ཁ༽ མཇུག་གི་བསྔོ་སྨོན་གྱི་རིམ་པ།

ཁ༽ མཇུག་གི་བསྔོ་སྨོན་གྱི་རིམ་པ།

 

དེ་ཡང་སྡེ་སྣོད་འཛིན་པ་ཡཱི་ཅེན་ (635-713) གྱིས་མཛད་པའི་རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ་ལས[1]། གཙང་པོ་གློས་འཐུང་མཚོ་ཆུང་ནཱ་ལེན་བར། །གནམ་གྱི་ཆུ་མོས་འཕྲེད་ཀྱིས་བཅད་གྱུར་ཀྱང་། །བྱེ་མའི་ཀློང་ཆེན་རྟ་ཕོའི་འགྲོས་ཀྱིས་བརྒལ། །ལ་ལུང་འགག་འཕྲང་གོམ་པའི་གྲངས་ཀྱིས་གཞལ། །འཕགས་ཡུལ་ངོ་མཚར་ཞིང་གི་བཀོད་པ་ཀུན། །ངག་རྒྱུན་ཟེར་སྒྲོས་ཙམ་གྱིས་རྟོགས་མི་འགྱུར། །

པིར་དབང་རྣམས་ཀྱིས་སྨྱུག་རྩེར་ལེགས་བཀོད་ཀྱང་། །ཞིང་མཆོག་དེ་ཡི་སྣང་ཚུལ་རྫོགས་མི་འགྱུར། །དད་ལྡན་སྐྱེ་འགྲོ་ཀུན་གྱི་བསོད་ནམས་ཀྱི་ཞིང་སར། །སྟོན་པ་བདེ་གཤེགས་སྙིང་པོའི་འཕྲིན་ལས་ཀྱིས་ཁྱབ་བོ། །[2] ཞེས་དང་། རོང་སྟོན་ཤེས་བྱ་ཀུན་རིག་ཤཱཀྱ་རྒྱལ་མཚན་ (1367-1449) གྱིས་མཛད་པའི་ཤྲཱི་ནཱ་ལེནྡྲ་ལ་བསྟོད་པ་སྙན་པའི་རྔ་སྒྲ་ལས[3]། འདི་ལ་བསྟོད་པའི་དགེ་ཚོགས་དྲི་མེད་པ། །སྟོན་ཀའི་ཟླ་ལྟར་གང་ཞིག་ཐོབ་པ་དེས། །སྲིད་པའི་མུན་པ་མ་ལུས་རྣམ་བསལ་ཏེ། །ཡེ་ཤེས་སྣང་བ་ཀུན་ཏུ་རྒྱས་པར་ཤོག །[4] ཅེས་དང་། གཞན་ཡང་རྫོང་གསར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་ (1893-1959) ཀྱིས་མཛད་པའི་ནཱ་ལེནྡྲའི་བསྟོད་པ་རབ་དགའི་དབྱངས་ལས[5]། དེ་ལྟར་འཕགས་ཡུལ་མ་གྷ་དྷ་ཡི་ཆར། །བདེ་གཤེགས་བཞུགས་དང་འཆག་དང་འཕྲིན་ལས་རྒྱུན། །མངོན་པར་བསྐྱངས་པའི་གནས་ཀྱི་བཀོད་པ་ལ། །ཆ་ཤས་ཙམ་ཞིག་བསྟོད་པའི་དགེ་བའི་མཐུས། །བསོད་ནམས་གྲུབ་པ་རིན་ཆེན་ལྷུན་པོ་འདི། །བསྟན་དང་འགྲོ་ལ་བདེ་སྐྱིད་རྒྱས་ཕྱིར་སྦྱིན། །བདག་ཀྱང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །བླ་མ་ཐུབ་དབང་དེ་དང་མི་འབྲལ་ཤོག །ཅེས་རྒྱ་བོད་ཀྱི་མཁས་གྲུབ་དམ་པ་རྣམས་ཀྱིས་ཇི་ལྟར་ཐུགས་སྨོན་མཛད་པ་ལྟར་འགྲུབ་པར་གྱུར་ཅིག་གུ།། །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་ཡུལ་དུ་འབྱོར་བའི་ཐང་གི་བཙུན་པ། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༠ ལོ། ཤོག་གྲངས་ ༡༡༣

[2] ཐང་ཆེན་མོའི་སྡེ་སྣོད་འཛིན་པའི་སྐྱེས་ཆེན་དག་ནུབ་ཕྱོགས་འཕགས་ཡུལ་དུ་དམ་པའི་ཆོས་ཀྱི་དགོངས་པ་འཚོལ་བར་ཕྱིན་པའི་རྟོགས་བརྗོད་བམ་པོ་དང་པོ་རྫོགས་སོ།།

[3] རོང་སྟོན་ཤཱཀྱའི་རྒྱལ་མཚན་གྱི་གསུང་ཐོར་བུ། ༼ཁ༽ དཔེ་གཟུགས། ཤོག་ ༤༦བ༡ ཨིན་ཨང་ ༤༦༦

[4] ཅེས་རྒྱ་གར་ནཱ་ལེནྡྲའི་གནས་ལ་བསྟོད་པ་རོང་སྟོན་ཆེན་པོས་གངས་ཅན་གྱི་ཁྲོད་ཀྱི་ནཱ་ལེནྡྲར་སྦྱར་བའོ།།

[5] ཆོས་ཀྱི་བློ་གྲོས་བཀའ་འབུམ། ༼ཐ༽ ཆོས་ཚན་ ༢༢ འཕྲུལ་པར་དཔེ་རིང་། ཤོག་ ༡བ༡ ནས་ ༢ན༦ བར།

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༧༡ ནས་ ༥༧༢ བར་གསལ་བ་ལས་བཏུས།

 

Leave a Reply

Your email address will not be published. Required fields are marked *