༤༧༽ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་གི་རྣམ་ཐར།

༤༧༽ ནཱ་ལེནྡྲའི་མཁན་པོ་ཐང་སན་ཙང་།

 

དེ་ཡང་ཐང་སན་ཙང་ (600-664) ཞེས་པའི་ཐང་ནི། ཆེན་པོ་ཐང་རྒྱལ་རབས་ཀྱི་དུས་སུ་བྱོན་པས་ཡིན་ལ། སན་ཙང་ཞེས་པ་སྡེ་སྣོད་གསུམ་པ་ཞེས་པའི་དོན་ཡིན་པས་ཆེ་བསྟོད་ཀྱི་མཚན་དང་། མཚན་དངོས་ལ་ཤོན་ཙང་ཞེས་ཞུ། ཁོང་གི་མཚན་བོད་ཡིག་ཐོག་ཐང་ཟན་ཙང་དང༌། ཐང་སན་ཙང༌། ཐང་སིན་ཙང་། ཐང་ཛམ་ཚང་། ཐང་སན་ཛང་སོགས་འབྲི་ཚུལ་མང་དུ་ཡོད་པ་ལས།

རྒྱ་ཡིག་ཐོག་ (唐三藏) ལྟར་ན་ཐང་སན་ཙང་ཞེས་འབྲི་དགོས་པར་སེམས། སན་ཞེས་པ་གསུམ་དང༌། ཙང་ནི་སྐབས་འདིར་སྡེ་སྣོད་འཛིན་པའི་དོན་ཡིན་པས་ཐང་སན་ཙང་ཞེས་བྲིས་ཚེ། ཆེན་པོ་ཐང་རྒྱལ་རབས་དུས་ཀྱི་སྡེ་སྣོད་གསུམ་པ་ཞེས་པའི་དོན་ཡིན་པས་འདི་དག་པར་མངོན་ནོ།།

འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས་ལས[1]། ཐང་སེན་གྱི་རུས་མིང་ལ་ཁྲེན་ཝེན་ཟེར་ཞིང་། ཕྱི་ལོ་ ༦༠༠ ལོར་སྐུ་འཁྲུངས་པ་དང་། རང་ལོ་ ༡༥ ཐོག་སྐྲ་ཕུད་ཕུལ་ཏེ་རབ་ཏུ་བྱུང་བ་རེད། རྗེས་སོར་ཁོང་གིས་ནུབ་ཕྱོགས་ཧིན་རྡུར་ཕེབས་ནས་སངས་རྒྱས་ཆོས་ལུགས་ཀྱི་བསྟན་པར་སློབ་སྦྱོང་བྱེད་རྒྱུ་དང་། ཆོས་གཞུང་གི་མ་དཔེ་ནན་ཏན་གྱིས་ཀློག་རྒྱུ་སེམས་ཐག་བཅད་པ་རེད། གོང་མའི་སྲིད་གཞུང་གིས་ཞོན་ཙང་ཕྱི་རྒྱལ་ལ་འགྲོ་རྒྱུའི་སྙན་ཞུར་ཆོག་མཆན་མ་བཀོད་པར་བརྟེན་ཕྱི་ལོ་ ༦༢༧ ལོར་ཁོང་རང་ཉིད་གཅིག་པུ་ལྐོག་ཏུ་ལེ་དབར་ཁྲི་ཕྲག་གི་ལམ་ལ་ཆས། ཞེས་གསལ་བ་ལྟར། སྙན་གྲགས་ཅན་གྱི་ཧྱན་ཙང་གི་རྒྱ་གར་ལམ་ཡིག་ཏུ་ལོ་ཆེན་ཧྱན་ཙང་ཕྱི་ལོ་ ༦༣༣ ལོར་གཙུག་ལག་སློབ་གྲྭ་ཆེན་པོ་ནཱ་ལན་དཱ་ལ་ཕེབས་ནས་སློབ་དཔོན་ངང་ཚུལ་བཟང་པོ་ (Silabhadra) ཞུ་བ་དགུང་ལོ་བརྒྱ་དང་དྲུག་ཅུར་ཕེབས་པ་ཞིག་དང་མཇལ་ཞིང་། སློབ་དཔོན་ཆོས་སྐྱོང་ (530-561) [2] དགུང་དྲངས་ཉི་ཤུ་རྩ་དགུར་ཕེབས་སྐབས་སློབ་དཔོན་ངང་ཚུལ་བཟང་པོ་[3]རྒྱལ་ཚབ་ཏུ་དབང་བསྐུར་ཏེ་སྒྲུབ་པར་གཤེགས་ཤིང་། སྐབས་དེར་ངང་ཚུལ་བཟང་པོ་དགུང་ལོ་སུམ་ཅུར་ཕེབས་པ་དང་། དེ་ནས་སློབ་དཔོན་ཆོས་སྐྱོང་དགུང་ལོ་སོ་གཉིས་པར་ཞི་བར་གཤེགས་པར་གསལ་ལོ།།[4]

ཁོང་གི་རྣམ་ཐར་ནི། བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་ལས[5]། རྒྱ་ནག་གི་ཡུལ་དུ་དར་བའི་བསྟན་པ་ལ་འདུལ་བ་དང་། གསང་སྔགས། རྒྱ་ཆེན་སྤྱོད་བརྒྱུད་དང་། ཟབ་མོ་ལྟ་བརྒྱུད། སྙིང་པོ་དོན་བརྒྱུད་དང་ལྔ་ཡོད་པས་དེ་དག་གི་བཀའ་བབས་ཧྭ་ཤང་མཁས་པ་གྲངས་མེད་པས་རྒྱ་གར་ནས་ཆོས་བསྒྱུར་བ་དང་བསྟན་བཅོས་མང་པོ་བརྩམས། ཁྱད་པར་དུ་ཐང་སན་བླ་མ་ནི་ཧན་གྱི་བློན་ཆེན་ཊུར་ཀུང་གི་རྒྱུད་དུ་འཁྲུངས་ཤིང་། སྐྱེས་ཐོབ་པའི་ཤེས་རབ་ངོ་མཚར་བ་དང་ལྡན་ཞིང་། དགུང་ལོ་བཅུ་གཅིག་ནས་དྲི་མེད་གྲགས་པས་བསྟན་པའི་མདོ་དང་། དམ་ཆོས་པད་དཀར་ཞལ་འདོན་མཛད།

ཉེར་དགུའི་སྟེང་རྒྱ་གར་དུ་ཕེབས། བཀའ་པོད་དང་བྱམས་ཆོས་སོགས་ལ་མཁས་པར་སྦྱངས། མུ་སྟེགས་ཀྱི་རྒོལ་བ་སོགས་རྩོད་པས་ཚར་བཅད་ཅིང་། ལྟ་ངན་ཚར་གཅོད་ཀྱི་བསྟན་བཅོས་ལ་སོགས་མཛད་པས་སྙན་གྲགས་ཀུན་ཏུ་ཁྱབ། ན་ལེནྡྲའི་མཁན་པོ་མཛད། ལོ་བཅུ་བཞིའི་རིང་གསན་སྦྱོང་མཛད་ནས་ཤིང་ཏཱ་ལའི་ལོ་མར་བྲིས་པའི་རྒྱ་དཔེ་པོད་དྲུག་བརྒྱ་ལྷག་དང་། རིང་བསྲེལ་སྐུ་བརྙན་མང་པོ་གདན་དྲངས་ཏེ་ཕྱིར་ཕེབས་ནས་ཏུང་ཧྥ་སིར་ཧྭ་ཤང་མཁས་པ་བཅུ་གཉིས་དང་བཅས་པས་བཀའ་བསྟན་གླེགས་བམ་དྲུག་བརྒྱ་དང་ང་བདུན་བསྒྱུར། སྔ་འགྱུར་རྣམས་ལ་འགྱུར་བཅོས་ཀྱང་མཛད། དེ་དུས་དགོན་སྡེ་སུམ་སྟོང་བདུན་བརྒྱ་བཅུ་དྲུག་ཡོད་པ་ནས་རབ་བྱུང་ཆིག་ཁྲི་བརྒྱད་སྟོང་དྲུག་བརྒྱ་སུམ་ཅུ་འདུས་པའི་སྡེ་བཙུགས་ཤིང་། བསྟན་བཅོས་མང་པོ་བརྩམས་ཏེ་ཐེག་ཆེན་སྤྱི་དང་ཁྱད་པར་དུ་སེམས་ཙམ་དར་བར་མཛད་པ་དང་། མཆོད་རྟེན་འཕགས་ལུགས་མ་བཞེངས་ཏེ་རྒྱ་དཔེ་དང་རིང་བསྲེལ་རྣམས་བཞུགས་སུ་གསོལ། རྒྱུ་སྣ་ཚོགས་ལས་གྲུབ་པའི་སྐུ་རྟེན་བྱེ་བ་གཅིག་བཞེངས། འཆི་ངེས་ཀྱི་སྲོག་བླུ་ཁྲི་དང༌། མི་ཁྲི་ཕྲག་ལ་མཆོད་སྦྱིན། མར་མེ་དུང་འབུལ་སོགས་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་དེ་དགུང་ལོ་རེ་ལྔའི་སྟེང་ཞི་བར་གཞོལ།

རྒྱ་ནག་ཏུ་བསྟན་པ་ལ་སྟོན་པར་གྱུར་པ་ནི་འདི་དང་ཊི་ཅེ་ཏ་ཧྲི་སྟེ་སློབ་དཔོན་ཆེན་པོ་ཡེ་ཤེས་ལྡན་ཐིང་ཀུན་ཏེ་དྲི་མེད་གཟིགས་སོགས་ཡིན་པར་མངོན་ནོ། །དེས་ན་སྐབས་འདིར་ཡང་རྒྱ་བོད་དུ་དར་བའི་ལྷའི་དཀྱིལ་འཁོར་གྱི་ཚོགས་ལ་མི་འདྲ་བ་མེད་ཅིང་། བསྟན་པ་ལ་བཀའ་དྲིན་ཆེ་བས་འདི་ཉིད་བཞུགས་སུ་གསོལ་བ་ལགས། ཞེས་ཐང་སན་བླ་མས་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོ་མཛད་པར་གསལ་ཡང་། ཐང་སན་བླ་མས་དཔལ་ནཱ་ལེནྡྲ་གཙོ་གྱུར་རྒྱ་གར་འཕགས་ཡུལ་དུ་ལོ་ངོ་ ༡༤ ལས་བཞུགས་མེད་པས་དུས་ཐུང་དེ་ལྟ་བུའི་ནང་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་གི་མཁན་པོའི་གོ་ཐོབ་བར་སླེབས་མིན་དཔྱད་དགོས་པར་སྣང་ངོ་།།

དེ་བཞིན་འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས་ལས[6]། མཐའ་མར་ཞོན་ཙང་ཧིན་རྡུའི་སློབ་གྲྭ་མཐོ་ཤོས་ནཱ་ལེནྡྲ་རུ་སླེབས་ཡོད་པ་རེད། ནཱ་ལེནྡྲའི་སྤྱི་གཉེར་ནི་སྐུ་ན་བགྲེས་ཤིང་སྤྱོད་པ་བཟང་བའི་ཚུལ་ཁྲིམས་མཁན་པོ་ཡིན་ཅིང་། ཁོང་གིས་ཚོད་བགམ་ཡུན་རིང་བྱས་མཐར་ཞོན་ཙང་ལ་སྡེ་སྣོད་འཛིན་པ་ཞེས་པའི་མཚན་སྙན་བཏགས་པ་རེད། མ་གཞི་བྱས་ན་སངས་རྒྱས་ཆོས་ལུགས་ཀྱི་མཁན་པོའི་མཚན་གནས་དེ་སོ་སོའི་ཤེས་བྱ་ཆེ་ཆུང་ལ་གཞིགས་ནས་རིམ་པ་གཏན་འཁེལ་བྱེད་ཀྱི་ཡོད། ནཱ་ལེནྡྲའི་དགོན་པར་སློབ་སྦྱོང་བྱེད་མཁན་གྲྭ་པ་བཞི་སྟོང་ལྷག་ཙམ་གྱི་ནང་ནས་འདུལ་བ་དང་། མདོ་སྡེ། མངོན་པ་བཅས་པུ་ཏི་ཉི་ཤུ་བྱང་ཆུབ་མཁན་མི་ཆིག་སྟོང་ལྷག་ཙམ་ཡོད་པ་དང་། སྡེ་སྣོད་གསུམ་གྱི་པུ་ཏི་ལྔ་བཅུ་ཐམ་པ་བྱང་ཆུབ་ན་གཞི་ནས་སྡེ་སྣོད་འཛིན་པ་ཞེས་པའི་མཚན་སྙན་ཐོབ་ཀྱི་རེད། སྐབས་དེར་ནཱ་ལེནྡྲའི་དགོན་པར་མཚན་སྙན་ཆེན་པོ་དེ་རིགས་ཐོབ་མཁན་མི་དགུ་ལས་མེད་ཅིང་། ད་ལྟ་ཞོན་ཙང་ཁ་སྣོན་བརྒྱབ་པས་ཏག་ཏག་མི་བཅུ་ལོངས་ཡོད་པ་རེད། ཞོན་ཙང་ནི་ཀྲུང་གོའི་ཐང་རྒྱལ་རབས་ནས་ཕེབས་མཁན་ཡིན་གཤིས། ཚང་མས་ཁོང་ཐང་རྒྱལ་རབས་ཆེན་པོའི་སྡེ་སྣོད་འཛིན་པ་ཞེས་འབོད་ཀྱི་ཡོད་པ་རེད།

ཞོན་ཙང་གིས་ནཱ་ལེནྡྲའི་དགོན་པར་སློབ་སྦྱོང་ལོ་ལྔ་བྱས་རྗེས་སླར་ཡང་ཧིན་རྡུ་རྒྱལ་ཁབ་ཀྱི་མཁས་པ་གྲགས་ཅན་ཁག་སར་སློབ་སྦྱོང་བྱས་ཏེ་སྔ་རྗེས་སུ་ལོ་དྲུག་འཁོར་ནས་ ༦༤༡ ལོར་ནཱ་ལེནྡྲ་རུ་ཕྱིར་ལོག་ཕེབས་པ་རེད། ཅེ་རི་རྒྱལ་པོས་ནཱ་ལེནྡྲའི་དགོན་པའི་བླ་མ་རྩོད་པ་རྒྱག་མཁན་དུ་གདན་འདྲེན་ཞུ་སྐབས་ཚུལ་ཁྲིམས་མཁན་པོས་ཞོན་ཙང་མངགས་ནས་མཐར་རྩོད་ཟླ་ཡོངས་སུ་རྣམ་པར་རྒྱལ་བ་རེད། དུས་དེ་ནས་བཟུང་ཞོན་ཙང་གི་མཚན་སྙན་ཧིན་རྡུའི་ཡོངས་སུ་གྲགས་པ་རེད།

ཞོན་ཙང་མིང་གྲགས་པ་དང་སྦྲགས་རྒྱལ་ཁབ་ཏུ་ཕྱིར་ལོག་དུས་ཆོས་ཀྱི་པོ་ཏི་དྲུག་བརྒྱ་ང་བདུན་དང་། སངས་རྒྱས་ཀྱི་རིང་བསྲེལ་བརྒྱ་དང་ལྔ་བཅུ། མཐོ་ཚད་ཁྲེ་ཙེ་གསུམ་དང་ཚོན་ལྔ་ཡོད་པའི་ཤཱཀྱ་ཐུབ་པའི་གསེར་སྐུ་གཅིག །དེ་བཞིན་གསེར་སྐུ་དང་དངུལ་སྐུ་གཞན་དག་མང་པོ། མེ་ཏོག་གི་ཤིང་འབྲས་ཀྱི་ས་བོན་སོགས་བསྣམས་ཕེབས་པ་རེད། ཕྱི་ལོ་ ༦༤༥ ལོར་ཞོན་ཙང་ཁྲང་ཨན་དུ་ཕྱིར་ལོག་ཕེབས་དུས་ཁྲང་ཨན་གྲོང་ཁྱེར་གྱི་སྡོད་དམངས་ཚོས་འཚང་ཁ་ཤིག་ཤིག་གིས་ཕེབས་བསུ་ཞུས་པ་དང་། གོང་མ་ཐའེ་ཙུང་ལི་ཧྲི་སྐུ་ངོ་མས་ལུའོ་དབྱང་དུ་མཇལ་འཕྲད་གནང་བ་རེད། ཞོན་ཙང་གིས་དཔོན་པོ་བྱེད་འདོད་མེད་པར་ཧིན་རྡུ་ནས་བསྣམས་ཕེབས་པའི་བསྟན་བཅོས་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་སེམས་ཐག་བཅད་པ་དང་། ཁོང་གིས་ད་དུང་ལོ་ངོ་བཅུ་བདུན་རིང་ལེ་དབར་ཁྲི་ལྔ་བགྲོད་པའི་ལམ་ཞོར་དུ་མཐོང་ཐོས་བྱུང་བ་ཚང་མ་རྩོམ་ཡིག་ཐང་རྒྱལ་རབས་ཆེན་པོའི་ནུབ་ཕྱོགས་སུ་གནས་སྐོར་དུ་འགྲོ་བའི་རྣམ་ཐར་ཞེས་པའི་དེབ་གཅིག་བྲིས་ཏེ་ཀྲུང་གོ་དང་། ཀྲུང་ཡ། ཧིན་རྡུ་བཅས་པར་རིག་གནས་སྤེལ་རེས་བྱེད་རྒྱུར་བྱས་རྗེས་ཕུལ་བྱུང་སྔར་བྱུང་མྱོང་མེད་པ་ཞིག་བཞག་ཡོད་པ་རེད། ཕྱི་ལོ་ ༦༥༣ ལོར་རི་པིན་གྱི་དགེ་འདུན་ཏའོ་ཀྲའོ་གྲོང་ཁྱེར་ཁྲང་ཨན་དུ་ཕེབས་ནས་ཞོན་ཙང་དགེ་རྒན་དུ་བསྟེན་པ་རེད། དུས་དེ་ནས་བཟུང་སངས་རྒྱས་ཆོས་ཀྱི་བསྟན་པ་དར་སྤེལ་དང་། ཀྲུང་རིའི་བར་མཛའ་གྲོགས་ཡོང་བར་ཁོང་གིས་སླར་ཡང་བྱས་རྗེས་ཆེན་པོ་བཞག་པ་རེད། ཕྱི་ལོ་ ༦༦༤ ལོའི་ཟླ་བ་ ༢ ཚེས་ ༥ ཉིན་ནམ་ཕྱེད་དུ་ཞོན་ཙང་བྲེལ་བ་ཆེན་པོས་ཡིག་བསྒྱུར་གྱི་ཕྱག་ལས་གནང་བའི་རིང་གློ་བུར་དུ་དགོངས་པ་རྫོགས་པ་རེད། ཅེས་གསལ་ཡོད།

གཞན་ཡང་ཁོང་གི་རྣམ་ཐར་དེ་ལས་རྒྱས་པ་ནི། མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ (1927-1997) མཆོག་གིས་མཛད་པའི་དུང་དཀར་ཚིག་མཛོད་ཆེན་མོ་ལས[7]། ཐང་ཛམ་ཚང་ (唐三藏) སྟེ་ (玄奘) ཐང་རྒྱལ་རབས་སྐབས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་སློབ་དཔོན་མཚན་སྙན་ཆེ་བ་ཞིག་ཡིན། (ཕྱི་ལོ་ ༦༠༢ ནས་ ༦༦༤) ཧན་རྒྱལ་རབས་ཀྱི་བློན་ཆེན་ཀྲུང་ཀུང་གི་གདུང་བརྒྱུད་ཡིན་ཡང་། ཆུང་དུས་ནས་རབ་བྱུང་གནང་སྟེ་ཐོག་མར་མངོན་པའི་སྡེ་སྣོད་ལ་མཁས་པར་སྦྱངས། བཀའ་འགྱུར་དང་བསྟན་འགྱུར་སོགས་དཔེ་དེབ་ལ་གཟིགས་རྒྱ་ཆེ། དགུང་ལོ་ཉི་ཤུ་རྩ་དགུར་ཕེབས་སྐབས་རྒྱ་གར་དུ་སློབ་གཉེར་ལ་ཕེབས་འདོད་ཆེན་པོ་བྱུང་སྟེ། ཐང་ཐའི་ཙུང་གི་དྲིན་ཀོན་ཁྲི་ལོ་དང་པོ་མེ་ཕག་ (༦༢༧) ལོར་གོང་ལ་སྙན་ཞུ་ཕུལ་ཡང་བློན་པོ་རྣམས་ཀྱིས་བཀག །ཚོང་པ་དང་ལེགས་འབུལ་མི་སྣའི་གྲས་ཀྱི་རྒྱ་གར་བའི་ཁོངས་སུ་ཞུགས་ནས་རྒྱ་གར་ཕལ་སྐད་དང་ངོ་ཆོས་ལོ་གསུམ་རིང་སྦྱངས་ཏེ་ནང་མི་ཞིག་གི་རོགས་རམ་འོག་རང་ཉིད་ཀྱི་རེ་འདུན་རྣམས་གོང་མའི་སྙན་དུ་འཁྱོལ་ནས། དྲིན་ཀོན་ཁྲི་ལོ་གསུམ་པ་ས་གླང་ (༦༢༩) ལོར་གནང་བ་ཐོབ། ལམ་ཡིག་བསྣམས་ཏེ་ལོ་དེར་རྒྱ་གར་དུ་ཐོན་ནས། ལམ་ཞོར་འགུ་ཚང་དང་། གྲུ་གུའི་ས་ཆ་བརྒྱུད་དེ་ཕེབས་པའི་ལམ་བརྒྱུད་ཀྱི་རྒྱལ་ཕྲན་ཚོས་ཀྱང་སྣེ་ལེན་ཞབས་ཏོག་ཕུན་སུམ་ཚོགས་པ་ཞུས་ཏེ་རྒྱ་གར་ཡུལ་དབུས་སུ་བྱོན། ལོ་བཅུ་བཞིའི་རིང་རྒྱ་གར་གྱི་ཡུལ་ཐམས་ཅད་དུ་གནས་མཇལ་དང་སློབ་གཉེར་ཟུང་འབྲེལ་གནང་། སློབ་དཔོན་དགེ་འདུན་གྲགས་པ་དང་། བི་ཤུད་དྷ་སིདྷ། ཛ་ཡ་བནྡྷ། སུ་རྱ་དེ་ཝ། ཛི་ན་རཀྵི་ཏ་སོགས་མཁས་པ་སུམ་ཅུ་ལྷག་ཙམ་བསྟེན་ནས། རིག་གནས་དང་། ཚད་མ། མངོན་པ། དབུ་མ། འདུལ་བ་སོགས་སྦྱངས་ཏེ་མཁས་པ་ཆེན་པོར་གྱུར།

སྐབས་དེར་རྒྱ་གར་གྱི་དགོན་པའི་ནང་ནས་མཁས་པ་མང་ཤོས་བཞུགས་པའི་དགོན་པ་ཤྲཱི་ན་ལེནྡྲར་ཕེབས་ཤིང་། དགེ་འདུན་དང་སྐྱེ་བོ་ཕོ་མོ་སྟོང་ཕྲག་མང་པོས་བསུ་བ་ཞུས། ཕྱི་རྒྱལ་ནས་ཕེབས་པའི་སྐུ་མགྲོན་ཆོས་ལུགས་མཁས་ཤོས་ཀྱི་རིམ་པ་དང་མཐུན་པའི་སྣེ་ལེན་ཞུས་ཏེ་ལོ་གསུམ་གྱི་རིང་ཚད་མ་དང་མངོན་པ་མཛོད་སོགས་ཆོས་མང་པོ་གསན་ཅིང་བཞུགས། དེ་ནས་རྒྱ་གར་ཤར་ཕྱོགས་དང་། ལྷོ་ཕྱོགས། ཁ་ཆེའི་ཡུལ་སོགས་སུ་བྱོན་ནས་གནས་མཇལ་དང་ཆབས་ཅིག་མཁས་པ་ཆེན་པོ་ཛེ་ཏཱ་རི་སོགས་བསྟེན་ནས་རིག་གནས་དང་ཆོས་མང་པོ་གསན་ཅིང་། གཅིག་ཏུ་གྲུབ་པ་ཞེས་བྱ་བའི་བསྟན་བཅོས་སོགས་གཞུང་མང་པོ་བརྩམས་པས་རྒྱ་གར་གྱི་མཁས་པ་དང་། རྒྱལ་བློན། ཡུལ་མི་ཐམས་ཅད་ཀྱིས་དད་གུས་ཆེ་བའི་སློབ་དཔོན་ཆེན་པོར་གྱུར།

སྤྱིར་རྒྱ་ནག་ནས་རྒྱ་གར་དུ་ཕེབས་པའི་ཧྭ་ཤང་མཁས་པ་ཆེན་པོ་ཧ་ཅང་མང་པོ་ཡོད་ཀྱང་། སློབ་དཔོན་འདི་འདྲ་བའི་མཛད་རྗེས་ཆེ་བ་དང་སྙན་གྲགས་ཆེ་བ་བྱུང་མ་མྱོང་བ་ཡིན་ཅིང་། རྒྱ་གར་དུ་སློབ་དཔོན་འདིའི་མཚན་ལ་མཧཱ་ཡཱ་ན་དེ་བ་སྟེ་ཐེག་ཆེན་ལྷར་འབོད། དེ་ནས་རྒྱལ་པོ་ཚུལ་ཁྲིམས་ཉི་མ་སོགས་ལ་དགོངས་ཞུ་གནང་སྟེ་རྒྱ་ནག་ཏུ་ཕྱིར་ལོག་ཕེབས་ཁར། རྒྱལ་པོ་བཅོ་བརྒྱད་ཀྱིས་དགའ་སྐྱེལ་སྟོན་མོ་དང་དངོས་འབུལ་མང་པོ་ཕུལ་ཏེ་རྟེན་གསུམ་སྣ་ཚོགས་གླང་པོ་ཆེའི་ཁལ་གྱི་སུམ་ཆ་གཉིས། ན་བཟའ་ཆ་ཚང་། ཁལ་མ་གླང་པོ་ཆེ་གཅིག །གསེར་ཊམ་ཁྲི། དངུལ་ཊམ་སུམ་ཁྲི། ཁ་ཆེའི་རས་ཡུག་བརྒྱ་ཐམ་པ་སོགས་ཕུལ། དེ་ནས་ལམ་ཞོར་རྒྱ་གར་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁག་ཏུ་ཕེབས་ཏེ་ཀོང་ཀྲེར་འབྱོར། སྐབས་དེར་ཁལ་མ་གླང་པོ་ཆེ་དེ་ཤི་བ་གོང་མ་ཐང་ཐའི་ཙུང་གིས་ཐོས་ནས་འུ་ལག་བཏང་ནས་སྐྱེལ་འདྲེན་བྱེད་དུ་བཅུག་པས་ཤིང་རྟ་འཁོར་ལོ་བཅུ་བཞིའི་ཁལ་བྱུང་། ཕན་ཚུན་གྱི་ལམ་བར་ལོ་གསུམ་དང་། རྒྱ་གར་ས་གནས་རང་དུ་ལོ་བཅུ་བཞི་བཞུགས་པ་བཅས་ལོ་བཅུ་བདུན་རིང་དཀའ་སྤྱད་འབད་བརྩོན་ཆེན་པོ་གནང་ཞིང་། དྲིན་ཀོན་ཁྲི་ལོ་བཅུ་དགུ་པ་ཤིང་སྦྲུལ་ (༦༤༥) ལོར་རྒྱལ་ས་ཁྲང་ཨན་དུ་བདེ་བར་ཕྱག་ཕེབས། གོང་མས་བློན་ཆེན་ཙི་ཕུ་ལིའང་སོགས་བློན་ཆེན་འགའ་ཤས་དང་། དགེ་འདུན་མང་པོར་བསུ་བ་བྱེད་དུ་བཅུག །ཟླ་བ་གཉིས་པའི་ནང་གོང་མ་དང་མཇལ་ཞིང་། ཏཱ་ལའི་ལོ་མར་བྲིས་པའི་ཆོས་དཔེ་པོ་ཏི་དྲུག་བརྒྱ་ལྔ་བཅུ་ང་བདུན། སངས་རྒྱས་ཀྱི་རིང་བསྲེལ་རྡོག་བརྒྱ་དང་ལྔ་བཅུ། ཙནྡན་ལས་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེ་ཆུང་གསུམ། གསེར་ཟངས་ལས་བཞེངས་པའི་སངས་རྒྱས་ཀྱི་སྐུ་བརྙན་ཆེ་བ་གཉིས། ཁ་ཆེའི་རས་དང་། གསེར་དངུལ་གྱི་དོང་ཙེ་སོགས་དངོས་སྐྱེལ་མང་པོ་ཕུལ། གོང་མས་དེ་རྣམས་ལ་བདག་གཉེར་ཡག་པོ་བྱས་ཏེ་ཁྲང་ཨན་ཧུང་ཧྥུ་སི་ (长安弘福寺) བཞུགས་གནས་སུ་གནང་། དགོན་པ་དེའི་ཧྭ་ཤང་ལི་བཞུན་སོགས་དགེ་བཤེས་མཁས་པ་བཅུ་གཉིས་རོགས་རམ་དང་། བློན་པོ་ལིའང་ཀོ་ཀུང་དོ་དམ་པར་བསྐོས་ནས་རྒྱས་འབྲིང་བསྡུས་གསུམ་དང་། བྱམས་ཆོས་སྡེ་ལྔ་སོགས་བཀའ་བསྟན་པོ་ཏི་བདུན་ཅུ་དོན་ལྔ་ (ལེ་ཚན་༡༣༣༥) རྒྱ་སྐད་དུ་བསྒྱུར་ཅིང་། འགྱུར་རྙིང་འགའ་ཞིག་ལ་འགྱུར་བཅོས་ཀྱང་གནང་། ཚེ་ཨིན་ཟི་སྟེ་ (慈恩寺) བྱམས་པ་གླིང་ཟེར་བའི་དགོན་རྙིང་ལ་ཞིག་གསོས་རྒྱ་སྐྱེད་གནང་སྟེ། གོང་མའི་སྐུ་ཉེ་ཝང་ལིའུ་ཏའོ་ཙུང་ཆེད་དུ་མངགས་ནས་སློབ་དཔོན་འདི་ཉིད་དགོན་པར་དེར་གདན་དྲངས། ཧུང་ཧྥུ་ཟི་ (弘福寺) ནས་བཙུན་གསར་ལྔ་བཅུ་དང་། དེ་བྱིངས་དགོན་ཁག་སུམ་སྟོང་བདུན་བརྒྱ་ནས་བཙུན་གསར་ལྔ་རེ་བསྡུས་པས་རབ་བྱུང་ཕོ་མོ་ཆིག་ཁྲི་བརྒྱད་སྟོང་དྲུག་བརྒྱ་སུམ་ཅུ་ཡོད་པ་ཞིག་བྱུང་། སློབ་དཔོན་དང་རབ་བྱུང་ཐམས་ཅད་ཀྱི་འཚོ་བ་རྒྱལ་པོའི་མཛོད་ནས་སྦྱར། དགོན་པ་ཆེ་བ་གསུམ་སློབ་དཔོན་ལ་ཕུལ་ཏེ་རེ་ཞིག་བར་སློབ་དཔོན་གྱིས་མཁན་པོ་གནང་། འབུམ་འགྲེལ་སེམས་ལུགས་མ། རྒྱ་ཆེན་སྤྱོད་པའི་དོན་བསྡུས་སྐབས་བརྒྱད་མ། ལངྐར་གཤེགས་པའི་མདོའི་འགྲེལ་པ། མདོ་སྡེ་དགོངས་པ་ངེས་འགྲེལ་གྱི་འགྲེལ་པ། མངོན་པ་མཛོད་ཀྱི་འགྲེལ་པ། ཚད་མ་བསྡུས་པ་ལ་སོགས་པའི་བསྟན་བཅོས་མང་པོ་མཛད་ཅིང་། འགའ་ཞིག་བོད་སྐད་དུ་བསྒྱུར་བ་དེང་སང་ཡང་བསྟན་འགྱུར་ནང་དུ་བཞུགས། ལོ་བཞི་བཅུའི་རིང་ཆོས་ལུགས་དར་སྤེལ་གནང་ནས། དགུང་ལོ་དྲུག་ཅུ་རེ་ལྔ་པ་ (ཐང་ཀའོ་ཙུང་གི་ལོང་ཧྲུའོ་ཁྲི་ལོ་གསུམ་པ་) ཆུ་ཕག་ (༦༩༣) ལོར་སྐུ་གཤེགས། སློབ་དཔོན་འདིའི་རྣམ་ཐར་རྒྱས་པ་ཐང་སན་ཛང་གི་ལམ་ཡིག་ཟེར་བ་ཞིག་ཡོད་ཚོད་འདུག་ཀྱང་བདག་གིས་ད་ཕན་མཐོང་མ་མྱོང་ཞིང་། འདིར་བཀོད་པ་ནི། སོག་པོ་ལོ་ཙཱ་བ་གུང་མགོན་པོ་སྐྱབས་ཀྱིས་བརྩམས་པའི་རྒྱ་ནག་ཆོས་འབྱུང་ལས་གནད་བསྡུས་བྱས་པ་ཡིན། ཞེས་གསུངས་པ་ལྟར། དཔལ་ནཱ་ལེནྡྲར་དུས་ཐུང་ལོ་ཤས་ལས་བཞུགས་མེད་པར་གསུངས་པས་ཀྱང་མཁན་པོ་གནང་ཨེ་ཡོད་སྙམ་པས་དཔྱད་དགོས་སོ།།

གཞན་ཡང་ཞོལ་བཀའ་འགྱུར་དཀར་ཆག་རྒྱས་པ་ལས[8]།

རྫི་བོའི་དུས་ནས་ཞི་ལྷག་ཏིང་ངེ་འཛིན། །གང་གིས་ཐུགས་སུ་ཆུད་པ་ཀླུའི་བྱང་ཆུབ། །

གྲུབ་པའི་གོ་འཕང་འཐོར་གཤེགས་ཚེའི་རིག་འཛིན། །བརྙེས་ནས་ལྗོངས་འདིར་ཡང་ཡང་བྱོན་པར་གྲགས། །

ཞེས་གསུངས་པ་ལྟར་སློབ་དཔོན་ཀླུ་བྱང་ནཱ་ལེནྡྲར་བཞུགས་སྐབས་ཐང་སན་བླ་མ་དང་ཞལ་མཇལ་བའི་ལོ་རྒྱུས་ཀྱང་ཡོད་འདུག་པ་ནི། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས[9]། བོད་བརྒྱུད་ནང་བསྟན་འདི་ཉིད་ནཱ་ལེནྡྲའི་ཆོས་བརྒྱུད་ཡིན་ཅིང་། རྒྱ་ནག་ལ་ཆ་མཚོན་ནའང་། ཧུན་ཙང་སྟེ་ཐན་སན་བླ་མ་ནཱ་ལེནྡྲར་ཕེབས་ཏེ་སློབ་གཉེར་གནང་བ་དང་། འགའ་ཞིག་གིས་བརྗོད་པ་ལྟར་ན། ཐང་སན་བླ་མ་མགོན་པོ་ཀླུ་སྒྲུབ་ཀྱི་དངོས་སློབ་སློབ་དཔོན་ཀླུ་བྱང་དགུང་ལོ་བགྲེས་པོར་ཕེབས་སྐབས་ནཱ་ལེནྡྲར་མཇལ་བའི་ལོ་རྒྱུས་བཤད་རྒྱུ་འདུག །ཅེས་བཀའ་སྩལ་ཏོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས། པོད། ༼༢༽ མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༩༧

[2] Hakuju Ui: Indotetsugakunkenkyu (Studies in Indian Philosophy), Tokyo, Koshisha, Vol. V, pp. 130-132.

[3] རྒྱ་གར་ཆོས་འབྱུང་ལས། ཤཱཀྱ་བློ་གྲོས་དང༌། ངང་ཚུལ་བཟང་པོ་དང༌། རྒྱལ་སྲས་གྲགས་པའི་བཤེས་གཉེན་དང༌། པཎྜི་ཏ་སའི་རྩ་ལག་རྣམས་བྱུང་ཞིང༌། ཁ་ཆེའི་ཡུལ་དུ་ཧྲ་ཧརྴ་དེ་ཝ་ཞེས་པ་རྒྱལ་སྲིད་བྱེད་དོ། །ཞེས་སློབ་དཔོན་ངང་ཚུལ་བཟང་པོ་རྒྱལ་པོ་གཽ་པཱ་ལའི་སྐུ་དུས་སུ་བྱོན་པར་གསུངས་སོ།།

[4] ཁང་དཀར་ཚུལ་ཁྲིམས་སྐལ་བཟང་གི་གསུང་འབུམ། ༼༩༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༢༠༦

[5] བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ། ཤོག་གྲངས་ ༢༠༩

[6] འཛམ་གླིང་གི་ལོ་སྟོང་ཕྲག་ལྔའི་ལོ་རྒྱུས། པོད། ༼༢༽ མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ ལོ། ཤོག་གྲངས་ ༡༠༣

[7] དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༢ ལོ། ཤོག་གྲངས་ ༡༠༣༦

[8] བཀའ་འགྱུར་དཔེ་བསྡུར་མ། དཀར་ཆག་ཕྱོགས་བསྒྲིགས། དེབ་ཨང་༡༠༧ པ། ༢༠༠༩ ལོ། ཤོག་གྲངས་ ༤༣༠

[9] ཕྱི་ལོ་ ༢༠༡༩ ཟླ་བ་ ༡༢ ཚེས་ ༢༣ ཉིན་༸གོང་ས་མཆོག་གིས་དགའ་བྱང་དུ་དམ་གཟིགས་སྐབས་སྩལ་པའི་བཀའ་སློབ།

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༣༢༠ ནས་ ༣༢༩ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *