༢༨༽ སློབ་དཔོན་ཧཱུཾ་ཀ་རའི་རྣམ་ཐར།

༢༨༽ སློབ་དཔོན་ཧཱུཾ་ཀ་ར།

 

དེ་ཡང་བལ་པོའི་སློབ་དཔོན་ཧཱུཾ་ཀ་ར་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[1]། བལ་པོའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས། རིག་བྱེད་སོགས་དང་མུ་སྟེགས་གཞུང་ལུགས་ལ་ཤིན་ཏུ་མཁས་ཤིང་ནུས་པའང་ཐོབ། ཕྱིས་སངས་རྒྱས་ཀྱི་བསྟན་པ་ལ་མཆོག་ཏུ་དད་པས། ཡུལ་དབུས་སུ་ནཱ་ལེནྡྲར་སློབ་དཔོན་སངས་རྒྱས་ཡེ་ཤེས་དང༌།

པཎྜི་ཏ་སྒྲ་གཅན་འཛིན་བཟང་པོ་ལས་རབ་ཏུ་བྱུང༌། ཕར་ཕྱིན་ནས་བཟུང་གསང་སྔགས་ཕྱི་ནང་གི་བར་གྱི་ཐོས་པས་རྒྱུད་སྦྱངས། དབང་བསྐུར་བ་ནོད་ཅིང་གདམས་པ་དང་རྗེས་སུ་གདམས་པ་མཐའ་དག་ནོས། ཁྱད་པར་དཔལ་ཧེ་རུ་ཀའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཚེ་མེ་ཏོག་ཁྲོ་བོ་ཧཱུྃ་མཛད་ལ་ཕོག །ཡུན་རིང་དུ་བསྒོམས་པས་རིམ་པ་གཉིས་ཀྱི་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེས་ཤིང༌། ཟླ་བ་དྲུག་ཏུ་བསྒྲུབས་ན་དངོས་གྲུབ་ཐོབ་པར་དགོངས་ཏེ་ལས་རྒྱ་གདོལ་པའི་བུ་མོ་ཨུཏྤལ་སྔོན་པོའི་ཁ་དོག་ལྟ་བུ་རྡོ་རྗེའི་རིགས་ཀྱི་ཕྱག་རྒྱའི་མཚན་ཉིད་ཚང་བ་ཞིག་དགོས་པས། ཕྱོགས་གཞན་ཞིག་ནས་བཙལ་བ་མ་རྙེད་ནས་ཕ་མ་ལ་བསླངས་པས། དེ་རྣམས་ན་རེ། བྲམ་ཟེའི་སློབ་དཔོན་ཁྱེད་སྨྱོ་བ་ཡིན་ནམ། ངེད་གདོལ་པའི་རིགས་ཡིན་པས་ཁྱེད་ཉིད་དང་ངེད་རྣམས་ལའང་ཆད་པ་མི་འོང་ངམ་ཟེར། ང་ལ་སྒྲུབ་པའི་རྟེན་དུ་དགོས་པས་ཐ་མལ་གྱི་རིགས་ཉམས་པ་སོགས་ཀྱི་ཆད་པ་མི་འོང་བྱས་པས། འོ་ན་བུ་མོའི་ལུས་དང་མཉམ་པའི་གསེར་དངུལ་དགོས་ཟེར། དེར་སློབ་དཔོན་གྱིས་སྐད་ཅིག་ལ་ས་འོག་གི་གཏེར་ཕྱུང་སྟེ་དེ་རྣམས་ལ་སྦྱིན། དེ་ནས་སློབ་དཔོན་ཕྱག་རྒྱར་བཅས་པས་རི་ཕུག་ཏུ་བསྙེན་པ་དང༌། ཉེ་བར་བསྙེན་པ་དང༌། སྒྲུབ་པ་རྣམས་ཟླ་བ་དྲུག་གི་རིང་བྱས་པས། ཡར་ངོའི་ཚེས་བརྒྱད་ཀྱི་ཐོ་རེངས་ཀྱི་དུས་སུ་ནམ་མཁའ་ལ་ཧཱུྃ་གི་སྒྲ་ཆེན་གྲགས། བཛྲ་ཧེ་རུ་ཀ་སོགས་དཀྱིལ་འཁོར་ཐམས་ཅད་མངོན་སུམ་དུ་མཐོང༌། སྒྲུབ་པ་ཆེན་པོའི་ལམ་གྱི་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་བོ། །དེའང་སྒྱུ་འཕྲུལ་ལམ་རིམ་ལས[2]།

ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །

དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །

ཅེས་བཤད་པའི་སྔ་མའོ། །སློབ་དཔོན་འདིས་བསྐྱེད་རྫོགས་གསུམ་དང༌། སྔགས་བརྒྱུད་གཞན་གྱིས་ཀྱང་འགྲོ་བ་མང་པོའི་དོན་མཛད་ལ། ཡང་དག་རུ་ལུ་གསེར་ཕྲེང་དང༌། སངས་རྒྱས་མཉམ་སྦྱོར་གྱི་མན་ངག་ཡན་ལག་བཞིའི་དོན་སྣང་བར་བྱེད་པ་དང༌། ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་སོགས་རིམ་པ་གཉིས་ཀྱི་བསྟན་བཅོས་ཀྱང་མང་དུ་མཛད་ནས། མཐར་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་མི་འཁྲུག་པའི་ཞིང་དུ་ཁྱུང་གི་རྒྱལ་པོ་འཕུར་བ་ལྟར་བཞུད་དོ།།

སློབ་དཔོན་འདི་ནི་རིག་འཛིན་བརྒྱད་ཀྱི་ནང་ཚན། ཧེ་རུ་ཀ་གལ་པོ་སོགས་ཡང་དག་ཐུགས་ཀྱི་བཀའ་བབས་ཅན་ཏེ། དུས་རབས་ནི་རགས་རྩིས། བརྒྱ་ཕྲག་བཅུ་པའི་ནང་ཙམ་དུ་འཕྲིན་ལས་རྒྱས་པའི་སྐབས་བསམ་མོ། །འདི་ལས་བསྐྱེད་རིམ་གྱི་བཀའ་རྣམས་སློབ་དཔོན་ཨ་བ་དྷུ་ཏི་པ་དང༌། ཨོ་རྒྱན་གྱི་སློབ་དཔོན་སངས་རྒྱས་དཔལ་ཞི་བས་ཞུས། དེ་ལས་རྡོ་རྗེ་གདན་པ་ཆེན་པོས་ཞུས་ཤིང༌། དེ་ལས་སློབ་དཔོན་ཆེན་པོ་འཇིགས་མེད་འབྱུང་གནས་སྦས་པ་སློབ་མའི་ཚོགས་དང་བཅས་པ་འཁྲུངས་པ་ཡིན་ནོ། །ཞེས་པ་ལྟར་ན། སློབ་དཔོན་འདིའི་སྐུ་ཚེའི་ཚད་བརྗོད་པ་ནི་ཧ་ཅང་དཀའ་བ་ཕལ་གྱི་སྣང་ཚོད་ལས་འདས་པ་ལྟ་བུ་ཞིག་སྟེ། ཞིབ་ཏུ་དཔྱད་པར་བྱའོ། །འོན་ཀྱང༌བརྒྱ་ཕྲག་ ༡ པོའི་ནང་བྱོན་པའི་རིག་འཛིན་ལྷན་འཛོམས་ནས་གཏེར་བཞེས་པའི་ལོ་རྒྱུས་ཡོད་དོ།།

དེ་ལྟར་སློབ་དཔོན་ཧཱུཾ་ཀ་ར་ནཱ་ལེནྡྲའི་པཎ་གྲུབ་ཡིན་པ་ནི། དཔལ་ཁྲག་འཐུང་ཆེན་པོའི་སྒྲུབ་ཐབས་ཡང་དག་པར་གྲུབ་པ་ཞེས་བྱ་བ། གྲུབ་པའི་སློབ་དཔོན་ཆེན་པོ་བཛྲ་ཧཱུཾ་ཀ་རའི་ཞལ་སྔ་ནས་མཛད་པ། བོད་ཀྱི་ལྷ་བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་བཀའ་ལུང་གིས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ། རྒྱ་གར་གྱི་མཁན་པོ་ཧཱུཾ་ཀ་ར་དེ་ཉིད་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་གནུབས་ནམ་མཁའི་སྙིང་པོས་བསྒྱུར་ཅིང་གཏན་ལ་ཕབ་པ། ཞེས་བྱུང་བ་ལས་ཀྱང་ཤིན་ཏུ་གསལ་ལོ། །གཞན་ཡང་ར་ཏ་བཛྲ་ནི་ནཱ་ལེནྡྲའི་པཎྜི་ཏ་ཞིག་ཡིན་པར་སྣང་ཡང༌། རྣམ་ཐར་རྒྱས་པ་མ་རྙེད་དོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༢༥༠

[2] བསྟན་འགྱུར་དཔེ་བསྡུར་མ། རྒྱུད། ༼ཟུ༽ དེབ་ཨང་ ༤༣ པ། ༢༠༠༨ ལོ། ཤོག་གྲངས་ ༡༠༢༦

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༦༠ ནས་ ༤༦༢ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *