༨༽ བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ། ༡) བདུད་བཏུལ་བའི་མཛད་པ།

༨༽ བྱང་ཆུབ་སྙིང་པོར་གཤེགས་པའི་མཛད་པ།

 

དེ་ཡང་༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས[1]།

སྐྱིལ་ཀྲུང་གཅིག་ལ་བྱང་ཆུབ་མཆོག་བརྙེས་ཕྱིར། །རྡོ་རྗེ་གདན་ལ་རྩྭ་ཚོང་བཀྲ་ཤིས་ལས། །

ཉེར་བསླངས་དུར་བའི་ཆུན་པོ་བཏིང་བའི་སྟེང་། །མི་གཡོའི་དམ་བཅའ་བརྟན་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། དེ་ནས་བྱང་ཆུབ་སེམས་པ་རྡོ་རྗེ་གདན་དུ་གཤེགས་པའི་ཚེ། ལམ་དུ་རྩྭ་འཚོང་བཀྲ་ཤིས་བྱ་བ་ལས་རྩྭ་བསླངས་ཏེ་སྟན་གྱི་ཕྱིར་དུ་བསྣམས་ནས་བྱང་ཆུབ་ཤིང་ལ་སྐོར་བ་ལན་བདུན་མཛད། སེངྒེའི་ཁྲིའི་སྟེང་དུ་རྩྭའི་རྩེ་མོ་རྣམས་ནང་དུ་བསྟན་ནས་བཏིང་བའི་སྟེང་དུ་སྐྱིལ་མོ་ཀྲུང་བཅས་ནས་ཞལ་ཤར་དུ་གཟིགས། སྐུ་དྲང་པོར་བསྲང༌། དྲན་པ་མངོན་པར་བཞག་ནས། འཕགས་པ་རྒྱ་ཆེར་རོལ་པའི་མདོ་ལས[2]།

སྟན་འདིར་བདག་གི་ལུས་འདི་སྐམས་ཀྱང་རུང༌། །པགས་པ་རུས་པ་ཤ་རྣམས་ཞིག་ཀྱང་རུང༌། །

བསྐལ་མང་རྙེད་དཀའི་བྱང་ཆུབ་མ་ཐོབ་བར། །སྟན་འདི་ལས་ནི་ལུས་བསྐྱོད་མི་བྱའོ། །

ཞེས་དམ་བཅའ་མཛད་ཅིང་། སྤྱན་སྔ་དཀོན་མཆོག་འབངས་ (1525-1583) ཀྱིས་མཛད་པའི་བཅོམ་ལྡན་འདས་ཀྱི་མཛད་པ་ལ་བསྟོད་པ་དངོས་གྲུབ་རབ་ཏུ་སྩོལ་བ་ལས[3]།

སྟོབས་ལྡན་མ་དང་ལེགས་སྐྱེས་མས་ཕུལ་བའི། །བསྙེན་བཀུར་གསོལ་ཏེ་ཆོས་གོས་བགོས་མཛད་ནས། །

བཀྲ་ཤིས་ཀྱིས་ཕུལ་རྩྭ་སྔོན་གཡས་འཁྱིལ་བཅས། །བྱང་ཆུབ་ཤིང་དབང་དྲུང་དུ་གཤེགས་ལ་འདུད། །

ཅེས་ཀྱང་གསུངས་སོ།།

 

༡) བདུད་བཏུལ་བའི་མཛད་པ།

 

དེ་ཡང་མགོན་པོ་ཀླུ་སྒྲུབ་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།

གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ཕྱིར། །མུ་སྟེགས་སྟོན་པ་དྲུག་དང་ལྷས་བྱིན་སོགས། །

འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ། །ཐུབ་པ་གཡུལ་ལས་རྒྱལ་ལ་ཕྱག་འཚལ་ལོ། །

ཞེས་སྟོན་པ་རང་ཉིད་ཞལ་བཞུགས་སྐབས་ཀྱི་ཕྱི་རོལ་མུ་སྟེགས་པའི་སློབ་དཔོན་རྫོགས་བྱེད་དང་། གནག་ལྷས་ཀྱི་བུ། ཡང་དག་རྒྱལ་བ་ཅན། མི་ཕམ་སྐྲའི་ལ་བ་ཅན། ཀ་ཏའི་བུ་ནོག་ཅན། གཅེར་བུ་བ་གཉེན་གྱི་བུ་སྟེ་མུ་སྟེགས་ཀྱི་སྟོན་པ་དྲུག་དང་། ལྷས་སྦྱིན་ལ་སོགས་པ་འཁོར་མོ་འཇིག་གི་ཡུལ་[2]དུ་བདུད་རྣམས་བཏུལ་ནས་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ཉིད་གཡུལ་ལས་རྣམ་པར་རྒྱལ་བའི་མཛད་པ་བསྟན་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[3]།

དེའི་ཚེ་ཆུ་སྲིན་རྒྱལ་མཚན་ཅན་གྱི་སྡེའི། །དམག་ཚོགས་སྤྲིན་ནག་ནམ་མཁའ་གང་བ་ཡང་། །

གང་གི་བྱམས་བརྩེའི་དྲི་བཞོན་རེག་ཙམ་གྱིས། །མིང་གི་ལྷག་མར་མཛད་ལ་ཕྱག་འཚལ་ལོ། །

ཞེས་དང་། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས་[4]ཀྱང་།

བདུད་སྡེའི་མཚོན་ཆར་མཛེས་མའི་སླུ་བྲིད་ཀྱིས། །མ་ཚུགས་གྲངས་མེད་མཆོད་སྦྱིན་དཔང་པོ་རུ། །

ས་ལྷས་ཐལ་མོ་སྦྱར་ཚེ་འདོད་ལྷ་ཡིས། །དང་བས་ཆེད་དུ་བསྔགས་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། དེ་ནས་བདུད་སྡིག་ཏོ་ཅན་ལའང་རྨི་ལྟས་ངན་པ་སུམ་ཅུ་རྩ་གཉིས་བྱུང་བ་སོགས་འཇིགས་སྐྲག་སྔངས་ཤིང་ཤིན་ཏུ་མི་བཟད་པའི་སེམས་བསྐྱེད་དེ་བདུད་ཀྱི་དམག་ཡན་ལག་བཞི་དང་ལྡན་པའི་དཔུང་ཆེན་པོ་འཐབ་མོ་ལ་ཤིན་ཏུ་དཔའ་བ། དྲན་པ་ཙམ་གྱིས་ཀྱང་སྙིང་འགས་པར་ནུས་པའི་འཇིགས་རུང་སྤྲུལ་པ་བརྒྱ་སྟོང་ལྡན་པ་བྱེ་བ་ཕྲག་བརྒྱ་བཏང་ནས་བྱང་ཆུབ་སེམས་པ་ལ་སྡིག་མོ་བྱེད་པ་དང༌། མཚོན་ཆའི་ཆར་འབེབས་པ་སོགས་བྱང་ཆུབ་ལས་གཡོ་བའི་ཕྱིར་བར་ཆད་བྱ་བར་བརྩམས་ཀྱང༌། བྱང་ཆུབ་སེམས་དཔའ་ནི་གཡོ་འགུལ་ཙམ་ཡང་མི་ནུས་ཤིང༌། མཚོན་ཆ་འཕངས་པ་རྣམས་ཀྱང་མེ་ཏོག་གི་ཆར་དུ་གྱུར་ནས་ས་གཞི་དང༌། བྱང་ཆུབ་ཀྱི་ཤིང་མཛེས་པར་བྱེད་པའི་རྒྱན་དུ་གྱུར། དེ་ནས་སླར་རང་གི་བུ་མོ་སྲེད་མ་དང་དགའ་མ་སོགས་ལ་བར་ཆད་ཅི་ནུས་བྱོས་ཤིག་ཅེས་བཏང༌། དེ་དག་གིས་ཀྱང་བཞིན་ཕྱེད་འགེབས་པ་སོགས་པ་བུད་མེད་ཀྱི་གཡོ་སྒྱུ་སོ་གཉིས་ཉེ་བར་བསྟན་ཏེ་འདོད་ཆགས་ཀྱིས་བསླུ་བར་བརྩམས་ཀྱང་ཐུགས་གཡོ་བར་མ་ནུས། དེ་ལྟར་བྱང་ཆུབ་སྙིང་པོར་བཞུགས་པའི་ནམ་སྲོད་འཇིགས་རུང་གཡོན་ཅན་བདུད་ཀྱི་སྡེ་འཁོར་དང་བཅས་པ་རྣམས་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་བར་མཛད་པས་ན། རྗེ་བཙུན་ཙོང་ཁ་པས་ (1357-1419) མཛད་པའི་སྐབས་གསུམ་པ་ལས[5]། མདའ་མཚོན་གོ་ཆ་མ་བཟུང་བར། །རང་ཉིད་གཅིག་པུས་བྱེ་བའི་བདུད། །མ་ལུས་ཕམ་མཛད་གཡུལ་གྱི་ལས། །ཁྱོད་ལས་གཞན་པ་སུ་ཡིས་ཤེས། །ཞེས་གསུངས་པ་ལྟར་རོ།།

མངོན་རྟོགས་རྒྱན་ལས་བདུད་བཏུལ་བའི་མཛད་པ་ནི་མཛད་པ་དགུ་པ་སྟེ་སངས་མ་རྒྱས་པའི་སྔ་རོལ་ཏུ་གསུངས་ལ། ཀླུ་སྒྲུབ་ཀྱིས་ཆོས་འཁོར་བསྐོར་རྗེས་མཛད་པ་བཅུ་པར་བདུད་བཏུལ་བའི་མཛད་པ་[6]བསྟན་པ་དང་། དེ་ཡང་ཡུལ་འཁོར་མོ་འཇིག་ཏུ་མཛད་པར་གསུངས་ནའང་། དུང་དཀར་རིན་པོ་ཆེས་མཛད་པ་བཅུ་གཉིས་ཀྱི་ཁྲོད་དུ་བདུད་བཏུལ་བའི་མཛད་པ་མ་གསུངས་པས། མངོན་རྟོགས་རྒྱན་གྱི་བཞེད་པ་ལྟར་བདུད་བཏུལ་བའི་མཛད་པ་མཚམས་འདིར་བཀོད་ཅིང་། མདོ་རྒྱ་ཆེ་རོལ་པ་ལྟར་ན[7]།

ལྷ་ལས་བབ་དང་བལྟམས་པ་དང༌། །རོལ་རྩེད་མཛད་དང་མངོན་པར་བྱུང༌། །

དཀའ་བ་མཛད་དང་བདུད་བཏུལ་བ། །བྱང་ཆུབ་སེམས་དཔའི་མཛད་པ་ཡིན། །

བྱང་ཆུབ་དམ་པ་འཁོར་ལོ་དང༌། །ཉོན་མོངས་ཅན་བཏུལ་དུད་འགྲོ་ནི། །

དྲེགས་པ་ཅན་བཏུལ་མྱ་ངན་འདས། །སངས་རྒྱས་པ་ཡི་མཛད་པ་ཡིན། །

ཞེས་མཛད་པ་དང་པོ་བརྒྱད་བྱང་ཆུབ་སེམས་དཔའི་མཛད་པ་དང་། མཛད་པ་མཐའ་མ་བཞི་སངས་རྒྱས་ཀྱི་མཛད་པ་ཡིན་པར་གསུངས་སོ།།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥

[2]  ཡུལ་འཁོར་མོ་འཇིག་ཅེས་པའི་ཐ་སྙད་འདི་ཟ་མ་ཏོག་བཀོད་པའི་མདོར་ཡང་གསལ་ལ། འཁོར་མོ་འཇིག་གི་ཡུལ་ནི་ཝཱ་རཱ་ཎ་སཱིའི་མིང་ཡིན་པ་ཀུན་གཟིགས་ལྔ་པ་ཆེན་པོའི་གསུང་རྗེ་གུང་ཐང་པའི་དྲང་ངེས་རྩོམ་འཕྲོར་དྲངས་པ་ལས་གསུངས། དཔའ་བོ་གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན་ལས་ཀྱང་། འཁོར་མོ་འཇིག་ཅེས་ཝཱ་རཱ་ཎ་སཱིའི་ཡུལ། །དྲང་སྲོང་ལྷུང་བ་རི་དྭགས་ནགས་ཚལ་དུ། །ཞེས་གསུངས་མོད། འོན་ཀྱང་བདུད་བཏུལ་བའི་མཛད་པ་ནི་ག་ཡའི་གྲོང་ཁྱེར་གྱི་མངའ་ཁོངས་རྡོ་རྗེ་གདན་དུ་བསྟན་པར་ངོས་འཛིན་དགོས་ལ། ཀླུ་སྒྲུབ་ཀྱིས་མཛད་པའི་སྟོན་པའི་མཛད་པ་བཅུ་གཉིས་ལ་བསྟོད་པ་ལས། སངས་རྒྱས་པའི་རྗེས་སུ་བདུད་བཏུལ་བ་དང་། ཆོ་འཕྲུལ་ཆེན་པོའི་མཛད་པ་སོ་སོར་བསྟན་པ་ལས་འདི་བདུད་བཏུལ་བའི་མཛད་པའི་ཚིགས་སུ་བཅད་པ་ལགས་ན། སངས་རྒྱས་མ་རྒྱས་པའི་སྔ་རོལ་གྱི་བདུད་བཏུལ་བའི་མཛད་པ་དེ་ཉིད་ཡིན་མི་སྣང་སྙམ་པས་དཔྱད་དགོས་པར་སྣང་ངོ་།།

[3]  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་  ༣༧ན༡

[4]  ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧

[5]  རྗེ་ཙོང་ཁ་པའི་གསུང་འབུམ། ༼ཁ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༡༧

[6]  ཀླུ་སྒྲུབ་ཀྱི་གསུང་དུ་གྲགས་པའི་སྟེང་རྙེད་དོན་ལ་གནས་ཚེ་དགོངས་པ་འགྲེལ་རྒྱུ་ཁྱད་པར་ཅན་ཡོད་པ་ལས་འོས་མ་མཆིས་མོད། གལ་ཏེ་འབྲི་གུང་སྐྱོབ་པས་མཛད་པ་ལྟ་བུ་མིང་བཏགས་ཀྱིས་འདྲེས་ན་དོན་གྱི་ཆར་སོམ་ཉི་འགའ་ཞིག་སྣང་ཞིང་། ཐམས་ཅད་མཁྱེན་པ་དགེ་འདུན་རྒྱ་མཚོའི་ཐུགས་རྩོམ་དེ་ཚིག་སྦྱོར་ལེགས་ཀྱང་གོ་དཀའ་ལ་མཛད་པ་གཅིག་ལ་ཚིགས་བཅད་གཉིས་ཙམ་ཡོད་པའི་ཅུང་མི་གསལ་བ་ནས་འདུལ་བའི་རྣམ་བཤད་འཁྲུལ་པ་དང་བྲལ་བ་ལུང་རིགས་གཏེར་མཛོད་ཀྱི་དགོངས་དོན་སོར་བཞག་པའི་བསྟོད་པ་ལེགས་བྱས་ཡོངས་འདུའི་སྙེ་མ་ཞེས་བྱ་བ་འདི་ནི་ཟ་ཧོར་གྱི་བནྡེ་ངག་དབང་བློ་བཟང་རྒྱ་མཚོས་མེ་སྦྲུལ་ཧོར་ཟླ་ལྔ་པའི་ཡར་ངོའི་དགའ་བ་གཉིས་པར་ཕོ་བྲང་པོ་ཏ་ལར་སྦྱར་བའི་ཡི་གེ་པ་ཡང་བསྐུལ་བ་པོ་ཉིད་ཀྱིས་བགྱིས་པ་ཛ་ཡནྟུ། ཞེས་གསུངས་པའང་འདི་དག་ལ་དགོངས་པ་འདྲའོ།།

[7]  ས་སྐྱའི་ཆོས་འབྱུང་གཅེས་བསྡུས། ༼༡༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་

[1]  ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧

[2]  བཀའ་འགྱུར་དཔེ་བསྡུར་མ། མདོ་སྡེ། ༼ཁ༽ དེབ་ཨང་ ༤༦ པ། ༢༠༠༨ ལོ། ཤོག་གྲངས་ ༣༤༦

[3]  དཀོན་མཆོག་ཡན་ལག་གི་གསུང་འབུམ། ༼ཁ༽ བྲིས་མ། ཤོག་གྲངས་ ༡ན༡ ནས་ ༣ན༣ བར།

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༡ ནས་ ༣༥ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *