༩༽ མངོན་པར་རྫོགས་པའི་སངས་རྒྱས་པའི་མཛད་པ།
དེ་ཡང་མགོན་པོ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།
ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར། །མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ། །
སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས། །བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར་མ་ག་དྷ་དབུས་འགྱུར་འཆང་གི་བྱང་ཆུབ་ཤིང་དྲུང་དུ་བྱང་ཆུབ་རྫོགས་པར་མཛད་པའམ་སངས་རྒྱས་པའི་མཛད་པ་བསྟན་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[2]།
སྔོན་ནས་སྟོབས་བཅུ་མངའ་བའི་མཆོག་བརྙེས་ཀྱང་། །མི་མཇེད་འཇིག་རྟེན་ཀུན་ལ་བརྩེར་དགོངས་ནས། །
སླར་ཡང་བླ་མེད་བྱང་ཆུབ་སྙིང་པོ་ཡི། །བདུད་རྩི་བརྙེས་པར་བསྟན་ལ་ཕྱག་འཚལ་ལོ། །

ཞེས་གསུངས་ལ། དགུང་ལོ་གང་དང་དུས་ནམ་ཞིག་ལ་མཛད་པ་བསྟན་པ་ནི། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[3]།
སུམ་ཅུ་རྩ་ལྔའི་དགུང་ལོར་ཉེར་བབས་ནས། །ས་ག་ཟླ་བའི་བཅོ་ལྔའི་ཐུན་དྲུག་གི །
ཐ་མར་བླ་མེད་བྱང་ཆུབ་བདུད་རྩིའི་བཅུད། །ཐུགས་ཀྱི་དཔལ་བེར་གཏམས་ལ་ཕྱག་འཚལ་ལོ། །
ཞེས་གསུངས་པ་ལྟར། གདུལ་བྱ་རྣམས་ལ་ལམ་མ་ནོར་བར་ཉམས་སུ་བླངས་ན་དོན་དང་ལྡན་པའི་འབྲས་བུ་འདི་ལྟ་བུ་འབྱུང་ངོ་ཞེས་བསྟན་པའི་ཕྱིར་བྱང་ཆུབ་སེམས་དཔའ་དགུང་ལོ་སོ་ལྔ་བཞེས་པའི་ལོ་དེའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཐོ་རངས་ཀྱི་དུས་སུ་བླ་ན་མེད་པ་ཡང་དག་པར་རྫོགས་པར་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེའི་ནུབ་མོ་གྲགས་འཛིན་མ་ལ་སྲས་སྒྲ་གཅན་འཛིན་དང༌། བདུད་རྩི་ཟས་ཀྱི་བུ་ཀུན་དགའ་བོའང་བཙས་ཞེས་གྲགས་སོ།།
སྟོན་པ་ཐུབ་པའི་དབང་པོ་སངས་རྒྱས་པའི་ལོ་ཚིགས་ལ་བཞེད་པ་མི་མཐུན་པ་འདི་ལྟར་མཆིས་ཏེ།[4] ༡) ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ལུགས་ལ་ས་ཕག་ཕྱི་ལོའི་སྔོན་ ༢༡༨༢ ལོ་དང་། ༢) ས་སྐྱ་པའི་ལུགས་ལ་ཆུ་སྟག་ཕྱི་ལོའི་སྔོན་ ༢༡༧༩ དང་། ༣) ཙནྡན་ཇོ་བོའི་ལོ་རྒྱུས་དང་དེབ་སྔོན་གཉིས་ལས་མེ་ཕག་ཕྱི་ལོའི་སྔོན་ ༩༩༤ ལོར་སྟོན་པ་དགུ་ལོ་སོ་བཞི་ཐོག་མངོན་པར་སངས་རྒྱས་པར་གསུངས་པ་དང་། ༤) ཡང་ཙནྡན་ཇོ་བོའི་ལོ་རྒྱུས་ལས་ཆུ་ལུག་ཕྱི་ལོའི་སྔོན་ ༩༩༨ ལོར་སྟོན་པ་དགུང་ལོ་སུམ་ཅུའི་ཐོག་མངོན་པར་སངས་རྒྱས། ༥) ཕུག་ལུགས་ལ་ཤིང་རྟ་ཕྱི་ལོའི་སྔོན་ ༩༢༧ ལོའི་ས་ག་ཟླ་བའི་ཚེས་བཅུ་དྲུག་ལ་སྟོན་པ་དགུང་ལོ་སོ་ལྔའི་སྟེང་མངོན་པར་སངས་རྒྱས། ༦) གཡུང་སྟོན་དང་མཚུར་ཕུའི་ལུགས་ལྟར་ན་ས་ཁྱི་ཕྱི་ལོའི་སྔོན་ ༩༢༣ ལོ་དང་། ༧) བུ་སྟོན་ཐམས་ཅད་མཁྱེན་པའི་ལུགས་ལ་ལྕགས་སྦྲུལ་ཕྱི་ལོའི་སྔོན་ ༨༨༠ དང་། ༨) མཁས་གྲུབ་རྗེའི་ལུགས་སུ་ཆུ་རྟ་ཕྱི་ལོའི་སྔོན་ ༨༧༩ ལོ། ༩) གནས་བརྟན་སྡེ་པའི་ལུགས་ལ་ལྕགས་ལུག་ཕྱི་ལོའི་སྔོན་ ༥༩༠ ལོར་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་པར་གསུངས་པ་སྟེ་བཞེད་ལུགས་མི་འདྲ་བ་དགུ་མཆིས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥
[2] པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་ ༣༧ན༡
[3] ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧
[4] བསྟན་རྩིས་ཀ་ཕྲེང་ལག་དེབ། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༢༣༨
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༦ ནས་ ༣༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།