ཁ༽ ནཱ་ལེནྡྲའི་དར་རྒུད་སྟོང་པའི་གནས་སྐབས་གསུམ།

ཁ༽ ནཱ་ལེནྡྲའི་དར་རྒུད་སྟོང་པའི་གནས་སྐབས་གསུམ།

དེ་ཡང་འགོས་ལོ་གཞོན་ནུས་དཔལ་ (1392-1481) གྱིས་མཛད་པའི་དེབ་ཐེར་སྔོན་པོ་ལས[1]། དེ་ནས་རྒྱ་གར་དུ་བྱོན་ཏེ་ཏི་ར་ཧུ་ཏི་ནས་ཡངས་པ་ཅན་དུ་བྱོན། མནལ་ལམ་དུ་རྡོ་རྗེ་གདན་ཇི་ལྟ་བ་བཞིན་དུ་གཟིགས། དེ་ནས་རྡོ་རྗེ་གདན་དུ་བྱོན་པས་མི་གཅིག་ཀྱང་མི་འདུག་སྟེ། ཏུ་རུ་ཥྐའི་དམག་གིས་ཉེན་བྲོས་པས་བྱང་ཆུབ་ཆེན་པོ་ཡུན་རིང་དུ་མ་མཇལ། དེ་ནས་མཇལ་ཏེ་མ་ཧཱ་བོ་དྷི་ལ་མཆོད་པ་ཕུལ།

གནས་ཀྱི་བཀོད་པ་ཞིབ་ཏུ་གཟིགས། ནཱ་ལནྡྷར་པཎྜི་ཏ་རཱ་ཧུ་ལ་ཤྲཱི་བྷ་དྲ་དང་མཇལ་ཆོས་མང་དུ་གསན། གར་ལོག་གི་དམག་བྱུང་བས་ཡུལ་མི་རྒྱལ་པོ་དང་བཅས་པ་ཐམས་ཅད་ཀྱང་བྲོས། རཱ་ཧུ་ལའི་ཞལ་ནས་ང་ལོ་དགུ་བཅུ་ལོན་པས་འབྲོས་སུ་མེད་པ་ཡིན་མོད། ཁྱོད་མི་འབྲོས་པ་གླེན་གསུང་བ་ལ། ང་བསད་ཀྱང་བླ་མའི་དྲུང་ལས་གཞན་དུ་མི་འགྲོ་བྱས་པས། དམ་ཚིག་ཅན་དུ་དགོངས་ནས་གཏིང་ནས་མཉེས། དེ་ནས་བླ་མ་ཁུར་ནས་གར་ལོག་གི་དམག་རྣམས་གཉན་པོར་ལྟ་བའི་མགོན་པོའི་ལྷ་ཁང་དུ་གདན་དྲངས་པས་གར་ལོག་གི་གནོད་པ་ཡང་མ་བྱུང་། མ་ག་དྷར་ཚད་པའི་ནད་བྱུང་བ་འཐོན་ནས་ཤུ་བར་སོང་། སླར་ཏི་ར་ཧུ་ཏིར་ཡང་ཚད་པས་ཟིན། དེ་ནས་དལ་གྱིས་བོད་དུ་ཕེབས། ཞེས་གསལ་ལོ།།

