༢༢༽ སློབ་དཔོན་ལ་ལི་ཏ་བཛྲ།
སློབ་དཔོན་ལ་ལི་ཏ་བཛྲ་སྟེ་ (Lalitavajra) བོད་སྐད་ཀྱི་མཚན་ལ་སློབ་དཔོན་རོལ་པའི་རྡོ་རྗེ་ཞེས་ཞུ་ཞིང་། ལ་ལར་ལི་ལ་བཛྲ་ཞེས་བྱུང་བ་ནི། ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་རྒྱ་གར་ཆོས་འབྱུང་ལས[1]། དེ་རྗེས་ལཱི་ལ་བཛྲ་བྱུང་སྟེ། གཤིན་རྗེ་གཤེད་ཀྱི་གྲུབ་པ་ཐོབ་པ་ཡིན། འཇིགས་བྱེད་རོ་ལངས་བརྒྱད་སྐོར་གྱི་སྒྲུབ་ཐབས་བོད་དུ་འགྱུར་བ་ཞིག་འདུག་པ་དེ་ཡང་འདིས་མཛད་པར་སེམས།
འདི་སྐབས་ཏུ་རུཥྐའི་དམག་ཅིག་ཡོང་བའི་གཏམ་བྱུང་བ་ན། གཤིན་རྗེ་གཤེད་ཀྱི་འཁོར་ལོ་བྲིས་ཏེ་དམག་དཔུང་ལ་མནན་པ་བྱས་པས། མ་ག་དྷཱར་དམག་མི་རྣམས་སླེབས་ཙམ་ན་ཐམས་ཅད་ཡུན་རིང་དུ་ངག་ལྐུགས་པ་དང༌། ལུས་རེངས་པ་སོགས་བྱུང་ནས་ཕྱིར་ལྡོག །ཅེས་དང་། དེ་བཞིན་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐས་ (1575-1634) མཛད་པའི་སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུངས་གསེར་གྱི་ཕྲེང་བ་ལས་[2]ཀྱང་། ལི་ལ་བཛྲ་ནི་རྒྱལ་རིགས་ཤིག་ཡིན་ལ། བྱ་བ་ཞིག་ལ་མ་ག་དྷར་ཕྱིན་ནས། ལམ་དུ་ཤིང་དྲུང་ཞིག་ན་རྣལ་འབྱོར་པ་ཞིག་འདུག་པ་མཐོང་ནས་མཆོག་ཏུ་དད་དེ་ཞབས་ལ་ཕྱག་བྱས་སོ། ། སླར་ཡང་ཡུལ་དུ་ལྡོག་པའི་ཚེ། རང་གི་བུད་མེད་དེ་མི་གཞན་དང་འདྲེ་བ་སོགས་ཀྱིས་སེམས་ལ་གནོད་པར་གྱུར་ནས་ཡང་མ་ག་དྷར་ཆོས་ལ་འོངས་པས། ཤིང་དྲུང་དེར་སྔར་གྱི་གྲུབ་ཐོབ་དེ་ཉིད་དང་མཇལ། གྲུབ་ཐོབ་དེ་ནི་ཏིལླི་པ་ཆེན་པོ་འོ། །དེར་ཏིལླི་པས་རྒྱུད་བྱིན་གྱིས་བརླབས་ནས་དབང་བསྐུར་ཞིང་གདམས་ངག་བསྟན་པས། རིང་པོར་མི་ཐོགས་པར་གྲུབ་པ་བརྙེས་ཏེ། གླིང་བུ་འབུད་ཅིང་སྨྱོན་པའི་སྤྱོད་པས་སེམས་ཅན་གྱི་དོན་བྱེད་པ་ཞིག་ཡོང་སྐད། འདིའི་ལོ་རྒྱུས་རྒྱས་པ་མི་གསུང་ངོ༌། །ཞེས་ཀྱང་བྱུང་ངོ་།།
དེ་བཞིན་རྒྱལ་བ་འཇམ་དཔལ་སྙིང་པོའི་འཇིགས་བྱེད་ཀྱི་ཕྱག་མཚན་སོགས་ཀྱི་བཤད་པའི་ཟིན་བྲིས་ལས[3]། དེ་ཡང་རྒྱུད་དེ་ཉིད་རྒྱ་གར་དུ་ཐོག་མར་དར་ཚུལ་ནི། ཡུལ་དབུས་མ་ག་དྷའི་ཤར་ཉེའི་ཕྱོགས་སུ་ཨོ་ཊི་བི་ཤའི་ཡུལ་དུ་བྲམ་ཟེའི་རིགས་སུ་སྐུ་འཁྲུངས་ཤིང་། ཡུལ་དབུས་ཀྱི་ནཱ་ལེནྟར་བྱོན་ནས་པཎྜི་ཏ་ཆེན་པོར་གྱུར་པ་རྣལ་འབྱོར་གྱི་དབང་ཕྱུག་གྲུབ་ཆེན་ལཱ་ལི་ཏ་བཛྲ་སྟེ་རོལ་པའི་རྡོ་རྗེའམ་མིང་གཞན་འཇམ་དཔལ་མཚོན་ཆ་དགེ་བསྙེན་ཞེས་བྱ་བ་དེས། འཇམ་དཔལ་མཚན་བརྗོད་དུ།
རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཅེས་སོགས་གསུངས་པ་མཐོང་ནས་རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་འབད་པས་བཙལ་ཀྱང་རེ་ཞིག་གི་བར་དུ་མ་རྙེད། དེ་ནས་པཎྜི་ཏ་མང་པོར་རྒྱུད་ཀྱི་དོན་དེ་དྲིས་ཀྱང་མང་ཆེ་བས་མ་ཤེས་ལ། དེའི་རྗེས་སུ་པཎྜི་ཏ་གཅིག་གིས་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ན་འདིའི་ཚིག་རེ་རེ་དང་སྦྱར་བའི་རྒྱུད་རྒྱས་པ་ཡོད་ཅེས་གྲགས་སོ། །ཞེས་བཤད་པ་ཐོས་པ་ན་ཤིན་ཏུ་དགའ་སྟེ་ནུབ་ཕྱོགས་ཨུ་རྒྱན་མཁའ་འགྲོའི་གླིང་དུ་ཕེབས་ནས་རྒྱུད་འབུམ་པ་སོགས་གདན་དྲངས་པར་རྒྱ་གར་གྱི་གྲུབ་ཆེན་རྣམས་དང་བོད་ཀྱི་རྣལ་འབྱོར་བ་ཆེན་པོ་རྭ་སྐྱོ་ཞང་གསུམ་རྣམས་མཐུན་པར་སྨྲའོ།།
ཡང་གྲུབ་ཆེན་ལཱ་ལི་ཏ་བཛྲ་རང་ཉིད་ཀྱིས་རྣམ་སྣང་སྒྱུ་དྲ་ནས་བཤད་པའི་འཇམ་དཔལ་བསྒྲུབས་ཏེ་ལོ་ཉི་ཤུ་སོང་བའི་སྐབས་སུ་འཇམ་དཔལ་གྱིས་ཞལ་བསྟན་ཏེ། བུ་ཁྱོད་ཨུ་རྒྱན་གྱི་ཡུལ་དུ་སོང་ཞིག །རྡོ་རྗེ་འཇིགས་བྱེད་ཀྱི་རྒྱུད་དེ་ན་ཡོད་དོ། །ཞེས་གསུངས་པ་ལ་བརྟེན་ནས་གྲུབ་ཆེན་རང་ཉིད་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལུང་བསྟན་པ་ལྟར་ཨུ་རྒྱན་གྱི་ཡུལ་དུ་ཕྱིན་ཏེ། ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་རོ་ལངས་མ་ལས་གཤིན་རྗེ་གཤེད་ཀྱི་དབང་ཐོབ། ཟླ་བ་གསུམ་གྱི་བར་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་བསྒོམས་པས་གྲུབ་པ་བརྙེས་ཤིང་། མཁའ་འགྲོ་མ་རྣམས་ལ་འཇིགས་བྱེད་ཀྱི་རྒྱུད་གདན་འདྲེན་པར་ཞུས་པས་གནང་བ་ཐོབ་ནས་ཆོས་ཀྱི་གན་མཛོད་དེ་དྷརྨ་གཉྫར་ཞག་བདུན་གྱི་བར་དུ་བཞུགས་ཏེ་གཤིན་རྗེའི་གཤེད་དགྲ་གདོང་འཇིགས་གསུམ་གྱི་རྒྱུད་བློར་བཟུང་བ་ནི། རྩ་རྒྱུད་རྟོག་བདུན་དང་། བཤད་རྒྱུད་རྟོག་གསུམ་དང༌། ཏེའུ་ལོའི་རྟོག་པ་སྟེ་རྒྱུད་སྐོར་གསུམ་ཡིན་ལ། དེ་གསུམ་གའི་ཚིག་དོན་མ་ལུས་པ་བློ་ལ་བཟུང་སྟེ་རྒྱ་གར་དུ་སླར་བྱོན་ནས་དར་བར་མཛད་དོ། །ཞེས་ཀྱང་བྱུང་ངོ་།།
སློབ་དཔོན་འདིའི་རྣམ་ཐར་ཅུང་ཟད་རྒྱས་པ་ནི། མཁས་བཙུན་བཟང་པོ་ལགས་ (1920-2009) ཀྱིས་བརྩམས་པའི་རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ་ལས[4]། སློབ་དཔོན་ལ་ལི་ཏ་བཛྲ་ནི། ནཱ་ལེནྡྲའི་པཎྜི་ཏ་ཡིན་ལ། རྣམ་པར་སྣང་མཛད་སྒྱུ་འཕྲུལ་དྲ་བའི་རྒྱུད་ལ་བརྟེན་ཏེ། འཕགས་པ་འཇམ་དཔལ་ཡི་དམ་དུ་བྱེད་པ་ལས། རང་གི་སློབ་དཔོན་ལ། རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །སོགས་མཚན་དེ་རྣམས་ཀྱི་སྒྲུབ་ཐབས་དྲིས་པས། འདི་དག་ནི་མིའི་ཡུལ་ན་མེད་པས་ཁོ་བོས་ནི་མི་ཤེས་ཏེ། དེའི་དོན་དུ་འདོད་པའི་ལྷ་སྒྲུབས་ཤིག་གསུངས་པས། དེས་འཕགས་པ་འཇམ་དཔལ་རྩེ་གཅིག་ཏུ་བསྒྲུབས་པ་ན། ལོ་ཉི་ཤུ་ཙམ་ན་ཞལ་གཟིགས་ཏེ་རྒྱུད་བྱིན་གྱིས་བརླབས། ཐུན་མོང་གི་དངོས་གྲུབ་འགའ་རེ་ཡང་ཐོབ་ནས་ཨོ་རྒྱན་གྱི་གནས་ཆོས་ཀྱི་མཛོད་ནས། གཤིན་རྗེ་གཤེད་ཀྱི་རྒྱུད་སྤྱན་དྲོངས་ཤིག །ཅེས་ལུང་བསྟན་པའང་བྱུང་བས་ཨོ་རྒྱན་དུ་བྱོན་པ་ན། མུ་སྟེགས་ཀྱི་རྣལ་འབྱོར་མ་ཞིག་དང་ནུས་པ་འགྲན་པས། དེས་ལྟ་སྟངས་བྱས་པ་ན་སློབ་དཔོན་བརྒྱལ་ཞིང་འགྱེལ་བར་གྱུར་པ་སངས་ཙམ་ན། རྡོ་རྗེ་རྣལ་འབྱོར་མ་རྣམས་ལ་གསོལ་བ་བཏབ་པས། རྡོ་རྗེ་རོ་ལངས་མས་ཞལ་མངོན་སུམ་དུ་བསྟན་ཏེ། གཤིན་རྗེ་གཤེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར། དེར་རྣལ་འབྱོར་བཞི་རྫོགས་པའི་རིམ་པ་དང་བཅས་པ་བསྒོམས་པས། ཟླ་བ་ཕྱེད་དང་གསུམ་ནས་དངོས་གྲུབ་ཆེན་པོ་ཐོབ་པའི་ལྟས་བྱུང་ནས། ནགས་ཀྱི་མ་ཧེ་གདུག་པ་ཅན་བཀུག་ནས་ཆིབས་ཏེ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པའང་མཛད་དོ།།
དེ་ནས་ཨོ་རྒྱན་གྱི་གནས་དྷརྨ་གཉྫ་ཞེས་བྱ་བ་ནས། མ་འོངས་པའི་སེམས་ཅན་ལ་ཕན་པའི་དོན་དུ་གཤིན་རྗེའི་གཤེད་ལ་སོགས་པའི་རྒྱུད་སྤྱན་འདྲེན་པར་བཞེད་པ་ལ། མཁའ་འགྲོ་མ་རྣམས་ན་རེ། ཞག་བདུན་དུ་བློ་ལ་ཇི་ཙམ་བཟུང་བར་ནུས་པ་དེ་གནང་ངོ༌། །ཞེས་ཟེར་བ་ལ། ལྷག་པའི་ལྷ་ལ་གསོལ་བ་བཏབ་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གཤིན་རྗེ་གཤེད་ནག་པོའི་རྒྱུད་དང་སྡོམ་གསུམ་པ་དང༌། རྟོགས་པ་བདུན་པ་དང༌། གཞན་ཡང་གཟུངས་དང་རྒྱུད་དང༌། རྟོག་པའི་རིམ་པ་ཐོར་བུ་བ་མང་པོ་དང་བཅས་ཐུགས་སུ་ཆུད། འཛམ་བུའི་གླིང་དུ་ལྷག་པར་དར་བར་མཛད་དེ་ནུབ་ཕྱོགས་ཀྱི་ཡུལ་དུ་མུ་སྟེགས་ཀྱི་རྒྱལ་ཕྲན། ན་ར་ཝརྨ་ཞེས་བྱ་བའི་སར་མུ་སྟེགས་རྣམས་དང་ནུས་པ་འགྲན་པ་ལས། མུ་སྟེགས་ཀྱི་གཙོ་བོ་འགའ་ཞིག་གིས་དུག་བྲེ་བོ་རེ་ཟོས། སློབ་དཔོན་གྱིས་དུག་མི་ཁུར་བཅུ་གསུམ་ཙམ་གསོལ་ཞིང༌། དངུལ་ཆུ་ཆང་སྣོད་གཉིས་བཏུང་བས་གནོད་པ་མེད་པ་ན། རྒྱལ་པོ་དེ་ལྷག་པར་དད་དེ། ནང་པ་ལ་ཞུགས་ཏེ་འཇམ་དབྱངས་ཀྱི་ལྷ་ཁང་བཞེངས། གྲོང་ཁྱེར་ཧསྟི་ན་པུ་རར་མུ་སྟེགས་ཀྱི་སྔགས་མཁན་གྱི་སྡེ་ཞིག་གཤིན་རྗེ་གཤེད་ཀྱི་འཁོར་ལོ་ཉིན་གཅིག་བསྐོར་བས་བརླགས་པ་དང༌། ཤར་ཕྱོགས་བ་རེནྡྲའི་ཆ་ཤས་བག་ལ་བྱ་བར་ཀླུ་བི་ཀྲི་ཌ་ཞེས་པས་ནང་པ་ལ་ཤིན་ཏུ་གནོད་པ་ཞིག་ཡོད་པའང་སྦྱིན་སྲེག་གིས་ཚར་བཅད་དེ། དེ་མ་ཐག་ཀླུའི་གནས་མཚོ་ཡང་བསྐམས། དེ་དག་ལ་སོགས་པའི་བསྟན་པ་ལ་སྡང་བའི་མུ་སྟེགས་དང༌། སྟག་གཟིག་ལ་སོགས་པ་སྟོང་ཕྲག་མང་པོ་ཚར་བཅད། མི་མ་ཡིན་གདུག་པ་ཅན་ལྔ་བརྒྱ་ཙམ་བཏུལ་ཏེ་གཙོ་བོར་མངོན་སྤྱོད་ཀྱི་འཕྲིན་ལས་ཀྱིས་འགྲོ་དོན་མཛད། མཐར་འཇའ་ལུས་སུ་གཤེགས།
དེའི་སློབ་མ་ལཱི་ལ་བཛྲ་ཡིས་སློབ་དཔོན་གྱི་གསུང་ངག་ཡི་གེར་བཀོད་པས་གཤིན་རྗེ་གཤེད་བྱུང་བ་དང༌། ཞི་ཁྲོ་རྣམ་རོལ་སོགས་ཀྱང་ལཱི་ལ་བཛྲ་ཆེན་པོས་མཛད་པར་བཞེད་དོ། །ལྭ་བ་པ་དང༌། ལ་ལི་ཏ་བཛྲ་དང༌། ཨིནྡྲ་བྷུ་ཏི་བར་པ་རྣམས་ཀྱིས་ཆོ་འཕྲུལ་འགྲན་པའི་ལོ་རྒྱུས་ཀྱང་ཡོད་དོ། །དེ་ཡང་ལྭ་བ་པ་དང༌། ལ་ལི་ཏ་བཛྲ་གཉིས་ཀར་གྲུབ་པ་ཐོབ་པའི་ཕྱིས་ཤིག་ན། ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་གཤེགས་པ་ལས། རི་མུ་རུཎྜ་ཀ་ཞེས་བྱ་བ་བགྲོད་དཀའ་བ་ཞིག་ཡོད་པ་ལ། སློབ་དཔོན་གཉིས་བགྲོད་དེ། བདག་ཅག་གཉིས་ལས་སུའི་རྫུ་འཕྲུལ་གྱིས་བགྲོད་པར་བྱ་ཞེས་པ་ལས། ལ་ལི་ཏཱ་བཛྲ་ཡིས་དེང་བདག་གི་རྫུ་འཕྲུལ་གྱིས་བགྲོད་ལ། སླར་ལྡོག་འོང་བའི་ཚེ་ཁྱེད་ཀྱི་རྫུ་འཕྲུལ་ཀྱི་མཐུ་ལས་སོ། །དེ་ལ་ལ་ལི་ཏ་བཛྲ་བདག་ཉིད་གཤིན་རྗེ་གཤེད་དུ་གྱུར་པའི་ཕྱག་མཚན་རལ་གྲིས་རེ་རེའི་རྩེ་མོ་ནས་རྩ་བ་བར་དུ་བཤགས་ཏེ། དེར་ལམ་ཁ་སྲང་ཤིན་ཏུ་དོག་པོ་ཞིག་ལས་བཞུད་ནས་སླར་རི་སྔར་བཞིན་དུ་གྱུར་ཏོ།།
ཨོ་རྒྱན་གྱི་གནས་སུ་ཨིནྡྲ་བྷུ་ཏིས་ཐུན་མོང་གི་གྲུབ་པ་ཐོབ་པའི་སྐབས་ཤིག་ཡིན་ལ། ལ་ལི་ཏ་བཛྲ་ཞེས་བྱ་བ་གྲུབ་པའི་སློབ་དཔོན་ཞིག་གསར་དུ་འོང་ངོ་ཞེས་ཐོས་ནས། རྒྱལ་པོ་སྐྱེ་བོའི་ཚོགས་དང་བཅས་པས་བསུ་བའི་ཕྱིར་འོང་སྟེ། སློབ་དཔོན་གྱི་ཞབས་གཉིས་ལ་བསྐུ་མཉེ་བྱེད་པའི་ཚེ་ཞབས་རེ་རེ་ལ་ལག་པ་གཉིས་གཉིས་ཀྱིས་བསྐུ་མཉེ་བྱེད་དགོས་པས། རྒྱལ་པོས་ལག་པ་བཞི་སྤྲུལ་ནས་བསྐུ་མཉེ་བྱས་སོ། །སློབ་དཔོན་གྱིས་ཞབས་བཞི་སྤྲུལ་པས་རྒྱལ་པོས་ཕྱག་བརྒྱད། སློབ་དཔོན་གྱིས་བརྒྱད་སྤྲུལ་པས་རྒྱལ་པོས་བཅུ་དྲུག །སློབ་དཔོན་གྱིས་བཅུ་དྲུག་སྤྲུལ་པ་ན། རྒྱལ་པོས་ཕྱག་བཅུ་དྲུག་གིས་ལྷ་ལ་གོམས་པ་བརྟས་པས། དེ་བས་ལྷག་པ་སྤྲུལ་མ་ནུས་པར་རེ་རེས་བསྐུ་མཉེ་བྱས་སོ། །དེ་ནས་སློབ་དཔོན་གྱིས་ཞབས་བརྒྱའི་བར་དུ་སྤྲུལ་ནས་རྒྱལ་པོའི་ང་རྒྱལ་བཅག་གོ །ཕྱིས་སློབ་དཔོན་ལྭ་བ་པ་དང༌། ལ་ལི་ཏ་གཉིས་སླར་ཤར་ཕྱོགས་སུ་བྱོན་པའི་ཚེ། རི་མུ་རཎྜ་ཀའི་དྲུང་དུ་ནུབ་གཅིག་བྲང་བཏབ་བོ། །ལྭ་བ་པ་ན་རེ། རི་བོ་ཤིན་ཏུ་ཆེ་ན་ནང་པར་སྔ་མོར་འགྲོ་འོ་བྱས་ནས། ནམ་ཕྱེད་འཇིང་ཡོལ་ན་ཏིང་ངེ་འཛིན་གྱི་སྟོབས་ཀྱིས་རི་མེད་པར་བྱས། ཐང་བདེ་པོ་ཞིག་ལ་འོང་སྟེ་ནམ་ལངས་པ་ན། ལ་ལི་ཏ་བཛྲ་ཡིས་ཕྱི་མིག་གཟིགས་ཙ་ན་རི་བརྒལ་བར་ཤེས་ཏེ། ངོ་མཚར་སྐྱེས་ནས་ལྭ་བ་པ་ལ་ཕྱག་བྱས་སོ་ཞེས་གྲགས་སོ། །དུས་རབས་ནི་བརྒྱ་ཕྲག་ ༢ ནང་ངོ༌། །ཞེས་བྱུང་ལ། ལ་ལར་དུས་རབས་དགུ་པ་བཅུ་པ་ཙམ་ནང་བྱོན་པ་དང་། འགའ་ཞིག་ཏུ་བྱོན་པའི་དུས་ནི་ཕྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་ཡིན་པར་གསལ་ཞིང་། ལི་ལ་བཛྲ་དང་ལ་ལི་ཏ་བཛྲ་གཉིས་པཎ་གྲུབ་གཅིག་དང་ཐ་དད་གང་ཡིན་བཞེད་པ་མི་མཐུན་པ་ཡོད་འདུག་པས་ཞིབ་ཏུ་དཔྱད་དགོས་པར་སྣང་ཡང་དུས་ཁོམ་མ་ལགས་པས་འདི་ཙམ་གྱིས་འཐུས་པར་བྱས་པའོ།།
སློབ་དཔོན་འདིའི་གསུང་ལ་མཚོན་ན། སྡེ་བསྟན་དཀར་ཆག་ལས[5]། ༡༽ རྒྱུད་མི་པ་ལ། ༡༽ གཤིན་རྗེ་གཤེད་དགྲ་ནག་གི་དཀྱིལ་འཁོར་གྱི་ཆོ་ག་གཤིན་རྗེ་གཤེད་འབྱུང་བ་ཞེས་བྱ་བ། སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང༌། བོད་ཀྱི་ལོ་ཙཱ་བ་ཅོག་གྲུ་ཤེས་རབ་བླ་མའི་འགྱུར། ༢༽ མཆོད་རྟེན་སྒྲུབ་པའི་ཆོ་ག་མདོར་བསྡུས་པ། རྒྱ་གར་གྱི་མཁན་པོ་ལ་ལི་བཛྲས་མཛད་པ། ༣༽ ནག་པོ་ཞལ་གསུམ་ཕྱག་དྲུག་པའི་སྒྲུབ་ཐབས། སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། ༤༽ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དམ་ཚིག་ལ་འཇུག་པའི་དཀྱིལ་འཁོར་གྱི་ཆོ་ག །དངོས་གྲུབ་བརྙེས་པའི་སློབ་དཔོན་ཆེན་པོ་དཔལ་ལ་ལི་ཏ་བཛྲས་མཛད་པ། གྲུབ་པ་བརྙེས་པའི་པཎྜི་ཏ་ཨ་མོ་གྷ་བཛྲ་དང༌། ལོ་ཙཱ་བ་མར་པ་དགེ་བསྙེན་ཆོས་འབར་གྱི་འགྱུར། ༥༽ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། སློབ་དཔོན་ལ་ལི་ཏ་བཛྲས་མཛད་པ། རྒྱ་གར་གྱི་མཁན་པོ་པྲ་ཛྙཱ་ཤྲཱི་དེ་བ་དང༌། བོད་ཀྱི་ལོ་ཙཱ་བ་ཅོག་གྲུ་བནྡེ་ཤེས་རབ་བླ་མའི་འགྱུར། ༦༽ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒྲུབ་ཐབས། གྲུབ་པའི་སློབ་དཔོན་ལ་ལི་ཏས་མཛད་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་གཏོར་མའི་ཆོ་ག །སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲས་མཛད་པ་སོགས་བཞུགས་སོ།།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1] རྒྱ་གར་ཆོས་འབྱུང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༦ ལོ། ཤོག་གྲངས་ ༣༡༢
[2] ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས། ༼༡༽ སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༩ ལོ། ཤོག་གྲངས་ ༢༥༦
[3] གངས་ལྗོངས་རིག་བཅུའི་སྙིང་བཅུད་ཆེན་མོ། ༼༩༽ གསང་སྔགས་ཝཾ། མི་རིགས་དཔེ་སྐྲུན་ཁང་། ༠༠༦ ལོ། ཤོག་ ༥༦
[4] རྒྱ་གར་པཎ་ཆེན་རྣམས་ཀྱི་རྣམ་ཐར་ངོ་མཚར་པདྨོའི་འཛུམ་ཞལ་གསར་པ། བོད་ཀྱི་དཔེ་མཛོད། ༡༩༧༣ ལོ། ཤོག་ ༢༦༦
[5] སྡེ་དགེ་བསྟན་འགྱུར་དཀར་ཆག་ཡིད་བཞིན་ནོར་བུའི་ཕྲེང་བ། བོད་གཞུང་ཤེས་རིག་དཔར་ཁང་། ༢༠༠༨ ལོ། ཤོག་ ༡༣༠
ཡོང་ཁུངས། དཔལ་ནཱ་ལེནྡྲའི་བྱུང་རབས་སྲིད་ཞིའི་མཛེས་རྒྱན། སྨད་ཆ། སྐུ་བཅར་རྣམ་རྒྱལ་གྲྭ་ཚང་དང་བཀྲ་ཤིས་སྒོ་མང་གྲྭ་ཚང་། ཝ་ཤིང་ཀྲོན། ༢༠༢༣ ལོ། ཤོག་གྲངས་ ༢༠༠ ནས་ ༢༠༦ བར་གསལ་བ་ལས་བཏུས།
དཔལ་ནཱ་ལེནྡྲ། བྱོན་པ་ལེགས།