ཕ༽ ལུང་བསྟན་མཐོང་ནས་སྤྱི་བཤགས་མཛད་ཚུལ།

ཕ༽ ལུང་བསྟན་མཐོང་ནས་སྤྱི་བཤགས་མཛད་ཚུལ།

 

དེ་བཞིན་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དེ་རིག་སྔགས་ཀྱི་མཐུས་ནམ་མཁའི་ལམ་ལས་འབྲོས་པར་བརྩམས་པ་ལས་སློབ་དཔོན་གྱིས་དེའི་སྔགས་བཅིངས་ཏེ་བཟུང་ནས། གཙུག་ལག་ཁང་ཞིག་ཏུ་བཙོན་དུ་བཅུག་པ་ལ་གླེགས་བམ་རྣམས་བཀླགས་པས་རང་ཉིད་ལུང་བསྟན་པའི་མདོ་སྡེ་མཐོང་ནས། སྔར་བསྟན་པ་ལ་བྱ་བ་མ་ཡིན་པ་བྱས་པ་ལ་ནི་འགྱོད།

སངས་རྒྱས་ལ་དད་པ་ཆེས་ཆེར་འཕེལ་བར་གྱུར་ནས། རབ་ཏུ་བྱུང་སྟེ་རིང་པོར་མི་ཐོགས་པར་སྡེ་སྣོད་གསུམ་འཛིན་པར་གྱུར་ཏོ། །ཞེས་པ་ལྟར། མཐར་ལྷ་ཆེན་དབང་ཕྱུག་ལ་ཞུས་ཀྱང་ཕྱོགས་ཐམས་ཅད་ལ་རིག་སྔགས་ཀྱིས་བཅིངས་ཤིང་། ལྷམ་ཀྲད་དང་གོས་ཧྲུལ་སོགས་ཀྱིས་གཡོགས་པས་ལྷ་ཆེན་དེའི་འོག་ཏུ་ཉེ་བར་མ་ནུས། དེ་ནས་ཚངས་པའི་འཇིག་རྟེན་དུ་འགྲོ་བར་སེམས་ཀྱང་བརྫུ་འཕྲུལ་གྱིས་ལམ་བཀག་སྟེ་ཕམ་པར་བྱས་པས། སྐྱོ་ཞིང་ཆུ་བོ་གངྒཱར་ལྕེབ་པར་བརྩམས་པ་ན། རྒྱལ་པོས་རྟ་དབྱངས་བཀའ་སྡེ་སྣོད་མང་པོ་བཞུགས་པའི་གཙུག་ལག་ཁང་ཞིག་ཏུ་བཅུག །དེར་རྟ་དབྱངས་ཀྱིས་མདོ་རྒྱུད་བསྟན་བཅོས་རྣམས་ལ་བལྟས་པས། ཕྱོགས་འཛིན་གྱི་འཆིང་བ་གྲོལ་ཞིང༌། ལྷག་པར་འཇམ་དཔལ་རྩ་རྒྱུད་ཀྱི་གླེགས་བམ་བཀླགས་པས། འཇམ་དཔལ་རྩ་རྒྱུད་ལས[2]།

