༦༽ རབ་ཏུ་བྱུང་བའི་མཛད་པ།

༦༽ རབ་ཏུ་བྱུང་བའི་མཛད་པ།

 

དེ་ཡང་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཞབས་ (c.150-250) ཀྱིས་མཛད་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ་ལས[1]།

འཁོར་བའི་བྱ་བར་སྙིང་པོ་མེད་གཟིགས་ནས། །ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང༌། །

མཆོད་རྟེན་རྣམ་དག་[2]དྲུང་དུ་ཉིད་ལ་ཉིད། །རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། འཁོར་བའི་བྱ་བར་སྙིང་པོ་མེད་པར་གཟིགས་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད་ནས་རབ་ཏུ་བྱུང་བའི་མཛད་པ་བསྟན་པ་སྟེ། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་སྟོན་པའི་མཛད་བཅུ་ལས་བརྩམས་ཏེ་གསོལ་བ་འདེབས་པ་ལས[3]།

སྲིད་པའི་ཕུན་ཚོགས་མེ་འོབས་ལྟར་གཟིགས་ནས། །རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་བོར་ཏེ། །

རྟེན་མཆོག་དྲུང་དུ་ཁྱིམ་པའི་རྟགས་སྤངས་ནས། །ངུར་སྨྲིག་རྒྱལ་མཚན་བཞེས་ལ་ཕྱག་འཚལ་ལོ། །

ཞེས་འཁོར་བའི་ཕུན་ཚོགས་ལ་སྙིང་པོ་མེད་པར་གཟིགས་ནས་རྒྱལ་སྲིད་དོར་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང་བར་གསུངས་ལ། ཟླ་ཚེས་དང་འགྲུབ་སྦྱོར་གང་ལ་རབ་ཏུ་བྱུང་བ་ནི། ༸རྒྱལ་བ་དགེ་འདུན་གྲུབ་པས་ (1391-1474) མཛད་པའི་དུས་ཆེན་ངོས་འཛིན་ལས[4]།

ས་ག་ཞེས་བྱ་ཧོར་ཟླ་བཞི་པ་ཡི། །དཀར་པོའི་ཕྱོགས་ཀྱི་ཚེས་པ་བརྒྱད་ལ་ནི། །

རྒྱལ་ཕུར་འཛོམས་པའི་འགྲུབ་སྦྱོར་བཟང་པོ་ལ། །རབ་ཏུ་བྱུང་བའི་དུས་ཆེན་ཡིན་པར་གསུངས། །

ཞེས་གསུངས་པ་ལྟར། ༸རྒྱལ་དབང་ལྔ་པ་ཆེན་པོ་ངག་དབང་བློ་བཟང་རྒྱ་མཚོ་ (1617-1682) མཆོག་གིས་མཛད་པའི་ཐུབ་པའི་བསྟོད་པ་ཐུབ་རྣམས་སྤངས་རྟོགས་ལས་[5]ཀྱང་།

རྒྱལ་གསུང་སིལ་སྙན་སྒྲར་དྲངས་ཉེར་བསྐུལ་ཞིང་། །རྒ་ན་འཆི་དང་དགེ་སློང་གཟིགས་རྐྱེན་གྱིས། །

མཆོད་རྟེན་རྣམ་དག་དྲུང་དུ་རབ་བྱུང་བར། །བརྒྱ་བྱིན་ངུར་སྨྲིག་ཕུལ་ལ་ཕྱག་འཚལ་ལོ། །

ཞེས་གསུངས་པ་ལྟར། སྟོན་པ་མཆོག་དགུང་ལོ་ཉེར་དགུའི་ཐོག་ཉིན་ཞིག་སྐྱེད་ཚལ་ལ་གཟིགས་ཕྱིར་ཕེབས་པ་ན་གྲོང་ཁྱེར་སེར་སྐྱའི་ཕྱོགས་བཞིར་སྐྱེ་རྒ་ན་འཆི་དང༌། ཚངས་སྤྱོད་རབ་ཏུ་བྱུང་བ་བཅས་གཟིགས་ནས་འཁོར་བའི་བྱ་བར་སྙིང་པོ་མེད་པར་དགོངས་ཏེ་ཡབ་ལ་རབ་ཏུ་བྱུང་བར་ཞུས་པས་མ་གནང་བར་གྲོང་ཁྱེར་དམག་གིས་བསྐོར་ནས་བསྲུངས་ཀྱང་དེའི་མཚན་མོ་བཙུན་མོ་གྲགས་འཛིན་མའི་མངལ་དུ་སྲས་སྒྲ་གཅན་འཛིན་བཟང་པོ་བྱིན་གྱིས་བརླབས་ཏེ་ནམ་ཕྱེད་ན་ཆིབས་པ་སྔགས་ལྡན་ལ་ཆིབས། རྒྱལ་ཆེན་བཞིས་སྟེང་གི་ནམ་མཁའ་ལ་གདན་དྲངས་ཏེ་མཆོད་རྟེན་རྣམ་དག་གི་དྲུང་དུ་བྱོན་ནས་ཉིད་ཀྱི་དབུ་སྐྲ་ཉིད་ཀྱིས་བཅད། ལྷ་ཡིས་ཕུལ་བའི་ན་བཟའ་ངུར་སྨྲིག་བཞེས་ཏེ་རབ་ཏུ་བྱུང་བར་མཛད་པ་སྟེ། ཕྱི་ལོའི་སྔོན་གྱི་ལོ་ ༤༩༣ ལོའི་དབྱར་ཟླ་འབྲིང་པོའི་ཉ་ལ་མཆོག་གི་སྐར་མ་བྲེའི་[6]དུས་སུ་ཁྱིམ་སྤངས་ཏེ་མཆོད་རྟེན་རྣམ་དག་དྲུང་དུ་རང་བྱུང་གིས་རབ་ཏུ་བྱུང་བར་གྲགས་སོ།།

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1]  བསྟན་འགྱུར་དཔེ་བསྡུར་མ། བསྟོད་ཚོགས། ༼ཀ༽ དེབ་ཨང་ ༡ པ། ༡༩༩༥ ལོ། ཤོག་གྲངས་ ༢༥༥

[2]  མཆོད་རྟེན་དེ་ནི་དེང་གི་ཆར་རྒྱ་གར་བི་ཧཱར་མངའ་སྡེའི་ནང་གི་ལོ་རི་ཡཱནནྡགྲ་ཧའམ་ཀེ་སི་རི་ཡ་ཞེས་པའི་གནས་གཉིས་ལ་ངོས་འཛིན་བྱས། མཆོད་རྟེན་དེ་གཉིས་རང་ཅག་བོད་ཀྱི་རྒྱལ་རྩེ་དཔལ་འཁོར་མཆོད་རྟེན་བརྗིད་ཉམས་ཅན་གྱི་བཟོ་དབྱིབས་དང་རྗེས་སུ་མཐུན་ནོ།།

[3]  པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ༼ཅ༽ ཤིང་དཔར། ཤོག་ ༣༥བ༦ ནས་  ༣༧ན༡

[4]   ༸རྒྱལ་བ་དགེ་འདུན་གྲུབ་པའི་གསུང་འབུམ། ༼ཅ༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༤༦ ནས་ ༤༨ བར།

[5]  ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ། ༼༡༨༽ སྐུ་བཅར་རྣམ་རྒྱལ་གྲྭ་ཚང་། ༢༠༡༤ ལོ། ཤོག་ ༣༧

[6]  (སྡེ་དགེ། ༣༢ བཀའ། ཤེར་ཕྱིན། ཀ སྐྱེས་རབས་ཀྱི་གླེང་གཞི། ཤོག་ ༢༢༧བ༥)

 

ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཀ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༥ ནས་ ༢༧ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *