ཕ༽ འཕགས་པ་ཀླུ་སྒྲུབ་དགུང་ལོ་ཇི་ཙམ་བཞུགས་མིན།

ཕ༽ འཕགས་པ་ཀླུ་སྒྲུབ་དགུང་ལོ་ཇི་ཙམ་བཞུགས་མིན།

 

དེ་ཡང་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོའི་ (1143-1217) ཕྱི་ཡི་བཀའ་འབུམ་ནོར་བུའི་བང་མཛོད་ལས[1]།

བདག་གི་རྣམ་པར་རྟོག་པ་ལ། །སྟོན་པ་མྱ་ངན་འདས་འོག་ཏུ། །

སློབ་དཔོན་ཆེན་པོ་འཕགས་པ་བྱུང་། །དགུང་ལོ་དྲུག་བརྒྱའི་བར་དུ་བཞུགས། །

ཞེས་དང་། ༸རྒྱལ་བ་དགེ་འདུན་རྒྱ་མཚོས་ (1476-1542) མཛད་པའི་སངས་རྒྱས་གཉིས་པ་ཀླུ་སྒྲུབ་ཞབས་ལ་བསྟོད་པ་མཆོག་ཏུ་དད་པའི་སྒྲ་དབྱངས་ལས་[2]ཀྱང་། །རྫུ་འཕྲུལ་རོལ་པས་སྒྲ་མི་སྙན་དུའང་གཤེགས། །གཞོན་ནུ་བདེ་སྤྱོད་རྒྱལ་པོར་ལུང་བསྟན་ཅིང་། །བདེ་སོགས་བདག་པོའི་འབྱོར་པས་རྣམ་རྩེན་ཏེ། །རྡུལ་བྲལ་བཀུར་སྟིས་ཁྱོད་ཞབས་རིང་དུ་མཆོད། །དྲུག་གིས་བཅིངས་པའི་བརྒྱ་ཕྲག་ལོ་ཚིགས་སུ། །བསྟན་པ་བསྐྱངས་ནས་ཐུགས་རྗེས་སློང་བ་ལ། །རང་གི་དབུ་སྩལ་བདེ་བ་ཅན་གྱི་ཞིང་། །གཤེགས་པའི་ཚུལ་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་དུས་ཡུན་རིང་པོར་སྟོན་པ་རང་ཉིད་སླར་བྱོན་པ་དང་འདྲ་བར་བསྟན་པའི་བྱ་བ་རླབས་པོ་ཆེ་མཛད། འཇམ་དཔལ་རྩ་རྒྱུད་སོགས་ལ་གཞི་བྱས་ཏེ་དགུང་ལོ་དྲུག་བརྒྱ་བཞུགས་པར་བོད་ཀྱི་མཁས་པ་ཕལ་ཆེ་བས་བཞེད་ཅིང་། སློབ་དཔོན་ཀླུ་སྒྲུབ་མིའི་ཡུལ་དུ་སྐུ་ཚེ་ཇི་ཙམ་བཞུགས་པ་ལ་བཤད་ཚུལ་མི་མཐུན་པ་མང་ནའང་། དགུང་ལོ་དྲུག་བརྒྱར་བཞུགས་པ་ནི་ལུང་བསྟན་གྱི་མདོ་དང་མཐུན་ཞིང་། བུ་སྟོན་ཐམས་ཅད་མཁྱེན་པ་དང་། རྗེ་ཐམས་ཅད་མཁྱེན་པས་ཀྱང་འཐད་ཕྱོགས་སུ་མཛད་པར་ལྕང་སྐྱ་རོལ་པའི་རྡོ་རྗེས་གསུངས་སོ།།

དེ་བཞིན་སུམ་པ་མཁན་པོ་ལྟར་ན་ཆོས་སྒྲ་ལན་གསུམ་ལས་གཉིས་པ་ནི་དགུང་ལོ་བརྒྱ་མ་ལོན་ཙམ་གྱི་ཚེ་དང་། གསུམ་པ་དགུང་ལོ་ལྔ་བརྒྱ་བཞེས་པ་ན་བསྒྲགས་པར་གསུངས་ལ། ཀུན་མཁྱེན་པདྨ་དཀར་པོས་ (1527-1592) མཛད་པའི་ཕྱག་རྒྱ་ཆེན་པོའི་མན་ངག་གི་བཤད་སྦྱར་རྒྱལ་བའི་གན་མཛོད་ལས[3]། སློབ་དཔོན་ཀླུ་སྒྲུབ་འདི་རང་ལོ་ལྔ་བརྒྱ་ཐལ་བ་ཙམ་ཡུལ་དབུས་སུ་བཞུགས་ནས་ན་ལནྡའི་མཁན་པོ་མཛད། དེ་ནས་དབེན་པའི་ཕྱིར་དཔལ་གྱི་རི་ལ་བྱོན་པ་ཡིན་ནོ། །ཞེས་གསུངས་ཤིང་། རྗེ་བཙུན་ཏཱ་ར་ནཱ་ཐས་སློབ་དཔོན་འདིས་ལོ་དྲུག་བརྒྱ་ལས་བདུན་ཅུ་དོན་གཅིག་མ་ཚང་བར་འདོད་པ་དང་། ཉེར་དགུ་མ་ཚང་བར་འདོད་པའི་ལུགས་གཉིས་སྣང་། དང་པོའི་དབང་དུ་བྱས་ན་ལོ་ཉིས་བརྒྱ་ཡུལ་དབུས་དང་། ཉིས་བརྒྱ་ལྷོ་ཕྱོགས་དང་། བརྒྱ་དང་ཉི་ཤུ་རྩ་དགུ་དཔལ་གྱི་རི་ལ་བཞུགས་ཞེས་གྲགས་པ་རགས་རྩིས་སུ་སྣང་ཞིང་། གང་ལྟར་ལོ་ཕྱེད་ལོར་བརྩིས་པ་ཡིན་ཞེས་ཁོ་བོའི་བླ་མ་པཎྜི་ཏ་རྣམས་གསུངས། ཕྱི་མ་ལྟར་ན་གཞན་འདྲ་བ་ལས་བརྒྱ་དང་བདུན་ཅུ་རྩ་གཅིག་དཔལ་གྱི་རིར་བཞུགས་ཟེར་རོ། །ཞེས་གསལ་ལ། ལུགས་གཞན་ཞིག་ལྟར་ན། སློབ་དཔོན་ཀླུ་སྒྲུབ་དགུང་ལོ་དྲུག་ཅུ་ཙམ་བཞུགས་ཡོད་པ་[4]དང་། གཞན་ཡང་མཁས་པ་འགའ་ཞིག་གིས་ནི་སློབ་དཔོན་དེ་ཉིད་ད་ལྟ་ཡང་བཞུགས་བཞིན་ཡོད་ཅེས་ཁས་ལེན་པ་ལ་སོགས་པའི་འདོད་པ་སྣ་ཚོགས་སྣང་ངོ་།།

དེ་བཞིན་གནུབས་བྱམས་པའི་དཔལ་ལམ་ཁྲོ་ཕུ་ལོ་ཙཱ་བ་བྱམས་པའི་དཔལ་ (1173-1236) གྱིས་མཛད་པའི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ལ་བསྟོད་པ་ལས[5]།

བསྟན་པའི་སྙིང་པོ་སྟོང་ཉིད་ང་རོ་ཡིས། །ལྟ་ངན་རི་བསྙིལ་མ་ལུས་སྐྲག་མཛད་ཅིང་། །

གསུང་རབ་པདྨོའི་ཚལ་བརྒྱ་ཁ་འབྱེད་པ། །སེང་ཆེན་ཉི་མ་ཁྱོད་ལ་ཕྱག་འཚལ་ལོ། །

རྟེན་འབྱུང་རང་བཞིན་གདོད་ནས་སྐྱེ་མེད་པ། །བརྩེ་བས་རབ་བརླན་བྱང་ཆུབ་སེམས་སྟོང་བསྒྲུབས། །

རྗེས་འཇུག་གཞན་ལས་ཁྱད་པར་དོན་གསུམ་གྱིས། །འཕྲིན་ལས་རྒྱུན་མི་ཆད་ལ་ཕྱག་འཚལ་ལོ། །

ཞེས་སོགས་བསྟོད་ཕྱག་མཛད་པ་ལྟར། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་མུ་སྟེགས་པ་རིགས་པའི་ལམ་ནས་ཚར་བཅད་དེ་བསྟན་པ་མོས་པའི་སྒོ་ནས་འཛིན་པ་དང་། བསྟན་པ་རྣམ་དཔྱོད་ཀྱི་སྒོ་ནས་འཛིན་པའི་རྣམ་ཐར་ཇི་ལྟར་བསྐྱངས་པ་ཡང་། དབྱངས་ཅན་དགའ་བློའི་ (1740-1827) ཤིང་རྟའི་སྲོལ་འབྱེད་ཀྱི་རྣམ་གཞག་སྐལ་བཟང་མགུན་རྒྱན་ལས[6]། དེ་ཡང་སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་རྗེས་ལོ་བཞི་བཅུའི་བར་དུ་རྒྱ་གར་འཕགས་པའི་ཡུལ་དུ་ཐེག་ཆེན་གྱི་སྡེ་སྣོད་རྣམས་གནས་ལ། དེ་ནས་དུས་འཁྲུགས་སོགས་ཀྱི་རྐྱེན་ལས་ཐེག་ཆེན་ནུབ་ནས་ཐེག་དམན་དར་ཏེ་ལོ་བཞི་བརྒྱ་ཙམ་ལོན་པ་ན། སློབ་དཔོན་ཀླུ་སྒྲུབ་བྱོན་ཏེ་ལོ་དྲུག་བརྒྱའི་བར་དུ་བཞུགས་ནས་ཐེག་ཆེན་གྱི་བསྟན་པ་དར་བར་མཛད་དོ། །སངས་རྒྱས་མྱ་ངན་ལས་འདས་པའི་ཚུལ་བསྟན་ནས་ལོ་བཞི་བརྒྱ་སོང་བ་ན་འཁྲུངས་པར་མདོ་སྡེ་སྤྲིན་ཆེན་པོ་དང་། འཇམ་དཔལ་རྩ་རྒྱུད་གཉིས་ལས་བཤད་ལ། ལོ་དྲུག་བརྒྱ་བཞུགས་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས་སོ། །སྤྲིན་ཆེན་པོ་ལས་སློབ་དཔོན་འདིས་ཆོས་སྒྲ་ཆེན་པོ་ལན་གསུམ་བསྒྲགས་པར་གསུངས་ལ། དེའི་ཚུལ་ནི། དགེ་སློང་བདེ་བྱེད་སོགས་ཚར་བཅད་དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་སོགས་སྤེལ་བར་བྱེད་པ་ཆོས་སྒྲ་དང་པོ་དང་། རིགས་ཚོགས་རྣམས་བརྩམས་ཏེ་ཐེག་ཆེན་དར་བར་བྱེད་པ་ཆོས་སྒྲ་གཉིས་པ་དང་། ཆོས་དབྱིངས་བསྟོད་པ་སོགས་བརྩམས་པ་ཆོས་སྒྲ་གསུམ་པ་ཡིན་པར་བཤད་དོ།།

དེ་ཡང་སློབ་དཔོན་དགུང་ལོ་བརྒྱ་མ་ལོན་ཙམ་གྱི་བར་དེར་དགེ་སློང་བདེ་བྱེད་ལ་སོགས་པ་བསླབ་པ་ལ་གཡེལ་བའི་ཉན་ཐོས་སྡེ་པ་ཁ་ཅིག་ཚར་བཅད་དེ་སྦྱངས་པའི་ཡོན་ཏན་བཅུ་གཉིས་སོགས་འདོམས་པར་མཛད། དེ་རྗེས་ཀླུ་ཡུལ་དུ་བྱོན་ཏེ་ཤེར་ཕྱིན་འབུམ་པ་སོགས་གདན་དྲངས་ནས་དབུ་མ་རིགས་ཚོགས་དྲུག་རྣམས་མཛད་དེ་ཐེག་ཆེན་དར་བར་བྱེད། དེ་ནས་དགུང་ལོ་སུམ་བརྒྱ་བཞེས་ཀྱི་བར་དུ་ལི་ཁ་ར་ཤིང་འཕེལ་དང་། པ་ཊ་པེ་ས་ར་སོགས་ཡུལ་གྲུ་མང་པོར་འགྲོ་དོན་མཛད། དེ་རྗེས་བྱང་སྒྲ་མི་སྙན་དུ་བྱོན་ཏེ་ལོ་ཉིས་བརྒྱ་བཞུགས་ནས་འགྲོ་དོན་རྒྱ་ཆེར་མཛད་དེ་མི་རྣམས་ཀྱི་ཚེ་ལོ་བརྒྱད་ཅུ་བར་སོང་བ་སློབ་དཔོན་དགུང་ལོ་ལྔ་བརྒྱ་ཙམ་བཞེས་པའི་ཚེ་སླར་འཛམ་བུའི་གླིང་དུ་ཕེབས་ཏེ། མདོ་སྡེ་རྔ་བོ་ཆེ་སོགས་ལ་བརྟེན་ནས་ཁམས་བདེ་བར་གཤེགས་པའི་སྙིང་པོས་སེམས་ཅན་ཐམས་ཅད་ལ་ཁྱབ་པར་སྟོན་པའི་ཆོས་དབྱིངས་བསྟོད་པ་སོགས་མཛད་པར་བཤད་དོ། །དེ་ནས་ལོ་བརྒྱའི་བར་དུ་འགྲོ་དོན་མཛད་ནས་དགུང་ལོ་དྲུག་བརྒྱ་བཞེས་པའི་ཚེ་ལྷོ་ཕྱོགས་སུ་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏེ་བདེ་བ་ཅན་དུ་གཤེགས་པར་གསུངས། ཞེས་གསལ་བ་ལྟར་རོ།།

ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་སློབ་དཔོན་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན་ལས[7]། དེ་ལ་དོན་གཞན་གདུལ་བྱ་སྣང་བ་དག་པ་རྣམས་ཀྱི་སྣང་ངོར་བསམས་ན་ནི་ད་ལྟར་ཡང་བཞུགས་ཤིང་། ཞིང་ཁམས་ཀུན་ཏུ་སྐུའི་སྣང་བ་ཅིག་ཅར་རྟག་ཏུ་སྟོན་པའང་ཡིན་པས་ཕྱོགས་གཅིག་ནས་ཚད་གང་ལྟར་བྱས་ཀྱང་རུང་མོད། འོན་ཀྱང་སྔ་ཕྱིའི་དུས་སྒྲིག་པ་སོགས་ལ་ནི་དེ་མི་རུང་སྟེ། འདི་ལ་ནི་དེ་སྐབས་ཀྱི་མིའི་འགྲོ་བ་ཕལ་པ་རྣམས་ཀྱི་སྤྱི་མཐུན་པའི་སྣང་ངོར་སྣང་དུ་རུང་བ་ཞིག་གི་སྟེང་ནས་འཇོག་དགོས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། འདིར་ཡང་གོང་དུ་སློབ་དཔོན་ཀླུ་སྒྲུབ་བྱོན་པའི་དུས་ལ་དཔྱད་པའི་སྐབས་སུ་བཤད་པ་ལྟར་ལོ་དྲུག་བརྒྱ་བཞུགས་པར་བརྩིས་ན། དེ་ལྟར་བཞུགས་པའི་ནུས་པས་དབེན་པའི་ཆ་ནས་མ་འགྲིག་པ་མིན་ཡང་། དེ་འབྲེལ་རྒྱལ་པོ་དང་སློབ་མ་སོགས་ཀྱི་ལོ་རྒྱུས་དང་སྟབས་མི་འགྲིག་པས། རྗེ་བཙུན་ཏཱ་ར་ནཱ་ཐའི་བླ་མ་རྣམས་ཀྱིས་ཀྱང་ཕྱེད་ལོར་བརྩིས་པར་གསུངས་པ་ལྟར་ཡང་ཉིས་བརྒྱ་ལྷག་ཙམ་སྣང་ཞིང་། སློབ་དཔོན་གཞོན་ནུའི་སྲོག་གིས་ཀྱང་དགུང་ལོ་ ༢༠༠ བཞུགས་པར་བཤད་[8]པ་བཅས་ལ་བལྟས་ན་དགུང་ལོ་ཉིས་བརྒྱ་སྐོར་བཞུགས་པར་སྣང་ངོ་།།

སྟོན་པ་གཉིས་པ་ལྟར་གྱི་བཀའ་དྲིན་ཆེ་བའི་སློབ་དཔོན་འདི་མདོ་སྡེ་སྤྲིན་ཆེན་པོ་ལས། མ་འོངས་པ་ན་འཇིག་རྟེན་གྱི་ཁམས་མངོན་པར་དང་བར་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པ་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་བར་ལུང་བསྟན་ཅིང་། དེ་བཞིན་རྔ་བོ་ཆེ་ལས་ཀྱང་མ་འོངས་པར་འཚང་རྒྱ་བར་ལུང་བསྟན་པ་དང་། མདོ་སྡེ་ལང་ཀར་གཤེགས་པ་དང་། འཇམ་དཔལ་རྩ་རྒྱུད་བཅས་ལས་ས་དང་པོ་བསྒྲུབས་ནས་བདེ་བ་ཅན་དུ་འབྱོན་པར་གསུངས། སྒྲོན་གསལ་ལས་སྐུ་ཚེ་དེ་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གསུངས་པ་དང་། གོང་གི་མདོར་མ་འོངས་པར་འཚང་རྒྱ་བར་གསུངས་པ་མི་འགལ་བ་ནི་སྔ་མ་འདོད་ཁམས་སུ་སྤྲུལ་སྐུའི་འཚང་རྒྱ་ཚུལ་ཡིན་པར་ཙོང་ཁ་པ་ཆེན་པོས་སྟོན་པ་ཤཱཀྱ་ཐུབ་པ་ལའང་འདི་ལྟར་ལུང་བསྟན་པའི་ཚུལ་ཡོད་པ་དང་མཐུན་པར་བཞེད་དོ། །རྒྱལ་བའི་གསུང་རབ་མདོ་སྔགས་ཀྱི་དགོངས་པའི་བཅུད་ཀྱིས་ཡོངས་སུ་གཏམས་ཤིང་། སྙིགས་དུས་ཀྱི་ཚེ་ཐུང་གཅིག་དང་། ལོ་གསུམ་ཕྱོགས་གསུམ་ལ་འཚང་རྒྱ་བའི་ལམ་ཟབ་མོ་སྟོན་པར་མཛད་པའི་བདག་ཉིད་ཆེན་པོ་འདི་ལྟ་བུ་སངས་རྒྱས་པར་མ་གྱུར་ན་གཞན་རྙེད་དཀའ་བར་འགྱུར་རོ།།[9]

དེ་བཞིན་གུང་རུ་རྒྱལ་མཚན་དཔལ་བཟང་པོས་ (1383-1450) མཛད་པའི་ལེགས་བཤད་བླ་མའི་མན་ངག་བདུད་རྩིའི་ཆུ་རྒྱུན་ལས[10]། ལང་ཀར་གཤེགས་པ་དང་འཇམ་དཔལ་གྱི་རྩ་བའི་རྟོགས་པ་ལས། ས་དང་པོ་ཐོབ་ནས་བདེ་བ་ཅན་དུ་འབྱོན་པར་བཤད་ཅིང་། རྔ་བོ་ཆེ་ལས་ས་བདུན་པ་བར་བཤད་དོ། །སྤྲིན་ཆེན་དང་རྔ་བོ་ཆེ་ལས་མ་འོངས་པ་ན་སངས་རྒྱ་བར་གསུངས་པ་ནི་འདོད་པ་ཁམས་སུ་སྤྲུལ་སྐུའི་སངས་རྒྱས་ཚུལ་ལ་དགོངས་པ་ཡིན་པས། སྒྲོན་གསལ་ལས་རྣལ་འབྱོར་བླ་མེད་ཀྱི་ལམ་གྱིས་ཀླུ་སྒྲུབ་ཀྱི་སྐུ་ཚེ་དེ་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་གསུངས་པ་དང་མི་འགལ་ཏེ། སྟོན་པ་ཤཱཀྱ་ཐུབ་པ་ཚེ་ལོ་བརྒྱ་པའི་དུས་སུ་སངས་རྒྱ་བར་གསུངས་པ་དང་། བསྐལ་པ་དུ་མའི་སྔོན་ནས་སངས་རྒྱས་པར་གསུངས་པ་མི་འགལ་བ་བཞིན་ནོ། །མགོན་པོ་ཀླུ་སྒྲུབ་ལྟ་བུའི་གང་ཟག་གིས་ལོ་དྲུག་བརྒྱར་བཞུགས་ཀྱང་སངས་མི་རྒྱ་ན་བླ་མེད་ཀྱི་རྒྱུད་ནས་གདུལ་བྱ་རབ་ཀྱིས་ཚེ་གཅིག་ལ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་པར་གསུངས་པ་ལྟར་ཁས་བླངས་ཀྱང་ཚིག་ཙམ་དུ་ཟད་དོ། །ཞེས་གསུངས་པ་ལྟར་རོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  སྐྱོབ་པ་འཇིག་རྟེན་མགོན་པོའི་བཀའ་འབུམ། ༼ཀ༽ སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། ༢༠༡༠ ལོ། ཤོག་ ༦༨༥

[2]  ༸རྒྱལ་བ་དགེ་འདུན་རྒྱ་མཚོའི་གསུང་འབུམ། ༼༡༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༡༣༤

[3]  ཀུན་མཁྱེན་པདྨ་དཀར་པོའི་བཀའ་འབུམ། པོད། ༼ཞ༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༡༣ན༣

[4]  Nagarjuna Page No. 6

[5]  ཁྲོ་ཕུ་བྱམས་པའི་དཔལ་གྱི་མན་ངག་བརྒྱ་རྩ། དར་ཐང་དེབ་གཟུགས། ཤོག་གྲངས་ ༥༠༤  ནས་ ༥༠༥ བར།

[6]  དབྱངས་ཅན་དགའ་བློའི་གསུང་འབུམ། ༼༡༽ ཀན་སུའི་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༤༩

[7]  ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༨༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༥༠

[8]  རྒྱ་ནག་གི་དཔེ་རྒྱུན་དུ་ལོ་ ༢༠༠ དང་ཀོ་རི་ཡའི་དཔེ་རྒྱུན་དུ་ལོ་ ༣༠༠ གསལ་བར་བཤད་དོ།།

[9]  འཕགས་བོད་པོད་ཕྲེང་། ༼༢༡༽ ཝཱ་ཎ་མཐོ་སློབ། ༡༩༩༠ ལོ། ཤོག་གྲངས་  ༢༧ ནས་ ༧༧ བར།

[10]  མེས་པོའི་ཤུལ་བཞག །ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༢༩༧

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༤༥ ནས་ ༢༥༡ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *