔོན་འདི་ཉིད་ཀྱི་གསུང་བུདྡྷཿཔཱ་ལི་ཏ་ཁོ་ན་ལས་གཞན་བོད་སྒྱུར་གྱི་རིགས་མཇལ་རྒྱུ་མི་སྣང་ཞིང་། དེ་ལ་བརྟེན་ནས་སློབ་དཔོན་འདིའི་རྣམ་ཐར་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ཀྱང་ཤིན་ཏུ་དཀོན་པའི་དབང་གིས་རྣམ་ཐར་ཁ་གསལ་ཞིབ་ཕྲ་གང་ཡང་འགོད་ཐབས་བྲལ་བ་བཅས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  སངས་རྒྱས་བསྐྱངས་ཀྱི་སློབ་མ་ཀ་མ་ལ་བུདྷི་དང་། འདིའི་སློབ་མ་ཟླ་བ་གྲགས་པར་གྲགས།

[2]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། པོད། ༼༦༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༡༥༦

[3]  ཀུན་མཁྱེན་གྲུབ་མཐའ་ཆེན་མོ། འབྲས་སྤུངས་སྒོ་མང་དཔེ་མཛོད། ཐེ་ཝན་པར་མ། ༢༠༡༢ ལོ། ཤོག་གྲངས་ ༣༧༣

[4]  བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཙ༽ དེབ་ཨང་ ༥༧ པ། ཤོག་གྲངས་ ༧༤༥

[5]  མཁས་གྲུབ་རྗེའི་གསུང་འབུམ།༼བ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་གྲངས་ ༣༣

[6]  བོད་ཀྱི་བཅུ་ཕྲག་རིག་མཛོད་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༥༡༥

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༡༩༥ ནས་ ༢༠༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *