༦༽ པཎ་ཆེན་བི་མ་ལ་མི་ཏྲ།
དེ་ཡང་སློབ་དཔོན་རིན་པོ་ཆེས་མཛད་ཅིང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-1360) བཀའ་ཐང་སྡེ་ལྔ་ལས[1]།
ཁ་ཆེའི་མཁས་པ་མ་ཧཱ་རཱ་ཛ་ཡིས༔ རྒྱ་གར་ཡུལ་གྱི་ཤྲཱི་ནཱ་ལེནྡྲར༔
པཎ་ཆེན་མཁས་པ་བི་མཱ་མི་ཏྲ་ལ༔ ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར༔
ཞེས་གསུངས་པ་ལྟར། ཁ་ཆེའི་མཁས་པ་མཧཱ་རཱ་ཛ་དང་། པཎ་ཆེན་བི་མཱ་ལ་མི་ཏྲ་རྣམ་གཉིས་ཀྱང་དཔལ་ནཱ་ལེནྡྲའི་མཁས་པ་ཡིན་པར་གསལ་བ་ལས། བི་མ་ལ་མི་ཏྲ་སྟེ་པཎ་ཆེན་དྲི་མེད་བཤེས་གཉེན་ནི། ཕྱི་ལོའི་དུས་རབས་བརྒྱད་པར་བྱོན་པའི་དཔལ་ནཱ་ལེནྡྲའི་པཎ་གྲུབ་ཅིག་སྟེ། དེ་ཡང་མཁས་དབང་བྱམས་པ་འཕྲིན་ལས་ (1928-2011) མཆོག་གིས་བརྩམས་པའི་བོད་ཀྱི་སྨན་པ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས་ལས[2]། བི་མ་ལ་མི་ཏྲ་ནི་ལེགས་སྦྱར་སྐད་དང་། བོད་སྐད་ལ་དྲི་མེད་བཤེས་གཉེན་ཞེས་སུ་གྲགས་པ་དེའི་འཁྲུངས་ཡུལ་ནི། རྒྱ་གར་ནུབ་ཕྱོགས་གླང་པོའི་སྒང་གི་གྲོང་ཁྱེར་ན་ཁྱིམ་བདག་བདེ་ཆེན་འཁོར་ལོའི་སྲས་སུ་བལྟམས། སློབ་དཔོན་ཤྲཱི་སིངྷ་ལ་སོགས་པ་བསྟེན་ཏེ་རིག་པའི་གནས་བཅུ་ཕྲག་ལ་མཁས་ཤིང་། རྫོགས་པ་ཆེན་པོའི་ཕྱི་ནང་གསང་བའི་སྐོར་ཐུགས་ཉམས་སུ་བསྟར་བས་མཆོག་གི་དངོས་གྲུབ་བརྙེས།

གདུང་སྒྲུབ་ལས[3]། འཁོར་འདས་ཐམས་ཅད་རིག་ན་སངས་རྒྱས་ཏེ། །མ་རིག་འཁྲུལ་པའི་རྩོལ་བ་བྲལ་ནས་སངས། །གསེར་འགྱུར་རྩི་ལྟར་ཡེ་ཤེས་རང་གནས་མཐོང་། །བི་མ་མི་ཏྲས་ཡོན་ཏན་དབང་བསྐུར་ཅིག །ཅེས་གསུངས་པ་ལྟར་དང་། དེ་བཞིན་༸མི་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ (1653-1705) མཛད་པའི་གསེར་གདུང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག་ལས[4]། བསིལ་ལྡན་ཕན་བདེའི་མགྲོན་དུ་ཕེབས། རྗེ་བླ་མའི་ཡང་སྲིད་མངའ་བདག་ཚངས་པ་ལྷའི་མེ་ཏོག་དང་། སྲས་མུ་ནེ་བཙན་པོ་ཡབ་སྲས། ཉང་ཏིང་འཛིན་བཟང་པོ། བཻ་རོ། སྐ་ཅོག་སོགས་མཐའ་ཡས་པ་སྨིན་པར་མཛད། འཇའ་ལུས་རྡོ་རྗེའི་སྐུ་གྲུབ་པས་རྒྱ་ནག་རི་བོ་རྩེ་ལྔར་བྱོན་ཞིང་། བསྐལ་པ་མ་སྟོངས་བར་བཞུགས་ཤིང་། མི་ལོ་བརྒྱ་ན་སྤྲུལ་པ་རེས་འགྲོ་བའི་དོན་དུ་བོད་ལ་འབྱོན་པར་གྲགས་པ་ཡོན་ཏན་གྱི་རིག་འཛིན་བི་མ་ལ་མི་ཏྲ་ཞེས་གསུངས་སོ།།
