༢༠༽ གྲུབ་ཆེན་ཀུ་ཀུ་རི་པ།
དེ་ཡང་གྲུབ་ཆེན་ཀུ་ཀུ་རི་པ་སྟེ། གྲུབ་ཆེན་ཁྱི་ལ་དགའ་འམ་ཁྱི་གུ་པ་ནི། ཀརྨ་ཚེ་དབང་ཀུན་ཁྱབ་ (དུས་རབས་18པ།) ཀྱིས་བརྩམས་པའི་སྒྲུབ་བརྒྱུད་ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་པར་ཐར་པ་རབ་འབྱམས་ནོར་བུ་ཟླ་བ་ཆུ་ཤེལ་གྱི་ཕྲེང་བ་ལས[1]། སློབ་དཔོན་ཀུ་ཀུ་རི་པ་ནི། ཤར་ཕྱོགས་བྷངྒ་ལར་འཁྲུངས། ནཱ་ལེནྡའི་དགེ་སློང་པཎྜི་ཏ་ཞིག་ཡིན། ནགས་ཚལ་དབེན་པ་ཞིག་ཏུ་རྩེ་གཅིག་བསྒོམས་པས།
དེར་ཐུན་མོང་གི་དངོས་གྲུབ་མང་པོ་ཐོབ། ནང་གཅིག་ཕུག་པའི་ནང་དེར་ཁྱི་གུ་མོ་ཞིག་བྱུང་། ཉིན་ཞག་འགའ་ཞིག་ཟས་ཀྱིས་གསོས། དེར་ལྷ་རྣམས་ཀྱིས་སློབ་དཔོན་སྤྱན་དྲངས་ཏེ་སུམ་ཅུ་རྩ་གསུམ་དུ་འདུག་པ་ལ། ཁྱི་གུ་དྲན་ཏེ་མི་ཡུལ་དུ་འགྲོ་བྱས་པས་ལྷ་རྣམས་ཀྱིས་ཁྱེད་ཡུན་རིང་དུ་ཏིང་ངེ་འཛིན་བསྒོམས་ན། ད་དུང་ཁྱི་གུའི་རྣམ་རྟོག་མ་ཆོད་པ་ཟེར་བ་ལྟར་ཉན་ཏེ་ལོ་བཅུ་གཉིས་སུ་བཞུགས། དེ་ནས་རང་གནས་སུ་བྱོན་པས། ཁྱི་གུ་དེས་ལག་གིས་བྲུས་པས་ཆུ་མིག་ཀྱང་རྡོལ་སྣང་བ། ཁྱི་གུ་ལག་ཏུ་བླངས་པས། བུད་མེད་མཛེས་མ་རྒྱན་གྱིས་སྤྲས་པ་ཞིག་ཏུ་གྱུར། དེ་ནི་རྡོ་རྗེ་ཕག་མོ་ཡིན་ཏེ། དེ་དང་ལྷན་ཅིག་ཏུ་སྤྱོད་ཅིང་སྐྱེ་བོའི་མངོན་སུམ་དུ་ཁྱི་མོར་སྤྲུལ་པས་ཀུ་ཀུ་རི་པ་ཞེས་གྲགས། དེས་མཁའ་འགྲོ་མའི་གནས་ནས་སྒྱུ་མ་ཆེན་མོ་སོགས་རྒྱུད་མང་པོ་སྤྱན་དྲངས་ཏེ། པདྨ་བཛྲ་ཞེས་པའི་ཙརྱ་པ་ཞིག་ལ་གནང་། དེས་ཏཻ་ལོ་པ་ལ་གནང་བ་ཡིན་ནོ། །
ཙརྱ་པ་ཟེར་བ་སྤྱོད་པ་བ་རྣམས་ལ་ཟེར་བ་ཡིན་གྱིས་ནག་པོ་སྤྱོད་པ་ཁོ་ན་ལ་ཟེར་བ་མིན་པ་ཤེས་དགོས་སོ། །དེ་ལྟར་བཀའ་བབས་ཆེན་པོ་བཞིའམ་དྲུག་གི་ལོ་རྒྱུས་འདི་ནི་བོད་འདིར་བྱུང་བའི་ལོ་རྒྱུས་རྙིང་པ་དང་། པཎྜི་ཏ་ས་དབང་བཟང་པོས་མཛད་པའི་ཆོས་འབྱུང་དང་། རྒྱ་པཎ་རྣམས་ཀྱི་གསུང་སྒྲོས་ཀྱིས་བརྒྱན་པ་རྗེ་ཏཱ་ར་ནཱ་ཐས་མཛད་པ་རྒྱ་གར་ཆོས་འབྱུང་དང་། བཀའ་བབས་བདུན་གྱི་ལོ་རྒྱུས་སོགས་གུང་བསྒྲིགས་ཏེ་བཀོད་པ་ཡིན་ནོ། །ཞེས་བྱུང་ལ། སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་འབུམ་ལས་[2]ཀྱང་དེ་བཞིན་དུ་གསལ་བ་ལྟར། སློབ་དཔོན་ཀུ་ཀུ་རི་པ་ཡང་དཔལ་ནཱ་ལེནྡའི་དགེ་སློང་པཎྜི་ཏ་ཞིག་ཡིན་ནོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] ཀརྨ་ཀཾ་ཚང་གི་བརྒྱུད་པ་རིན་པོ་ཆེའི་རྣམ་ཐར། ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༨༧༢
[2] སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གསུང་འབུམ། པོད། ༼༡༡༽ ཤིང་དཔར་དཔེ་རིང་། ཤོག་གྲངས་ ༢༢བ༤
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༤༣༧ ནས་ ༤༣༨ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།