༣༣༽ བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་གི་རྣམ་ཐར།

༣༣༽ བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་།

 

བྱང་སྒོ་སྲུང་བ་གནས་བརྟན་བྱང་བཟང་ངམ་སློབ་དཔོན་བྱང་ཆུབ་བཟང་པོ་མཆོག་ནི། ལེགས་སྦྱར་གྱི་མཚན་ལ་ཨཱཅཱརྱ་བོ་དྷི་བྷ་དྲ་ (AcArya Bodhibhadra) ཞེས་ཞུ་ཞིང་། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/1005-1064) ཀྱིས་མཛད་པའི་དཔལ་ལྡན་ཨ་ཏི་ཤའི་རྣམ་པར་ཐར་པ་ཆོས་ཀྱི་འབྱུང་གནས་ལས[1]། ན་ནིང་ནས་པཎྜི་ཏ་གཅིག་ལས་གཅིག་ཆེ་བ་ཉི་ཤུ་རྩ་གཅིག་གདན་དྲངས་ན་འདྲོངས་ཏེ།

འོ་སྐོལ་བོད་ཀྱི་སེམས་ཅན་དེ་རྣམས་ཀྱི་སྤྱོད་གཤིས་རྒྱུས་མེད་དམ། མགོན་པོ་ཨ་ཏི་ཤ་མ་གཏོགས་པ་གཅིག་གིས་ཀྱང་སེམས་ཅན་མི་ཐུལ་བས། ད་རུང་ཨ་ཏི་ཤ་གདན་ཅི་འདྲོངས་བྱེད་དགོས་གསུངས། འོ་ན་པཎྜི་ཏ་ཡོད་པ་ཅི་འདྲ་ཡོད་ཞུས་པས། པཎྜི་ཏ་གནམ་གྱིས་ས་བཀབ་པ་འདྲ་བ་མང་པོ་ཡོད། འདི་ལྟར་རིགས་པའི་ཁུ་བྱུག །ནཱ་རོ་པ། ཌོཾ་བྷི་པ། མར་མེ་མཛད་བཟང་པོ། ཨ་ཝ་དྷཱུ་ཏི་པ། བྱང་ཆུབ་བཟང་པོ། ཤནྟི་པ། རིན་ཆེན་བཟང་པོ། རིན་ཆེན་སྡེ། རྣམ་དག་གཙུག་གི་ནོར་བུ། རི་བོ་བཟང་པོ། ཟླ་བའི་ནོར་བུ། ཀུན་ཏུ་བཟང་པོ། ལྷའི་བློ་གྲོས། ཡེ་ཤེས་བྱང་ཆུབ། ངག་གི་དབང་ཕྱུག་གྲགས་པ། ནག་པོ་པ། ཛེ་ཏཱ་རི་དགྲ་ལས་རྣམ་པར་རྒྱལ་བ། རྒྱ་མཚོ་མཐའ་ཡས། ལྷུན་པོ་བརྩེགས་པ། གངྒཱའི་ཆུ་རྒྱུན། སྐར་མའི་རྒྱལ་པོ། རོལ་པའི་རྡོ་རྗེ། ས་འགེབས་པའི་ཞབས། ཡེ་ཤེས་གསང་བ། ཀ་མ་ལ་ཤཱི་ལ། ཆོས་ཀྱི་བཤེས་གཉེན། ཀླུ་དབང་རྒྱལ་པོ། སྤྲིན་གྱི་ཤུགས་ཅན། གླང་པོ་ཆེའི་དཔལ། བསམ་གྱིས་མི་ཁྱབ་པའི་བློ་གྲོས། གདུང་བ་སེལ་བ་ཚུལ་ཁྲིམས་དབང་པོ་ལ་སོགས་པ་པཎྜི་ཏ་བསམ་གྱིས་མི་ཁྱབ་པ་ལྔ་བཅུ་རྩ་གཉིས་ཙམ་ཡོད་ཀྱང་ཐམས་ཅད་རང་ས་རང་ནས་ངོ་མཚར་ཆེ་མོད། འོ་སྐོལ་ལ་མགོན་པོ་ཨ་ཏི་ཤ་མིན་པས་ཕན་མེད་གསུངས། འོ་ན་ངེད་ལ་མགོན་པོ་ཨ་ཏི་ཤ་སྟོན་པར་ཞུ། ཞེས་གསལ་བ་ལྟར། པཎྜི་ཏ་སོ་གཉིས་ཀྱི་མཚན་དངོས་སུ་བྱུང་བའི་ཁྲོད་ནས་བྱང་ཆུབ་བཟང་པོ་ནི་པཎྜི་ཏ་གྲགས་ཅན་ཞིག་ཡིན་པར་གསལ་ལོ།།

དེ་ཡང་དཔལ་ནཱ་ལེནྡྲའི་པཎ་གྲུབ་གྲགས་ཅན་ཞིག་དང་། ཛེ་ཏཱ་རི་དགྲ་ལས་རྣམ་རྒྱལ་གྱི་སློབ་མ་དང་། ལྷག་པར་ཇོ་བོ་རྗེའི་བླ་མའི་གྲས་ཤིག་ཡིན་པ་ནི། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ (1004/5-1064) ཀྱིས་མཛད་པའི་ཇོ་བོ་རྗེས་རྒྱལ་སྲིད་སྤངས་ནས་ཐར་པ་སྒྲུབ་པའི་རྣམ་པར་ཐར་པ་ལས[2]། འདི་རུ་མ་འདུག་ན་ལེནྡྲ་རུ་སོང༌། །དེ་ན་ཐོག་མེད་དུས་ན་ཉེར་འབྲེལ་བའི། །ཁྱོད་ཀྱི་བླ་མ་བྱང་ཆུབ་བཟང་པོ་ཡོད། །སེམས་བསྐྱེད་ཆོས་ཞུས་ལས་ཀྱི་འབྲེལ་པ་ཞོག །མཁས་པ་དེ་ཡིས་ཁྱོད་ལ་ཕན་ཞེས་གསུངས། །ཞེས་དང༌། ཡང་དེ་ཉིད་ལས[3]། དེ་ནས་ན་ལེནྡྲ་ཡི་གཙུག་ལག་ཏུ། །བླ་མ་བྱང་ཆུབ་བཟང་པོའི་དྲུང་དུ་བྱོན། །དེ་ཡི་གཙུག་ལག་ཁང་དུ་སླེབས་པ་དང༌། །བླ་མ་མཐོང་ནས་ཤིན་ཏུ་མི་བཟོད་པའི། །དགའ་བ་ཁྱད་པར་དུ་འཕགས་རྒྱུད་ལ་སྐྱེས། །ཞེས་གསུངས་པ་ལྟར། བླ་མ་བྱང་ཆུབ་བཟང་པོ་ཡང་དཔལ་ནཱ་ལེནྡྲའི་མཁས་པ་ཡིན་ནོ།།

དེ་ལྟར་སྤྱིར་སློབ་དཔོན་བྱང་ཆུབ་བཟང་པོའི་རྣམ་ཐར་ཡོངས་སུ་རྫོགས་པ་ནི། རྒྱ་བོད་ཆོས་འབྱུང་འགར་ཡང་མི་གསལ་ནའང་། རྣམ་ཐར་གྱི་ཆ་ཤས་ཙམ་རྙེད་པ་དང་། ཞར་དུ་འཁོད་པ་ཁག་ལ་ཅུང་ཟད་བཏུས་ཏེ་བརྗོད་པར་བྱ་སྟེ། དེའང་སློབ་དཔོན་འདི་ནི་མདོ་སྔགས་གཉིས་ཀར་མཁས་པར་གྲགས་པ་ཞིག་སྟེ། ཁོང་ནི་བོད་ལ་དེ་ཙམ་གྱི་གྲགས་ཆེ་བ་མ་ཡིན་ཀྱང་། བོད་དུ་བསྟན་པ་ཕྱི་དར་གྱི་སྐབས་སངས་རྒྱས་ཀྱི་བསྟན་པ་ལ་བསྲེས་ལྷད་བྱུང་བ་རྣམས་དག་ཐེར་མཛད་ཅིང་། སླར་རྒྱལ་བའི་བསྟན་པ་ཡང་དག་པ་སྲ་བརྟན་ཚུགས་པར་བཀའ་དྲིན་ཤིན་ཏུ་ཆེ་བའི་བཀའ་གདམས་པའི་སློབ་དཔོན་ཆེན་པོ་ཇོ་བོ་རྗེ་དཔལ་མར་མེ་མཛད་ཀྱིས་སྔགས་དང་ཕ་རོལ་ཏུ་ཕྱིན་པ་གང་ནས་གསན་པའི་རྟག་ཏུ་བསྟེན་པའི་བླ་མ་བཞིའི་ཡ་གྱལ་ཞིག་ཡིན་པ་ནི། བཀའ་གདམས་ཕ་ཆོས་སུའང་སྔགས་དང་ཕར་ཕྱིན་གསན་པའི་བླ་མ་བརྒྱད་གསལ་ཏེ། ཇི་སྐད་དུ་བཀའ་གདམས་ཕ་ཆོས་ལས[4]། འགྲོ་མགོན་ཀླུ་སྒྲུབ་ཉིད་དང་འཕགས་པ་ལྷ། །མ་ཏི་ཙི་ལ་ཏེ་ལོ་ཡོ་གི་བ། །ཙ་ཏི་པ་ལ་མཉྫུ་ཤྲཱི་བྷ་དྲ། །བོདྷི་བྷ་དྲ་བླ་མ་ཤཱནྟི་པ། །སྔགས་དང་ཕ་རོལ་ཕྱིན་པ་སྦྱིན་མཛད་པའི། །དྲིན་ཅན་བླ་མ་བརྒྱད་ལ་ཕྱག་འཚལ་ལོ། །ཞེས་གསལ་བ་དང་། སློབ་དཔོན་འདི་ནི་ཁ་ཆེའི་ཡུལ་དུ་དུས་རབས་བཅུ་པའི་ནང་བྱོན། ཕྱིས་ནཱ་ལནྡཱ་ལ་ཕེབས། དུས་ཞབས་པ་ཆེ་བ་དང་། ནཱ་རོ་པའི་སློབ་མའི་ཚུལ་དུ་ཞུགས། ནཱ་ལནྡཱའི་ཆོས་གཞི་མཛད་ཅིང་ནཱ་ལནྡཱ་པ་ཞེས་པའི་མཚན་ཡང་ཐོགས། རྗེ་ཙོང་ཁ་པ་ཆེན་པོ་ལ་སོགས་པས་ཀྱང་གནས་བརྟན་བྱང་བཟང་ཞེས་རྟེན་དགེ་སློང་ཡིན་ལ། ཕྱིས་ནཱ་ལནྡཱའི་གཙུག་ལག་ཁང་གི་གནས་གཞི་མཛད་ཅིང་། ཇོ་བོའི་བླ་མ་ཡིན་པ་སོགས་ཞལ་གྱིས་བཞེད།

གནས་བརྟན་དེ་ཉིད་ཉེས་ལྟུང་ཕྲ་རགས་ལ་ཤིན་ཏུ་འཛེམས་ཤིང་བསླབ་པའི་གནས་རྣམས་ཚུལ་བཞིན་དུ་སྲུང་བ་དང་། གནས་བརྟན་གྱི་སྐད་དོད་ལེགས་སྦྱར་དུ་བྷདནྟ་ཡིན་པས། དེ་ཉིད་རབ་བྱུང་མ་གཏོགས་པ་ལ་ཐོབ་ཏུ་མེད་པས་དོན་གྱིས་རྟོགས་ནུས་པ་དང་། ཁྱད་པར་དུ་ཇོ་བོས་ལམ་སྒྲོན་དཀའ་འགྲེལ་དུ་སྐྱེས་བུ་ཆུང་འབྲིང་གི་བསླབ་པའི་སྐབས་སོ་ཐར་དང་བྱང་སེམས། ཞི་ལྷག་གི་བསླབ་པ་ལ་སློབ་ཚུལ་གྱི་ཁུངས་ཕལ་ཆེ་བ་གནས་བརྟན་བྱང་བཟང་དེ་ཉིད་ཀྱིས་མཛད་པའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ་དང་། ཏིང་ངེ་འཛིན་ཚོགས་ཀྱི་ལེའུ་གཉིས་ནས་ཁུངས་མང་དུ་བཞེས་པ་ལས་བྱང་སེམས་ལ་བློ་སྦྱོང་ཚུལ་ལ་མཁས་པའི་གནས་བརྟན་ཆེ་བ་ཞིག་ཡིན་པ་རྟོགས་ནུས་སོ།།

གནས་བརྟན་བྱང་བཟང་དེ་ཉིད་ཇོ་བོ་རྗེའི་བླ་མ་ཡིན་པ་བཀའ་གདམས་པའི་གཞུང་དུ་མར་གསལ་ཞིང་། ཁྱད་པར་དུ་བཀའ་གདམས་ཕ་ཆོས་[5]དང་ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར[6]། ཆོས་འབྱུང་མཁས་པའི་དགའ་སྟོན་[7]རྣམས་སུ་གསལ་ལ། ཇོ་བོ་རྗེའི་ལམ་སྒྲོན་གྱི་དཀའ་འགྲེལ་ལས་[8]ཀྱང་། འཕགས་པ་ཀླུ་སྒྲུབ་ཞལ་གྱི་བདུད་རྩི་དེས། །ཨཱརྱ་དེ་ཝ་ཟླ་གྲགས་བྷ་བྱ་དང་། །ཞི་བའི་ལྷ་དང་བྱང་ཆུབ་བཟང་པོའི་བར། །ཚིམ་པར་གྱུར་པ་བདག་ལའང་ཅུང་ཞིག་འཐོར། །ཞེས་དང་། བདག་གི་བླ་མ་རྗེ་བཙུན་བྱང་ཆུབ་བཟང་པོ་ཞེས་ལན་གཅིག་དང་གཉིས་ཙམ་མ་ཡིན་པར་ལན་དུ་མར་ལུང་འདྲེན་ཁུངས་སུ་བླངས་པར་གསལ་ལོ།།

དེ་ལྟར་སློབ་དཔོན་བྱང་ཆུབ་བཟང་པོའི་བླ་མ་ཡང་མཉྫུ་ཤྲཱི་བྷ་དྲ་ཡིན་ནམ་སྙམ་སྟེ། བཀའ་གདམས་ཕ་ཆོས་ལས[9]། འགྲོ་མགོན་ཀླུ་སྒྲུབ་ཉིད་དང་འཕགས་པ་ལྷ། །མ་ཏི་ཙི་ལ་ཏེ་ལོ་ཡོ་གི་བ། །ཙ་ཏི་པ་ལ་མཉྫུ་ཤྲཱི་བྷ་དྲ། །བོདྷི་བྷ་དྲ་བླ་མ་ཤཱནྟི་པ། །ཞེས་གསུངས་པ་ལྟར་ན། མཉྫུ་ཤྲཱི་བྷ་དྲ་ཡི་རྗེས་སུ་བོདྷི་བྷ་དྲ་བཅས་གསལ་བས་བླ་བརྒྱུད་ཀྱི་རིམ་པ་ཡིན་ནམ་སྙམ་མོ།།

མདོར་ན། ཇོ་བོའི་བླ་མ་བྱང་ཆུབ་བཟང་པོ་འདི་ཉིད་ཁ་ཆེ་བྱང་ཆུབ་བཟང་པོ་ཞུ་བ་དེ་ཉིད་རང་ཡིན་ནམ་སྙམ་མོ། །འདི་ཉིད་ཕྱིས་སུ་ནཱལནྡཱར་ཕེབས་ཏེ་མཁན་པོ་མཛད། དེས་ན་དུས་ཕྱིས་དུས་འཁོར་སྤྱན་དྲངས་མཁན་གྱི་སློབ་དཔོན་དཔལ་བྱང་ཆུབ་བཟང་པོ་དང་། ཇོ་བོའི་བླ་མ་བྱང་ཆུབ་བཟང་པོ་གཉིས་མཚན་མཚུངས་ཀྱང་དོན་ལ་གང་ཟག་གཅིག་ལྟ་བུ་མི་སྣང་ངོ་། །

སློབ་དཔོན་བོདྷི་ཤྲཱི་བྷ་དྲ་ཞེས་པ་བོད་ལ་ལན་གསུམ་ཙམ་བྱོན་པར་གྲགས་པ་འདི་གྱི་ཇོ་ལོ་ཙཱ་བ་ཟླ་བའི་འོད་ཟེར་གྱིས་རབ་བྱུང་གི་ཐོག་མ་མེ་ཡོས་ལོར་སྤྱན་དྲངས་ནས་དཔལ་དུས་ཀྱི་འཁོར་ལོའི་སྙིང་པོ་རྒྱན་སོགས་གཞུང་འགའ་ཤས་བསྒྱུར་ནས་དབང་བཤད་མན་ངག་གི་སྲོལ་བཏོད་པ་ཕྱིས་ཁྲོམ་ལོ་ཙཱ་བ་ལ་སོགས་པར་བརྒྱུད་པ་གྱི་ཇོའི་ལུགས་ཞེས་གྲགས། འདི་ཉིད་རྟེན་དགེ་བསྙེན་ཡིན་ཅིང་། འཇམ་དཔལ་གྱི་ཞལ་མངོན་སུམ་དུ་གཟིགས། མཚན་བརྗོད་ཀྱི་སྒྲུབ་པ་མཛད་པས་མཚན་རེ་རེ་ལ་ཏིང་ངེ་འཛིན་རེ་རེ་འཁྲུངས་པར་གྲགས། དེ་བཞིན་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་དུས་འཁོར་ཆོས་འབྱུང་ལས་[10]ཇི་སྐད་དུ། དུས་ཞབས་ཆུང་བའི་སློབ་མ་ནཱལནྡཱ། མཚན་དངོས་བོདྷི་བྷ་དྲ་ནཱ་ལནྡཱ་ཞེས་བྱ་བའི་གནས་གཞིའི་བདག་པོ་མཛད། ལས་གཞི་གང་སྒྲུབ་ཀྱང་རླུང་གི་རྣལ་འབྱོར་ཁོ་ནས་འགྲུབ་བོ། །དེ་ལ་སློབ་མ་ཁ་ཆེའི་ཟླ་བ་མགོན་པོ། བོད་དུ་ལན་གསུམ་བྱོན་ཞེས་གསུངས་སོ།།

གཞན་ཡང་དེབ་སྔོན་ལས་ཇི་སྐད་དུ། དེས་དུས་འཁོར་བ་ཆེན་པོ་ལ། དེ་ལ་སློབ་མ་གཉིས་ཏེ་བོདྷི་བྷ་དྲ་དང་སཱ་དྷུ་པུ་ཏྲའོ། །བོདྷི་བྷ་དྲ་ལ་སློབ་མ་གསུམ་སྟེ། བླ་མ་ཨ་བྷ་ཡ་དང་ཙ་མི་བ་ཆེན་པོ་དང་ཨ་བྷི་ཛུཀྷའོ། །ཞེས་གསལ་ཡང་བོད་སོག་ཆོས་འབྱུང་དུ་གསལ་བ་ལྟར་ན། སློབ་མ་དུས་ཞབས་པ་ཆུང་བ་ཤྲཱི་བྷ་དྲ་དང་། དེའི་སྲས་བྱང་ཆུབ་བཟང་པོ་དང་། དེའི་སློབ་མ་ཁ་ཆེའི་པཎ་ཆེན་ཟླ་བ་མགོན་པོ་སྔགས་ཀྱི་སྲོལ་འཛིན་མཐར་ཕྱིན་པའི་རྣལ་འབྱོར་པ་ཆེན་པོ་ཞིག་ཡིན་ཞེས་གསལ་ལོ།།

ཡང་ཁ་ཅིག་གིས་ཙི་ལུ་པཎྜི་ཏ་ཤམྦྷ་ལར་སེམས་འགྲེལ་འཚོལ་དུ་བྱོན་པས་ལམ་ཁར་རིགས་ལྡན་གྱི་སྤྲུལ་པས་རྗེས་སུ་བཟུང་སྟེ་དུས་འཁོར་དབང་རྒྱུད་མན་ངག་དང་བཅས་པ་མཐའ་དག་གནང་ཞིང་བྱིན་གྱིས་བརླབས། དེའི་སློབ་མ་པཎྜི་ཏ་ཨཱ་ཙརྱ་སྟེ་སློབ་དཔོན་བསོད་སྙོམས་པའམ་དུས་ཞབས་པ་ཆེན་པོ་ཙི་ལུ་པ་ཆུང་བར་གྲགས་པ་འཇམ་དཔལ་རྡོ་རྗེས་གསན། རིགས་ལྡན་སྤྲུལ་པས་བྱིན་གྱིས་བརླབས་ནས་གྲུབ་པ་བརྙེས་ཏེ་ཤམྦྷ་ལར་དངོས་སུ་བྱོན་ནས་དབང་རྒྱུད་མན་ངག་རྫོགས་པར་ནོས། སླར་འཕགས་ཡུལ་དུ་ཕེབས་ནས་འཆད་སྤེལ་མཛད་པས་ནཱ་རོ་པ་དང་རཏྣ་ཀ་ར་གུཔྟ་སོགས་སློབ་མ་མང་དུ་འཕེལ་བ་ལས། ཡང་རྩེར་སོན་པ་སློབ་དཔོན་ཨ་ཝ་དྷཱུ་ཏི་པ། ཤྲཱི་བྷ་དྲ་བོདྷི། ནཱ་ལནྡཱ་གསུམ་ལ་དུས་ཞབས་པ་ཆུང་བ་ཞེས་སོ་སོར་གྲགས། ཤྲཱི་བྷ་དྲ་བོདྷིའི་སློབ་མ་ཁ་ཆེ་པཎ་ཆེན་ཟླ་བ་མགོན་པོ་འོ། །ཞེས་སོགས་སློབ་དཔོན་འདིའི་མཚན་གཅིག་པའི་སློབ་དཔོན་མང་དུ་བྱོན་འདུག་པས་འཁྲུལ་གཞི་ཆེ་ན་རེ་ཞིག་རྒྱས་པར་མི་སྤྲོས་སོ།།[11]

མདོར་ན། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[12]། ནཱ་རོ་པས་ཀྱང་བྱང་སྒོ་སྲུང་བ་ལོ་འགའ་ཞིག་མཛད་ནས། སྤྱོད་པ་ལ་གཤེགས་པ་ཡིན། དེའི་རྗེས་དེའི་ཚབ་གནས་བརྟན་བྱང་བཟང་གིས་མཛད། དེ་ནི་ཨོ་ཊི་བི་ཤར་རྗེ་རིགས་ལས་སྐྱེ་བ་བརྙེས་པ་བྱང་ཆུབ་སེམས་དཔའི་སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་ཞིང༌། རིགས་སད་པ་ཞིག་ཡིན་ལ། རིགས་ཚོགས་དང༌། སྤྱོད་ཕྱོགས་དང༌། ཁྱད་པར་དུ་བྱང་ཆུབ་སེམས་དཔའི་ས་ལ་མཁས་པ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་ཤིང་དངོས་སུ་ཆོས་གསན་པ་ཞིག་གོ །ཞེས་བྱུང་བ་ལྟར། གྲུབ་ཆེན་ཏེ་ལོ་པའི་སློབ་མ་པཎ་ཆེན་ནཱ་རོ་པ་དང་། དེའི་སློབ་མ་མར་པ་ལོ་ཙཱ་བ། ཤནྟི་པ། ཨ་བྷྱ་ཀ་ར་གུཔྟ་བཅས་བླ་སློབ་ཏུ་གྱུར་ལ། ནཱ་རོ་པའི་སློབ་མ་ནཱ་ལེནྡྲའི་མཁན་པོ་གནས་བརྟན་བྱང་བཟང་ཡིན་ནོ།།

གནས་བརྟན་བྱང་བཟང་གིས་མཛད་པའི་ལེགས་བཤད་བསྟན་བཅོས་ནི། བསྟན་འགྱུར་དཀར་ཆག་ལས[13]། ༡༽ རྒྱུད་ཟི་པ་ལ། རྣལ་འབྱོར་གྱི་མཚན་ཉིད་ལྡན་པ། མཁས་པ་ཆེན་པོ་དཔལ་བྱང་ཆུབ་བཟང་པོས་མཛད་པ་དང་། ༢༽ དབུ་མ་ཚ་པ་ལ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པའི་བཤད་སྦྱར། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཤཱནྟི་བྷ་དྲ་དང༌། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༣༽ དབུ་མ་ཀི་པ་ལ། ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ་ཞེས་བྱ་བ། སློབ་དཔོན་བྱང་ཆུབ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་བི་ན་ཡ་ཙནྡྲ་ལས་ཞུས་ཏེ། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱི་འགྱུར། ༤༽ དབུ་མ་གི་པ་ལ། བྱང་ཆུབ་སེམས་དཔའི་སྡོམ་པའི་ཆོ་ག །སློབ་དཔོན་མཁས་པ་ཆེན་པོ་བྱང་ཆུབ་བཟང་པོས་མཛད་པ། རྒྱ་གར་གྱི་མཁན་པོ་ཆེན་པོ་བླ་མ་སུ་ནཱ་ཡ་ཤྲཱི་མི་ཏྲ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་དར་མ་གྲགས་ཀྱི་འགྱུར། ༥༽ སེམས་ཙམ་ཧི་པ་ལ། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པའི་དཀའ་འགྲེལ། སློབ་དཔོན་བྱང་ཆུབ་བཟང་པོའི་ཞལ་སྔ་ནས་མཛད་པ། རྒྱ་གར་གྱི་མཁན་པོ་པཎྜི་ཏ་ཀྵེ་མ་ག་ག་ན་དང༌། ལོ་ཙཱ་བ་མང་འོར་དགེ་སློང་བྱང་ཆུབ་ཤེས་རབ་ཀྱི་འགྱུར། འདི་དག་རྩོམ་པ་པོ་རྣམས་སེམས་ཙམ་གྱི་ལྟ་བ་འཛིན་པ་མ་ཡིན་ཀྱང༌། བོད་ན་འདི་དག་སེམས་ཙམ་ལུགས་སུ་གྲགས་འདུག་པ་དང༌། བརྗོད་བྱའང་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ལེའུའི་སྐབས་དང་མཐུན་པར་འདུག་པས་འདིར་བྲིས་སོ། །ཞེས་བྱུང་བ་རྣམས་སོ།།  །།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1] ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ཕྱོགས་བསྒྲིགས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༣ ལོ། ཤོག་ ༣༩༣

[2] གདམས་ངག་མཛོད། པོད། ༼ག༽ བློ་སྦྱོང་བརྒྱ་རྩ། རྣམ་ཐར། དཔེ་རིང་། ཤོག་གྲངས་ ༦བ༣

[3] གདམས་ངག་མཛོད། པོད། ༼ག༽ བློ་སྦྱོང་བརྒྱ་རྩ། རྣམ་ཐར། དཔེ་རིང་། ཤོག་གྲངས་ ༧ན༧

[4] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་ ༦༨-༦༢༠-༦༢༢

[5] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༦༢༠-༦༢༢

[6] ལམ་རིམ་བླ་མ་བརྒྱུད་པའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡༤༥

[7] ཆོས་འབྱུང་མཁས་པའི་དགའ་སྟོན། སྟོད་ཆ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༦༦༤

[8] བསྟན་འགྱུར་དཔེ་བསྡུར་མ། དབུ་མ། ༼ཁི༽ དེབ་ཨང་ ༦༤ པ། ༢༠༠༨ ལོ། ཤོག་གྲངས་ ༡༧༤༤

[9] བཀའ་གདམས་ཕ་ཆོས། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༩༤ ལོ། ཤོག་གྲངས་ ༦༨-༦༢༠-༦༢༢

[10] ཏཱ་ར་ནཱ་ཐའི་གསུང་འབུམ། པོད། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་གྲངས་ ༣༣༧

[11] ཏིང་ངེ་འཛིན་གྱི་ཚོགས་ཀྱི་ལེའུ། ཝཱར་ཎ་ཆེས་མཐོའི་གཙུག་ལག་སློབ་ཁང་། ༢༠༠༤ ལོ། ཤོག་གྲངས་ ༦༧

[12] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༢༨༨

[13] སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༣༦༣

 

ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༦༣ ནས་ ༢༧༠ བར་གསལ་བ་ལས་བཏུས།

Leave a Reply

Your email address will not be published. Required fields are marked *