དགེ་སློང་མང་དུ་ཐོས་པ་ནི། །དེ་ཡི་ཚེ་ནི་འབྱུང་འགྱུར་བ། །

མ་ཁོལ་ཞེས་ཀྱང་བྱ་བ་སྟེ། །ང་ཉིད་ཀྱི་ནི་བསྟོད་བྱེད་པ། །

ཇི་བཞིན་ཡོན་ཏན་བཟང་པོ་ནི། །ཇི་ལྟ་བཞིན་དུ་བརྗོད་པར་འགྱུར། །

ཀུན་ནས་སེམས་ནི་རབ་དང་ཞིང་། །སངས་རྒྱས་རྣམས་ཀྱི་བསྟན་ལ་དད། །

སྒྲུབ་དཀའི་སྔགས་ནི་རབ་བསྒྲུབ་ཅིང་། །འཇམ་པའི་དབྱངས་ཀྱི་དེ་བཞིན་ནོ། །

ཡོན་ཏན་ལྡན་ཞིང་ཚུལ་ཁྲིམས་ལྡན། །མང་དུ་ཐོས་ཤིང་ཆོས་ཀྱང་སྨྲ། །

དུད་འགྲོར་སྔོན་ནི་གྱུར་པ་ན། །ང་ཡི་བསྟོད་པ་ཡོངས་སུ་སྨྲ། །

ཉམས་དགའ་གྲོང་ཁྱེར་རྒྱལ་པོའི་ཁབ། །འོད་མའི་ཚལ་གྱི་ས་སྟེང་དུ། །

སློབ་མའི་ཚོགས་དང་ལྷན་ཅིག་ཏུ། །ཇི་ལྟར་བདེ་བར་བཞུགས་པ་ན། །

དེར་ནི་བྱ་རོག་ཅིག་ཡོད་པས། །ང་ལ་སེམས་ནི་རབ་དད་བྱས། །

སེམས་ནི་ང་ལ་དད་བྱས་པས། །ལུས་ཞིག་ནས་ནི་མཐོ་རིས་སོང་། །

ལྷ་རྣམས་ལས་ནི་ཤི་འཕོས་ནས། །མི་རྣམས་ནང་དུ་ཉེ་བར་སྐྱེས། །

མི་ཡི་ནང་དུ་སྐྱེས་ནས་ཀྱང་། །ང་ཡི་བསྟན་ལ་རབ་ཏུ་འབྱུང་། །

རབ་བྱུང་བདག་ཉིད་ཆེན་པོ་དེ། །ཇི་བཞིན་དེ་ཚེ་འབྱུང་བར་འགྱུར། །

མ་ཁོལ་ཞེས་བྱའི་རྟུལ་ཞུགས་ཅན། །དེ་ནི་དེ་ཚེ་འབྱུང་བར་འགྱུར། །

ཞེས་སོགས་གསུངས་པ་ལྟར། སློབ་དཔོན་ཀླུ་སྒྲུབ་ཡབ་སྲས་ལུང་གིས་ཟིན་ཚུལ་དང༌། ལྷག་པར་རང་ཉིད་ཀྱང་རྒྱལ་བའི་ལུང་གིས་ཟིན་པའི་ཚུལ་རྣམས་མཐོང་བས། རྒྱལ་བའི་བཀའ་ལ་སྙིང་ཐག་པ་ནས་ཡིད་ཆེས་ཏེ། རང་ཉིད་ཀྱི་ལྟ་བ་ནོར་བ་དང་། རྒྱུ་འབྲས་ལ་བསྐུར་འདེབས་བྱས་པ་སོགས་སྔར་བསྟན་པ་ལ་བྱ་བ་མ་ཡིན་པར་བྱས་པ་ལ་འགྱོད་པ་སྐྱེས་ཏེ།

༈ ཨུ་ཧུ་ལགས། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བས་ཚེ་རབས་འཁོར་བ་ཐོག་མ་མ་མཆིས་པ་ནས་ད་ལྟ་ལ་ཐུག་གི་བར་དུ། ཉོན་མོངས་པ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གི་དབང་གིས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་སྡིག་པ་མི་དགེ་བ་བཅུ་བགྱིས་པ་དང༌། མཚམས་མ་མཆིས་པ་ལྔ་བགྱིས་པ་དང༌། དེ་དང་ཉེ་བ་ལྔ་བགྱིས་པ་དང༌། སོ་སོར་ཐར་པའི་སྡོམ་པ་དང་འགལ་བ་དང༌། བྱང་ཆུབ་སེམས་དཔའི་བསླབ་པ་དང་འགལ་བ་དང༌། གསང་སྔགས་ཀྱི་དམ་ཚིག་དང་འགལ་བ་དང༌། ཕ་དང་མ་ལ་མ་གུས་པ་དང༌། མཁན་པོ་དང་སློབ་དཔོན་ལ་མ་གུས་པ་དང༌། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་མ་གུས་པ་དང༌། དཀོན་མཆོག་གསུམ་ལ་གནོད་པའི་ལས་བགྱིས་པ་དང༌། དམ་པའི་ཆོས་སྤངས་པ་དང༌། འཕགས་པའི་དགེ་འདུན་ལ་སྐུར་བ་བཏབ་པ་དང༌། སེམས་ཅན་ལ་གནོད་པའི་ལས་བགྱིས་པ་ལ་སོགས་པ། སྡིག་པ་མི་དགེ་བའི་ཚོགས་བདག་གིས་བགྱིས་པ་དང༌། བགྱིད་དུ་སྩལ་བ་དང༌། གཞན་གྱིས་བགྱིས་པ་ལ་རྗེས་སུ་ཡི་རང་བ་ལ་སོགས་པ། མདོར་ན་མཐོ་རིས་དང་ཐར་པའི་གེགས་སུ་གྱུར་ཅིང་འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཉེས་ལྟུང་གི་ཚོགས་ཅི་མཆིས་པ་ཐམས་ཅད་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་ལ་སོགས་པ་ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང༌། དགེ་འདུན་བཙུན་པ་རྣམས་ཀྱི་སྤྱན་སྔར་མཐོལ་ལོ། །མི་འཆབ་བོ། །འཆགས་སོ། །ཕྱིན་ཆད་ཀྱང་སྡོམ་པར་བགྱིད་ལགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་སྤྱི་བཤགས་འདི་ཉིད་སྐབས་དེར་མཛད་པར་གྲགས།

གཞན་ཡང་ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད་ལས[3]། པོ་ཏི་གཅིག་གི་གླེགས་ཐག་བཀྲོལ་བས་དེ་ན་མི་གཡོ་བའི་ཡི་གེ་བཅུ་པ་ལ་ཕན་ཡོན་ཆེན་པོ་བཤད་འདུག །འདི་ལ་ཕན་ཡོན་འདི་ཙམ་ཡོང་བ་མི་འཐད་སྙམ་པ་དང་། མི་གཡོ་བའི་སྐུ་གཅིག་བྱུང་སྟེ། ད་རུང་ཆོས་བདེན་པ་ལ་ཡིད་མི་ཆེས་སམ་ཟེར་འགྲམ་ལྕག་གཅིག་བརྒྱབ་པས་ཁོ་བརྒྱལ། བརྒྱལ་བ་སངས་ནས་པོ་ཏིའི་གླེགས་ཐག་རྣམས་བཀྲོལ་ཏེ་རིམ་པ་བཞིན་བལྟས་པས། མ་ཁོལ་ལུང་བསྟན་པའི་མདོ་མཐོང་ནས་རང་ཉིད་དེའི་གདུལ་བྱར་ཤེས། གཞན་ཡང་སངས་རྒྱས་ཀྱི་གསུང་ལ་དད་པ་ཆེན་པོ་སྐྱེས་ཏེ། སློབ་དཔོན་ལ་བདག་རབ་ཏུ་འབྱིན་པར་ཞུ་བྱས་པས། སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་ཁྲིད་དེ་རབ་ཏུ་བྱུང་ངོ་། །དེར་ཁོང་ཕྱི་པའི་སྒྲ་ཚད་ལ་མཁས་པའི་སྟོབས་ཀྱིས་ནང་པའི་གཞུང་ལུགས་རྣམས་ཀྱང་ཕལ་ཆེར་ཚེགས་མེད་པར་ཤེས་ཏེ་མཁས་པ་ཆེན་པོར་གྱུར་ཏོ། །ཞེས་གསུངས་པ་ལྟར། སངས་རྒྱས་བཅོམ་ལྡན་འདས་ལ་བསླུ་བ་མེད་པའི་ངེས་པ་རྙེད་ནས་སློབ་དཔོན་ལ་རབ་ཏུ་བྱུང་བར་ཞུས་པ་བཞིན། སློབ་དཔོན་ཨཱརྱ་དེ་ཝས་རྟ་དབྱངས་སློབ་དཔོན་ཀླུ་སྒྲུབ་ཀྱི་སྤྱན་སྔར་ཁྲིད་དེ། རབ་ཏུ་བྱུང་ནས་མདོ་རྒྱུད་ཀྱི་བསྟན་བཅོས་མཐའ་དག་ལ་མཁས་པའི་ཕུལ་དུ་གྱུར་ཞིང་། ཡང་དག་པའི་གདམས་ངག་ཉམས་སུ་བླངས་ནས་མཆོག་གི་དངོས་གྲུབ་བརྙེས་ཏེ་ཉིད་ཀྱིས་མཛད་པའི་བསྟན་བཅོས་ལ་ཡན་ལག་བརྒྱད་པ་ཆེན་པོ་དང་། དེ་ལ་འཇུག་པ་དང་། དེའི་བསྡུས་པ། སྙིང་པོ་བསྡུས་པ་སྟེ་བཞི། སངས་རྒྱས་ཀྱི་སྐྱེས་རབས་སོ་བཞི་པ། སངས་རྒྱས་ཀྱི་མཛད་པ་ལ་སྙན་དངགས་ཆེན་པོས་སྦྱར་བ། བྱང་ཆུབ་སེམས་བསྒོམ་པའི་མན་ངག །དགེ་མི་དགེ་བཅུ་བསྟན་པ། རྩ་ལྟུང་བཅུ་བཞི་པ། བླ་མ་ལྔ་བཅུ་པ། སྤྱི་བཤགས། བསྟོད་པ་བརྒྱ་ལྔ་བཅུ་པ་ལ་སོགས་པ་མཛད་དེ་རྒྱལ་བའི་བསྟན་པ་ལ་ཤིན་ཏུ་བྱ་བ་རྒྱ་ཆེར་གནང་བའོ། །དེ་ལྟར་ཟླ་བ་གསུམ་ཙམ་རིང་བརྩད་པར་ཕྱི་རོལ་པ་སུས་ཀྱང་མ་ཐུབ་སྟབས། ཕྱི་རོལ་པ་དེ་རྣམས་ཀྱིས་རང་ཉིད་ཀྱི་གྲུབ་མཐའ་ནོར་བར་མཐོང་ནས་སངས་རྒྱས་པའི་ཆོས་སུ་ཞུགས་མཁན་མང་དུ་བྱུང་ཞིང་། སྔ་ཕྱི་ཕྱོགས་གཅིག་ཏུ་བསྡོམས་ན་འབུམ་ཙམ་བྱུང་ཚུལ་གསལ་ལོ།།

