ད༽ ལོ་ཙཱ་བའི་མཛད་རྗེས་དང་། དོན་ལྡན་གྱི་བསྔགས་བརྗོད།
དེ་ཡང་ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་ (1323-) པདྨ་བཀའ་ཐང་ལས[1]། བཻ་རོ་ཙ་ནས་སྐད་རིགས་མི་གཅིག་པ་སུམ་བརྒྱ་དང་ཡིག་རིགས་མི་གཅིག་པ་སུམ་བརྒྱ་མཁྱེན༔ སྐ་བ་དཔལ་བརྩེགས་ཀྱིས་རྒྱ་ནག་གི་སྐད་དང་ཡི་གེ་མཁྱེན༔ ཅོག་རོ་ཀླུའི་རྒྱལ་མཚན་གྱིས་ཨུ་རྒྱན་གྱི་སྐད་དང་ཡི་གེ་མཁྱེན༔ རྨ་རིན་ཆེན་མཆོག་གིས་རྒྱ་གར་གྱི་སྐད་དང་ཡི་གེ་མཁྱེན༔ ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱིས་མ་རུ་རྩེའི་སྐད་དང་ཡི་གེ་མཁྱེན༔
སངས་རྒྱས་ཡེ་ཤེས་ཀྱིས་བྲུ་ཤའི་སྐད་དང་ཡི་གེ་མཁྱེན༔ དན་ཡོན་ཏན་མཆོག་གིས་བྱཱ་ཀ་ར་ཎའི་སྐད་དང་ཡི་གེ་མཁྱེན༔ བཻ་རོ་ཙ་ནས་སྐད་རིགས་མི་གཅིག་པ་སུམ་བརྒྱ་དང་ཡིག་རིགས་མི་གཅིག་པ་སུམ་བརྒྱ་མཁྱེན༔ ཞེས་གསུངས་པ་ལྟར་སྐད་ཡིག་དེ་དག་ལས་སྐ་ཅོག་ཞང་གསུམ་ཁོ་ནའི་དབང་དུ་བྱས་ཀྱང་། བཻ་རོ་ཙ་ནས་ཆོས་ཚན་ ༢༧ ལྷག་བསྒྱུར་ཡོད་པ་དང་། སྐ་བ་དཔལ་བརྩེགས་ཀྱིས་ཆོས་ཚན་ ༩༥ ལྷག་བསྒྱུར་བ། ཞང་ཡེ་ཤེས་སྡེས་ཆོས་ཚན་ ༢༢༡ ལྷག་བསྒྱུར་ཏེ་རླབས་ཆེན་གྱི་མཛད་རྗེས་འཇོག་པ་གནང་ཡོད།
ལྷག་པར་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ (1059-1109) མཆོག་ཉིད་ཀྱང་ལོ་བཅུ་བདུན་སྟེང་ཁ་ཆེར་ཕེབས་ནས་ལོ་བཅུ་བདུན་རིང་སློབ་གཉེར་གནང་ཞིང་། བོད་དུ་ཕྱིར་ཕེབས་ནས་ལོ་བཅུ་བདུན་གྱི་རིང་ལ་སློབ་མ་ ༢༣༠༠༠ བསྐྱངས། གཞན་ཡང་ཨ་ལགས་ཚེ་ཏན་ཞབས་དྲུང་ (1910-1985) གིས་མཛད་པའི་བསྟན་རྩིས་ཀུན་ལས་བཏུས་པ་ལས[2]། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་འགྱུར་མཛད་པའི་ཚད་ནི། གྲོ་ལུང་པ་བློ་གྲོས་འབྱུང་གནས་ཀྱིས་མཛད་པའི་རྔོག་ལོ་ཙཱ་བ་ཆེན་པོའི་རྣམ་ཐར་ལས[3]། དམ་ཆོས་བསྒྱུར་ལ་མངའ་བརྙེས་པས། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར། །འདིས་ནི་ལེགས་པར་སྦྱར་བའི་སྐད་ལས་གྲོང་ཁྱེར་བའི་སྐད་གཞན་དུ་བསྒྱུར་བའི་ཚུལ་དཔེ་མེད་པ་ལ་མངའ་བརྙེས་པས། དམ་པའི་ཆོས་བསྒྱུར་བས་ཀྱང་བསྟན་པ་རིན་པོ་ཆེ་སྤེལ་བའི་འཕྲིན་ལས་མཐའ་ཡས་པ་མཛད་དོ། །ཞེས་གསུངས་པ་ལྟར། བཀའ་དང་བསྟན་བཅོས་ཤླཽ་ཀ་ ༡༣༧༠༠༠ ལྷག་བསྒྱུར་བ་གནང་ཡོད། དེའི་ཕྱིར་རྔོག་ལོ་ཆེན་པོས་སྔོན་གྱི་ལོ་ཙཱ་བའི་སྐུ་ཡོན་དང་ཕྱག་རྗེས་ལ་ཡ་མཚན་སྐྱེས་ཏེ།
བཻ་རོ་ཙ་ན་ནམ་མཁའི་མཐའ་དང་མཉམ། །
སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་ཞིག་འདྲ། །
རིན་ཆེན་བཟང་པོ་ཐོ་རངས་སྐར་ཆེན་ཙམ། །
ཁོ་བོ་ཅག་ནི་སྲིན་འབུ་མེ་ཁྱེར་མཚུངས། །

ཞེས་ཆེ་བསྟོད་དཔེ་མེད་མཛད་པ་ལྟར། བོད་ཀྱི་སྔོན་བྱོན་ལོ་ཙཱ་བ་རྣམས་ཀྱིས་སྐུ་ངལ་གང་ལའང་མ་འཛེམས་པར་རང་རེའི་ཆོས་རིག་གཉིས་ཀྱི་ཆེད་དུ་མཛད་རྗེས་རླབས་ཆེན་ཞིག་ཕྱི་རབས་པ་རྣམས་ལ་འཇོག་གནང་མཛད་པ་ཐུགས་སུ་བཅངས་ནས་བཀའ་དྲིན་རྗེས་དྲན་བྱེད་དགོས། དེ་ཡང་མཁས་བཙུན་བཟང་པོ་ (1920-2009) ལགས་ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[4]། བོད་དུ་ཕྱིས་བསྒྱུར་དུས་སུ་སྟོད་དུ་མངའ་བདག་བཀྲ་ཤིས་མགོན་ལ་སྲས་གཉིས་བལྟམས། འཁོར་རེ་དང་སྲོང་ངེ་སྟེ། མཆེད་གཉིས་ཞེས་གྲགས་སོ། །གཅེན་གྱིས་ཡབ་མེས་ཀྱི་ཐང་ཡིག་གཟིགས་པས་དམ་པའི་ཆོས་ལ་དཀའ་བ་དུ་མ་མཛད་པ་གཟིགས་པས་ཐུགས་དབྱུང་ནས་རྟེན་གྱི་དྲུང་དུ་རབ་ཏུ་བྱུང་སྟེ། མཚན་ཡེ་ཤེས་འོད་དུ་བཏགས། ཁོང་གིས་རྗེའུ་རིགས་ཀྱི་བུ་ཚ་མང་པོ་བསགས་ཏེ་གྲིབ་ཚོད་དང་དབྱུག་དགུའི་ཚོད་བཙུགས་ཏེ་འཛིན་དུ་བློ་སུ་རྣོ་བ་དང༌། དོན་ལ་སུ་དཔྱོད་མཁས་པ་བརྟགས་ཏེ། བློ་འོག་མ་རྣམས་བོར། བློ་རབ་ཀྱི་ཡང་རབ་ཏུ་གྱུར་པའི་བྱིས་པ་ལོ་བཅུ་ལས་མི་རྒན་པ་བདུན་རིན་གྱིས་བླུས་ཏེ། བློ་རྣོ་བའི་ཆོ་ག་བྱས། དེ་ལ་གཡོག་པོ་བདུན། འགོ་འདོན་གཉེར་བ་བདུན་བཅས་ཏེ་ཉི་ཤུ་རྩ་གཅིག་ལ་གསེར་མང་དུ་བསྐུར་ནས་ཁ་ཆེར་བརྫངས་ཏེ། ཁྱོད་རྣམས་ཀྱིས་དེ་ཉིད་འདུས་པ་ལ་སློབ་དཔོན་ཀུན་དགའ་སྙིང་པོས་བྱས་པའི་འགྲེལ་པ་ཡོད་ཟེར་བས་ཚོལ་ཅིག །དེ་ལ་པཎྜི་ཏ་དྷརྨ་པཱ་ལ་བྱ་བ་ཡོད་ཟེར་བས་འཚོལ་ལ་སྤྱན་འདྲོངས་ན་གསེར་ལ་མ་ལྟ་ཞིག །སོགས་གསུངས་ཏེ་མངགས་ནས་བརྫངས་པ་ལས་རིན་ཆེན་བཟང་པོ་དང༌། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་མ་གཏོགས་གཞན་བཅུ་དགུ་ཚ་བས་གུམ། ཁོང་གཉིས་ཀྱིས་གསང་འདུས་ཀྱི་ཆོས་སྐོར་རྣམས་དང༌། དེ་ཉིད་འདུས་པ། དེའི་དཀའ་འགྲེལ། རྡོ་རྗེ་འབྱུང་བ་སོགས་འདུས་པ་རྣམ་གཉིས་ཀྱི་ཆོས་སྐོར་མང་དུ་བསྒྱུར་བ་ཡིན་ནོ། །ཞེས་བྱུང་བ་ལྟར། བོད་ཀྱི་སྐད་གཉིས་སྨྲ་བའི་ལོ་ཙཱ་བ་དུ་མ་ཞིག་རྒྱ་གར་སོགས་སུ་ལོ་ཙཱ་སློབ་གཉེར་སོགས་སུ་ཕེབས་པ་ཤིན་ཏུ་མང་ན་ཡང་། ས་ཆུ་མ་འཕྲོད་པ་དང་ཚད་པས་གཤེགས་པ། ལམ་བར་རྐུན་ཇག་གིས་བསད་པ་སོགས་ལས་སློབ་མཐར་སོན་ཏེ་བོད་དུ་ཕྱིར་ལོག་ཕེབས་ནས་བསྟན་འགྲོའི་མཛད་བཟང་སྐྱོང་མཁན་ཉུང་ལ། གོང་གསལ་ཉེར་གཅིག་ལས་བཅུ་དགུ་ཚད་པས་གཤེགས་པས་སློབ་མཐར་སོན་པ་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་ལེགས་པའི་ཤེས་རབ་གཉིས་ལས་ཕྱིར་ལོག་མ་ཐུབ་པ་དེབ་ཐེར་ཁག་ཏུ་གསལ་བ་ལྟར་ཡིན། དེ་ལྟར་ཆོས་རིག་གི་སླད་དུ་མི་རྒྱུ་གཉིས་ཀྱི་འགྲོ་གྲོན་བསམ་ཡུལ་ལས་འདས་པ་བཏང་བ་ཞིག་ཡིན།
དེ་བཞིན་སྟག་སྒང་མཁས་མཆོག་གུ་རུ་བཀྲ་ཤིས་ (དུས་རབས་18པ།) ཀྱིས་མཛད་པའི་གུ་བཀྲའི་ཆོས་འབྱུང་ལས[5]། མཁས་པ་ཁ་ཅིག་གིས་བསྟན་པ་ཕྱི་དར་གྱི་ལོ་ཙཱ་བ་ཆེན་པོ་རིན་ཆེན་བཟང་པོ་རྔོག་ལོ་ཁྲོ་ལོ་བྱམས་པའི་དཔལ་རྣམས་ནི་མཁྱེན་པ་འཕྲིན་ལས་གཉིས་ཀ་སྔོན་གྱི་ལོ་ཙཱ་བ་མཐའ་དག་བསྡུས་པས་ཀྱང་མི་དོ་བར་སྣང་ལ། ཞེས་གསུངས་པ་སྣང་ཡང་ཅུང་ཟད་གསུང་རྩིང་བར་སྙམ་སྟེ། ལོ་ཙཱ་བ་དེ་དག་བསྟན་པའི་རྩ་ལག་འགྲན་ཟླ་དང་བྲལ་བར་སྙོན་དུ་ཅི་ཡོད་ཀྱང་། མཁྱེན་པ་རང་ལོ་ཆེན་བཻ་རོ་སོགས་ལས་མི་ལྷག་པ་འདྲ་སྟེ། རྔོག་ལོས་བྱེ་བྲག་བཤད་མཛོད་ཆེན་མོ་བསྒྱུར་བར་བརྩམས་པའི་ཚེ་བཻ་རོའི་རྣམ་དཔྱོད་ལ་ཐུགས་ཧ་ལས་ཤིང་། སྔོན་གྱི་ལོ་ཙཱ་བ་དེ་དག་གི་མཁྱེན་རབ་ལ་འགྲན་དུ་མེད་པའི་ངེས་ཤེས་ཐུགས་ལ་འཁྲུངས་ནས་བསྔགས་བརྗོད་གསལ་པོར་མཛད་འདུག་པ་དང་། གནའ་བོའི་ལོ་ཙཱ་བ་ཐོན་མི་སམ་བྷོ་ཊས་ཐོག་མར་བོད་ཀྱི་ཡི་གེའི་སྲོལ་བཏོད་ཅིང་། སྒྲ་གཞུང་མཛད་པ་འདི་ཁོ་ནའི་མཁྱེན་དཔྱོད་དང་བཀའ་དྲིན་ཡང་བསམ་གྱིས་མི་ཁྱབ་ཅིང་། ཕྱིས་ཀྱི་ལོ་པཎ་སུས་ཀྱང་འགྲན་མི་བཟོད་པ་མངོན་སུམ་ཚད་མར་གྱུར་པ་དང་། དེ་བཞིན་དུ་ལོ་ཆེན་བཻ་རོ་དང་སྐ་ཅོག་སོགས་ཀྱིས་ཆོས་ཀྱི་སྐད་བྱཱ་ཀ་ར་ཎའི་ལུགས་སོགས་དང་། བོད་སྐད་བརྡ་ཤིན་ཏུ་འཕྲོད་དཀའ་བ་རྣམས་ཁྲི་སྲོང་མེས་དབོན་གྱི་དུས་བཀས་བཅད་ཆེན་མོ་མཛད་ནས་གཏན་ལ་ཕབ་པའི་ཚུལ་སྒྲ་སྦྱོར་བམ་གཉིས་སོགས་སུ་གསལ་བ་ལྟར། ལམ་མེད་པ་ལ་གསར་དུ་བཏོད་པ་དང་། ལམ་སྲོལ་བདེ་བར་འགྲོ་བའི་ཁྱད་ཙམ་མཛད་པའི་ཕྱིར་འཇམ་དབྱངས་ས་སྐྱ་པཎྜི་ཏས་མཛད་པའི་ཕྱག་མཚན་རི་མོའི་བསྟོད་ཚིག་ལས་[6]ཀྱང་།
བདེ་བར་གཤེགས་པའི་རིང་ལུགས་བླ་ན་མེད། །
ཞུ་ཆེན་སྒྱུར་བྱེད་མཆན་བུའི་གནས་འདུག་པའི། །
སྐད་གཉིས་སྨྲ་བའི་བློ་གྲོས་དཔལ་ལྡན་པ། །
དེ་དག་བདག་ཅག་རྣམས་ཀྱི་མིག་ཏུ་གྱུར། །
ཞེས་སྔོན་གྱི་ལོ་ཙཱ་བ་དེ་དག་ཕྱིས་སུ་མཁས་པ་རྣམས་ཀྱི་མིག་ཏུ་གྱུར་ཚུལ་བསྔགས་པ་མཛད་པ་ལྟར། བོད་སྐད་ཐོག་ལོ་ཆེན་ཐོན་མི་སམ་བྷོ་ཊ་ནས་ཉེ་རབས་ཀྱི་ལོ་ཙཱ་བ་མཁས་དབང་དགེ་འདུན་ཆོས་འཕེལ་བར་ལོ་ཙཱ་བ་ ༧༠༠ ལྷག་ཙམ་བྱུང་ཡོད་ལ། ལོ་པཎ་ཕར་འགྲོ་ཚུར་འོང་གཉིས་ཀ་གྲངས་འབོར་མང་བ། དེ་དག་ཀྱང་དེང་དུས་ཀྱི་ལོ་པཎ་དང་མི་འདྲ་བར་ལོ་པཎ་མཁས་གྲུབ་ཚད་དང་ལྡན་པ་མིང་དོན་མཚུངས་པ་ཤ་སྟག་ཡིན་ཅིང་། དེ་དག་གིས་རྒྱ་གར་དང་། རྒྱ་ནག །ཁ་ཆེ། ལི་ཡུལ་བཅས་ཀྱི་སྐད་ནས་བོད་སྐད་དུ་བསྒྱུར་ཅིང་། དེ་དག་ལས་མང་པོ་ཞིག་ནི་མི་རིགས་གཞན་གྱི་སྐད་ནས་བོད་སྐད་ཐོག་བསྒྱུར་བའི་རྣམ་པ་གཏན་ནས་མེད་པར་མི་རིགས་རང་ཉིད་ཀྱི་རྩོམ་པ་པོས་བརྩམས་པ་དང་ཁྱད་པར་འབྱེད་མི་ཐུབ་པའི་ཚིག་སྦྱོར་གོ་བདེ་བ་དང་། བརྗོད་དོན་ཆ་ཚང་ཞིང་གནད་ལ་འཁེལ་བ་སོགས་ཀྱི་སྒྲ་སྒྱུར་གྱི་ཆུ་ཚད་ཧ་ཅང་མཐོན་པོར་སོན་ཡོད། དེ་ལྟ་བུའི་སྒྲ་སྒྱུར་ཐོག་རླབས་ཆེན་གྱི་གྲུབ་འབྲས་གཟེངས་སུ་ཐོན་པའི་གཞི་རྩ་གཙོ་བོ་ནི། སྔོན་བྱོན་བོད་ཀྱི་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱི་ཐུགས་རྗེ་དང་བཀའ་དྲིན་ལ་བརྟེན་ནས་ལོ་ཙཱ་བ་རྣམས་ཀྱིས་སྒྲ་སྒྱུར་ཡང་དག་པ་ཞིག་གནང་ཡོད་པས་ན། བསྟན་དར་ལྷ་རམས་པས་ (1759-1831) མཛད་པའི་ཡི་གེའི་བཤད་པ་མཁས་པའི་ཁ་རྒྱན་ལས[7]།
ཚོགས་གསུམ་འོད་ཀྱིས་བཀྲ་བའི་སྒྲོན་མེ་མཆོག །
དམིགས་མེད་ཐུགས་རྗེའི་ཕྱག་གིས་རབ་བཏེགས་ཏེ། །
མཐའ་འཁོབ་མུན་སྟུག་བསལ་མཛད་ལོ་པཎ་དྲིན། །
ཤིན་ཏུ་ལྗིད་དོ་མི་སྐྱུད་དྲན་པར་རིགས། །
ཞེས་གསུངས་པ་དེ་ཧ་ཅང་བདེན་པར་སྣང་ལ། དེ་བཞིན་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། རྒྱ་གར་གྱི་པཎ་གྲུབ་ཉི་ཟླ་དང་འདྲ་བ་དེ་ཚོས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་འདི་ཚོ་མ་བསྒྱུར་ན། རང་རེས་གདན་གྲུ་བཞི་ཞིག་གི་སྒང་ལ་བསྡད་ནས་ལྷོད་ཤིག་གེར་མཇལ་རྒྱུའི་སྐལ་བ་ག་ནས་རྙེད། ཅེས་གསུངས་པ་ལྟར། སྔོན་བྱོན་ལོ་པཎ་རྣམས་ཀྱི་བཀའ་དྲིན་དྲན་པའི་ཐོག་ནས་ད་ལྟ་དང་མ་འོངས་པའི་ལོ་པཎ་རྣམས་ཀྱིས་ཀྱང་འཛམ་གླིང་འདིའི་སྟེང་གི་ཕུན་སུམ་ཚོགས་པའི་ཤེས་རིག་གི་ནོར་བུ་རྣམས་བོད་ཀྱི་སྐད་ཡིག་ནང་བསྒྱུར་ཏེ་བོད་འབངས་ནས་གདན་ཆུང་གྲུ་བཞིའི་སྟེང་ནས་ལྷོད་ཀྱིས་མཇལ་ཐུབ་པ་ཞིག་མཛད་གལ་ཤིན་ཏུ་ཆེའོ།། །།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] པདྨ་བཀའ་ཐང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་གྲངས་ ༣༢༧
[2] བསྟན་རྩིས་ཀུན་ལས་བཏུས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ། ཤོག་གྲངས་ ༡༧༠
[3] རྔོག་ལོ་ཙཱ་བ་ཆེན་པོའི་རྣམ་ཐར། བོད་ཀྱི་ལོ་རྒྱུས་རྣམ་ཐར་ཕྱོགས་བསྒྲིགས། ༼༦༽ བྲིས་མ། ཤོག་ ༡༣ན༡
[4] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ། བོད་ཀྱི་དཔེ་མཛོད་ཁང་། ༡༩༧༣ ལོ། ཤོག་ ༥༧༢
[5] གུ་བཀྲའི་ཆོས་འབྱུང་། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། ༡༩༩༨ ལོ། ཤོག་གྲངས་ ༡༧༧
[6] ས་སྐྱ་བཀའ་འབུམ། པོད། ༼༡༢༽ ས་པཎ་གསུམ་པ། འཕྲུལ་པར་དཔེ་རིང་། ཤོག་གྲངས་ ༡༥བ༥
[7] ཨ་ལག་ཤ་བསྟན་དར་ལྷ་རམས་པའི་གསུང་འབུམ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ ལོ། ཤོག་ ༡༦༢
ཡོང་ཁུངས། པཎ་གྲུབ་བཅུ་བདུན་གྱི་རྣམ་ཐར་དང་འབྲེལ་བའི་དཔྱད་རྩོམ་ལུང་རིགས་མཛེས་རྒྱན།། ༼ཇ༽ རྩོམ་པ་པོ་རྣམ་གྲྭ་ཐུབ་བསྟན་ཡར་འཕེལ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ༢༠༢༣ ལོ། ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན། Westphalia Press ཤོག་གྲངས་ ༢༨༡ ནས་ ༢༨༦ བར་གསལ་བ་ལས་བཏུས་པའོ།།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།