དེ་བཞིན་མངའ་བདག་ཉང་རལ་ཉི་མ་འོད་ཟེར་ (1124-1192) གྱིས་མཛད་པའི་བཀའ་ཐང་ཟངས་གླིང་མའི་སློབ་དཔོན་བི་མ་ལ་མི་ཏྲ་དྲི་མེད་བཤེས་གཉེན་སྤྱན་དྲངས་པ་དང་བཻ་རོ་ཙ་ན་སྤྱུགས་པར་འགྱོད་པ་སྐྱེས་པའི་ལེའུ་ལས[5]། དེ་ནས་རྒྱལ་པོའི་ཐུགས་དགོངས་ལ༔ བོད་འདིར་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་ཞིག་བྱེད་དགོས་པས༔ རྒྱ་གར་གྱི་ཡུལ་ནས་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་བྱ་བ་བཞུགས་སྐད་པས༔ དེ་སྤྱན་དྲང་དགོས་སྙམ་པའི་ཐུགས་དགོངས་སྐྱེས་སོ༔ སློབ་དཔོན་བི་མ་ལ་མི་ཏྲ་ཡང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ཡིན་ཏེ༔ རྒྱ་གར་གྱི་རྒྱལ་པོ་དྷརྨ་ཨ་ཤྭ་ཀ་བྱ་བའི་སྲས་མོ་ལྷ་ལྕམ་དྷརྨ་བོ་དྷི་བྱ་བ་ཤིན་ཏུ་མཛེས་མ༔ ལྷའི་བུ་མོ་འདྲ་བ་ཞིག་ཡོད་པ་དེ་མེ་ཏོག་གི་ལྡུམ་རར་གཉིད་པའི་རྨི་ལམ་དུ༔ མི་དཀར་པོ་ཤིན་ཏུ་མཛེས་པ་ཞིག་བྱུང་ནས༔ བདུད་རྩི་བུམ་པ་གང་མོའི་སྤྱི་བོར་བླུགས་པས༔ ཚངས་པའི་བུ་ག་ནས་མར་སོང་བས་ལུས་བདེ་བས་གང་བ་ཞིག་རྨིས་ནས༔ ལུས་མི་བདེ་བ་མེད་པར༔ ཞག་ཉི་ཤུ་རྩ་གཅིག་ནས་བུ་ཞིག་བཙས་ཏེ༔ ཕ་མེད་བུ་བཙས་པ་ངོ་ཚ་ཆེའོ་ཞེས་ཁྱེར་ནས་བྱེ་མའི་གསེབ་ཏུ་བོར་རོ༔ ཡང་མོས་བལྟས་པས་མིག་བཀྲ་ཧྲིག་གེ་འདུག་ནས༔ སྙིང་རྗེ་སྟེ་བླངས་ནས་གསོས་པས༔ ཞག་ལོག་ཟླ་ལོག་གཞན་བས་སྐྱེད་ཆེ་བ་ཞིག་བྱུང་ནས༔ ལོ་ལྔ་ལོན་པ་དང༔ ན་ལེནྡྲའི་གཙུག་ལག་ཁང་དུ་སོང་སྟེ༔ པཎྜི་ཏ་རྣམས་ཀྱི་སྤྱན་སྔར་རིག་པའི་གནས་ལྔ་ལ་སྦྱངས་ནས༔ སྡེ་སྣོད་རྣམ་པ་གསུམ་དང༔ ལྷག་པར་ཡང་རྒྱུད་སྡེ་མཐའ་དག་ལ་མཁས་པར་གྱུར་ཏོ༔ སློབ་དཔོན་ཤྲཱི་སིཾ་ཧའི་སྤྱན་སྔར་རབ་ཏུ་བྱུང་ནས༔ མཚན་ཡང་བི་མ་ལ་མི་ཏྲར་བཏགས་སོ༔ དེ་ནས་མཁས་པའི་མཆོག་ཏུ་གྱུར་ཏེ༔ ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་ཙཀྲ་བྱ་བའི་བླའི་མཆོད་གནས་ཆེན་པོ་མཛད་དོ༔ བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ༔ པཎྜི་ཏ་ལྔ་བརྒྱ་དང་བཅས་ཏེ་བཞུགས་སོ༔ དེ་ནས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས༔ ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང༔ ཅོག་རོ་ཀླུའི་རྒྱལ་མཚན་དང༔ རྨ་རིན་ཆེན་མཆོག་དང་གསུམ་ལ་གསེར་ཕྱེ་བྲེ་གསུམ་བརྫངས་ནས༔ རྒྱ་གར་གྱི་བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་དུ༔ ཆོས་སྐྱོང་བའི་རྒྱལ་པོ་དྷརྨ་ཙཀྲ་ལ་གསེར་ཕུལ་ལ༔ ངའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་ཞུ་གྱིས་ལ༔ ལོ་ཙཱ་བ་ཁྱེད་གསུམ་གྱིས་སྤྱན་དྲོངས་ལ་ཤོག་ཅིག༔ ཅེས་བསྒོས་ནས་བཏང་ངོ༔ དེ་ནས་ལོ་ཙཱ་བ་གསུམ་གྱིས་བི་ཀྲ་མ་ལ་ཤཱི་ལའི་རྒྱལ་པོ་ལ་གསེར་ཕུལ་ནས་ཞུས་པ༔ བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱི་ཞལ་ནས༔ ཁྱེད་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པས༔ ངའི་སྐྱེས་ལན་དུ་ཕྱི་ནང་གི་ཆོས་མཐའ་དག་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་བྱ་དགོས་གསུང་བར་གདའོ་ཞུས་པས༔ རྒྱལ་པོ་དྷརྨ་ཙཀྲའི་ཞལ་ནས༔ འོ་ན་ངའི་བླ་མཆོད་པཎྜི་ཏ་ལྔ་བརྒྱ་ནངས་པར་གྱི་ཚ་བ་ལ་ཚོགས་པ་ལ་ཞུ་དགོས་གསུངས་ནས༔ ནངས་པར་གྱི་ཚ་བ་ལ་པཎྜི་ཏ་ལྔ་བརྒྱ་གདན་དྲངས་ནས༔ གསེར་གྱི་མཎྜལ་རེ་རེ་ཕུལ་ནས་ཞུས་པ༔ བོད་ཀྱི་ཆོས་སྐྱོང་བའི་རྒྱལ་པོས༔ ང་ལ་སྐྱེས་སུ་གསེར་བསྐུར་ནས༔ ཕྱི་ནང་གི་ཆོས་ཐམས་ཅད་ལ་མཁས་པའི་པཎྜི་ཏ་ཞིག་གཏང་བར་ཞུ་ཟེར་ནས༔ ལོ་ཙཱ་བ་འདི་གསུམ་སྤྱན་འདྲེན་དུ་བཏང་ནས་བྱུང་བས༔ གང་མཁས་པ་ཞིག་གཤེགས་པར་ཞུ༔ ཞེས་ཞུས་པས་པཎྜི་ཏ་ལྔ་བརྒྱའི་ནང་ནས་མཁས་པ་ཆེན་པོར་གྱུར་པ༔ སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲ་གུང་གྲལ་ན་བཞུགས་པས༔ གཡས་ཀྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ༔ གཡོན་གྱི་པཎྜི་ཏ་ཕྱེད་དང་སུམ་བརྒྱ་སྟེ༔ གཡས་གཡོན་གྱི་ལྔ་བརྒྱ་པོ་ཐམས་ཅད་བི་མ་ལ་མི་ཏྲའི་ཞལ་ལ་གཟིགས་ནས༔ དོན་ལ་ཁྱེད་བཞུད་དགོས་ཞུས་པས༔ བི་མ་ལ་མི་ཏྲའི་ཐུགས་དགོངས་ལ༔ བོད་ཀྱི་རྒྱལ་པོ་ཆོས་ལ་དད་པ་ཆེ་ཡང༔ བློན་པོ་རྣམས་ཆོས་ལ་གནག་པར་ཡོད་པར་འདུག་པས༔ ལོ་ཙཱ་བ་བཻ་རོ་ཙ་ན་ཡང་སྤྱུགས་པར་གྲགས༔ ངས་ཀྱང་འདུལ་བར་ནུས་སམ་མི་ནུས་ཆ་མེད༔ འོན་ཀྱང་བོད་ཀྱི་རྒྱལ་པོའི་དད་པ་མི་ཟློག༔ རྒྱ་གར་རྒྱལ་པོའི་བཀའ་མི་གཅོག་པའི་ཕྱིར༔ ཐེངས་གཅིག་འགྲོ་དགོས་དགོངས་ནས་བཞེངས་ཏེ༔ བོ་དྷི་སཏྭ་བརྡ་ཐིམ་ཞེས་ལན་གསུམ་གསུངས་པ་དང༔ ལོ་ཙཱ་བ་གསུམ་ལ་གོ་བ་མི་འདྲ་བ་གསུམ་བྱུང་སྟེ༔ སྐ་བ་དཔལ་བརྩེགས་ཀྱིས་གོ་བ་ལ༔ གཞུ་མོ་དག་ལ་བརྟེན་པའི་མདའ༔ སྐྱེས་བུའི་མཐེབ་མོས་རྩོལ་ཕོད་ན༔ མདས་ཀྱང་འབེན་དྲུང་ཕྱིན་པར་ནུས༔ ཞེས་གསུངས་ཏེ་བཞུད་པར་གོ༔ རྨ་རིན་ཆེན་མཆོག་གིས་གོ་བ་ལ༔ ཉག་ཐག་དག་ལ་བརྟེན་པའི་གྲུ༔ སྐྱེས་བུའི་སྐྱ་བས་རྩོལ་ཕོད་ན༔ གྲུས་ཀྱང་ཆུ་ལས་སྒྲོལ་བར་ནུས༔ ཞེས་གསུངས་ཏེ་བཞུད་པར་གོ༔ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་གོ་བ་ལ༔ ཡོན་ཏན་དག་དང་ལྡན་པའི་མི༔ རང་ཡུལ་མིན་པའི་ས་ཕྱོགས་སུ༔ ལུས་ཀྱི་བུམ་པ་གར་འགྲིལ་བ༔ སེམས་ཀྱི་ཆུ་བོ་དེ་རུ་འབོ༔ ཞེས་གསུངས་ནས་བཞུད་པར་གོ༔ དེ་ནས་རྒྱལ་པོ་དང་པཎྜི་ཏ་རྣམས་ཀྱི་བཀའ་ཐོབ་ནས༔ སློབ་དཔོན་བི་མ་ལ་མི་ཏྲ་ལོ་ཙཱ་བ་རྣམས་ཀྱིས་གདན་དྲངས་ཏེ༔ ཀ་པ་ལི་སོར་བཞི་པ་ཞིག་ཏུ་རྒྱ་ཡིག་འབྲུ་བརྒྱད་བྲིས་པ་ཞིག་བསྣམས་ནས་བསམ་ཡས་སུ་བྱོན་ཏེ༔ རྒྱལ་པོ་རྗེ་འབངས་རྣམས་ཀྱིས་བསུ་བ་མཛད་ནས༔ བསམ་ཡས་སུ་ཕྱགས་ཕེབས་ནས༔ འཁོར་ས་ཆེན་མོ་རུ་སྤྱན་དྲངས་པས༔ སློབ་དཔོན་གྱིས་རྒྱལ་པོ་ལ་ཕྱག་མ་འཚལ༔ ལྷ་ལ་ཡང་ཕྱག་མ་བཙལ་བས༔ བློན་པོ་རྣམས་ཀྱིས་ངེད་ཀྱི་གཙུག་ལག་ཁང་འདིར༔ སྔ་མ་ཡང་པཎྜི་ཏ་མང་པོ་སྤྱན་དྲངས་སོ༔ ཞེས་སོགས་བོད་དུ་ཇི་ལྟར་གདན་དྲངས་ནས་བསྟན་འགྲོའི་དོན་མཛད་པའི་སྐོར་ཞིབ་པར་བྱུང་ལ། གཞན་ཡང་རྒྱལ་པོ་བཀའ་ཐང་ལས[6]། པཎྜི་ཏ་ཡི་དབང་བསྐུར་ཐོབ་པ་ནི། །སློབ་དཔོན་ཆེན་པོ་བི་མ་མི་ཏྲ་ཡིས། །ཡར་ཀླུང་ཤེལ་རྫོང་པདྨ་བརྩེགས་པ་རུ། །བདུད་རྩི་མཆོག་གི་དངོས་གྲུབ་ཞལ་ཕྱེ་ནས། །རྒྱལ་པོ་ཆེན་པོ་ཁྲི་སྲོང་ལྡེའུ་བཙན་དང་། །བནྡེ་ཛྙཱ་ན་ཀུ་མཱ་ར་གཉིས་ལ། །ཕྱི་ནང་གསང་བའི་དབང་རྣམས་རྫོགས་པར་བསྐུར། །གསང་མཚན་ཚངས་པ་ལྷ་ཡི་མེ་ཏོག་དང་། །ཛྙཱ་ན་དྲི་མེད་ཟླ་ཤར་རྩལ་ཏུ་བཏགས། །ཞེས་ཁྲི་སྲོང་ལྡེའུ་བཙན་ལ་ཚངས་པ་ལྷ་ཡི་མེ་ཏོག་ཅེས་པའི་མཚན་གསོལ་མཁན་པཎ་ཆེན་བི་མ་ལ་མི་ཏྲ་ཡིན་ཅིང་། པཎྜི་ཏ་བི་མ་ལ་མི་ཏྲ་ནི་སྨན་དཔྱད་སྐོར་ལའང་ཤིན་ཏུ་མཁས་པར་གྲགས་ལ། པདྨ་ཀུན་བཟང་རང་གྲོལ་ (༡༩༡༦–༡༩༨༤) གྱིས་མཛད་པའི་རྒྱལ་བསྟན་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་མདོར་བསྡུས་ལས[7]། སློབ་དཔོན་ནི་ཁྱད་པར་གྱི་སྤྱོད་པ་སྣ་ཚོགས་ལ་གནས་ཤིང་། མཐར་ལི་ཡུལ་དུ་སྐུ་འོད་ཕུང་ཡལ་ཏེ་གཟེར་བུ་བདུན་པའི་ཞལ་ཆེམས་གནང་བ་ཡེ་ཤེས་མདོའི་ཕྱག་ཏུ་བབས་སོ། །ཞེས་ལི་ཡུལ་དུ་སྐུ་གཤེགས་པར་གསལ་ལོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] བཀའ་ཐང་སྡེ་ལྔ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༩༥
[2] བོད་ཀྱི་སྨན་པ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། མི་རིགས་དཔེ་སྐྲུན་ཁང་། ༢༠༠༠ ལོ། ཤོག་གྲངས་ ༨༤
[3] བྲག་དཀར་ཆོས་ཀྱི་དབང་ཕྱུག་གི་གསུང་འབུམ། ༼ང༽ འཕྲུལ་དཔར་དཔེ་གཟུགས། ཤོག་གྲངས་ ༢༠བ༡
[4] མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག །༼༡༽ ཤིང་དཔར། དཔེ་རིང་། ཤོག་གྲངས་ ༢༧༣ན༦
[5] གཏེར་སྟོན་བརྒྱ་རྩའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༧ ལོ། ཤོག་གྲངས་ ༣༡༡
[6] བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། ༡༩༩༧ ལོ། ཤོག་གྲངས་ ༡༢༨
[7] རྒྱལ་བསྟན་གྲུབ་མཐའ་རིས་མེད་ཀྱི་ཆོས་འབྱུང་མདོར་བསྡུས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༧ ལོ། ཤོག་ ༣༦
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༧༥ ནས་ ༣༨༠ བར་གསལ་བ་ལས་བཏུས།

(སྨིན་གླིང་ལོ་ཆེན་ཆོས་དཔལ་རྒྱ་མཚོའི་ཕྱག་བྲིས་རིག་འཛིན་བརྒྱད་ཀྱི་ལྡེབས་བྲིས་ལས་བི་མ་ལ་མི་ཏྲ།)
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།