སློབ་དཔོན་དཔའ་བོའམ་མུ་སྟེགས་རྟ་དབྱངས་ཀྱི་རྣམ་ཐར་རྒྱས་པར་མཁྱེན་པར་འདོད་ན། སློབ་དཔོན་གཞོན་ནུ་སྲོག་གིས་རྒྱ་ཡིག་ཏུ་བསྒྱུར་བའི་རྟ་དབྱངས་ཀྱི་བྱུང་བ་བརྗོད་པ་དང་། གཞན་ཡང་སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་རྡོ་རྗེའི་ཁབ་[4]ཏུ་སློབ་དཔོན་རྟ་དབྱངས་ཀྱི་མཚན་གྱི་རྣམ་གྲངས་དང་། ཡབ་ཡུམ་གྱི་མཚན། འཁྲུངས་ལོ། ཕྱི་ནང་གི་གྲུབ་མཐའ་གང་ལ་གསན་བསམ་མཛད་ཚུལ། ཕྱི་རོལ་པའི་གཞུང་ལུགས་ལ་གསན་བསམ་མཛད་ཚུལ། ནང་པའི་བསྟན་པར་ཞུགས་ནས་བསྟན་པ་ལ་བྱ་བ་མཛད་ཚུལ། ནང་པའི་གྲུབ་མཐའ་གང་གི་རྗེས་འབྲང་པ་ཡིན་མིན། བོད་ཀྱི་གསོ་རིག་གི་གཞུང་དུ་འཁོད་པའི་སློབ་དཔོན་གྱི་རྣམ་ཐར། སློབ་དཔོ་རྟ་དབྱངས་ཀྱི་གཞུང་བོད་སྐད་དུ་མ་བཞུགས་པ་ཇི་ཡོད་སོགས་ལ་ཞིབ་ཏུ་དཔྱད་ནས་བཀོད་འདུག་པ་དེར་སྤྱན་རས་གཡོ་བར་འཚལ་ལོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༡༡༠

[2]  བཀའ་འགྱུར་དཔེ་བསྡུར་མ། རྒྱུད་འབུམ། ༼ན༽ དེབ་ཨང་ ༨༨ པ། ཤོག་གྲངས་ ༨༧༨

[3]  ཆོས་འབྱུང་བསྟན་པའི་པདྨ་རྒྱས་པའི་ཉིན་བྱེད། འབྲུག་པའི་ཆོས་ཚོགས། ༢༠༠༦ ལོ། ཤོག་གྲངས་ ༦༢

[4]  སློབ་དཔོན་རྟ་དབྱངས་ཀྱིས་མཛད་པའི་རྡོ་རྗེའི་ཁབ། ཝཱར་ཎ་མཐོ་སློབ། ༢༠༠༦ ལོ། ཤོག་གྲངས་ ༣

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཁ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༩༩ ནས་ ༡༠༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *