༢༽ ལམ་སྒྲོན་དཀའ་འགྲེལ་ཇོ་བོའི་གསུང་ཡིན་མིན།
དེ་ཡང་གཙང་པཎྜི་ཏ་པཎ་ཆེན་ཐུབ་བསྟན་ཆོས་ཀྱི་ཉི་མས་ (1888-1942) མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད་མདོར་བསྡུས་ཐར་ལམ་བགྲོད་པའི་ཐེམ་སྐས་ལས[1]།
ཟབ་མོ་ལྟ་དང་རྒྱ་ཆེན་སྤྱོད་པ་དང་། །
ཉམས་ལེན་མན་ངག་གདམས་པའི་མཛོད་འཛིན་པ། །
པཎ་གྲུབ་བྱེ་བའི་གཙུག་གི་རྒྱན་གཅིག་པུ། །
དཔལ་ལྡན་མར་མེ་མཛད་ལ་སྙིང་ནས་འདུད། །
ཅེས་བསྟོད་ཕྱག་མཛད་པ་ལྟར། བརྒྱུད་པ་གསུམ་གྱི་གདམགས་ངག་མཐའ་དག་གི་མཛོད་དུ་གྱུར་པ་དཔལ་ལྡན་མར་མེ་མཛད་ཡེ་ཤེས་ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལམ་གཞུང་ལ་ལར་རང་འགྲེལ་ཞེས་གསལ་བ་གཉིས་གཞུང་གཅིག་ཡིན་པ་ལས། དཀའ་འགྲེལ་ལས་ལོགས་སུ་རང་འགྲེལ་གཞན་ཞིག་མེད་ལ། དེ་བཞིན་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ་ (1737-1802) མཆོག་གིས་མཛད་པའི་ཐུའུ་བཀྭན་གྲུབ་མཐའ་ལས[2]། དེ་ནས་ཇོ་བོ་ཆེན་པོ་ནི་དབུ་མ་ཐལ་འགྱུར་བའི་ལྟ་བ་འཛིན་པ་ལམ་སྒྲོན་རྩ་འགྲེལ་དང༌། དབུ་མའི་མན་ངག་རྩ་འགྲེལ་སོགས་ཀྱིས་ཤེས་ཤིང༌། འབྲོམ་གྱིས་ཀྱང་ཇོ་བོ་ལ་སློབ་དཔོན་ཟླ་གྲགས་ལུགས་ཀྱི་རྟོགས་པ་ཕུལ་བས་ཐུགས་དགྱེས་ནས་ཕྱག་ཐལ་མོ་སྦྱར། ངོ་མཚར་ཆེ། ད་ལྟ་རྒྱ་གར་ཤར་ཕྱོགས་ན་ལྟ་བ་འདི་ཁོ་ན་འཛིན་ཅེས་གསུངས་པར་བཤད། ཅེས་དང་། ལྕང་སྐྱའི་གྲུབ་མཐའ་ལས་ཀྱང་དེ་བཞིན་དུ་བྱུང་བའི་ལམ་སྒྲོན་འགྲེལ་པ་དེ་ཡང་བསྟན་བཅོས་ཀྱི་མཚན་དངོས་ལ་བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་པ་འདི་ཉིད་ལས་གཞན་མེད་མོད། འོན་ཀྱང་ལམ་སྒྲོན་གྱི་དཀའ་འགྲེལ་འདི་ཉིད་ཇོ་བོའི་རང་འགྲེལ་ཡིན་མིན་ལ་འབྲོམ་སྟོན་རྗེས་འབྲང་པས་ཇོ་བོའི་རང་འགྲེལ་མིན་པར་བཞེད་ལ། ནག་ཚོའི་བརྒྱུད་པས་རང་འགྲེལ་དུ་བཞེད་པ་བཅས་བཞེད་ལུགས་མི་མཐུན་པ་གཉིས་སུ་སྣང་སྟེ། དང་པོ། འབྲོམ་སྟོན་པ་སོགས་ལམ་སྒྲོན་ལ་ཇོ་བོའི་དཀའ་འགྲེལ་མེད་པར་འདོད་པ་ཡིན་ཏེ། དགེ་བཤེས་སྟོན་པ་ལ་ལམ་སྒྲོན་གྱི་རང་འགྲེལ་ལམ་ལམ་སྒྲོན་དཀའ་འགྲེལ་ཡོད་མེད་འདི་ཀུན་གྱིས་འདྲ་མི་འདྲ་སྙན་དུ་གསོལ་ཙ་ན། ང་རྩོམ་པ་པོ་དངོས་ཀྱི་སློབ་མ་ཡིན་གསུངས་པ་དང་། འདིའི་འགྲེལ་པ་ང་ཡིན་སྙམ་གསུངས་པ་ལགས་སྐད། གསུང་འདི་དག་ལ་བརྟེན་ནས་དགེ་བཤེས་སྟོན་པ་ནས་བརྒྱུད་པ་རྣམས་བསྟན་བཅོས་འདི་ལ་ཇོ་བོ་ཉིད་ཀྱི་རང་འགྲེལ་ཡོད་པར་མི་བཞེད་ཅིང་། པོ་ཏོ་སྐོར་བའི་གསུང་སྒྲོས་ལའང་རང་འགྲེལ་གྱི་བཤད་པ་སྐྱོང་བར་མི་མཛད་དོ། །ཞེས་གསུངས། གཉིས་པ། དགེ་བཤེས་ལོ་ཙཱ་བའི་རྗེས་འབྲང་རྣམས་རང་འགྲེལ་བཞེད་ཅིང་། དེ་ཡང་ནག་ཚོའི་སྦས་ཆོས་སུ་བཞེད་དོ།།
རྗེ་བཙུན་ཙོང་ཁ་པ་ཆེན་པོ་ནི། འདི་ལ་ཇོ་བོ་ཉིད་ཀྱིས་དཀའ་འགྲེལ་ཞིག་མཛད་པ་ལ་ལོ་ཙཱ་བས་ཅུང་ཟད་བསྣན་པ་ཡིན་པ་འདྲ་ཞེས་གསུངས། དགེ་བཤེས་ཤ་ར་བ་ནས་བརྒྱུད་པའི་ལམ་སྒྲོན་གྱི་གསུང་སྒྲོས་རྣམས་སུ་རང་འགྲེལ་གྱི་བཤད་པ་མ་མཛད་ཀྱང་། དགེ་བཤེས་ཤ་ར་བ་ཉིད་ཀྱིས་མཛད་པའི་ལམ་རིམ་དུ། ཇོ་བོ་ཉིད་ཀྱིས་མཛད་པའི་ལམ་གྱི་སྒྲོན་མའི་འགྲེལ་པ་ལས། ཞེས་ལུང་འདྲེན་པར་སྣང་བས། རང་འགྲེལ་གཏན་མི་བཞེད་པ་མིན་ནོ། །ཞེས་གསུངས་བཅས་ལ་དཔགས་ན། ཇོ་བོ་ཉིད་ཀྱིས་མཛད་པའི་དཀའ་འགྲེལ་ཞིག་ཡོད་པ་ལ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ཅུང་ཟད་སྣོན་པ་བཏབ་པ་ཡིན་པར་མངོན་ནོ།།[3]
དེ་ཡང་སྡེ་དགེ་བསྟན་འགྱུར་དཀར་ཆག་ལས[4]། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ཞེས་བྱ་བ། བྷངྒ་ལའི་རྒྱལ་པོའི་རིགས་རྒྱུད་ཤཱཀྱའི་དགེ་སློང་མཁས་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྤྱོད་པ་མཛད་པ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་མཛད་པ། ཞེས་དཀའ་འགྲེལ་འདི་ཉིད་ཇོ་བོའི་གསུང་ཡིན་ཚུལ་བསྟན་འགྱུར་དཀར་ཆག་ཏུ་གསལ་བར་མ་ཟད། ལམ་སྒྲོན་དཀའ་འགྲེལ་གྱི་འགྱུར་བྱང་ལས་[5]ཀྱང་། འཕྲིན་ལས་བཟང་པོས་ཡུལ་ཕྱོགས་དབུས་སུ་འཁྲུངས། །སྐྱེ་བ་བཟང་པོ་རྒྱལ་པོའི་རིགས་སུ་འཁྲུངས། །རིགས་རྒྱུད་བཟང་པོ་ཐེག་ཆེན་རིགས་སུ་འཁྲུངས། །སྨོན་ལམ་བཟང་པོས་སངས་རྒྱས་སྲས་སུ་འཁྲུངས། །དེ་ལྟའི་བླ་མ་བྱང་ཆུབ་སེམས་དཔའ་ནི། །མར་མེ་མཛད་དཔལ་ཡེ་ཤེས་སྙིང་རྗེ་ཅན། །སྐྱེས་མཆོག་དེ་ལ་འདུན་པའི་སློབ་མ་ནི། །ཤཱཀྱའི་དགེ་སློང་ཚུལ་ཁྲིམས་རྒྱལ་བ་དེས། །དད་ཅིང་གུས་པས་བསྙེན་བཀུར་ཚུལ་བཞིན་དུ། །བྱས་པ་ཉིད་ཀྱིས་ཐུགས་དམ་སྙིང་པོ་ནི། །འཁོར་ལོ་སྡོམ་པ་རྣལ་འབྱོར་རྒྱུད་རྒྱལ་པོ། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལས། །སྙིང་པོའི་སྙིང་པོར་གྱུར་པ་འདི་ཡིན་ཏེ། །ཉིན་མཚན་ཀུན་ཏུ་ཡིད་ལ་འདི་བསྒོམ་ཞེས། །དེ་ཡིས་ཉེར་བསྟན་ཉམས་པ་མེད་པར་གནང་། །ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། །བོད་ཀྱི་སློབ་མ་གཞན་ལ་ཡོད་རེ་སྐན། །བླ་མ་དེ་ལ་དད་ཅིང་གུས་པ་ཡིས། །ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ། །རྒྱ་གར་གྱི་མཁས་པ་ཆེན་པོ་བླ་མ་བྱང་ཆུབ་སེམས་དཔའ་བྷཾ་ག་ལ་པ། དཔལ་མར་མེ་མཛད་ཡེ་ཤེས་ཞབས་དང་། ལོ་ཙཱ་བ་དགེ་སློང་ཚུལ་ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས། ཞེས་བྱུང་བ་ལྟར་བསྟན་བཅོས་མཛད་པ་པོ་རང་ཉིད་བསྟན་བཅོས་སྒྱུར་བ་པོ་ཡང་ཡིན་ལ། བསྟན་བཅོས་ཀྱི་འགྱུར་བྱང་དུའང་སྒྱུར་བ་པོས་མཛད་པ་པོ་ཇོ་བོ་དཱི་པཾ་ཀ་ར་ཡིན་པར་བཀོད་པ་བཅས་ལ་གཞིགས་ཚེ་བསྟན་བཅོས་འདི་ཉིད་ཀྱི་མཛད་པ་པོ་ནི། ཇོ་བོ་ཆེན་པོ་ལྷ་གཅིག་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་ལྔ་བརྒྱའི་གཙུག་རྒྱན་དུ་གྱུར་པའི་པཎ་ཆེན་ཁོང་ཉིད་ཡིན་པ་སྒྱུར་བ་པོས་ཞལ་བཞེས་གནང་བ་ཞིག་ཀྱང་ཆགས་ཡོད།
གཞན་ཡང་པེ་ཅིན་དང་སྣར་ཐང་བསྟན་འགྱུར་ལས[6]། སྙན་པར་རབ་གྲགས་ཆོས་ལུགས་བཟང་པོ་མཁྱེན། །ཉི་མ་ལྟ་བུར་གཞན་དོན་འབའ་ཞིག་མཛད། །དེ་འདྲ་བ་ཡི་རྗེ་བཙུན་དམ་པ་དེས། །མངའ་རིས་སྐོར་གསུམ་དམ་པའི་ཆོས་ལ་བཀོད། །བྱང་ཆུབ་འོད་དང་ཚུལ་ཁྲིམས་རྒྱལ་བ་ཡིས། །ཐུགས་དགོངས་བཟང་པོ་ལམ་སྒྲོན་འགྲེལ་པ་ཞེས། །མཁྱེན་དང་བརྩེ་བས་རྒྱུ་བྱས་འདི་མཛད་ནས། །ཀུན་ལ་མ་བསྟན་གསང་བར་རིགས་སོ་གསུངས། །འདི་བྲིས་དགེ་བས་བདག་གཞན་མ་ལུས་པ། །གཞུང་འདིའི་དོན་ཀུན་ཇི་བཞིན་རབ་རྟོགས་ནས། །ཀུན་མཁྱེན་རྒྱལ་པོའི་གོ་འཕང་མྱུར་འཐོབ་ཅིང་། །འགྲོ་དོན་དཔག་ཡས་ལྷུན་གྱིས་གྲུབ་པར་ཤོག །ཅེས་གསལ་བ་ལྟར་ལམ་སྒྲོན་གྱི་འགྲེལ་པ་འདི་ཉིད་ཇོ་བོ་རྗེས་མཛད་ཅིང་། ཀུན་ལ་མ་བསྟན་པར་གསང་བར་བྱ་རིགས་པར་གསུངས་པས། ལམ་སྒྲོན་གྱི་དཀའ་འགྲེལ་འདི་ཉིད་ཇོ་བོའི་གསུང་འཁྲུལ་མེད་ཡིན་པ་ཤིན་ཏུ་གསལ་བར་བྱུང་བས་འདི་དག་ལས་ཁུངས་བཙན་པའི་ཡིག་ཆ་ཞིག་ཨེ་ཡོད་སྙམ་མོ།།
དེ་ལྟར་འཕགས་བོད་ཀྱི་པཎ་གྲུབ་ཙམ་མིན་པར་བོད་གངས་ཅན་ལྗོངས་ཀྱི་མཁས་གྲུབ་རྣམས་ཀྱི་ཁྲོད་ནས་ཀྱང་པཎ་ཆེན་བསོད་ནམས་གྲགས་པས་ (1478-1554) མཛད་པའི་བཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན་ལས[7]། རེ་གཅིག་པ་ཆུ་རྟ་ལ་མངའ་རིས་སུ་བྱོན་ནས་ལས་རྒྱུ་འབྲས་དང་སེམས་བསྐྱེད་ལས་བརྩམས་པའི་ཆོས་གཙོ་བོར་གསུངས་ཤིང་བྱང་ཆུབ་ལམ་གྱི་སྒྲོན་མ་རང་འགྲེལ་དང་བཅས་པ་མཛད། ཅེས་དང་། རྗེ་བཙུན་གྲགས་པ་བཤད་སྒྲུབ་ (1675-1748) ཀྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་འགྲེལ་པ་ཉུང་ངུ་རྣམ་གསལ་ཇོ་བོ་ཆེན་པོ་དགྱེས་པའི་མཆོད་སྤྲིན་ལས[8]། ཇོ་བོ་དགུང་ལོ་དྲུག་ཅུ་ལ་ཉེ་བའི་ཚེ་བོད་དུ་སྤྱན་དྲངས་ཏེ་མངའ་རིས་སྟོད་དུ་བཞུགས་པའི་དུས་སུ་ལྷ་བླ་མས་ཇོ་བོ་ལ་དྲི་བ་བདུན་ཞུས་པའི་ལན་དུ་བསྟན་བཅོས་འདི་བརྩམས་པར་གྲགས་སོ། །འདི་ལ་ཇོ་བོས་རང་འགྲེལ་བསྡུས་པ་ཞིག་མཛད་ཅིང༌། གཞན་དགེ་གཤེས་སྟོན་པ། པུ་ཏོ་བ། ཤ་ར་བ། ནག་ཚོ་སོགས་ཀྱིས་འགྲེལ་པ་དང༌། མན་ངག་བསྡུས་དོན་ཅི་རིགས་མཛད་ལ། ཕྱིས་པཎ་ཆེན་གོང་མས་འགྲེལ་པ་རྒྱས་ཙམ་ཞིག་མཛད་དོ། །ཞེས་གསལ་བྱུང་བ་ལྟར་ཇོ་བོ་རྗེ་ལྷ་གཅིག་དཱི་པཾ་ཀ་རས་ལམ་སྒྲོན་གྱི་རང་འགྲེལ་བསྡུས་པ་ཞིག་ཀྱང་མཛད་པར་གསུངས།
དེ་མཚུངས་ཀུན་མཁྱེན་ (1648-1721/1722) གྲུབ་མཐའ་ཆེན་མོ་ལས[9]། སྤྱོད་འཇུག་འགྲེལ་ཆེན་དང་ལམ་སྒྲོན་རང་འགྲེལ་སོགས་ཀྱི་ཡང་ལེགས་ཆ་ལེན་ཅིང༌། རྒྱུད་བླ་མ་རྩ་འགྲེལ་ཚད་ཐུབ་དང༌། མངོན་རྟོགས་རྒྱན་དང་འཕགས་སེང་གི་ཡང་ལམ་སོགས་ཐལ་རང་ཐུན་མོང་བ་གང་གསལ་ལེན་ལ་ཐུན་མོང་མིན་པར་བསྲེ་སླད་མེད་པར་བྱ་ཚུལ་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་གསུམ་གྱི་ལེགས་བཤད་ལ་ཚད་མར་བྱས་ནས་ལུང་མ་བྲིས་ཀྱང་དོན་དེ་ཁོ་ན་ལྟར་བཤད་པར་བྱ་སྟེ། འཁྲུལ་བ་བྲལ་ཞིང་རིགས་ལམ་བྱེ་བས་གསལ་པོར་མཛད་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ལམ་སྒྲོན་རང་འགྲེལ་ཡིན་པར་བཞེད་དོ།།
དེ་བཞིན་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ (1570-1662) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད་ཕུལ་བྱུང་བཞད་པའི་དགའ་སྟོན་ལས་[10]ཀྱང་། བཞི་པ་མཇུག་གི་དོན་ལ་གཉིས། གང་གིས་མཛད་པ་དང༌། སུས་བསྒྱུར་བའོ། །དང་པོ་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་ལྔ་བརྒྱ་པ་རྣམས་ཀྱི་གཙུག་གི་ནོར་བུ་སློབ་དཔོན་མཁས་པ་ཆེན་པོ་དཔལ་མར་མེ་མཛད་ཡེ་ཤེས་ཀྱིས། སྐལ་ལྡན་གྱི་གདུལ་བྱ་བགྲང་བ་ལས་འདས་པའི་དོན་དུ་ཐུགས་བརྩེ་བ་ཆེན་པོས་མཛད་པ་རྫོགས་སོ། །གཉིས་པ་ནི། རྒྱ་གར་གྱི་མཁན་པོ་དཱི་པཾ་ཀཱ་ར་ཤྲཱི་ཛྙཱ་ན་དང༌། བོད་ཀྱི་ལོ་ཙཱ་བ་འཇིག་རྟེན་གྱི་མིག །དགེ་སློང་དགེ་བའི་བློ་གྲོས་ཀྱིས་རྒྱ་སྐད་ལས་བོད་སྐད་དུ་བསྒྱུར་ཅིང་ཚིག་དོན་གྱིས་ཞུ་ཆེན་བགྱིས་ནས་འཆད་ཉན་མཛད་པའོ། །འདིའི་རང་འགྲེལ་ནི་དགེ་བཤེས་གུང་ཐང་པས་ཞུས་ཤིང་བསྒྱུར་ཏེ།
ནག་ཚོ་བདག་ཉིད་གཅིག་པུ་མ་གཏོགས་པ། །
ཇོ་བོའི་སློབ་མ་གཞན་ལ་ཡོད་རེ་སྐན། །
ཞེས་ནག་ཚོ་བདག་ཉིད་ཀྱིས་སྦས་ཆོས་སུ་མཛད་དོ། །འོན་ཀྱང་འདིའི་འཕྲིན་ལས་ཆེས་ཆེར་རྒྱས་པར་བྱེད་པ་པོ་ནི། དགེ་བཤེས་སྟོན་པ་ལ་སོགས་ཏེ། ཁོང་གིས་སྐུ་མཆེད་གསུམ་ལ་སོགས་པའི་སློབ་མའི་ཚོགས་ལ་འདོམས་པར་མཛད། དགེ་བཤེས་པོ་ཏོ་བས། ལོ་པཎ་གཉིས་ཀྱི་གསུང་ལ་གཅེས་སྤྲས་སུ་མཛད་དེ། ཚོགས་སུ་ཐུན་བརྒྱད་བརྒྱད་དུ་གསུངས། དེ་ནས་ཤ་ར་བ་ཆེན་པོས་འདིའི་འཕྲིན་ལས་རྒྱས་པར་མཛད་དེ། ད་ལྟའི་བར་དུ་བསྟན་པའི་སྒྲོན་མེ་དང་འགྲོ་བའི་མིག་ཏུ་གྱུར་པ་འདི་ཡིན་ནོ། །ཞེས་བྱུང་བ་ལྟར་རང་འགྲེལ་དུ་བཞེད་དོ།།
ཡང་དུས་ཕྱིས་ཀྱི་མཁས་དབང་དམུ་དགེ་བསམ་གཏན་ (1914-1993) མཆོག་གིས་མཛད་པའི་བསྟན་པ་ཕྱི་དར་གྱི་སྐབས་སུ་བོད་དུ་རིག་གནས་དར་ཚུལ་གྱི་སྐབས་སུ[11]། ཁོང་ནི་རྒྱ་གར་ཤར་ཕྱོགས་བྷང་ག་ལའི་ཡུལ་གྱི་ཟ་ཧོར་རྒྱལ་པོའི་སྲས་སུ་རབ་བྱུང་གོང་གི་ཆུ་རྟ་ (982) ལ་འཁྲུངས། དགུང་ལོ་ཉེར་གཅིག་ཚུན་ལ་ཐུན་མོང་གི་རིག་གནས་སྒྲ་ཚད་བཟོ་གསོ་ལ་མཁས་པར་གྱུར་ནས་ལོ་བཅོ་ལྔའི་དུས་རྟོག་གེ་བ་མཁས་པ་ཞིག་དང་རྩོད་པས་ཚར་བཅད། དེ་རྗེས་རྒྱལ་སྲིད་སྤངས་ནས་མདོ་སྔགས་ཀྱི་གཞུང་ལ་སྦྱངས། རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས། གསེར་གླིང་བ་སོགས་བླ་མ་མང་པོ་བསྟེན། སྙན་གྲགས་ཀྱིས་འཛམ་གླིང་ཁྱབ་པ་དེ་ཉིད་ལྷ་བླ་མ་བྱང་ཆུབ་འོད་ཀྱི་རིང་ལ་ནག་ཚོ་ལོ་ཙཱ་བ་ཉེར་བདུན་ཐོག་སླར་རྒྱ་གར་དུ་མངགས་ཏེ་སྤྱན་དྲངས། བྱང་ཆུབ་འོད་ཀྱིས་བསྐུལ་ངོར་ཆོས་མཛད་ཡོངས་ཀྱི་ལམ་ཡིག་ལྟ་བུའི་བྱང་ཆུབ་ལམ་གྱི་སྒྲོན་མ་མཛད། ཁུ་རྔོག་འབྲོག་གསུམ་སོགས་སློབ་མ་ཤིན་ཏུ་མང་པོ་བསྐྱངས། གསུང་རྩོམ་ཡང་སྨན་དཔྱད་འཚོ་བའི་སྙིང་པོ་དང་། དྲི་མ་མེད་པའི་འཕྲིན་ཡིག །ས་དཔྱད་ལས་རྣམ་འབྱེད། ལམ་སྒྲོན་དཀའ་འགྲེལ། དབུ་མའི་མན་ངག་སོགས་མང་པོ་བརྩམས། དགུང་ལོ་དོན་གསུམ་ཐོག་སྙེ་ཐང་དུ་གཤེགས་ཏེ་སྐུ་གདུང་དེ་གར་བཞུགས། ཞེས་གསུངས་པ་ལྟར་ལམ་སྒྲོན་དཀའ་འགྲེལ་ཇོ་བོས་མཛད་པར་གསུངས་སོ།།
གཞན་ཡང་བོད་ཀྱི་རིས་མེད་མཁས་གྲུབ་སྐྱེས་ཆེན་རྣམས་ཀྱི་ཁྲོད་ནས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་ཀུན་ཁྱབ་དང་། དཔལ་ས་སྐྱ་པའི་མཁས་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བསོད་ནམས་མཆོག་གིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་འབྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད། འབྲི་ཁུང་པ་ཁུ་དབོན་གསུམ་གྱི་རྣམ་ཐར་དགོངས་གཅིག །ཀརྨ་པ་བརྒྱད་པ་མི་བསྐྱོད་རྡོ་རྗེས་མཛད་པའི་སྐུ་གསུམ་ངོ་སྤྲོད་ཀྱི་རྣམ་པར་བཤད་པ་མདོ་རྒྱུད་བསྟན་པ་མཐའ་དག་གི་ཨེ་ཝཾ་ཕྱག་རྒྱ[12]། རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོས་མཛད་པའི་དྲང་ངེས་འཇུག་ངོགས[13]། དཀོན་མཆོག་བསྟན་པའི་སྒྲོན་མེས་མཛད་པའི་ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད་ཀྱི་མཆན་འགྲེལ་རྩོམ་འཕྲོ[14]། ངོར་ཆེན་ཀུན་དགའ་བཟང་པོའི་སྤྱོད་པའི་རྒྱུད་སྤྱིའི་རྣམ་པར་གཞག་པ་ལེགས་པར་བཤད་པའི་སྒྲོན་མེ། བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་འགྲེལ་པ་དང་བཅས་པའི་རྒྱས་འགྲེལ་བཤད་སྦྱར་ཡིད་ཀྱི་མུན་སེལ། སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བའི་གཞུང་ལུགས་ལེགས་པར་བཤད་པ་བཅས་ལས་ལམ་སྒྲོན་རང་འགྲེལ་དང་། ཇོ་བོ་རྗེའི་ལམ་སྒྲོན་རང་འགྲེལ། དཔལ་ལྡན་ཨ་ཏི་ཤའི་ལམ་སྒྲོན་རང་འགྲེལ་ཞེས་བྱུང་བ་ལྟར་དཀའ་འགྲེལ་འདི་ཉིད་ཇོ་བོ་རྗེས་མཛད་པའི་རང་འགྲེལ་ཡིན་པར་ཞལ་གྱིས་བཞེས་པ་ལགས་སོ།།
འོན་ཀྱང་ངོར་ཆེན་ཀུན་དགའ་བཟང་པོའི་སྤྱོད་པའི་རྒྱུད་སྤྱིའི་རྣམ་པར་གཞག་པ་ལེགས་པར་བཤད་པའི་སྒྲོན་མེ་སོགས་ལས། ཇོ་བོ་རྗེས་མཛད་པར་གྲགས་པའི་ལམ་སྒྲོན་རང་འགྲེལ་ཞེས་གསལ་བ་ལྟར་ལམ་སྒྲོན་དཀའ་འགྲེལ་དེ་ཉིད་ཇོ་བོའི་རང་འགྲེལ་དུ་གྲགས་པ་ཞེས་དོགས་པའི་གཞིར་གསུངས་ལ། གཞན་ཡང་རྗེ་བདག་ཉིད་ཆེན་པོའི་ (1357-1419) ལམ་རིམ་ཆེན་མོ་ལས[15]། དེ་ལྟར་ན་ཞི་གནས་དང་ལྷག་མཐོང་སྒྲུབ་པ་མ་གཏོགས་པའི་འཇུག་སྡོམ་གྱི་བསླབ་བྱ་ལ་སློབ་པ་མན་ཆད་ནི་ཚུལ་ཁྲིམས་ཀྱི་བསླབ་པ་དང༌། ཞི་གནས་ནི་ཏིང་ངེ་འཛིན་ནམ་སེམས་ཀྱི་བསླབ་པ་དང༌། ལྷག་མཐོང་ནི་ཤེས་རབ་ཀྱི་བསླབ་པར་ལམ་སྒྲོན་འགྲེལ་པ་ལས་གསུངས་སོ། །ཞེས་སོགས་ལམ་སྒྲོན་འགྲེལ་པ་ཞེས་ལན་དྲུག་དང་། ལམ་སྒྲོན་གྱི་འགྲེལ་པ་ཞེས་ལ་གཅིག་གསལ་བ་ལས། ལམ་སྒྲོན་གྱི་རང་འགྲེལ་ཞེས་གཏན་ནས་མི་གསལ་བ་དང་གཅིག །དེ་བཞིན་རྗེའི་བྱང་ཆུབ་ལམ་གྱི་རིམ་པའི་འཁྲིད་ཀྱི་ས་བཅད་ལས་ཀྱང་། ལམ་སྒྲོན་གྱི་འགྲེལ་པ་ཞེས་གསལ་བ་ལས་ལམ་སྒྲོན་གྱི་རང་འགྲེལ་ཞེས་གཏན་ནས་མི་གསལ་བ་དང་གཉིས་ལས། ལམ་སྒྲོན་གྱི་དཀའ་འགྲེལ་འདི་ཉིད་ལམ་སྒྲོན་གྱི་རང་འགྲེལ་དུ་མི་བཞེད་དོ།།
དེ་ཡང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ (1357-1419) མཛད་པའི་བྱང་ཆུབ་ལམ་རིམ་ཆེན་མོ་ལས[16]། སྤྱིར་འགྲེལ་པ་འདི་དགེ་བཤེས་སྟོན་པ་ནས་བརྒྱུད་པའི་བཤེས་གཉེན་ཆེན་པོ་རྣམས་ཇོ་བོའི་འགྲེལ་པར་མི་མཛད་ལ། ནག་ཚོ་ནས་བརྒྱུད་པ་རྣམས་ཇོ་བོས་མཛད་པར་བཞེད་ཅིང་ནག་ཚོའི་སྦས་ཆོས་སུ་འདོད་དོ། །འོན་ཀྱང་སྔ་མ་རྣམས་ལ་གྲགས་པ་ལ་པུ་རངས་སུ་འགྲེལ་པ་བསྡུས་པ་ཞིག་མཛད། དེ་ནས་བསམ་ཡས་སུ་ཕེབས་པ་ན་དེ་ལ་ལོ་ཙྪ་བས་སྣོན་པ་ཞུས་ནས་རྒྱས་སུ་བཏང་ཟེར་བ་འདུག་པས། ཇོ་བོས་འགྲེལ་པ་བསྡུས་པ་ཞིག་མཛད་པ་ལ། གསུང་སྒྲོས་ལ་གཞི་བླངས་པའི་བཤད་པ་རེ་མང་ཞིག་བསྣན་པའི་རིགས་སུ་འདུག་པས་ནོར་བར་མངོན་པ་འགའ་ཟུང་སྣང་ཞིང་། གཞུང་གི་དོན་ལེགས་པོར་ཤོད་པའང་མང་པོ་སྣང་བས། བདག་གིས་ཀྱང་མ་ནོར་བ་རྣམས་སྐབས་གཞན་དང་ལམ་རིམ་དུ་དྲངས་ནས་བཤད་དོ། །ཞེས་ལམ་སྒྲོན་དཀའ་འགྲེལ་འདི་ཉིད་ཇོ་བོའི་གསུང་ཡིན་མིན་སྔོན་གྱི་བཀའ་གདམས་གོང་མའི་བཤེས་གཉེན་རྣམ་པའི་བཞེད་པ་རིགས་གཉིས་ཡོད་པ་ལས། རྗེ་ཉིད་རང་འགྲེལ་མིན་པར་བཞེད་ལ། ཇོ་བོ་རང་འགྲེལ་བསྡུས་པ་ཞིག་མཛད་པར་ལོ་ཙཱ་བས་ཇོ་བོའི་གསུང་སྒྲོས་བསྣན་ནས་ཇེ་རྒྱས་སུ་བཏང་བ་ཞིག་ཡིན་པར་གསུངས།
ལྷག་པར་དཔལ་ས་སྐྱ་པའི་མཁས་པ་ཆེན་པོ་ཨ་མྱེས་ཞབས་ངག་དབང་ཀུན་དགའ་བསོད་ནམས་ (1597-1659/1660) ཀྱིས་མཛད་པའི་དཔལ་གསང་བ་འདུས་པའི་དམ་པའི་ཆོས་འབྱུང་བའི་ཚུལ་ལེགས་པར་བཤད་པ་ངོ་མཚར་རིན་པོ་ཆེའི་བང་མཛོད་ལས[17]། ཇོ་བོ་རྗེས་མཛད་པར་གྲགས་པའི་ལམ་སྒྲོན་རང་འགྲེལ་དུ། སྔར་གྱི་སྟེང་དུ་རྟོག་པའི་རྒྱུད་ཅེས་བསྣན་པས་བདུན་དུ་འདོད་དོ། །རྟོག་པའི་རྒྱུད་ནི་པདྨ་གར་གྱི་དབང་ཕྱུག་གོ་ཞེས་སོ། །ལམ་སྒྲོན་འདི་ལས་དབུ་སེམས་ཀྱི་སེམས་བསྐྱེད་ཕྱོགས་གཅིག་ཏུ་བྱེད་པར་བཤད། བཀའ་གདམས་པ་ལ་ལ་ཚད་མར་བྱེད། ལ་ལ་འདི་ཚད་མར་མི་བྱེད་དོ། །བུས་འདིའི་ལུང་དྲངས་པ་མང་པོ་ཡང་ཡོད། ཇོ་བོས་མཛད་པར་གྲགས་པའི་ཞེས། བཏགས་ཆོས་སུའང་རེས་འགའ་བཞེད་ཅིང་དགག་པ་མཛད་པའང་མང་པོ་ཡོད་དོ། །ཞེས་ཇོ་བོ་རྗེས་མཛད་པར་གྲགས་པའི་ལམ་སྒྲོན་རང་འགྲེལ་ཞེས་གསལ་བ་ལྟར་རང་འགྲེལ་ཡིན་མིན་ལ་རྩོད་པ་མང་དུ་མཆིས་སོ།།
དེས་ན་ཇོ་བོས་མཛད་པའི་ལམ་སྒྲོན་གྱི་རང་འགྲེལ་ཡོད་མེད་ཀྱི་བཞེད་ལུགས་ནི། པཎ་ཆེན་བློ་བཟང་ཆོས་རྒྱན་ (1570-1662) གྱིས་མཛད་པའི་བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད་ཕུལ་བྱུང་བཞད་པའི་དགའ་སྟོན་ལས[18]། དེའི་ཕྱིར་དགེ་བཤེས་སྟོན་པ་ནས་བརྒྱུད་པ་རྣམས་རང་འགྲེལ་ཡོད་པ་མི་བཞེད་ཅིང༌། པོ་ཏོ་སྐོར་བའང་རང་འགྲེལ་གྱི་བཤད་པ་མི་མཛད་ལ། ལོ་ཙཱ་བའི་རྗེས་འབྲང་རྣམས་རང་འགྲེལ་ནག་ཚོའི་སྦས་ཆོས་སུ་བཞེད་དོ། །ཤ་ར་བའི་ལམ་སྒྲོན་གྱི་གསུང་སྒྲོས་སུ་རང་འགྲེལ་གྱི་བཤད་པ་མ་མཛད་ཀྱང༌། ཁོང་གི་ལམ་རིམ་དུ། ཇོ་བོས་མཛད་པའི་ལམ་སྒྲོན་གྱི་འགྲེལ་པ་ལས་ཞེས་ལུང་དྲངས་པས་རང་འགྲེལ་གཏན་མི་བཞེད་པ་མ་ཡིན་ནོ།།
རྒྱལ་བ་ཙོང་ཁ་པ་ཆེན་པོ་ནི། འདི་ལ་ཇོ་བོ་རང་ཉིད་ཀྱིས། དཀའ་འགྲེལ་ཞིག་མཛད་པ་ལ། གཞན་གྱིས་ཅུང་ཟད་བསྣན་པ་འདྲ་གསུངས་སོ། །མདོར་ན་ཇོ་བོ་རྗེས་གཞུང་འདི་ལ་བརྟེན་ནས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གསལ་བར་མཛད། དགེ་བཤེས་སྟོན་པས་སྲོལ་བཏོད། སྐུ་མཆེད་གསུམ་གྱིས་དར་ཞིང་རྒྱས་པར་མཛད་དེ། ད་ལྟའི་བར་དུ་མ་ནུབ་པ་ཡིན། འདི་ལ་ལོང་བས་གླང་མཇུག་མ་ཤོར་བ་ཞིག་བྱའོ་ཞེས་གསུངས། ཞེས་པའི་གསུང་འདི་དག་ལ་བརྟེན་ནས་དགེ་བཤེས་སྟོན་པ་ནས་བརྒྱུད་པ་རྣམས་ལ་བསྟན་བཅོས་འདིར་ཇོ་བོ་ཉིད་ཀྱི་རང་འགྲེལ་ཡོད་པར་མི་བཞེད་ཅིང་། པོ་ཏོ་བའི་གསུང་སྒྲོས་ལའང་རང་འགྲེལ་གྱི་བཤད་པ་སྐྱོང་བར་མི་མཛད་པར་གསུངས། འོན་ཀྱང་ནག་ཚོའི་སྦས་ཆོས་སུ་བཞེད་ལ། རྗེ་བཙུན་ཙོང་ཁ་པ་ཆེན་པོས་ཀྱང་། འདི་ལ་ཇོ་བོ་ཉིད་ཀྱིས་དཀའ་འགྲེལ་མདོར་བསྡུས་ཤིག་མཛད་པ་ལ་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་ཅུང་ཟད་སྣོན་པ་བཏབ་པར་གསུངས་པ་ནི་ཤིན་ཏུ་མད་ལ། འདི་ལ་བརྟེན་ནས་ལམ་སྒྲོན་གྱི་རང་འགྲེལ་དུ་གྲགས་པ་ཞེས་དང་། རང་འགྲེལ་མིན་པར་འདོད་པའི་གནས་འདི་ཉིད་བྱུང་བར་སེམས། དེ་ལྟར་ལམ་རིམ་ཆེན་མོ་ལས་གསུངས་པ་བཞིན་འགྲེལ་པ་འདི་ཉིད་ལམ་སྒྲོན་རང་འགྲེལ་ཡིན་མིན་ལ་ཆ་གཉིས་འབྱེད་རྒྱུ་ཡོད་འདུག
དེ་ཡང་དཀའ་འགྲེལ་འདིའི་གསུང་ཆ་ཚང་བ་ཇོ་བོའི་གསུང་ཡིན་མིན་ལ་དོགས་པའི་ཆ་ཡང་འགའ་ཞིག་སྣང་སྟེ། བྱང་ཆུབ་ལམ་གྱི་སྒྲོན་མའི་དཀའ་འགྲེལ་ལས[19]། རྩ་བ་ཉིད་བཤད་པར་བྱ་སྟེ། དབུ་མའི་རྩ་བ་ཞེས་བྱ་བ་ནི་དབུ་མའི་རྩ་བ་ཤེས་རབ་བོ། །སོགས་ཞེས་པས་ནི་ག་ལས་འཇིགས་མེད་དང་། རིགས་པ་དྲུག་ཅུ་པ་དང་། རྩོད་པ་བཟློག་པ་དང་། སྟོང་པ་ཉིད་བདུན་ཅུ་པ་དང་། རིན་པོ་ཆེའི་ཕྲེང་བ་དང་། ཐེག་པ་ཆེན་པོ་ཉི་ཤུ་པ་དང་། ཚིག་བརྒྱ་པ་དང་། སཱ་ལུ་ལྗང་པའི་འགྲེལ་པ་ལ་སོགས་པའོ།།
ཡང་ན་སོགས་ཞེས་པ་ནི་སློབ་དཔོན་འཕགས་པའི་དངོས་ཀྱི་སློབ་མ་རྗེ་བཙུན་ཨཱརྱ་དེ་བ་དང་། སློབ་དཔོན་ཟླ་གྲགས་དང་། སློབ་དཔོན་བྷ་བྱ་སྣང་བྲལ་དང་། སློབ་དཔོན་ཞི་བའི་ལྷ་ལ་སོགས་པས་མཛད་པའི་བསྟན་བཅོས་ཏེ། དེ་ཡང་རྗེ་བཙུན་ཨཱརྱ་དེ་བས་དབུ་མ་རྣམ་པར་འཐག་པ་ཆེན་པོ་དང་། ལག་པའི་ཚད་དང་། སོར་མོ་ལྟ་བུའི་བཤད་པ་དང་། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པ་ལ་སོགས་པ་མཛད་དོ། །སློབ་དཔོན་ཟླ་གྲགས་ཀྱིས། དབུ་མ་ལ་འཇུག་པ་དང་། རིགས་པ་དྲུག་ཅུ་པའི་འགྲེལ་པ་དང་། དབུ་མ་ཕུང་པོ་ལྔ་པ་དང་། ཚིག་དོན་གསལ་བ་ལ་སོགས་པ་མཛད་དོ། །སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་དབུ་མ་རྟོག་གེ་འབར་བ་དང་། ཤེས་རབ་སྒྲོན་མ་ལ་སོགས་པ་མཛད་དོ།།
དེ་ལ་དབུ་མའི་རྩ་བ་ཤེས་རབ་ལ་འགྲེལ་པ་བརྒྱད་ཡོད་དེ། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་འཇིགས་མེད་དང་། སློབ་དཔོན་ཟླ་གྲགས་ཀྱིས་མཛད་པའི་ཚིག་དོན་གསལ་བ་དང་། སློབ་དཔོན་བྷ་བྱ་སྣང་བྲལ་གྱིས་མཛད་པའི་ཤེས་རབ་སྒྲོན་མ་དང་། གནས་བརྟན་བུདྡྷ་པཱ་ལི་ཏས་མཛད་པའི་བུདྡྷ་པཱ་ལི་ཏ་དང་། སློབ་དཔོན་བློ་བརྟན་གྱིས་མཛད་པ་དང་། སློབ་དཔོན་གུ་ཎ་མ་ཏི་དང་། སློབ་དཔོན་གུ་ཎ་ཤྲཱི་དང་། ཨཱ་ཙཱརྱ་གུ་ཎ་ད་ཏས་མཛད་པ་རྣམས་སོ། །ཞེས་གསུངས་པ་ལྟར་ག་ལས་འཇིགས་མེད་ཀླུ་སྒྲུབ་ཀྱི་རང་འགྲེལ་ཡིན་པར་གསུངས་པས། རང་འགྲེལ་ཡིན་མིན་སྐོར་མགོན་པོ་ཀླུ་སྒྲུབ་ཀྱི་རྣམ་ཐར་སྐབས་ཞིབ་ཕྲ་བཀོད་ཟིན་པས་འདིར་སྤྲོས་པར་མི་བྱའོ།།
ཡང་ལམ་སྒྲོན་དཀའ་འགྲེལ་ལས[20]། དེ་ལ་ཤེས་རབ་སྒྲོན་མ་ལ་ཊཱི་ཀ་ཆེན་པོ་གཉིས་ཡོད་དེ། ཨཱ་ཙཱརྱ་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་མཛད་པ་དང་། ཨཱ་ཙཱརྱ་དེ་བ་ཤརྨས་མཛད་པའི་དབུ་མ་དཀར་པོ་འཆར་བའོ། །ཞེས་གསུངས་པས། དབུ་མ་དཀར་པོ་འཆར་བ་ཤེས་རབ་སྒྲོན་མེའི་འགྲེལ་པར་གསུངས་ཀྱང་། དེ་ནི་ཤེས་རབ་སྒྲོན་མེའི་འགྲེལ་པ་མིན་པར་ཤེས་རབ་སྒྲོན་མས་དབུ་མ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲངས་པར་འགྲེལ་བཤད་སྤྱན་རས་གཟིགས་བརྟུལ་ཞུགས་སུ་བཤད་དོ། །དེ་ཡང་རྗེ་བདག་ཉིད་ཆེན་པོས་ (1357-1419) མཛད་པའི་ལེགས་བཤད་སྙིང་པོ་ལས[21]། ལེགས་ལྡན་འབྱེད་ནི་དེ་བ་ཤར་མའི་འགྲེལ་པ་དཀར་པོ་རྣམ་པར་འཆར་བའི་རྗེས་སུ་འབྲང་བར་སྤྱན་རས་གཟིགས་བརྟུལ་ཞུགས་ཀྱིས་བཤད་དོ། །ཞེས་གསུངས་པས་སོ།།
ཡང་རང་འགྲེལ་ཡིན་པའི་ཕྱོགས་ལའང་ཞིབ་ཏུ་དཔྱད་པ་བྱ་རྒྱུ་ཡོད་པ་འདི་ལྟ་སྟེ། རང་འགྲེལ་འདི་ཉིད་ཀྱི་རྩོམ་འགྲོས་སྤྱི་ལ་གཞིགས་ཚེ། རྒྱ་གར་འཕགས་ཡུལ་གྱི་པཎ་གྲུབ་དག་གི་གསུང་འགྲོས་ཁོ་ནར་སྣང་སྟེ། རྒྱབ་རྟེན་གྱི་ལུང་འདྲེན་གནང་ཚེ། སངས་རྒྱས་ཀྱི་གསུང་མདོ་རྒྱུད་ཀྱི་བཀའ་རྣམས་མཐར་ཆགས་སུ་བགྲང་ཞིང་། ཚད་མར་གྱུར་པའི་བསྟན་བཅོས་དག་དྲངས་པར་མཛད་པར་མ་ཟད། བསྟན་བཅོས་འདིའི་དབུར་ཡང་[22]། འཕགས་མ་རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །བདེ་མཆོག་འཁོར་ལོ་དམ་ཚིག་གསུམ་རྒྱལ་པོ། །འཇིག་རྟེན་དབང་ཕྱུག་སྒྲོལ་མ་ཕྱག་འཚལ་འདུད། །ཅེས་སྒྲོལ་མ་དང་། འཇམ་དབྱངས། བདེ་མཆོག་ལ་སོགས་ལ་མཆོད་བརྗོད་མཛད་པ་འདིས་ཀྱང་། ཇོ་བོ་ཆེན་པོས་རྗེ་བཙུན་སྒྲོལ་མ་ཡི་དམ་གྱི་གཙོ་བོར་མཛད་པའི་རྣམ་ཐར་དང་ཤིན་ཏུ་མཐུན་པ་ནི། བོ་དོང་ཕྱོགས་ལས་རྣམ་རྒྱལ་ (1375-1450) གྱིས་མཛད་པའི་དཔལ་མར་མེ་མཛད་ཡེ་ཤེས་ལ་བསྟོད་པ་རིན་པོ་ཆེའི་ཕྲེང་བ་ལས[23]། མི་གཡོ་མགོན་པོ་དམ་ཚིག་གསུམ་བཀོད་དང་། །དཔལ་ལྡན་བདེ་མཆོག་མཁའ་ལ་གཟིགས་གྱུར་ནས། །ཡང་དང་ཡང་དུ་ཡན་ལག་བདུན་པ་མཛད། །ཚོགས་ཆེན་ཁྱོད་ལ་སྤྱི་བོས་ཕྱག་འཚལ་ལོ། །ཞེས་གསུངས་པས་སོ།།
ཡང་དེ་ཉིད་ལས[24]། སློབ་མ་བཟང་པོ་བྱང་ཆུབ་འོད་ཀྱིས་བསྐུལ་གྱུར་པས། །ཞེས་པའི་ཐད་དུའང་། བསྐུལ་གྱུར་པས་ཞེས་བྱ་བ་ནི་དེས་བདག་ལ་འདི་སྐད་དུ། ཞེས་སོགས་དང་། ཡང་དེ་ཉིད་ལས[25]། དེ་ལ་བླ་མ་རྣམས་ནི་རྗེ་བཙུན་དཔལ་བྱང་ཆུབ་བཟང་པོ་དང་། རྗེ་བཙུན་སུ་ཝརྞྞ་དཱི་པ་ལ་སོགས་པའོ། །ཞེས་སོགས་བླ་མ་དེ་གཉིས་ཀྱི་མཚན་སྨོས་ཤིང་། བདག་མེད་ཀྱི་ལྟ་བ་གཏན་ལ་འབེབས་སྐབས་སུའང་སློབ་དཔོན་ཆེན་པོ་དག་གིས་གསུངས་པའི་རིགས་པ་རྣམས་བསྟན་ནས། སངས་རྒྱས་ཀྱི་གསུང་མདོ་ཚན་སོ་དྲུག་གི་མཚན་དང་། དེ་དག་ལས་དང་པོ་བརྒྱད་ཀྱི་མདོ་ཚིག་དངོས་སུ་བགྲངས་ཤིང་། སོགས་སྒྲའང་སྦྱར་གནང་མཛད་པ་སོགས་ལ་བརྟེན་ན་ནི། གཞུང་འདིར་ཁ་གསལ་ཞིང་ཁུངས་བཙན་མདོ་ཡི་ལུང་ཚིག་མང་ཞིང་། འཕགས་ཡུལ་མཁས་པའི་བསྟན་བཅོས་ཚད་ལྡན་དུ་མའི་རྒྱབ་རྟེན་ལྡན་པའི་ཆ་ནས་ཀྱང་། མཐའ་གཅིག་ཏུ་གཞུང་འདི་ཇོ་བོའི་གསུང་མིན་པར་ཡང་སྨྲ་བར་མི་སྤོབས་སོ།།
ཞར་བྱུང་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་གྲུབ་མཐའི་རྣམ་བཤད་དམ། ཆོས་ལུགས་གྲུབ་མཐའ་ཁག་གི་གཞི་རྩའི་ཤེས་ཡོན་མཛུབ་མོ་རི་སྟོན་ལས[26]། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་། སློབ་དཔོན་རང་ཉིད་ཀྱིས་མཛད་པའི་གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་ནང་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པར་མ་ཟད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་བྱང་ཆུབ་ལམ་སྒྲོན་ལས་ཀྱང༌། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པས་དེ་ལ་ནོར་འཁྲུལ་མེད། ཅེས་གསུངས་ཤིང་། འདི་ནི་ལམ་སྒྲོན་རང་འགྲེལ་ཡིན་པ་ལས་ལམ་སྒྲོན་རྩ་བ་མིན་ལ། ལུང་དོན་དེ་དག་ལ་ཁ་ཅིག་གིས་ཟླ་བ་གྲགས་པས་སློབ་དཔོན་ཀླུ་སྒྲུབ་དངོས་ཀྱི་དྲུང་ནས་གསན་པར་འགྲེལ་བ་དང་། ཡང་ལ་ལས་དཔལ་ལྡན་ཟླ་བས་བརྒྱུད་ནས་གསན་པར་འགྲེལ་ཚུལ་གྱི་བཞེད་པ་མི་འདྲ་བ་གཉིས་བྱུང་བ་ལྟར། དུང་དཀར་རིན་པོ་ཆེས་ཀྱང་དཔལ་ལྡན་ཟླ་བས་ཀླུ་སྒྲུབ་དངོས་ལས་རྩ་རྒྱུད་དངོས་སུ་གསན་པར་འདོད་པའི་ལུགས་བཞེད་དོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཐུབ་བསྟན་ཆོས་ཀྱི་ཉི་མའི་གསུང་འབུམ། ལམ་སྒྲོན་རྣམ་བཤད། པོད། ༼ག༽ དཔེ་རིང་། ཤོག་ ༢བ༦
[2] ཐུའུ་བཀྭན་གྲུབ་མཐའ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༣༦༩
[3] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་གསུང་འབུམ། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༢ ལོ། ཤོག་ ༢
[4] སྡེ་དགེ་བསྟན་འགྱུར་དཀར་ཆག །བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༤༢
[5] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༧༧༤
[6] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༧༨༣
[7] བཀའ་གདམས་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱན། རྔ་ཡུལ་ཀིརྟི་དགོན། ༢༠༠༧ ལོ། ཤོག་གྲངས་ ༤
[8] བྱང་ཆུབ་ལམ་གྱི་སྒྲོན་མེའི་འགྲེལ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༤༠༨
[9] གྲུབ་མཐའི་རྣམ་བཤད་ཀུན་བཟང་ཞིང་གི་ཉི་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༧༩༨
[10] བྱང་ཆུབ་ལམ་གྱི་སྒྲོན་མའི་རྣམ་བཤད། ༼ང༽ དཔེ་རིང་། ཤོག་གྲངས་ ༥༢བ༢
[11] བསམ་གཏན་རྒྱ་མཚོའི་གསུང་འབུམ། ༼༣༽ མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་ ༤༣༡
[12] མི་བསྐྱོད་རྡོ་རྗེའི་གསུང་འབུམ། ༼ཀ༽ བྲིས་མ། དཔེ་རིང་། ཤོག་གྲངས་ ༣༣ན༡
[13] དྲང་ངེས་འཇུག་ངོགས། སེར་སྨད་དཔེ་མཛོད། ༢༠༠༤ ལོ། ཤོག་གྲངས་ ༣༩༦
[14] ཕར་ཕྱིན་སྐབས་དང་པོའི་མཐའ་དཔྱོད། ༼༣༽ མི་རིགས་དཔེ་སྐྲུན་ཁང་། ༢༠༠༣ ལོ། ཤོག་གྲངས་ ༢༤༨
[15] བྱང་ཆུབ་ལམ་རིམ་ཆེན་མོ། ༼པ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༨༢
[16] བྱང་ཆུབ་ལམ་རིམ་ཆེན་མོ། ༼པ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༠༣
[17] ཨ་མྱེས་ཞབས་བཀའ་འབུམ། པོད། ༼ད༽ འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༥བ༦
[18] ཕྱག་རྒྱ་ཆེན་པོའི་ལྟ་བ་སྤྱི་ཁྱབ་ཏུ་ངོ་སྤྲོད་པའི་ཁྲིད་ཡིག་ཕྱོགས་སྒྲིག །བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༢༡
[19] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༧༤༥
[20] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ ཤོག་གྲངས་ ༡༧༤༥
[21] དྲང་ངེས་ལེགས་བཤད་སྙིང་པོ། ༼ཕ༽ རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་སྡུད་སྒྲིག་ཁང་། ༢༠༡༩ ལོ། ཤོག་ ༣༧༠
[22] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༦༥༠
[23] བོ་དོང་པཎ་ཆེན་གྱི་གསུང་འབུམ། ༼ཨོཾ༽ (ཕྱི། མ། ༧༢༤) བྲིས་མ་ཤོག་གྲངས་ ༡ན༡ ནས་ ༤བ༥ བར།
[24] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༦༥༢
[25] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཀི༽ དེབ་ཨང་ ༦༤ པ། ཤོག་གྲངས་ ༡༦༥༤
[26] དུང་དཀར་གྲུབ་མཐའ། རྣམ་རྒྱལ་གྲྭ་ཚང་། ཐའེ་ཝན་པར་མ། ༢༠༡༡ ལོ། ཤོག་གྲངས་ ༢༤༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་འཛམ་གླིང་མཛེས་རྒྱན། ༼ཆ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༧ ནས་ ༣༠༢ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།