རྡོ་འཇོག་ཡུལ་དུ་རྒྱལ་པོའི་རིགས་སུ་འཁྲུངས། །
ཞི་འཚོའི་དྲུང་ནས་བྱམས་པའི་སྒྲུབ་ཐབས་ཞུས། །
བྱམས་པའི་ཞལ་གཟིགས་སྦས་དོན་མན་ངག་གི །
ཤེར་ཕྱིན་རྒྱས་མཛད་སེངྒེ་བཟང་པོར་འདུད། །
ཅེས་བསྟོད་ཕྱག་སྟོན་དུ་བཏང་སྟེ། སློབ་དཔོན་འདི་ཉིད་ཀྱི་ལེགས་སྦྱར་གྱི་མཚན་ལ་སིཾ་ཧ་བྷ་དྲ་ (हरिभद्र) (Simhabhadra) དང་། རྒྱའི་སྐད་དུ་ (獅子賢) དང་།
བོད་སྐད་ཀྱི་མཚན་ལ་སློབ་དཔོན་སེངྒེ་བཟང་པོ་ཞེས་ཞུ་ཞིང་། གནྡྷ་ར་སྟེ་དྲི་ཟའི་ཡུལ་ལམ་གྲོང་ཁྱེར་རྡོ་འཇོག་ཏུ་རྒྱལ་རིགས་སུ་སྐུ་འཁྲུངས། མཁན་པོ་རྣམ་སྣང་མཛད་བཟང་པོའི་སྤྱན་སྔར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཚིག་དོན་གཉིས་ཀར་མཁས་པར་གྱུར། ལྷག་པར་བྱམས་པས་ལུང་བསྟན་ནས་ཤེར་ཕྱིན་གྱི་བསྟན་བཅོས་མཛད་ནས་ཕར་ཕྱིན་ལ་མཁས་པའི་ཕུལ་དུ་གྱུར། གདན་ས་དཔལ་ནཱ་ལེནྡྲ་དང་། ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང་། ཁ་སརྤ་པ་ཎིའི་གཙུག་ལག་སོགས་སུ་མཛད་ཅིང་། རྒྱལ་པོ་དྷརྨ་པཱ་ལས་མཐུན་རྐྱེན་སྦྱར་ནས་ཚ་བ་གསུམ་གྱི་གཙུག་ལག་ཁང་དུ་རྨད་བྱུང་ལེགས་བཤད་ཀྱི་བསྟན་བཅོས་ཤེར་ཕྱིན་གྱི་གསུང་འགྲེལ་པ་དོན་གསལ་སོགས་ཆོས་ཚན་བཞི་དང་། རྣམ་དབྱེའི་ཚིག་ལེའུར་བྱས་པ་བཅས་ ༥ མཛད་པ་བསྟན་འགྱུར་དུ་བཞུགས། སློབ་མ་རྒྱལ་པོ་དྷརྨ་པཱ་ལ་དང་། སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་སོགས་བསྟན་ལ་མཛད་རྗེས་ཆེ་བའི་སྐྱེས་བུ་དམ་པ་མང་དུ་བསྐྱངས། ཕར་ཕྱིན་རིགས་གཅིག་རྐང་འཛིན་དང་། པཎ་གྲུབ་བཅུ་བདུན་ལས་བཅུ་བཞི་པ་ཡིན་ལ། རྒྱ་ཆེན་གཞུང་ལ་བསླབས་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་ལ། རྗེ་བཙུན་བྱམས་པ་མགོན་པོའི་ཞལ་ཡང་གཟིགས། དགུང་ལོ་ཇི་བཞུགས་མི་གསལ་ཡང་། ཕྱི་ལོ་ ༨༡༠ ཙམ་ལ་མྱ་ངན་ལས་འདས་པ་བཅས་སོ།། །།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།