དེ་བཞིན་དགེ་བསྙེན་ཆོས་དཔལ་དར་དཔྱང་ (དུས་རབས་13པ།) གིས་མཛད་པའི་ཆག་ལོ་ཙཱ་བ་ཆོས་རྗེ་དཔལ་ (1197-1264) གྱི་རྣམ་ཐར་ལས[2]། ཏུ་རུཥྐས་ཉམས་དམའ་བར་བྱས་པས། ཞབས་ཏོག་བྱེད་པ་དང་། མཆོད་པ་འབུལ་མཁན་མེད་པ་ཤས་ཆེ་སྟེ། སོ་ཕག་གིས་བརྩིགས་པས་མ་ཞིག་པ་མང་པོ་འདུག །ཅེས་དང་། ཡང་དེ་ཉིད་ལས[3]། དེར་བཞུགས་པའི་ཤུལ་དུ་ཅིག་ཅར་དུ་ཏུ་རུཀྵའི་[4]དམག་སུམ་བརྒྱ་ཙམ་མཚོན་ཆ་ཟིང་ངེ་བ་བྱུང་སྟེ། བཀྲོང་ངེས་པར་འདུག་ཀྱང་མ་རྙེད་པས་སྐྱེངས་ནས་ལོག་སོང་ངོ་། །ཡོན་བདག་བཟའ་མི་གཉིས་པོ་ཞག་འགའ་ལྕགས་བཅུག་སྟེ། དེ་ནས་བཏང་བྱུང་ངོ་། །མགོན་པོའི་སྐུ་དེ་ཞལ་གཅིག་ཕྱག་བཞི་པ། ཆེ་ཆུང་མི་བས་ཆེ་ཙམ་ཞིག །མིས་སྣུམ་མཉེད་བྱས་ནས་སྔོ་ཀྲེད་ཀྲེད་པ། ལྟེ་བའི་ཐད་ཀར་མགོ་གཏུགས་ནས་བྱིན་རླབས་ཞུས་པས་ཟད་པ་ལ། རྡོ་སྲན་ཟན་མདོག་ཏུ་སྣང་། ཞེས་གསུངས་སོ།།

དེ་བཞིན་མཁས་དབང་དགེ་ཆོས་ (1903-1951) ཀྱིས་མཛད་པའི་གཏམ་རྒྱུད་གསེར་ཐང་མ་ལས[5]། དེ་ནས་ལོ་ལྔ་བརྒྱ་ཙམ་ཆག་ཆོས་རྗེ་དཔལ་བྱོན་སྐབས་ཏུ་རུ་ཀ་སླེབས་ཏེ་བླ་མ་བགྲེས་པ་དང་ལྷན་དུ་དགོན་པའི་སྐུ་རྒྱབ་ཏུ་བྲོས་པ་སོགས་རྒྱས་པར་དེ་ཉིད་ཀྱི་རྣམ་ཐར་ན་གསལ། དེའི་བར་ལ་རང་རེའི་ཡུལ་དུ་སངས་རྒྱས་ཀྱི་བསྟན་པ་བཙུགས་པ། དར་བ། འཇིག་པ། སླར་གསོས་པ་སོགས་རྒྱལ་རབས་ཀྱི་ལེའུ་མང་པོ་རྫོགས། དེ་སྐབས་གསར་མའི་མཁས་གྲུབ་དེ་ཙམ་མང་བ་དགོན་འདི་དང་། བི་ཀྲ་མ་ཤི་ལ་སོགས་སུ་སྔ་ཕྱིར་བྱོན་མོད། དུས་ཀྱི་ཆ་བགོས་ན་ཕལ་ཆེར་དེ་ཐམས་ཅད་ཀྱང་མི་ཐོག་གཅིག་གི་ཡུན་ཙམ་དུ་བྱོན་པ་ཡིན་ཅིང་། དུས་དེ་ནི་རྒྱ་གར་དུ་བསྟན་པའི་གནས་ཚད་མཐའ་རང་ལ་ཉེ་བའི་སྐབས་ཁོ་ནར་སྣང་། ཁ་ཆེ་པཎ་ཆེན་བསོད་སྙོམས་པའི་རྗེས་ཙམ་ལ་དགོན་པ་གཉིས་ཀ་ཀླ་ཀློའི་དམག་གིས་རྩ་མེད་དུ་བཏང་། ནལནྡཱ་འཇིག་ཟིན་པ་སྔ་མོ་ཞིག་ནས་རང་རེ་ཡུལ་དུ་གྲགས་པར་འདུག་མོད། དགོན་འདི་ལ་གཅེས་འཛིན་ཆེ་དྲགས་པའི་རྐྱེན་གྱིས་གཏམ་ངན་དེ་ཐམས་ཅད་མ་འདོད་པའི་སྟེང་དུ་ཨ་ཙ་ར་གླ་རྩི་སྒྲུབ་མཁན་འགའ་རེའི་བརྫུན་ལ་བློ་གཏད་དེ་ད་དུང་ནལནྡཱའི་གཙུག་ལག་ཁང་ཡོད་ཁུལ་མང་པོ་བྲིས་ཏེ་སེམས་གསོ་འདྲ་བྱས། དོན་ལ་ཀླ་ཀློ་ཀུཏ་བུ་དིན་གྱིས་སངས་རྒྱས་འདས་རྗེས་ཀྱི་ལོ་ ༡༢༠༥ ད་ལྟ་བར་ལོ་བདུན་བརྒྱ་དང་སུམ་ཅུ་སོ་བདུན་ཙམ་སོང་། དེའི་རིང་ལ་རྩིག་གོག་རྣམས་ཀྱང་རིམ་གྱིས་ཞིག་སྟེ་ས་དང་ཁད་མཉམ་དུ་གྱུར་ཏེ་ཨ་མྲའི་ནགས་ཚལ་སྐྱེས།

དེ་ནས་ད་ལྟའི་ལོ་འདི་དག་ཏུ་རྒྱ་གར་སྤྱི་ནས་འགྲོ་སོང་ཚད་མེད་ཅིག་བཏང་སྟེ་ལོ་གཉིས་ཀྱི་ཡུན་ལས་ཕལ་ཆེར་བསལ་ན། ད་དུང་དགེ་འདུན་གྱི་བྲང་ཁང་ཐོག་སོ་གཉིས་རིམ་ཙམ་ས་འོག་ནས་འཐོན་ཏེ། ད་ལྟ་རྒྱུས་མེད་ཅིག་གིས་བལྟས་ན་འཇིག་ནས་ལོ་ལྔ་བཅུ་ལྷག་ཙམ་སྙམ་པར་འཆར། སྔར་ཐོག་སོ་བཞི་ཡོད་པ་སྟེང་མ་གཉིས་ནི་ཞིག་ཟིན། དེ་ལྟར་ན་བཙུན་པ་ཝེན་ཚག་གི་ནལནྡཱ་ཆོས་དང་འབྱོར་པས་བརྒྱན་པ་དགའ་ལྡན་ལྷ་ཡི་གནས་དང་མཚུངས་པ་གཅིག །དེ་ནས་ཆག་ཆོས་རྗེ་དཔལ་གྱི་ནལནྡཱ་ཏུ་རུ་ཀའི་དམག་གིས་ཉེན་ཏེ་འཚུབ་ལིང་ངེ་བ་གཅིག །དེ་ནས་མི་བསོད་ཟད་ཀྱི་ན་ལེནྡྲ་རྩིག་གོག་དམར་ཧང་ངེ་གཅིག་སྟེ། དར་བ་དང་རྒུད་པ་དང་སྟོང་པའི་གནས་སྐབས་གསུམ་རྫོགས་པ་ཞེས་བྱའོ། །ཞེས་གསལ་བ་ལྟར། དཔལ་ནཱ་ལེནྡྲ་གཙུག་ལག་ཁང་ནི་ནང་པ་སངས་རྒྱས་པའི་ཆོས་ཕྱོགས་ནས་ཁྱད་དུ་འཕགས་ཤིང་། མཛད་རྗེས་བླ་ན་མཐོ་བར་མ་ཟད། བཟོ་གསོ་སྒྲ་ཚད་དང་། གནམ་རིག་སྐར་རྩིས་སོགས་ཕྱི་ནང་ཐུན་མོང་གི་རིག་གནས་ཀུན་ལ་མཛད་རྗེས་ཤིན་ཏུ་ཆེ་ན་ཡང་། ཀླ་ཀློའི་དམག་གིས་རྒྱ་གར་འཕགས་ཡུལ་དུ་དཔུང་འཇུག་གཡུལ་འགྱེད་ཐེངས་བཅུ་བདུན་བྱས་ཏེ། མཐར་མར་མེ་ལ་ཕུ་བཏབ་པ་ལྟར་ནང་པའི་ཆོས་སྡེ་ཆེན་པོ་འདི་ཉིད་ཀྱང་རྩ་མེད་དུ་གཏོར། པར་སིག་སྟེ་ཨི་རག་གི་ལོ་རྒྱུས་མཁས་པ་ཞིག་གིས་ཁོང་གི་ལོ་རྒྱུས་རེག་ཟིན་དུ། ཀླ་ཀློའི་དམག་གིས་ནཱ་ལེནྡྲར་དཔུང་འཇུག་བྱས་པའི་རྗེས་སུ་གཙུག་ལག་ཁང་དུ་བཞུགས་པའི་དཔེ་ཆ་རྣམས་ཟླ་བ་འགའ་ལ་མེར་བསྲེགས་པ་དང་། ཉིན་བསྟུན་མར་གླེགས་བམ་རྣམས་མེར་བསྲེགས་པའི་དུ་བ་དགུང་ལ་འཕྱུར་ཏེ། རི་མགོར་དུད་སྤྲིན་ཆགས་པ་ལྟར་དུ་གྱུར། ཅེས་ཀྱང་བྲིས་ཡོད།

