ག༽ ཆོས་འཁོར་རྣམ་གསུམ།
དེ་ཡང་སྤྱན་སྔ་དཀོན་མཆོག་འབངས་ (1525-1583) ཀྱིས་མཛད་པའི་བཅོམ་ལྡན་འདས་ཀྱི་མཛད་པ་ལ་བསྟོད་པ་དངོས་གྲུབ་རབ་ཏུ་སྩོལ་བ་ལས[1]།
ཚོང་པའི་བསོད་སྙོམས་ལྷུང་གཟེད་དུ་བཞེས་ནས། །ཚངས་པ་གཙུག་ཕུད་ཅན་གྱིས་བསྐུལ་བ་ལས། །
མི་དགེའི་ལས་དང་གཉིས་འཛིན་ལྡོག་བྱེད་པའི། །རིམ་པ་གསུམ་གྱི་ཆོས་འཁོར་བསྐོར་ལ་འདུད། །
ཅེས་གསུངས་པ་ལྟར། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཡུལ་ཝཱ་རཱ་ཎ་སཱིར་འཁོར་ལྔ་སྡེ་བཟང་པོར་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར། དེ་ནས་བྱ་རྒོད་ཕུང་པོའི་རི་བོར་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། དེ་ནས་ཡངས་པ་ཅན་ལ་སོགས་པར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཏེ། མུ་སྟེགས་ཀྱི་སྟོན་པ་དྲུག་ལ་སོགས་པའི་སྨྲ་བ་ངན་པ་ཐམས་ཅད་ཟིལ་གྱིས་མནན་ནས་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་ལ། དེ་ཡང་འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་དང་། བར་པ་མཚན་ཉིད་མེད་པའི་ཆོས་འཁོར། ཐ་མ་མཚན་ཉིད་གསུམ་སེམས་ཙམ་པའི་འདོད་པ་ལྟར་ཕྱེ་བའི་ཆོས་འཁོར་རམ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བཅས་ཆོས་འཁོར་རིམ་པ་གསུམ་བསྐོར་བ་ལས།
༡༽ འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་ནི། སྟོན་པ་དགུང་ལོ་སོ་ལྔ་ལ་ཕེབས་པའི་ཧོར་ཟླ་བཞི་པའི་ཚེས་བཅོ་ལྔའི་ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཞག་ཞེ་དགུའི་རིང་ཆོས་ཉན་པའི་སྣོད་བརྟག་པའི་ཆེད་དང༌། རང་ལ་ཐོབ་པའི་ཆོས་ཟབ་མོ་དེ་དག་གཞན་གྱིས་རྟོགས་དཀའ་བར་དགོངས་ཏེ་ཆོས་མི་གསུང་བར་བཞུགས་ཏེ།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་དབུས་སུ་གནས་པར་བྱ། །

ཞེས་གསུངས་ཏེ་ཐུགས་ལས་ཆུང་ངུར་བཞུགས་པ་ན་ཕྱོགས་བཅུའི་ཞིང་ནས་ལྷ་གྲངས་ལས་འདས་པ་དག་གིས་ཆོས་སྟོན་པར་གསོལ་བ་བཏབ་ཅིང༌། ཁྱད་པར་དུ་ལྷ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱི་གསེར་གྱི་འཁོར་ལོ་དང༌། དུང་དཀར་གཡས་འཁྱིལ་ཕུལ་ཏེ་ཆོས་གསུང་བར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས་ནས། ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་སེངྒེའི་ཁྲི་ཆེན་པོའི་སྟེང་གློ་བུར་དུ་བྱུང་བའི་ཁྲི་དང་པོ་གསུམ་ལ་བསྐོར་བ་མཛད་ཅིང༌། ཁྲི་བཞི་པ་ལ་སྐྱིལ་མོ་ཀྲུང་གིས་བཞུགས་ནས་ཐོག་མར་གདུལ་སླ་བ་དང༌། དུག་གསུམ་གྱི་ཤས་ཆུང་བ། རྣམ་པར་ཤེས་པ་ལྐོག་ཏུ་མ་གྱུར་པའི་འཁོར་ལྔ་སྡེ་བཟང་པོ་དང་། ལྷའི་འཁོར་དཔག་ཏུ་མེད་པ་ལ་ཧོར་ཟླ་དྲུག་པའི་ཚེས་བཞིར་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བས། ལྔ་སྡེ་བཟང་པོ་རིམ་པར་དགྲ་བཅོམ་པའི་གོ་འཕང་ཐོབ་སྟེ། འཇིག་རྟེན་ན་བསྟན་པ་འདིའི་དབང་དུ་བྱས་པའི་དཀོན་མཆོག་གསུམ་གྱི་ཐོག་མ་བྱུང་ངོ༌། །དེ་ལ་ཡང་བཟླས་པ་གསུམ་དང་རྣམ་གྲངས་བཅུ་གཉིས་ཡོད་དེ། སྡུག་བསྔལ་བདེན་པ་དང་། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ་བཞི་པོ་དེར་ངོ་བོ་ལ་བཟླས་པ་བཞི་དང༌། བྱ་བ་ལ་བཟླས་པ་བཞི། བྱ་བའི་འབྲས་བུ་ལ་བཟླས་པ་བཞི་སྟེ། རྣམ་གྲངས་བཅུ་གཉིས་ཡོད་ཅིང་། འདི་རྣམས་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པ་ཡིན་ནོ།།
༢༽ འཁོར་ལོ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ནི། སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་ལན་གསུམ་བསྐོར་བའི་བར་པ་སྟེ། ཤེས་རབ་སྙིང་པོ་ལས། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང༌། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །ཞེས་སོགས་གསུངས་པ་ལྟར། འཁོར་ལོ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་རྗེས་སུ་གནས་བྱ་རྒོད་ཕུང་པོའི་རི་ལ་བྱང་ཆུབ་སེམས་དཔའ་དང༌། ཉན་ཐོས། ལྷ་དང་མི་གྲངས་ལས་འདས་པ་ལ་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ཞིང༌། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཆོས་ཤེར་ཕྱིན་གྱི་མདོ་སྡེ་རིན་པོ་ཆེ་གསུངས་ཏེ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བ་དང་། དེ་ནས་ཡུལ་གཞན་དུ་ཏིང་ངེ་འཛིན་རྒྱལ་པོའི་མདོ་དང༌། སངས་རྒྱས་ཕལ་པོ་ཆེ་དང༌། འཕགས་པ་དཀོན་མཆོག་བརྩེགས་པ་ལ་སོགས་བཀའ་བར་པའི་སྡེར་གཏོགས་པའི་མདོ་མཐའ་ཡས་པ་གསུངས་སོ།།

(ཆོས་འཁོར་བར་པ་སྐོར་ཡུལ་བྱ་རྒོད་ཕུང་པོའི་རི་བོ།)
༣༽ འཁོར་ལོ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ནི། སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་ལན་གསུམ་བསྐོར་བའི་མཐའ་མ་སྟེ། ཆོས་འཁོར་བར་པ་བསྐོར་བའི་རྗེས་སུ་དུས་ངེས་མེད་དུ་རི་མ་ལ་ཡ་དང༌། བྱང་ཆུབ་སྙིང་པོ་དང༌། ཡངས་པ་ཅན་སོགས་སུ་ཐེག་པ་ཐམས་ཅད་ལ་ཡང་དག་པར་བཞུགས་པའི་བྱང་སེམས་གྲངས་མེད་པ་ལ་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གྱི་རྣམ་གཞག་གཙོ་བོར་སྟོན་པའི་མདོ་སྡེ་ལངྐར་གཤེགས་པ་ལ་སོགས་གསུངས་ཏེ། བཀའ་མཐའ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ།།

(ཆོས་འཁོར་མཐའ་བ་སྐོར་ཡུག་གྲོང་ཁྱེར་ཡངས་པ་ཅན་གྱི་ཤུལ།)
དེ་ཡང་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་པའི་དགོངས་པ་འཁོར་ལོ་མཐའ་མས་བཀྲལ་བ་ལ་ལྟོས་དགོས་པ་རྣམས་ལ་གཙོ་བོར་དགོངས་ནས་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུས་ཤིང་། གཞན་དབང་ཡོངས་གྲུབ་བདེན་གྲུབ་དང༌། ཀུན་བཏགས་བདེན་མེད་དུ་ལེགས་པར་ཕྱེ་ནས་ཆོས་འཁོར་གསུམ་པ་བསྐོར་རོ།།
དེ་ལྟར་ཆོས་འཁོར་ལན་གསུམ་དུ་བསྐོར་བ་ལས། ཆོས་འཁོར་དང་པོས་མེད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཡོད་པར་འཛིན་པ་གཙོ་བོར་གསུངས་ཤིང་། ཆོས་འཁོར་གཉིས་པས་ཡོད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཆོས་ཐམས་ཅད་མེད་པར་འཛིན་པ་གཙོ་བོར་གསུངས། འཁོར་ལོ་གསུམ་པས་ཆོས་ཀྱི་འཁོར་ལོ་སྔ་མ་གཉིས་ཀྱིས་ཡོད་པར་འཛིན་པ་དང་། མེད་པར་འཛིན་པར་ཤས་ཆེ་བར་གྱུར་པ་དེ་ལ་ལེགས་པར་རྣམ་པར་ཕྱེ་སྟེ་ཀུན་བཏགས་བདེན་མེད། གཞན་དབང་བདེན་གྲུབ། ཡོངས་གྲུབ་དོན་དམ་པར་ཡོད་པར་བསྟན་ཏོ།།
དེ་ལྟར་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོས་འཇིག་རྟེན་འདིར་མཛད་པ་བཅུ་གཉིས་མཛད་ཅིང་། ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་བསྐོར་ནས་གདུལ་བྱ་གྲངས་ལས་འདས་པ་སྨིན་གྲོལ་གྱི་ལམ་ལ་འགོད་པ་དང་། གསུང་རྗེས་བསྟན་གྱི་ཆོ་འཕྲུལ་རྣམས་རྗེས་འཇུག་གི་སློབ་མ་རྣམས་ནས་བཀའ་བསྡུ་རིམ་པ་གསུམ་མཛད་པར་མ་ཟད། སྟོན་པའི་གཏད་རབས་བདུན་རིམ་པར་བྱོན་ནས་རྒྱལ་བསྟན་རིམ་པར་གཏད་ལ། འཕགས་པ་གནས་བརྟན་ཆེན་པོ་བཅུ་དྲུག་བྱོན་ནས་བསྟན་པ་བསྐྱངས་ཏེ་མྱ་ངན་ལས་མི་འདའ་བར་ཐུབ་པའི་གསུང་སྒྲུབ་ཅིང་བསྟན་པ་སྐྱོང་བར་མཛད། དེ་རྗེས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་དང་། མཆོག་ཐུན་གྱི་དངོས་གྲུབ་ཐོབ་པའི་གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ་རྗེས་འཇུག་གི་བསྟན་འཛིན་གྱི་སྐྱེས་བུ་རིམ་པར་བྱོན་པ་རྣམས་ཀྱིས་ཐོས་བསམ་སྒོམ་གསུམ་དང་། འཆད་རྩོད་རྩོམ་གསུམ། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་རྒྱལ་བསྟན་བཤད་སྒྲུབ་གཉིས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་མཛད་པ་ལགས་སོ།།
ལྟ་བ༵་རྣམ་དག་བཀར་བཏགས་ཕྱག་བརྒྱ་བཞི། །
སྒོམ་པ༵་རྣམ་དག་སྲིད་པའི་གཉེན་པོ་མཆོག །
སྤྱོད་པ༵་རྣམ་དག་མཐའ་གཉིས་ལེགས་སྤངས་པའི། །
འབྲས་བུ་རྣམ་དག་བྲལ་འབྲས་ཨེ་མ་མཚར། །
ཞེས་པ་ནི་བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] དཀོན་མཆོག་ཡན་ལག་གི་གསུང་འབུམ། ༼ཁ༽ བྲིས་མ། ཤོག་གྲངས་ ༡ན༡ ནས་ ༣ན༣ བར།
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༦༩ ནས་ ༧༣ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།