ཅ༽ རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ།
དེ་ཡང་རྒྱའི་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[1]། གཟུངས་སྔགས་དར་ཚུལ་ནི། སངས་རྒྱས་མྱ་ངན་ལས་འདས་རྗེས་སེམས་དཔའ་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཨཱརྱ་ནཱ་གར་ཛུན་ (Aryanagajuna) ཡིས་སྔགས་ཉམས་ལེན་སྐོར་གྱི་མན་ངག་རྣམས་རྒྱུན་འཛིན་བྱས། འཕགས་པ་ཀླུ་སྒྲུབ་ཀྱི་སློབ་མའི་གྲས་སུ་སྐྱེས་སྟོབས་ཀྱི་དཔལ་འབར་ཞིང་། སྦྱང་སྟོབས་ཀྱི་ཡོན་ཏན་ཆེ་བ།
གཞུང་ལུགས་ཀུན་ལ་ནང་བྱན་ཆུད་པའི་སློབ་མ་ཞིག་ཡོད་པ་མཚན་ལ་ནནྡ་ (Nanda) ཞེས་བྱ། ནནྡ་ཡིས་རྒྱ་གར་ནུབ་ཕྱོགས་སུ་ལོ་ངོ་བཅུ་གཉིས་རིང་གཟུངས་སྔགས་ཉམས་ལེན་བྱས་པས་རྒྱུད་ཀྱི་རྟོགས་པ་ཆེས་ཆེར་འཕེལ་ཞིང་། གསོལ་ཚིགས་སྐབས་སུ་ཟས་རིགས་ནམ་མཁའ་ནས་འབབ་པ་སོགས་ཀྱི་དངོས་གྲུབ་དུ་མ་ཐོབ། མུ་མཐུད་དུ་ཉམས་ལེན་གནང་བས་དུས་ཡུན་རིང་པོ་མ་འགོར་བར་འདོད་འཇོ་བུམ་བཟང་གྲུབ། བུམ་པའི་ནང་དུ་ཆོས་ཀྱི་གླེགས་བམ་སོགས་ཅི་བསམ་དུ་འབབ། འོན་ཀྱང་གཟུངས་སྔགས་བཟླས་མཚམས་བཞག་ཚེ་བུམ་པ་དེ་ཉིད་རང་བཞིན་གྱིས་ཡལ་འགྲོ་བས། ནམ་ཞིག་རང་ཉིད་ཀྱི་ཟློ་བཞིན་པའི་གཟུངས་སྔགས་ཀྱི་རྒྱུན་ཀྱང་འདི་ལྟར་ཆད་པར་དོགས། དེ་བས་ཁོང་གིས་གཟུགས་སྔགས་རྣམས་ཕྱོགས་གཅིག་ཏུ་བསྒྲིགས་པས་བསྡོམས་ཤོ་ལོ་ཀ་ཆིག་ཁྲི་ཉིས་སྟོང་ལོངས་ཙམ་དུ་ཡོད་པ་དང་། གཟུངས་སྔགས་འདི་དག་ལ་བརྟེན་ནས་སྔགས་ཉམས་ལེན་གྱི་སྡེ་གསར་པ་ཞིག་བཙུགས། གཟུངས་སྔགས་ཤོ་ལོ་ཀ་རེ་དང་ཡིག་འབྲུ་རེ་རེ་ཡིད་གཟབ་སྒོས་ཞིབ་བསྡུར་གནང་། གཟུངས་སྔགས་འདི་དག་གི་སྦྱོར་ཀློག་བྱ་ཚུལ་དང་། ཡིག་འབྲུ་སོགས་མཚུངས་ནའང་དོན་ནི་ཆེས་མི་མཚུངས་ཤིང་། སྔགས་ཀྱི་མཐུ་ནུས་ཀྱང་མི་འདྲ། གཟུངས་སྔགས་འདི་དག་གི་ནུས་མཐུ་སོགས་ཞལ་བརྒྱུད་དང་སྙན་བརྒྱུད་གང་ཡང་བྱེད་མི་རུང་། སྔགས་ཀྱི་རྟོགས་པ་མཐོན་པོར་སླེབས་པའི་ཉམས་ལེན་པ་རྣམས་ཀྱིས་གཟུངས་སྔགས་འདི་དག་གི་མཐུ་ནུས་རང་བཞིན་གྱིས་རྟོགས་པར་འགྱུར། ཞེས་སོགས་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༩
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༡༧ ནས་ ༥༡༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།