ནཱ་ལེནྡྲའི་གཙུག་ལག་ཁང་དང་། གསུང་རབ་གླེགས་བམ་བཞུགས་ཡུལ་གྱི་དཔེ་མཛོད་ཁང་སོགས་ལ་ཆག་འཇིག་ཤིན་ཏུ་ཆེན་པོ་ཐེབས་པར་མ་ཟད། ནཱ་ལེནྡྲའི་དགེ་འདུན་པ་རྣམས་ཀྱང་ཕྱོགས་བཞིར་འཐོར་བ་དང་། ཕལ་མོ་ཆེ་བོད་གངས་ཅན་གྱི་ལྗོངས་སོགས་སུ་བྲོས། དེ་ལྟར་སྔར་གྱི་ཉི་མ་སྟོང་གི་འོད་ལྟར་གཟི་དཔལ་ཤིན་ཏུ་ཆེ་བ་དེ་ཉིད་མེད་པར་གྱུར་ལ། ལོ་ཟླ་རིམ་སོང་གིས་མི་རྣམས་ཀྱིས་ཀྱང་ཆོས་གཞི་ཆེན་པོ་འདི་ཉིད་བརྗེད་པར་གྱུར་ཏེ། མཐར་མིང་དང་གྱང་རོ་འགའ་ལས་མ་ལྷག་པར་གྱུར་རོ།།

ནཱ་ལེནྡྲའི་གཙུག་ལག་སློབ་གཉེར་ཁང་འདི་ཉིད་སྤྱིར་འཛམ་གླིང་དང་། བྱེ་བྲག་རྒྱ་གར་འཕགས་ཡུལ་གྱི་གནའ་བོའི་ལོ་རྒྱུས་ཀྱི་ཟིན་བྲིས་ཤིག་ཏུ་གྱུར་ཡོད་ཀྱང་། ད་ཆ་ང་ཚོའི་མིག་ལམ་དུ་མཇལ་རྒྱུ་ཡོད་པ་ནི་གནའ་བོའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཆེན་པོ་འདིའི་བྱུང་རབས་ལོ་རྒྱུས་ཀྱི་བདེན་དཔང་གཅིག་ནི། བྷི་ཧར་མངའ་སྡེའི་རྒྱལ་ས་པ་ཊ་ནའི་ཤར་ལྷོའི་ཕྱོགས་ཀྱི་མལ་ལེ་ ༩༠ སར་ཡོད་པའི་སོ་ཕག་ཞིག་རོའི་རྩིག་གྱང་དམར་ཧང་ངེར་ཡོད་པ་དེ་ཡིན།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] དེབ་ཐེར་སྔོན་པོ། ༼སྨད་ཆ།༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༤ ལོ། ཤོག་གྲངས་ ༡༢༢༩

[2] ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༠ ནས་༤༨ བར།

[3] ཆག་ལོ་ཙཱ་བའི་རྣམ་ཐར། བོད་ཀྱི་དཔེ་མཛོད་ཁང་། ༢༠༡༡ ལོ། ཤོག་གྲངས་ ༤༠ ནས་༤༨ བར།

[4] དུ་རུ་ཀྵ་དང་། ཏུ་རུ་ཀྵ། དྲུ་གུ་སོགས་ནི་མིང་གི་རྣམ་གྲངས་དང་། དེང་གི་ (Turkey) ཀྲ་ཀི་ལ་གོ་བ་ཡིན།

[5] གཏམ་རྒྱུད་གསེར་ཐང་། ༼༡༽ བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༡༩༩༠ ལོ། ཤོག་གྲངས་ ༣༣༤

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༥༠༥ ནས་ ༥༡༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *